མདོ་སྡེ་པའི་བདེན་གཉིས་ལ་དཔྱད་པ།

རྩོམ་པ་པོ། ཨོ་རྒྱན།

མཆོད་བརྗོད།
དཀའ་ངལ་དྲག་པོའི་སྙིང་སྟོབས་ཀློང་ནས་རྩ་བའི་བླ་མའི་ཞལ་གསུངས་མངོན། །
མཐུ་དང་ནུས་པས་དགྲ་དཔུང་འཇོམས་མཛད་མྱང་ཚ་དཀར་རྒྱན་འདོད་དོན་བསྐངས་། །
བདེན་བཞིའི་གནས་ལུགས་ཇི་བཞིན་རྟོགས་ཏེ་སྐུ་བཞིའི་ངོ་བོ་དབྱེར་མེད་པའི། །
སྒྲིབ་པའི་གཉེན་པོ་རྣལ་འབྱོར་མི་ལ་རས་པ་གོང་དེ་དད་པས་འདུད། །
ལོག་སྨྲའི་དཔུང་ཚོགས་རིགས་པས་གཏོར་ནས་ཡང་དག་ཆོས་ཀྱི་སྣང་བས་ཁྱབ། །
མ་རིག་རྒོལ་བའི་ལོག་རྟོག་བཅོམ་པའི་ཐུབ་བསྟན་ཉི་ཟླའི་དྲང་སྲོང་ཆེ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་བསྟན་པའི་ཁང་ཆེན་གསེར་གྱི་ཀ་ཆེན་ཏེ། །
ཕྱོགས་གླང་ཆོས་གྲགས་མི་ཕམ་བླ་མའི་ཆེ་བའི་ཡོན་ཏན་རབ་ཏུ་བསྔགས། །

ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་འདིར་གང་ཞིག་གླེང་བར་བྱ་བ་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་དཔལ་ཆོས་ཀྱི་གྲགས་པ་ཞེས་སྙན་པའི་བ་དན་ཆེན་པོ་ས་གསུམ་དུ་ཁྱབ་པ་བསྒྲེངས་པའི་གང་གི་རིགས་ལམ་སེང་གེའི་ང་རོས་བདུད་དང་མུ་སྟེགས་ཀྱི་རྒོལ་བ་མཐའ་དག་ཚར་བཅད་དེ་ཡང་དག་པའི་ཆོས་ཀྱི་སྣང་བ་མཁའ་ཁྱབ་ཏུ་སྤེལ་བར་མཛད་པའི་ལེགས་བཤད་ཆེན་པོ་རྨད་དུ་བྱུང་བའི་ངོ་མཚར་དང་ལྡན་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་ཤིས་ཚིག་དེ་དང་འབྲེལ་བའི་དཀའ་བའི་གནད་ཆེན་པོ་མདོ་སྡེ་པའི་ལུགས་ཀྱི་བདེན་གཉིས་ལ་དཔྱད་པ་ལ། ཁ་ཅིག་གིས། བྱེ་མདོ་གཉིས་ཆར་གྱི་ལུགས་ལ། བཅོམ་པའམ་བློས་གཞིགས་པ་ན་དེར་འཛིན་གྱི་བློ་འཇུག་པ་དོན་དམ་བདེན་པའི་མཚན་ཉིད། བཅོམ་པའམ་བློས་གཞིགས་པ་ན་དེར་འཛིན་གྱི་བློ་མི་འཇུག་པ་ཀུན་རྫོབ་བདེན་པའི་མཚན་ཉིད། ཅེས་འདོད་ཀྱང་། མི་འཐད་དེ། གཅིག་ན་གྲུབ་མཐའ་མཐོ་དམན་གྱི་ཁྱད་པར་མེད་པ་དང་། གཉིས་ན་དངོས་མེད་དུ་གྱུར་པའི་ཆོས་ཐམས་ཅད་མདོ་སྡེ་པའི་ལུགས་ལ་དོན་དམ་བདེན་པ་ཉིད་དུ་ཐལ་བའི་ཕྱིར་རོ། ། བྱེ་མདོ་གཉིས་གྲུབ་མཐའ་མཐོ་དམན་གྱི་ཁྱད་པར་མེད་པའི་ཕྱིར་ཏེ། གལ་ཏེ་ཡོད་ན་སྟོང་ཉིད་རྟོག་པར་རྫོགས་མ་རྫོགས་གྱི་ཁྱད་པར་རམ། བདེན་མེད་དུ་གཏན་ལ་ཕབས་ཐུབ་མིན་གྱི་ཁྱད་པར་འཇོག་དགོས་པ་ཡིན་གྱི། དེ་ལྟར་མེད་པའི་ཕྱིར་སྟེ། མདོ་སྡེ་པས་ཇི་ལྟར་བདེན་མེད་དུ་གཏན་ལ་འབེབས་པ་ཇི་ལྟ་བར་བཞིན། བྱེ་བྲག་སྨྲ་བས་ཀྱང་དེ་ལྟར་དུ་བདེན་མེད་གཏན་ལ་འབེབས་མི་ཐོབ་པའི་ཕྱིར་རོ། ། གཉིས་པ། དངོས་མེད་དུ་གྱུར་པའི་ཆོས་ཐམས་ཅད་མདོ་སྡེ་པའི་ལུགས་ལ་དོན་དམ་བདེན་པ་ཉིད་དུ་ཐལ་ལོ།། འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་དེ་མདོ་སྡེ་པའི་ལུགས་ལ་དོན་དམ་བདེན་པ་ཡིན་པར་འདོད་པ་ཁས་ལེན་མི་རིགས་ཏེ། དེ་མདོ་སྡེ་པའི་ལུགས་ལ་བདེན་གྲུབ་མ་ཡིན་པའི་ཕྱིར་རོ། ། ཁྱབ་པ་ནི་རིགས་པ་སྤྱི་འགྲོས་ཡིན་པའི་ཕྱིར་རོ། ། གཞན་ཡང་། གོ་བོ་རབ་འབྱམས་དང་དེའི་རྗེས་འབྲང་ཁ་ཅིག་གིས། {༢༧}དངོས་པོ་ཡིན་ན་དོན་བྱེད་ནུས་པ་ཡིན་དགོས། དེ་ཡིན་ན་དོན་དམ་པར་དོན་བྱེད་ནུས་པ་ཡིན་དགོས། ཞེས་བཤད་ལ། དངོས་པོ་ཡིན་ན། དོན་དམ་པར་དོན་བྱེད་ནུས་པས་ཁྱབ་པར་ཐལ། དེ་ཡིན་ན་རང་མཚན་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། དངོས་པོ་ཡིན་ན་དོན་དམ་པར་དོན་བྱེད་ནུས་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། ཁྱོད་ཀྱི་ལུགས་ལ། རགས་པ་དེ་དོན་དམ་བདེན་པ་འདོད་པར་ཐལ་ཏེ། རང་མཚན་ཡིན་པའི་ཕྱིར། འདོད་ན། ཧ་ཅང་ཐལ་ལོ། ། ཁྱོད་ཀྱི་རང་གཞུང་དང་ནང་འགལ་དུ་ཐལ་སྟེ། སྡེ་བདུན་རབས་གསལ་ལས། {༢༤༣} མདོ་སྡེ་པ་ལ་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་ལས། དམ་བཅའ་བཞི་པ་ནི། ཕྱི་དོན་ལ་ཡང་རགས་པ་དང་ཁྲ་བ་གཉིས་ལས། རགས་པ་ནི་ཀུན་རྫོབ་བདེན་པ་ཡིན་ཏེ། ཟླ་བཅས་ཀྱི་རྡུལ་ཕྲན་ཚོགས་ནས་དབང་ཤེས་ལ་རང་འདྲའི་རྣམ་པ་གཏད་པའི་རྗེས་སུ་རྟོག་པས་ལིང་པོ་ཅིག་ཏུ་བཟུང་བ་ལ་རགས་པར་འཇོག་པའི་ཕྱིར་རོ། ། ཞེས་བཤད་ཡོད་པ་གསལ་ལོ། ། ཁ་ཅིག་གིས། {༧༢} མདོ་སྡེ་པ་བྱེ་བྲག་སྨྲ་བ་ལས་ཀྱང་གྲུབ་མཐའ་དམན་པར་བྱས་པའི་ཕྱིར་ཏེ། དེ་ལས་ཀྱང་ཆོས་ཀྱི་བདག་རྒྱ་ཆེ་བ་ཞིག་འདོད་པར་ཁས་བླངས་པའི་ཕྱིར་ཏེ། བྱེ་སྨྲས། ཀ་བ་བུམ་པ་ཆུ་དང་འོ་མ་ལྗོན་ཤིང་ཁང་ཁྱིམ་སོགས་ཚོགས་པ་དང་རགས་པའི་ཆོས་དུ་མ་ཞིག་རིགས་པས་དཔྱད་མི་བཟོད་པར་རྫུན་པར་ཁས་བླངས་ལ། མདོ་སྡེ་པས། དེ་དག་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་ཁས་བླངས་པའི་ཕྱིར་རོ། ། ཞེ་ན། མི་འཐད་དེ། མདོ་སྡེ་པས། ཀ་བ་བུམ་པ་ཆུ་དང་འོ་མ་ལྗོན་ཤིང་ཁང་ཁྱིམ་སོགས་དེ་དག་བདེན་གྲུབ་དང་། དོན་དམ་བདེན་པ་གང་ཡང་ཁས་མི་ལེན་པའི་ཕྱིར་རོ། ། གལ་ཏེ་དངོས་པོ་ཡིན་ན་བདེན་གྲུབ་ཡིན་པས་ཁྱབ་པ་ཁས་བླངས་པ་་ཡིན་ནའང་བྱེ་བྲག་སྨྲ་བ་ལས་ཀྱང་དམན་མི་དགོས་ཏེ། དངོས་གྲངས་དང་མཉམ་པའི་རྟག་པ་ཡང་དེ་ལྟར་ཡོད་ལ། བྱེ་བྲག་སྨྲ་བས་དེ་ཐམས་བཅད་བདེན་གྲུབ་བམ་དོན་དམ་བདེན་པ་འདོད་པ་དང་། དེ་བས་མ་ཟད། ཆ་མེད་གཉིས་ཀ་བདེན་གྲུབ་ཏུ་འདོད་པའི་ཕྱིར་རོ། ། མདོ་སྡེ་པས། དངོས་པོ་ཐམས་ཅད་བདེན་གྲུབ་ཏུ་འདོད་པ་ལས་གཞན་རྟག་པ་སོགས་ཅི་ཡང་བདེན་གྲུབ་ཏུ་མི་འདོད་པའི་ཕྱིར་རོ། ། ཁྱོད་ཀྱིས་མདོ་སྡེ་པ་བྱེ་བྲག་སྨྲ་བ་ལས་དམན་པའི་སྐད་ཆ་ནི་དོན་མེད་པ་དང་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ། །

དཔལ་ལྡན་ཆོས་གྲགས་ཀྱིས། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་ཚིག་གི་གཞུང་དོན་དང་འབྲེལ་བའི་བདེན་གཉིས་ཡང་དག་པར་འཇོག་ཚུལ་ནི། དོན་དམ་པར་ལ་དོན་བྱེད་ནུས་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད་དང་། དོན་དམ་པར་ལ་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ནོ། ། དོན་དམ་བདེན་པ་ཡིན་ན། བདེན་གྲུབ་ཡིན་དགོས་པ་དང་། དོན་དཔྱོད་རིགས་པས་རྙེད་དོན་དུ་གྲུབ་པ་ཡིན་དགོས་ཏེ། སྔ་འགྱུར་གྲུབ་པའི་ཤིང་རྟ་ཀུན་མཁྱེན་མི་ཕམ་རྒྱ་མཚོས། དམ༷་ཆོ༷ས་དོ༷གས་སེ༷ལ་ལ༷ས། {༤༡༣} དོན་དམ་པར་གྲུབ་ན་བདེན་པར་གྲུབ་པའང་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྙེད་དོན་མཐར་ཐུག་ཡིན་པ་གང་ཞིག་མཐར་ཐུག་དཔྱོད་པའི་རིག་ངོར་བདེན་ཞིང་། དེ་ཡོངས་གཅོད་སྒྲུབ་པའི་ཚུལ་གྱིས་དེའི་ཡུལ་དུ་གྲུབ་པའི་ཕྱིར་རོ། ། ཞེས་གསུངས་སོ། ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀརྨ་པ་ཆོས་གྲགས་རྒྱ་མཚོས། རིགས་གཞུང་རྒྱ་མཚོ་ལས། {༢༠༢} འདིར་ཕྱི་རོལ་ཀྱི་དོན་སྨྲ་བའི་ལུགས་ཀྱི་བདེན་པ་གཉིས་རྣམ་པར་བཞག་པར་བྱ་སྟེ། དེའང་རིགས་པས་དཔྱད་བཟོད་པའི་ཆོས་ཤིག་ལ་དོན་དམ་པའི་བདེན་པ་དང་། དེ་མ་ཡིན་པའི་ཆོས་ཐམས་ཅད་ལ་ཀུན་྄རྫོབ་ཀྱི་བདེན་ཞེས་བྱ་ཏེ། ཞེས་གསུངས་པའི་ལུང་སོགས་ཀྱིས་ལེགས་པར་འགྲུབ་བོ། །བདེན་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་གཉིས་ཏེ། ཕྱོགས་ཆ་དཔྱོད་བྱེད་ཀྱི་རིགས་པ་དང་། དུས་ཆ་དཔྱོད་བྱེད་ཀྱི་རིགས་པ་གཉིས་སོ། ། དང་པོ་ནི། ཉི་ཤུ་པ་ལས། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གི་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་ཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་དང་། སེམས་འགྲེལ་ལས། ཕྱོགས་བཅུའི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེ་ལ་རྡུལ་ཕྲན་ཇི་ལྟར་འདོད། །ཞེས་སོགས་ཀྱིས། དང་པོ་གོ་སླ་བའི་ཆད་དུ་བཀོད་པའོ།། གཉིས་པ་ནི། གྲུབ་བསྡུས་ལས། ལུས་ཅན་སྐད་ཅིག་མའང་བདེན་པ་མེད་དེ་དབུས་ཀྱི་སྐད་ཅིག་དེ་སྔ་ཕྱིའི་སྐད་ཅིག་དང་ཕྲད་དམ་མ་ཕྲད། ཕྲད་ན་རིམ་གྱིས་སམ་ཅིག་ཆར་ཕྲད། དང་པོ་ལྟར་ན་ཆ་བཅས་དང་། ཕྱི་མ་ལྟར་ན་སྐལ་བ་སྐད་ཅིག་དུ་ཐལ་ཞིང་། མ་ཕྲད་ན་བར་དུ་དུས་གཞན་གྱིས་ཆོད་པར་ཐལ་བ་དང་། གཞན་ཡང་སྐད་ཅིག་བར་མ་དེས་ཐོག་མཐའི་སྐད་ཅིག་གཉིས་ཀྱི་བར་དུ་ཆོད་དམ་མ་ཆོད། ཆོད་ན་དུ་མ་མཐུད་པས་རིང་མི་ཤེས་ལ། ཆོད་ན་བར་ན་གནས་པའི་ཕྱིར་སྔ་ཕྱི་ལ་ཕྱོགས་པའི་ཆ་གཉིས་སུ་ཐལ་བར་འགྱུར་རོ། ། ཞེས་གསུངས་པ་དང་། རིན་ཆེན་ཕྲེང་བ་ལས། ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་བྱས་ན། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོགས་ཀྱིས། རིགས་པ་གཉིས་པོ་རགས་ཙམ་བཤད་པར་འགྲུབ་བོ། །བུམ་པ་དང་། ཀ་བ་ཆུ་དང་འོ་མ་རྣམས་ནི། དོན་དམ་པར་ལ་དོན་བྱེད་ནུས་པ་མ་ཡིན་ཏེ། དོན་དཔྱོད་རིགས་པས་བརྟག་ཞིང་དཔྱད་པ་ལ་མ་གྲུབ་པ་ཡིན་པའི་ཕྱིར་ཏེ། དྲུག་གི་ཅིག་ཆར་སྦྱར་བའི་རིགས་པའི་ངོ་ལ་མ་གྲུབ་པ་ཡིན་པའི་ཕྱིར་རོ། ། དེ་བཞིན། ནམ་མཁའ་དང་དངོས་མེད་དུ་གྱུར་པའི་ཆོས་རྣམས་ཕྱོགས་ཆ་དཔྱོད་པའི་རིགས་པ་དང་དུས་ཆ་དཔྱོད་པའི་རིགས་པ་གང་རུང་གིས་མ་གྲུབ་པ་གཏན་ལ་མ་ཕེབས་ཐུབ་ཀྱང་། དོན་དཔྱོད་རིགས་པའི་ངོར་ལ་མ་གྲུབ་པ་གཏན་ལ་ཕེབས་པ་ཡིན་ཏེ། རྫས་གྲུབ་འགོག་པའི་དོན་དཔྱོད་རིགས་པའི་ངོར་ལ་མ་གྲུབ་པ་ཡིན་ནོ།། རྟག་པ་དང་ཕྱོགས་ཆ་དང་དཔྱོད་པའི་རིགས་པ་དང་དུས་ཆ་དཔྱོད་པའི་རིགས་པ་གང་རུང་གིས་མ་གྲུབ་པ་གཏན་ལ་ཕེབས་རྒྱུ་མེད་དེ། ཀུན་མཁྱེན་མི་ཕས་པས། ལེགས་བཤད་སྣང་གཏེར་ལས། {༣༤༡}རྟག་པ་ལ་དོན་བྱེད་པའི་ནུས་པ་མེད་པས་སོ། ། རྟག་པ་ཡིན་པ་དེའི་ཕྱིར། ཕྱོགས་དང་། དུས་ཀྱི་ཆ་མེད་པ་གཅིག་པུ་དེ་ལས་འབྲས་བུ་མི་འདྲ་བ་དུ་མ་ནི། དུས་ཐ་དད་པར་རིམ་ཅན་དུ་སྐྱེ་བ་མི་འགྱུར་རོ། ། ཞེས་གསུངས་སོ། ། དོན་དཔྱོད་རིགས་པས་མ་གྲུབ་པའམ་བདེན་པ་མ་གྲུབ་པ་གཏན་ལ་འབེབས་ཐུབ་པ་ལ། བདེན་པ་མ་གྲུབ་པ་དང་། ཀུན་རྫོབ་བདེན་པ་ཡང་ཡིན་ནོ། ། ཁོ་ན་རེ། དོན་དམ་པ་ལ་དངོས་པོས་ཁྱབ་ཀྱང་དངོས་པ་དེས་མ་ཁྱབ་སྟེ། ཀུན་རྫོབ་དངོས་པོ་རྣམས་དངོས་པོ་ཡིན་ཡང་དོན་བདེན་པ་མ་ཡིན་པའི་ཕྱིར། རྒྱུན་དང་རགས་པ་རྣམས་ཀུན་བདེན་པ་ཡིན་ཡང་སྤྱི་མཚན་མ་ཡིན་པའི་ཕྱིར་ཟེར་ཡང་མི་འཐད་དེ། ལུང་དང་འགལ་ཏེ། ཆོས་ཀྱི་གྲགས་པས། རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་ལུང་དང་འགལ་ལོ་ཞེས་བཤད་ལ། ཧ་ཧ་ཁྱོད་ཀྱི་གཞུང་གི་ངོ་གདོང་ལ་གོ་བ་མེད་པའི་ཚིག་སྐྱོན་སྨྲ་མཁན་ཞིག་ཡིན་ལ། གཞུང་གི་གོ་བ་དང་འབྲེལ་བས་བཤད་ན། ཐ་སྙད་ཙམ་ལ་བཤད་པ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མ་ཧ་པཎྜི་ཏ་མི་ཕམ་རྒྱ་མཚོ་ཡིས། ལེགས་བཤད་སྣང་གཏེར་ལས། {༡༡༢} དེ་ཡི་ཕྱིར་ན་རང་འབྲས་སྐྱེད་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་ནི། ཐ་སྙད་ཙམ་དུ་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་དོན་དམ་པར་ཡོད་པ་ཡིན་ལ། ཞེས་གསུངས་པའི་ལུང་གིས་གསལ་བོར་གྲུབ་བོ། །

སླར་སྨྲས་པ།
བསོད་ནམས་ཚོགས་གཉིས་ཆུ་གཏེར་ཟབ་མོ་ཡི་དཀྱིལ་དུ། །
དགེ་ལེགས་འབྲས་བཟང་གཡུར་དུ་སྨིན་པ་རེ་ནས། །
བསྟོད་ཚིག་དྲི་ཟའི་དབྱངས་དང་ལན་ཅིག་བསླས་ཏེ། །
ཐོས་བསམ་ཆུང་ངུས་བྲིས་པའི་སྙན་ངག་གི་དབྱངས་འདིས། །
ཉོན་མོངས་བློ་འདིའི་རྩ་བ་ཞན་པ་རུ་རྩོལ་ཅིག །

ཚོར་གྱིས་རྒྱུགས་སྤྲོད་ཆེན་མོའི་སྐབས་སྦྱར་བའོ། །

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*