སེམས་ཚོར་དམར་པོ།

སེམས་ཚོར་དམར་པོ།

རྩོམ་པ་པོ། མཁན་པོ་ཆོས་གྲགས་རྒྱ་མཚོ། 

དྲན་ནོ་དྲན་ནོ་བླ་མ་བཀའ་དྲིན་ཅན་དྲན་ནོ།།
འདི་ཕྱིའི་ལམ་བཟང་སྟོན་པའི་བླ་མ་དེ་དྲན་ནོ།།
ཐུགས་རྗེ་ཉེ་རིང་མེད་པའི་བླ་མ་དེ་དྲན་ནོ།།
བྱིན་རླབས་དབུགས་དབྱུང་གནང་བའི་བླ་མ་དེ་དྲན་ནོ།།

ཀྱེ་ཧུད་དུག་ལྔའི་རང་འཚངས་རྡོལ་བའི་ཆོས་མེད་ཀྱི་དྲེད་པོ།།
མི་ཚེ་ས་མཐར་འགྲིམ་པའི་སྡུག་ཡུས་ཀྱིས་མནར་བཞིན།།
ཁ་ཆོས་ཞེ་ན་མེད་པའི་ངང་ཚུལ་འདི་གཟིགས་ན།།
ད་ནི་མི་མངོན་དབྱིངས་ནས་ཞལ་བཟང་དེ་སྟོན་རོགས།།

སྡུག་ཀུན་སྙིང་ལ་སྨིན་པའི་འཕྲུལ་རྟོག་གི་གཤེད་མ།།
བར་མེད་ཡིད་ལ་རྒྱུ་བའི་ཐ་ཆད་ཀྱི་མི་ལ།།
ལྷག་པར་བརྩེ་བས་དགོངས་པའི་ཞལ་བཞེས་དེ་བདེན་ན།།
ད་དུང་དགྱེས་ཞལ་མི་སྟོན་བོར་བ་འདི་ཅི་ཞིག །

ཡ་གི་དག་པའི་ཞིང་ཁམས་བདེ་ལྡན་གྱི་བཀོད་པ།།
ཆུ་བུར་མིག་ལ་མ་མངོན་བདེན་པ་རུ་འདུག་མོད།།
ཡ་ཁུང་སྙིང་གི་དཀྱིལ་ནས་ཁྱེད་རང་ལ་དུང་བ།།
ཡེ་ཤེས་སྤྱན་གྱིས་མ་གཟིགས་ལུས་སྙམ་ཞིག་མི་འདུག །

ད་ནི་ཇི་ལྟར་བསམ་ཀྱང་ལྷ་ཆོས་ལས་གཞན་པའི།།
འདི་བདེ་ཕྱི་སྐྱིད་ལེགས་པའི་འདུན་མ་ཞིག་མ་དམིགས།།
ཕ་རྗེས་བུ་ཡིས་འཚོལ་བའི་དུས་སྐབས་སུ་འདུག་མོད།།
སྐལ་དམན་སྡིག་ཏོ་ཅན་པོས་ཡོང་ཐང་རང་དཀའ་འདུག །

ཇི་ལྟར་སྨྱོ་བའི་བུ་ལ་ཨ་མ་ཡི་བརྩེ་བ།།
མི་འགྱུར་ལྷག་ཏུ་བྱམས་པའི་ངང་ཚུལ་ལས་ལྷག་པའི།།
མཁྱེན་བརྩེའི་གཟིགས་པ་དམན་ལ་འཇུག་པ་དེ་བདེན་ན།།
དགེས་པའི་ཞལ་བཟང་སྟོན་མཛོད་ཕ་གཅིག་གི་བླ་མ།།

འཁོར་བ་སྲིན་མོའི་གླིང་ན་ཁེར་རྐྱང་གིས་བགྲོད་ཚེ།།
ཆགས་སྡང་གཤེད་མའི་མཚོན་ཆས་ཉམས་དམས་སུ་བཏང་བའི།།
ལུས་སེམས་ཆུ་བུར་འདྲ་འདི་མ་ཡལ་པའི་སྨོན་ན།།
འདུན་མའི་རྩ་བ་ཚུགས་པའི་མགོན་སྐྱབས་ཤིག་ཞུ་འོ།།

ཉིན་དྲན་ཉིན་ནས་འབོད་དོ་སྐྱབས་ཀུན་གྱི་སྤྱི་གཟུགས།།
མཚན་དྲན་མཚན་ནས་འབོད་དོ་དཀྱིལ་འཁོར་གྱི་གཙོ་བོ།།
ཐུགས་ཡིད་དབྱེར་མེད་བསྲེས་ནས་ཁྱེད་རང་ལ་འབོད་ཚེ།།
མཐོང་གྲོལ་དགྱེས་ཞལ་སྟོན་པའི་སྐལ་བ་རེ་མ་ཆུང་།།

ཞེས་ཡུལ་གཞན་ལ་འགྲོ་བའི་ཉེར་ལྡོག་གིས་བྲེལ་བའི་བར་གསེང་ན་སེམས་ཚོར་དྲང་མོ་ཡིག་རིས་སུ་ཕབས་པ་དགེ་འོ། ༢༠༡༨/༢/༢

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*