ཆོས་ཉམས་ལེན་བྱེད་པ་དེས་ནང་གི་མ་རིག་ཉོན་མོངས་གནོན་ཐུབ་པ་ཞིག་དགོས།

ཚར་པ་༧མཁན་ཆེན་ཀུན་དགའ་རྒྱལ་མཚན།

ང་རང་ཚོ་ནང་པའི་ཆོས་འདི་ཉམས་ལེན་བྱེད་ཟེར་དུས་ག་དུས་ཡིན་ཀྱང་ཆོས་ཀྱི་གནད་ཟིན་པར་བྱ་རྒྱུ་དེ་ཧ་ལས་པའི་གལ་གནད་ཆེན་པོ་རེད། ང་རང་གིས་ཀྱང་རྟག་པར་དྲན་གྱིན་ཡོད་ལ། མི་གཞན་དག་ལ་བཀའ་མོལ་འདྲ་ཞུ་དུས་དེ་རང་རང་ཞུ་ཡིས་ཡོད། དེས་ན་སྔོན་བྱོན་དམ་པ་གོང་མའི་གསུང་ལས་ཀྱང་། ལམ་ཤེས་ལམ་ཀྱི་རྩ་བ་ཡིན། ཞེས་གསུངས་པ་ལྟར། ཐ་ན་ད་ལྟ་ང་ཚོས་ཞབས་བརྟན་ལ་སོང་ཟེར་དུས་གཞན་དག་ཅིག་གི་དོན་དག་འདྲ་ཡིན་སྣང་ཤར། དེ་ལ་ཏོག་ཙམ་ལྷོད་གཡེང་ཆེ་བ་འདྲ་བྱས། ཕན་ཚུན་བར་ལ་དོན་མེད་ཀྱི་གཏམ་འཆལ་ཡང་མང་ཙམ་བཤད། ད་དུང་བར་དང་བར་ལ་ཟ་འཐུང་ཡང་ཏོག་ཙམ་མང་བ་བྱེད། དེ་དང་འདྲ་བར་དགོན་པ་གྲྭ་ཚང་ནང་ཚོགས་པ་འཚོགས་ཟེར་རྒྱུ་འདྲ་དང་མང་ཚོགས་ལ་ཆོས་བཤད་བྱེད་ཟེར་རྒྱུ་ལ་སོགས་པ་གང་ཡིན་ཀྱང་དེ་འདྲ་རྐྱང་རྐྱང་བྱེད། ཡང་རང་སོ་སོའི་ཁ་འདོན་ཡིན་ནམ་ཅིག་ཡིན་ཟེར་ནས་པུ་ཏི་ནག་ཆགས་ཆགས་འདྲ་ཅིག་ཏོག་ཙམ་འདོན་དུས། དེ་རྦད་དེ་སོ་སོའི་དོན་དག་རྩ་ཆེན་ཞེ་པོ་ཅིག་ཡིན་མདོག་གིས་འདོན་དུས་ཡང་ལུས་འགྲེང་འགྲེང་འདྲ་བྱེད། སྐད་ཆ་ཡང་མི་བཤད་ཁ་བྱས། སེམས་ཡང་གྲུང་གྲུང་འདྲ་བྱེད་པའི་ལུགས་སྲོལ་ཞིག་ཆགས་ཡོད་རེད། འོན་ཏེ་ནང་པའི་ཆོས་ཀྱི་སྙིང་པོ་སེམས་བསྐྱེད་དང་ལྟ་བས་རྩིས་མ་ཟིན་ན། རང་གིས་ཡིན་མདོག་གིས་ཁ་ཏོན་པུ་ཏི་ནག་ཆགས་ཆགས་འདྲ་དེ་འདོན་དུས་ལུས་གྱེར་གྱེར་འདྲ་ཇི་ཙམ་བྱས་ནའང་ཕལ་ཆེར་སྡུག་གྱོང་འདྲ་ལ་མི་འགྲོ་བའི་ངེས་པ་གང་ཡང་ཡོད་མ་རེད། རེད་དེ། དེ་ལྟར་གནང་བ་ལ་དགེ་བ་རྩ་བ་ནས་ཡོད་མ་རེད་ཅེས་ངས་ལབ་ཀྱིན་མེད་ཨཱ། དཔེར་ན་མདོ་ལས། ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པའི་ས་བོན་འཇོག་སྟངས་གསུངས་པ་ལ་བསམས་ན། རང་དོན་ཡིན་མདོག་གིས་དཔེ་ཆ་ཀློག་པ་སོགས་ལ་དགེ་བ་ཡོད་དང་ཡོད། དེ་ལས་ཀྱང་སེམས་བསྐྱེད་དང་ལྟ་བ་སྟེ་བསྟན་པའི་ཉམས་ལེན་གྱི་གནད་ཀྱིས་རྩིས་ཟིན་ན་ཞབས་བརྟན་གྲོང་ཆོག་རྐྱང་རྐྱང་ལ་བུད་སོང་ནའང་། དེ་ག་རང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་རེད། དེས་འགྲོ་དོན་བྱེད་ཀྱིས་ཡོད་རེད་མ་གཏོགས། གཞན་དུ་ན་ང་ཚོས་ཀུན་རིག་འདྲ་བོ་གཏང་ཡོང་བའི་སྐབས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་བའི་ཆེད་དཔལ་ཀུན་རིག་གི་ཆོ་ག་ཉམས་སུ་བླངས་བར་འགྱིའོ། ཞེས་པ་ལྟ་བུར་མཚོན་ན་ཡང་ཆོ་གའི་ཚིག་འདི་ཚོ་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ་བརྗོད་སྟོང་འུར་ཤོབ་ཀྱིས་བཤད་ཀྱི་ཡོད་མ་རེད། དངོས་ཡོད་ཀྱི་གནས་ཚུལ་ཡིན་དུས་རབ་ན་ཆོས་ཉམས་ལེན་ཟེར་རྒྱུ་འདི་གྲོང་པའི་སྐུ་རིམ་ཞབས་བརྟན་ལ་སོང་ནའང་བསམ་གཏན་གྱི་སྤྱོད་ལམ་ལ་བཞུགས་ཏེ་སེམས་བསྐྱེད་དང་ལྟ་བས་ཟིན་དགོས་ཀྱིས་ཡོད་རེད། འདི་ཧ་ཅང་གི་གལ་གནད་ཆེན་པོ་རེད། དེ་ལྟར་བྱུང་ན། གཞན་གྱི་གདན་ཐོག་ཏུ་རང་ཉིད་སངས་རྒྱས་གྲུབ་ཟེར་བ་དེ་འབྱུང་གི་ཡོད་ས་རེད། དོན་གནད་འདི་ཚོ་ལ་དགོངས་ནས། ཆོས་རྗེ་ས་པཎ་མཆོག་གིས་ཀྱང་། ཆོས་ཀྱི་གནད་རྣམས་འཆུག་སོང་ན་དེ་ལ་འཇམ་མགོན་ཁོང་ཉིད་ཐུགས་གཏིང་ནས་སྐྲག་གསུངས་ཡོད་རེད། མདོར་ན་ནང་པའི་ཆོས་ཉམས་ལེན་བྱེད་ལུགས་དེ་ཕྱི་རྣམ་པ་ཙམ་གྱི་ངང་དུ་མ་ཤོར་བར་མ་རིག་ཉོན་མོངས་ཀྱི་བསྙེན་པོར་འགྲོ་ཐུབ་པ་ཞིག་ནི་ངེས་པར་དུ་བཟོ་ཐུབ་དགོས་ཀྱི་ཡོད་ས་རེད། ༼ས་འཇམ་སྦགས་སྒྲུབ་ཀྱི་བཀའ་ཁྲིད་ལས་བཏུས།༽

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*