མ་སངས་གཉན་པའི་ཡབ་མེས་ཐོག་མ།

མ་སངས་གཉན་པའི་ཡབ་མེས་ཐོག་མ།

རྩོམ་པ་པོ།  གཉན་གངས་སྨྱུག

རབ་བརྗིད་ཁ་བའི་རྡུལ་བརྩེགས་ཁྲོད་དུ་གདོང་དམར་འགྲོ་བའི་ཞབས་རྗེས་ལས། །
མངའ་མཛད་ཐོག་མའི་གོ་སར་འགྱིང་བའི་མ་སངས་གཉན་གྱི་གདུང་རྒྱུད་དེ། །
བགྲང་བྱ་བརྒྱ་སྟོང་གྲངས་ཀྱིས་ཆོད་ཀྱང་མ་ནུས་སྲིད་འདིར་གནས་པ་ལ། །
ཆེ་བའི་ཚིག་གིས་བསྔགས་པར་བྱེད་འདི་ང་དང་ཁྱོད་ཀྱི་སྤོབས་པ་དངོས། །
རིགས་ཀྱི་དྭངས་རྩེ་ཆེ་བཙན་མ་སངས་གཉན། །
གདོང་དམར་ཚང་གི་གདོང་རབས་ཐོག་མའི་རྒྱུད། །
དབང་མཛད་གཉིས་པ་གང་དེའི་བྱུང་བ་ཞིག །
ཕྱོགས་ལྷུང་དྲི་མ་སྤངས་སྟེ་སྨྲ་ལ་སྤྲོ། །
དེ་ཡང་མ་སངས་གཉན་པའི་རུས་རྒྱུད་དམ་དེང་གཉན་པ་ཞེས་པའི་རིགས་རྒྱུད་འདིའི་བྱུང་བ་རྒྱུད་པའམ་ཐོག་མར་ཆུ་ཕུག་གངས་ལ་ཐུག་སའི་རུས་ཁུངས་དང་ད་ལྟ་ཇི་ལྟར་གནས་ཡོད་པའི་ཚུལ་ནས་མདོ་ཙམ་ཞིག་གཟུར་གནས་བློ་གསལ་དག་གི་མདུན་སར་ཕུལ་བ་འདོད་པ་ནི་མི་བུ་ག་གེ་མོ་ཞིག་གི་རིགས་རུས་འཆེད་ཁུངས་ཙམ་བཤད་ཀྱི་ཡོད་པ་མ་ཡིན་ལ། རང་ཅག་གདོང་དམར་ཚང་གི་མེས་པོའི་བྱུང་རབས་དང་ཤིན་ཏུ་འབྲེལ་ཆེ་ཞིང་གདོད་མའི་བོད་ཀྱི་བྱུང་རབས་དངོས་མ་ཞིག་གིས་ཇི་ལྟར་མངའ་མཛད་ཀྱི་དབང་བྱས་པའི་ཚུལ་ཡང་ཡིན་པས་འདིའི་སྐོར་ལ་ཞིབ་འཇུག་དང་དོ་སྣང་བྱེད་པ་ནི་ང་ཚོ་ཁ་བ་གངས་ཅན་ལྗོངས་ཀྱི་མི་བུ་ཡོངས་ལའང་མ་དཀལ་རང་བབས་ཀྱི་འགན་འཁྲི་ཞིག་ཀྱང་ཆགས་ཡོད་པ་སུ་ལའང་སྨོས་སུ་མེད་པ་ཞིག་རེད། འོན་ཀྱང་དེང་གི་ཆར་རྒྱང་ཐག་ཅུང་ཟད་རིང་བའི་ལོ་རྒྱུས་དག་ནི་ཕལ་ཆེར་ལྷ་སྒྲུང་དང་ཀླུ་སྒྲུང་གི་ཁོངས་སུ་བསྒྲངས་ནས་དེར་ཉམས་ཞིབ་ཀྱི་སྤྲོ་བ་སྤང་ཅི་ཐུབ་བྱེད་ཀྱི་ཡོད་རུང་། ང་ཚོ་གདོང་དམར་བོད་པ་ཚང་གི་མི་བུའི་ལོ་རྒྱུས་དེ་དེ་འདྲའི་ཁ་ཐག་ཉེ་མོ་ཞིག་དང་ངག་རྒྱུན་ནས་བཤད་ཆོག་ཆོག་ཀྱི་དོན་ཚན་ཕྲན་བུ་ཞིག་ག་ལ་ཡིན། དེས་ན་ལོ་རྒྱུས་རྒྱུན་རིང་ཞིང་རུས་ཁུངས་ཕུག་བཙན་པའི་གདོང་རབས་དེའི་བྱུང་བ་དངོས་བརྗོད་པར་བྱེད་པ་ལ་ཡང་ལུང་ལ་ཇི་ལྟར་གྲགས་པའི་སྐོར་ཅུང་ཟད་བཤད་ན། པདྨ་བཀའ་ཡི་ཐང་ཡིག་ལས། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། །སྔ་རྟགས་མངའ་མདུང་མཚོན་ཆ་དེ་ནས་བྱུང་། །ཞེས་གསུངས་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བདུན་པར་མ་སངས་རུ་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་། །ཞེས་གསུངས། ལྡེ་བུ་ཆོས་འབྱུང་ལས། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བོད་ཁམས་གཡང་དྲུག་ཟེར། །ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང་། །ཞེས་གསུངས། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས། དེ་རྗེས༼བསྐལ་པར༽མ་སངས་གཉན་གྱི་དབང་མཛད་དེ། །རྫ་རི་སྤང་ལྗོངས་ཤིང་ལ་གནས་བཅས་ནས། །འགྲོ་བ་མི་དང་གཉེན་སྡེབ་དེ་ཕན་བྱེད། །མི་དང་གཉན་དག་མཛའ་བཤེས་ཚུལ་དུ་གནས། །གཉན་ཡང་མི་ཡི་ཁྱིམ་ཡོང་གཏམ་གླེང་བྱེད། །ཡུལ་གྱི་མིང་ལ་གཉན་ཡུལ་གསེར་སྟེང་ཞེས། །ཞེས་གསུངས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལས། སྐབས་དེར་མ་སངས་གཉན་གྱི་དུས་ཡིན་ལ། ཡུལ་གྱི་མིང་ལ་གཉན་ཡུལ་གསེར་སྟེང་ཟེར་བར་བཤད། ཅེས་ཀྱང་གསུངས། དཔྱད་གཞིག་ཡིག་ཆ་དེ་དག་ལས་མ་སངས་གཉན་གྱི་གདོང་རྒྱུད་འདི་ཡ་ཐོག་གདོད་མའི་དུས་ནས་བོད་ཁམས་འདིར་རུས་རྐང་རྒྱས་པ་མ་ཟད། དབང་མཛད་ཀྱི་ཐོག་མའི་གྲལ་ཁོངས་སུ་གཏོགས་པར་བྱས་ཤིང་གཟི་བརྗིད་དང་བཅས་གནས་ཡོད་པར་རྟོགས་ཐུབ་ལ། ད་དུང་ཆེས་ཡ་མཚན་ཆེ་བ་ཞིག་ནི་སྐབས་དེ་དུས་རྗེ་འབངས་བར་ལ་འདྲ་མཉམ་གྱི་ལྟ་བ་ཤིན་ཏུ་ཆེ་ཞིང་། མི་རྗེ་གཉན་གྱིས་བྱས་ན་ཡང་། གཉན་དང་འབངས་དག་ཕན་ཚུན་སྤུན་མཆེད་ཚུལ་དུ་གནས་ཡོད་པར་སེམས། རྒྱུ་མཚན་ནི། གོང་དུ་བཀོད་པའི་ལུང་ལས། མི་དང་གཉན་དག་མཛའ་བཤེས་ཚུལ་དུ་གནས། །གཉན་ཡང་མི་ཡི་ཁྱིམ་ཡོང་གཏམ་གླེང་བྱེད། །ཡུལ་གྱི་མིང་ལ་གཉན་ཡུལ་གསེར་སྟེང་ཞེས། །ཟེར་བ་ལས་ཀྱང་ཤིན་ཏུ་གསལ་པོར་རྟོགས་ཐུབ་པ་ཞིག་རེད། དེས་ན་དེ་ལྟ་བུ་མཐོ་སྒང་ཁ་བའི་ཡུལ་གྲུ་འདིར་འཚར་ལོང་བྱུང་ཞིང་རུས་རྐང་རྒྱས་ཡོད་པ་མ་སངས་གཉན་གྱི་གདོང་རབས་ཐོག་མ་དག་བྱུང་ཞིང་། དེ་ནས་རིམ་བཞིན་རིགས་རྒྱུད་ཀྱི་རྒྱུད་པ་རྒྱུན་མ་ཆད་པ་གནས་ཤིང་སྐབས་ད་ལྟའི་བར་དུ་ཡང་གདོང་དམར་ཚང་གི་གངས་ཕྲུག་དར་མའི་ཁྱུ་ཚོགས་ཀྱི་ཁྲོད་ནས་རྩ་བ་རྒྱས་ཤིང་རྩེ་མོ་མཐོ་བའི་རང་བཞིན་དུ་གནས་ནས་ཡོད་ལ། རིགས་རྒྱུད་དེའི་རྒྱུད་པ་ཕྱི་མ་དག་ལ་དེང་གི་དུས་སུ་ཡང་མ་སངས་གཉན་ཞེས་པ་དང་གཉན་པ་ཞེས་པ་སོགས་ཅི་རིག་ཏུ་འབོད་ཀྱིན་ཡོད། དེ་ལྟར་གཉན་པ་ཚང་གི་གདོང་རབས་ཀྱི་བྱུང་བ་ཐོག་མ་དེ་ཉིད་ནི་རང་ཅག་གདོང་དམར་ཚང་གི་དབང་མཛད་ཐོག་མའི་གོ་ས་ལ་འགྱིང་མྱོང་མཁན་ཞིག་ཡིན་པ་ནི་གོང་ལྟར་གནས་ཡོད་པའི་ལོ་རྒྱུས་ཀྱི་བྱུང་བ་དག་ལས་ཀྱང་ཕལ་ཆེར་འདི་ཡིན་ཚོད་དུ་འདུག་ཅེས་པ་དང་། འདིར་ཕུག་བཏུག་ན་འགྲིག་ཚོད་ཙམ་དུ་སྣང་ཞེས་རྡོ་ཆག་ལྷུ་སྒྲིག་བྱས་པ་ཙམ་མ་ཡིན་ཞིང་། དངོས་བྱུང་ལོ་རྒྱུས་ཀྱི་ཁྲོད་ནས་འབུར་དུ་ཐོན་ཞིང་། མཛད་རྗེས་ཁ་བའི་ལྗོངས་སུ་འོད་དུ་འཚེར་བ་བྱས་ཡོད་པ་ནི་ང་ཚོའི་ང་རྒྱལ་བྱེད་ཆོག་ཆོག་ཏུ་ཡོད་པ་ཡིན། དེ་ཡང་དབང་མཛད་གཉིས་པ་མ་སངས་གཉན་གྱིས་བྱས་ཤིང་། སྐབས་དེར་དབང་མཛད་ཀྱི་མངའ་ཐང་ཆེ་ཞིང་། ཡུལ་ཁམས་ཀུན་ཏུ་སྙན་གྲགས་ཀྱིས་དབྱར་རྔའི་སྒྲས་གང་བ་ལྟར་གྱུར་ཞིང་། ཡུལ་ཁམས་ཀྱི་མིང་ཡང་ཡོངས་སུ་འགྱུར་ནས་གཉན་ཡུལ་གསེར་སྟེང་ཞེས་གྲགས་པར་གྱུར་ལ། དེ་ནི་གོང་དུ་དྲངས་བའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་སུ། དེ་རྗེས༼བསྐལ་པར༽མ་སངས་གཉན་གྱི་དབང་མཛད་དེ། །ཞེས་ནས། ཡུལ་གྱི་མིང་ལ་གཉན་ཡུལ་གསེར་སྟེང་ཟེར། །ཞེས་བཀོད་པ་ལས་གསལ་བ་ལྟ་བུའོ།། མ་ཟད་རང་ཅག་གདོང་དམར་ཚང་གི་དགྲ་འདུལ་གཉེན་སྐྱོང་གི་མགོ་ཐོག་མར་ཡང་དེ་ནས་ཚུགས་ཡོད་པ་ཡིན་ཞེས་སྨྲ་བར་བྱེད་ནའང་ཆོག་ཆོག་ལྟར་དུ་ཡོད་ལ། རྒྱུ་མཚན་ནི། དགྲ་འདུལ་གཉན་སྐྱོང་གི་ལས་ཐམས་ཅད་ནང་གི་ཐབས་དང་བཀོད་པ། ཕྱི་ཡི་གོ་མཚོན་ལག་ཆ། བེད་སྤྱོད་པའི་དམག་བུ་རྟ་སོགས་ལ་རག་ལུས་པ་ཞིག་ཡིན་པས། རྒྱལ་ཁབ་ཅིག་གི་རང་སྲུང་དང་གཞན་རྒོལ་གྱི་ཐོག་མར་མེད་དུ་མི་རུང་བའི་དམག་དཔུག་གི་གོ་སྒྲིག་དག་ཀྱང་སྐབས་དེར་བྱུང་ཞིང་། གཞན་སྡེ་ཟིལ་གྱིས་གནོན་པར་བྱེད་པ་ལ་ལག་ཆ་མེད་པའི་མི་ཧྲང་ཁོ་ནས་མི་འགྲིག་པར་ཤེས་ནས། དམག་དཔུང་གི་གོ་སྒྲིག་ལ་ངེས་པར་དུ་མཁོ་བའི་ལག་ཆ། མདའ་མདུང་སོགས་མཁོ་དགུ་ཆ་ཚང་བར་བྱས། འོན་ཀྱང་གཞན་སྡེའི་རིགས་ལའང་མཚོན་ཆ་སོགས་ཚུར་རྒོལ་གྱི་ཆ་རྐྱེན་ཡོད་པ་དག་གི་གནོད་པ་འགོག་བྱེད་དུ་རང་སྲུང་གི་ཕབ་ཀྱང་བཟོས་ཤིང་གཞན་སྡེ་ཟིལ་གྱིས་གནོད་པའི་དབང་ཤུགས་ཆེ་བའི་སྟོབས་ཆེན་གྱི་རྒྱལ་རབས་ཤིག་དངོས་སུ་ཟླུམ་གཟུགས་གོ་ལ་འདིར་འབུར་དུ་ཐོན་པར་བྱས་ཡོད་པའང་ཕྱོགས་ཞེན་ཙམ་དང་འཁྱོག་བཤད་ཙམ་མ་ཡིན་པ། ཁོངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་གསར་རྙིང་ཐམས་ཅད་ལ་རླུངས་ལྟར་དུ་གྲགས་པ་ཡིན་ལ། མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཤིང་གཞན་སྡེ་ཟིལ་གྱིས་གནོན་པར་བྱས་ནས། གདོད་མའི་བོད་ཀྱི་སྲིད་དབང་ཤིན་ཏུ་སྲ་བརྟན་ཡོང་བར་བྱས་པ་སོགས་ནི་སྐབས་འདིར་གོང་དུ་བཀོད་པའི་ལོ་རྒྱུས་ཡིག་ཆ་རྙིང་པ་དེ་དག་དཔྱད་གཞིག་ཏུ་བྱས་པ་ལས་ཀྱང་ཤིན་ཏུ་གསལ་བོར་རྟོགས་ནུས་པའོ།། འདི་ནི་རང་རེ་མ་སངས་གཉན་གྱི་གདུང་རྒྱུད་ཀྱི་ཡ་ཐོག་དང་པོའི་བྱུང་བ་དང་མཛད་རྗེས་དག་ཇི་བཞིན་བཀོད་པ་ཡིན་ལ། ཤུགས་ལ་རང་རེ་གདོང་དམར་བོད་པ་ཚང་གི་ཡ་ཐོག་དང་པོའི་བྱུང་བ་དང་། མེས་པོ་གོང་མའི་ཤུལ་བཞག་ཀྱི་མཛད་རྗེས་དག་ཀྱང་ཕྱི་དྲན་ཙམ་ཞིག་བཀོད་པ་ཡིན།
ཕྱོགས་ལྷུང་གཏམ་གྱིས་འཁྱོག་པར་མ་བྱས་ཤིང་། །
ལྷ་སྒྲུང་རིང་མོའི་གཟེབས་སུ་མ་བཅུག་པའི། །
ཡང་དག་བདེན་པར་སྨྲས་པའི་དངོས་གཏམ་འདི། །
དཔྱོད་ལྡན་མཁས་པ་དགྱེས་པའི་གཟིགས་མོར་འབུལ། །
ཞེས་ཀྱང་སྨྲས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*