རབ་བྱུང་བ་ནི་སངས་རྒྱས་བསྟན་པའི་གཞི་མའམ་སྲོག་རྩ་ལྟ་བུ་ཞིག་རེད།


རྩོམ་པ་པོ། དུང་ཟླ།

༡༽ རབ་བྱུང་བ་ནི་སངས་རྒྱས་བསྟན་པའི་གཞི་མའམ་སྲོག་རྩ་ལྟ་བུ་ཞིག་རེད།
རྒྱུ་མཚན་ཅི་རེད་ཟེར་ན། རབ་བྱུང་བ་ནི་འཇིག་རྟེན་འདི་ཡི་ཐོག་ཏུ་ང་ཚོ་ནང་པ་སངས་རྒྱས་པའི་བསྟན་པ་དེ། གནས་ཡོད་དམ་མེད་ལྟ་སའི་གཞི་ཞིག་ཡིན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་དར་གྱི་ཡོད་དམ་ཉམས་ཀྱི་ཡོད། སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་ཡོད་དམ་སྟོང་གི་ཡོད་མཇལ་བར་བྱེད་པའི་ཚད་ཤིང་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། རྒྱུ་མཚན་ཅི་རེད་ཟེར་ན། སྤྱིར་གཏང་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ཡོང་རྫོགས་ཚུར་བསྡུས་པ་ཡིན་ན་ལུང་གི་བསྟན་པ་དང་། རྟོགས་པའི་བསྟན་པ་གཉིས་སུ་འདུས་ཀྱི་ཡོད་རེད། འཇིག་རྟེན་འདི་ཡི་ཐོག་ཏུ་རབ་ཏུ་བྱུང་བ་མང་པོ་ཡོད་པ་མ་ཟད་དངོས་གནས་དྲང་གནས་ཀྱི་སྒོ་ནས་ལུང་གི་བསྟན་པ་ལ་ཐོས་བསམ་བྱེད་མཁན་མང་པོ་ཡོད་པ། རྟོགས་པའི་བསྟན་པ་ལ་ཉམས་ལེན་བྱེད་མཁན་གྱི་རབ་བྱུང་བ་མང་པོ་ཞིག་ས་ཆ་ག་ལ་བྱུང་བ་ཡིན་ན་ས་ཆ་དེ་ལ་སངས་རྒྱས་ཀྱི་བསྟན་པ་རྒྱས། ས་ཆ་དེ་ལ་སངས་རྒྱས་ཀྱི་བསྟན་པ་དར་ཟེར་ཆོག་གི་ཡོད་རེད། གལ་སྲིད་འཛམ་བུའི་གླིང་འདི་ཡི་ཐོག་ཏུ་རབ་བྱུང་བ་གཅིག་ཀྱང་མེད་པར་གྱུར་སོང་བ་ཡིན་ན་དེ་དུས་འཛམ་གླིང་འདི་ཡི་ཐོག་ཏུ་སངས་རྒྱས་ཀྱི་བསྟན་པ་ནུབ་སོང་བ་རེད། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ང་ཚོ་སངས་རྒྱས་ཤཀྱ་ཐུབ་པའི་བསྟན་པ་འདི་འཛམ་གླིང་འདི་ཡི་ཐོག་ལྔ་སྟོང་ལྔ་བརྒྱ་གནས་པར་གསུངས་པའི་ཆེས་མཐའ་མའི་མཇུག་ཤོས་དེ་རྟགས་ཙམ་འཛིན་པའི་དུས་ཟེར་གྱི་ཡོད་རེད། རྟགས་ཙམ་འཛིན་པའི་དུས་ཟེར་བ་དེ་རབ་བྱུང་གི་རྟགས་ཆ་ལུགས་འཛིན་མཁན་ཡོད་པ་ཙམ་ལ་རྟགས་འཛིན་པའི་དུས་ཟེར་བ་རེད། དེ་ནས་རབ་བྱུང་གི་རྟགས་ཆ་ལུགས་འཛིན་པ་གཅིག་ཀྱང་མེད་པའི་དུས་ལ་སླེབས་དུས་སངས་རྒྱས་བསྟན་པའི་གནས་ཚད་རྫོགས་སོང་བ་རེད། དེས་ན་རབ་བྱུང་བ་མེད་ན་སངས་རྒྱས་ཀྱི་བསྟན་པ་ནུབ་འགྲོ་བ་དང་། རབ་བྱུང་བ་ཡོད་ན་སངས་རྒྱས་བསྟན་པ་གནས་ཡོད་པས་རབ་བྱུང་བ་ནི་སངས་རྒྱས་ཀྱི་བསྟན་པ་གནས་པའི་གནས་གཞི་འམ་སངས་རྒྱས་བསྟན་པའི་རྩ་བ་ཞིག་རེད།
༢༽རབ་བྱུང་བ་ནི་བདེ་སྐྱིད་ཀྱི་འབྱུང་གནས་ཤིག་རེད།
རྒྱུ་མཚན་ཅི་རེད་ཟེར་ན། རབ་ཏུ་བྱུང་ནས་དགེ་སློང་དང་དགེ་ཚུལ་གྱི་བསྲུང་བྱ་ཡོངས་རྫོགས་ཞིག་བསྲུང་ཐུབ་ན་དཔེ་མི་སྲིད་པའི་ཡག་པོ་ཞིག་རེེད། གལ་སྲིད་བསྲུང་བྱ་ཡོངས་རྫོགས་བསྲུང་མ་ཐུབ་ན་ཡང་རྩ་བའི་སྡོམ་པ་བཞི་པོ་ཡང་དག་ཞིག་བསྲུང་ནས་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་གྱིན་བསྡད་དད་པ་ཡིན་ན། བུ་རྒྱུད་སེམས་ཁྲལ་བྱེད་མི་དགོས་པའི་བདེ་སྐྱིད། ཁྱིམ་ཐབ་ལ་སེམས་སེམས་ཁྲལ་བྱེད་མི་དགོས་པའི་བདེ་སྐྱིད། འཇིག་རྟེན་གྱི་འཚོ་བ་ལོངས་སྤྱོད་ཀྱི་ཐད་ལ་སེམས་ཁྲལ་བྱེད་མི་དགོས་པའི་བདེ་སྐྱིད། དགྲ་གཉེན་གཉིས་ཆགས་སྡང་མང་པོ་ཞིག་བྱེད་མི་དགོས་པའི་བདེ་སྐྱིད། མཐོན་པོའི་ཐོབ་དང་གོལ་ས་ལ་འགྲན་བརྩོད་བྱེད་མི་དགོས་པའི་བདེ་སྐྱིད། ཕྱུགས་པོའི་རྒྱུ་ནོར་ལ་འགྲན་རྩོད་མི་དགོས་པའི་བདེ་སྐྱིད་སོགས་བདེ་སྐྱིད།ཤི་ཚར་དུས་ངན་སོང་གསུམ་ལ་སྐྱེ་བའི་སེམས་ཁྲལ་བྱེད་མི་དགོས་པའི་བདེ་སྐྱིད་སོགས་བདེ་སྐྱིད་མང་པོ་བཞིན་གྱིས་སླེབས་ཡོང་གི་ཡོད་རེད།
༣༽ རབ་བྱུང་བ་ནི་འཇིག་རྟེན་ཀུན་གྱི་མཆོད་གནས་ཡང་དག་པ་ཞིག་རེད།
རྒྱུ་མཚན་ཅི་རེད་ཟེར་ན། རབ་ཏུ་བྱུང་ནས་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ཡིན་ན་སྤྱིར་གཏང་ནས་མི་རྣམས་ཀྱིས་རབ་བྱུང་བ་ཟེར་བ་དེ་མི་དམིགས་བསལ་བ་ཞིག་ལ་མཐོང་གི་ཡོད་པ་རེད། ནང་པ་སངས་རྒྱས་པ་རྣམས་ཀྱིས་ཕྱག་འཚལ་བའི་གནས་དང་། མཆོད་པ་འབུལ་བའི་ཡུལ། ཚོགས་བསགས་པའི་རྟེན་བྱེད་པ་མ་ཟད་ལྷ་རྣམས་ཀྱིས་ཀྱང་མཆོད་པའི་མཆོད་གནས་དམ་པ་ལ་འགྲོ་གི་ཡོད་རེད། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ནམ་རྒྱུན་ང་ཚོའི་འཚོ་བའི་ཁྲོད་དུ་བསོད་ནམས་བསགས་པའི་རྟེན་ལ་རང་ལས་དམན་པ་རྣམས་ལ་སྙིང་རྗེའི་སྒོ་ནས་སྦྱིན་པ་གཏོང་བ་དང་། རང་ལ་མཐོ་བ་དག་ལ་མཆོད་པ་འབུལ་བ་གཉིས་སུ་འདུས་ཀྱི་ཡོད་རེད། མཆོད་པ་འབུལ་བ་དེ་ཡང་སྤྱིར་གཏང་ནས་བཤད་པ་མི་ཕལ་ཆེ་བས་ལྷ་སྐུ་དང་ཐང་ག གསུངས་རབ་སོགས་ལ་མཆོད་པ་འབུལ་རྒྱུ་དེ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་རེད། དེ་དག་ལ་མཆོད་པ་འབུལ་བ་དང་། དད་པ་བྱས་པ་ཡིན་ན་བསོད་ནམས་ཀྱི་ཚོགས་ཆེན་བསམ་གྱིས་པ་ཞིག་རྫོགས་ཀྱི་ཡོད་རེད། ཡིན་ནའང་དགེ་ཚུལ་སློང་རབ་བྱུང་གི་གི་སྡོམ་པ་ལྡན་པ་རྣམས་ལ་མཆོད་པ་བྱས་པ་ཡིན་ན་དེ་ལས་ཀྱང་རྒྱ་འགྱུར་སྟོང་འགྱུར་གྱིས་ཚོགས་རྫོགས་ཆེ་གི་ཡོད་རེད། རབ་བྱུང་བ་ལ་མཆོད་པ་དང་བསྙེན་བཀུར་བྱས་པ་ཡིན་ན་བསོད་ནམས་ཀྱི་ཚོགས་རྫོགས་པ་ཆེ་བའི་རྒྱུ་མཚན་ཅི་རེད་ཟེར་ན། སངས་རྒྱས་ཀྱི་སྐུ་འདྲ། སངས་རྒྱས་ཀྱི་ཞལ་ཐང་། དེ་རྣམས་ཇི་ལྟར་སྤུས་ལེགས་པ་དང་། ཇི་ལྟར་ནས་ཤིན་ཏུ་མཛེས་པ། ཇི་ལྟར་ནས་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན་ནའང་མཆོད་པ་བྱེད་་སའི་རྟེན་ཙམ་ཞིག་དང་། དད་པ་གཞོག་སའི་རྟེན་ཙམ་ཞིག་དང་། སངས་རྒྱས་ཀྱི་བསྟན་པའི་ཡན་ལག་ཙམ་ཞིག་རེད་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་དངོས་གནས་དེ་མ་རེད། སྡོམ་པ་རྣམ་དག་ལྡན་པའི་རབ་བྱུང་བ་ཞིག་ཡིན་ན་དེ་འདྲའི་རབ་བྱུང་བ་དེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་གོང་དུ་འཕེལ་བར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་ཉམས་རྒུད་ལས་སྐྱོབས་པར་བྱེད་པའི་བསྟན་འཛིན་གྱི་གང་འཛིན་གྱི་གང་ཟག་ཞིག་ཡིན་པ་མ་ཟད་གང་ཟག་དེའི་རྒྱུད་ལ་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ཞིག་གནས་ཡོད་པའི་རྒྱུ་མཚན་གྱིས་སྡོམ་པ་རྣམ་དག་རྒྱུད་ལ་ལྡན་པའི་རབ་བྱུང་བ་ནི་སོགས་བསགས་པའི་ཡུལ་ཁྱད་པར་ཅན་ཞིག་དང་། ཚོགས་བསགས་པའི་རྟེན་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་རེད།
༤༽ རབ་བྱུང་བ་ནི་བསོད་ནམས་ཆེན་པོ་ཅན་གྱི་གང་ཟག་ཞིག་རེད།
རབ་བྱུང་བ་བསོད་ནམས་ཆེན་པོ་ཅན་གྱི་གང་ཟག་ཡིན་པའི་རྒྱུ་མཚན་ཅི་རེད་ཟེར་ན། སྤྱིར་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་ནང་ནས་འགྲོ་བ་མི་རིགས་དེ་ཉུང་ཤོས་ཞིག་རེད་ལ་དེའི་ནང་ནས་ཀྱང་ནང་ཆོས་ལ་ཞུགས་མཁན་ནི་ཧ་ཀྱང་ནས་ཉུང་ཉུང་ཞིག་ཡིན་པ་རེད། ནང་ཆོས་ལ་ཞུགས་མཁན་རྣམས་ཀྱི་ནང་ནས་ཀྱང་ནང་ནས་ཀྱང་རབ་ཏུ་བྱུང་བ་ཤིན་ཏུ་ནས་ཀྱང་དཀོན་པ་ཞིག་ཡིན་པ་དེ་ང་ཚོའི་མངོན་སུམ་ལ་མྱོང་གྲུབ་ཞིག་རེད། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་འགྲོ་བ་རིགས་དྲུག་གི་ནང་ནས་མི་ཡི་ལུས་ཞིག་ཐོབ་དགོས་ན་བསོད་རྒྱ་ཆེན་པོ་ཞིག་དགོས་ཀྱི་ཡོད་རེད། མི་ལུས་ཀྱི་ཀྱི་ནང་ནས་ང་ཚོའི་ནང་པ་སངས་རྒྱས་ཀྱི་ཆོས་དར་བའི་གནས་སུ་མི་ལུས་བླངས་ནས་ནང་ཆོས་ལ་ཞུགས་མཁན་དེ་ནི་ཧ་ཀྱང་གིས་ཉུང་ཉུང་ཞིག་རེད། གལ་སྲིད་དེ་འདྲ་གནས་ཞིག་ལ་མི་ལུས་ཤིག་བླངས་ན་ཡང་རབ་ཏུ་བྱུང་བ་ནི་ཧ་ཅང་གིས་ཉུང་ཉུང་རེད། དེས་ན་རབ་ཏུ་བྱུང་བ་ལ་ནི་སྤྱིར་བསོད་ནམས་ཆེན་པོ་ཞིག་མེད་ན་རབ་ཏུ་འབྱུང་འདོད་བསམ་བློ་མི་སྐྱེ་བ་དང་། གལ་སྲིད་སྐྱེས་པ་ཡིན་ན་བར་ཆད་ཀྱི་དབང་གིས་རབ་ཏུ་འབྱུང་མི་ཐུབ་པ་ལ་སོགས་པ་མང་པོ་ཡོང་གི་ཡོད་རེད། དེས་ནས་རབ་ཏུ་འབྱུང་བ་ལ་བསོད་ནམས་ཆེན་པོ་ཡོད་དགོས་པས་རབ་ཏུ་བྱུང་ཞིང་སྡོམ་པ་རྣམ་དག་ལྡན་པའི་མི་ནི་དཔེ་མི་སྲིད་པའི་བསོད་ནམས་ཆེན་པོ་ཅན་གྱི་མི་ཞིག་ཡིན་པ་གྲུབ་ཀྱི་ཡོད་རེད།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*