སྟོན་པ་ཐུགས་རྗེ་ཅན་འཁྲུངས་འདས་ཀྱི་དུས་ཚིག་ལ་དཔྱོད་པ།
རྩོམ་པ་པོ། མཁན་པོ་བཟོད་པ།
དཔལ་ས་སྐྱ་པའི་སྟོན་པའི་འདས་གྲངས་དང་སྡོམ་རྒྱུན་གཉིས་འགྲིག་གམ་ཞེས་པའི་ལན་དུ་སྤྲིངས་བ་ངོ་མཚར་འཕྲུལ་གྱི་རོལ་མོ།
ས་དང་རུས་པའི་རྐང་འཛིན་ཅིང་།།དགའ་དང་བསྟོད་པས་མི་ཁེངས་པའི།།
ས་བདག་སྨྲ་བའི་དབང་པོ་ལ།།རུས་པའི་རྐང་པས་ཕྱག་བགྱིའོ།།
དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ནི། ཡོངས་རྫོགས་བསྟན་པའི་བདག་པོ་དཔལ་ས་སྐྱ་པའི་ལུགས་ལ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གི་ལོ་རྫོགས་ནས་ས་ཕོ་བྱི་བའི་ལོ་མགོར་མྱ་ངན་འདས་པའི་ཚུལ་བསྟན། སྟོན་པ་དེས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པའི་འཕགས་པ་ཤཱ་རིའི་བུ་ནི། ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་བྲམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། སྟོན་པ་འོད་མའི་ཚལ་ན་བཞུགས་པ་མཐོང་བས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཚུར་ཤོག་ལ་ཚངས་པ་མཚུངས་པར་སྤྱོད་ཅིག་གསུངས་པས། ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས། དེའི་མཁན་བུ་སྲས་སྒྲ་གཅན་འཛིན་ནི། ཡབ་རྒྱལ་བུ་དོན་འགྲུབ་དང་ཡུམ་གྲགས་འཛིན་མར་ཟླ་བ་གཟའ་སྒྲ་གཅན་གྱིས་ཟིན་པའི་དུས་སུ་སྐུ་བལྟམས་པས་སྒྲ་གཅན་འཛིན་ཞེས་བཏགས། འཕགས་པ་ཤཱ་རིའི་བུ་ལས་རབ་བྱུང་དང་བསྙེན་པར་རྫོགས། སྟོན་པ་ལས་བདེན་བཞིའི་གནས་ལུགས་གསན་ཞིང་བསྒྲུབས་པས་དགྲ་བཅོམ་པའི་གོ་འཕང་ཐོབ། དེའི་མཁན་བུ་བྲམ་ཟེ་སྒྲ་གཅན་འཛིན་ནི། ཡུལ་ཨོ་ཊི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། འཕགས་པ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས། སློབ་དཔོན་འདིའི་རིང་ལ་ཐེག་ཆེན་མདོ་སྡེ་ཕལ་ཆེ་བ་བྱུང་ཞེས་གྲགས། དེའི་མཁན་བུ་འཕགས་མཆོག་ཀླུ་སྒྲུབ་ནི། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དརྦྷར་བྲམ་ཟེའི་རིགས་སུ་འཁྲུངས། མཁན་པོ་བྲམ་ཟེ་སྒྲ་གཅན་འཛིན་ལས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ལེན།བསྟན་པ་ཉིན་མོ་ལྟར་གསལ་བར་བྱས་ཏེ་ལོ་ངོ་དྲུག་བརྒྱ་བཞུགས་སོ། །
སྤྱིར་སྟོན་པས་འོད་སྲུང་ལ་བསྟན་པ་གཏད། དེས་ཀུན་དགའ་བོ་ལ། དེས་ཤ་ནའི་གོས་ཅན་ལ། དེས་ཉེར་སྦར་ལ། དེས་དྷི་དྷི་ཀིར། དེས་འཕགས་པ་ནག་པོར། དེས་ལེགས་མཐོང་ལ་བསྟན་པ་གཏད་པ་སྟེ། འདུལ་བ་ལ་གྲགས་པའི་གཏད་རབས་བདུན་སོགས་འབྱུང་བ་རྣམས་ཀྱང་ཤེས་པར་གྱིས་ཤིག །འཕགས་མཆོག་ཀླུ་སྒྲུབ་ཀྱི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་སུ་སྐུ་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པ་མ་ཟད། ལུགས་འདི་ཤིན་ཏུ་དར་བར་གྱུར་ཞེས་གྲགས་སོ། །དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་སུ་སྐུ་འཁྲུངས། ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཐེག་ཆེན་ཤིན་ཏུ་དར་ཞིང་རྒྱས་པར་མཛད་དོ། །དེའི་མཁན་བུ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་ཊི་བི་ཤའི་ཡུལ་དུ་སྐུ་བལྟམས། དཔལ་སྦས་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དབུ་མ་བདེན་གཉིས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། དེའི་མཁན་བུ་གངས་ཅན་བསྟན་པའི་གསལ་བྱེད་བོ་དྷི་ས་ཏྭ་ནི། ཤར་ཕྱོགས་ཟ་ཧོར་ཡུལ་དུ་སྐུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཡོངས་གྲགས་སུ་ཞི་བ་འཚོ་ཞེས་ཀྱང་བྱ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ཡུལ་དུ་ཕེབས། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད། མཁན་པོ་མཛད་དེ་སད་མི་བདུན་རབ་ཏུ་བྱུང་། བཙན་པོས་གངས་རིའི་ཁྲོད་འདིར་མཁན་ཆེན་ཞི་བ་འཚོའི་མཁན་བརྒྱུད་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་དུ་མཁན་བརྒྱུད་འཕགས་པ་ཤཱ་རིའི་བུ་ཞེས་པ་ནས་མཁན་པོ་བོ་དྷི་སཏྭ་བར་བསམ་ཡས་ཀྱི་གྱང་རིས་ངོས་ལ་འགོད་པར་མཛད་དོ། །
དེར་ཆོས་འབྱུང་སྙན་པའི་སྒྲ་དབྱངས་ལས་གསུངས་པ་ལྟར་མཁས་པ་རྣམ་དཔྱོད་དང་ལྡན་པ་ཁ་ཅིག་ན་རེ། མཁན་བརྒྱུད་དེ་ལྟར་ཡིན་པས་ས་སྐྱ་པའི་ལུགས་ཀྱི་སྟོན་པའི་འདས་ཚད་ནི། ཆེས་མི་འཐད་དེ། དུས་འཁོར་ལུགས་དང་འགལ་བ་མར་ཟད། འདུལ་བའི་མཁན་བརྒྱུད་དང་། བོད་ཀྱི་རྒྱལ་རབས་སོགས་དང་དུས་བསྒྲིགས་ན་ཤིན་ཏུ་འགལ་བའི་ཕྱིར་ཏེ། ལེགས་ལྡན་འབྱེད་རྐྱང་པའི་རིང་ལ་ལོ་ངོ་སྟོང་ཕྲག་ཐལ་བས་ཤིན་ཏུ་མི་འགྲིག་པའི་ཕྱིར་དང་། ཀླུ་སྒྲུབ་ནས་མཁན་རབས་བདུན་གྱི་བར་ལ་ལོ་ངོ་ཉིས་སྟོང་འགྲོ་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །
འདི་དང་འདྲ་བ་དེང་སང་མཁས་པ་འགས་ཀྱང་དེང་སང་འཛམ་གླིང་རྒྱལ་ཁབ་སྤྱིའི་ལུགས་དང་མི་མཐུན་པར་མ་ཟད། འཛམ་གླིང་གནས་ཚུལ་ཞིབ་འཇུག་པའི་མཁས་པ་རྣམས་ཀྱི་ལུགས་ལས་བརྒལ་བ་ནི། ཆེས་མི་རིགས་པའི་ཕྱིར་རོ་ཞེས་ཟེར་རོ། །
སྤྱིར་འདི་ཚོར་དཔྱད་པ་གཏོང་བར་མེད་དུ་མི་རུང་བ་ནི། རྒྱ་གར་པཎ་གྲུབ་རྣམས་ཀྱི་སྐུ་ཚེའི་ཚད་དང་རྒྱལ་རབས་ལོ་ཚིགས་མཁྱེན་པ་འདི་ཉིད་ཡིན་པས། འདི་དང་ལྟོ་སྦྱར་ཏེ་ལན་སྤྲོ་བ་ཡིན་པས་གསན་པར་ཞུ། དེར་འཕགས་མཆོག་ཀླུ་སྒྲུབ་སྟོན་པ་འདས་ནས་༤༠༠དུས་སུ་བྱོན་ཏེ་ལོ་ངོ་༦༠༠ཙམ་བཞུགས་པ་ཀུན་གྱིས་ཁས་ལེན་པས། དེ་ལྟ་ན་དེ་ཡན་ལ་ལོ་ངོ་སྟོང་སོང་བ་རེད་ལགས། འཕགས་པ་ཐོགས་མེད་ནི། སྟོན་པ་འདས་ནས་ལོ་ངོ་༩༠༠ལོན་དུས་བྱོན་ཏེ་སྐུ་ཚེའི་ཚད་༡༥༠བཞུགས། འདིའི་སློབ་མ་འཕགས་མཆོག་དབྱིག་གཉེན་སྐུ་ཚེ་བརྒྱ་ལ་ཉེ་བར་བཞུགས། དབྱིག་གཉེན་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ལས་མཆོག་ཏུ་གྱུར་པ་བཞི་བྱུང་། བཞི་བ་འཕགས་པ་རྣམ་གྲོལ་སྡེའི་སློབ་མ་བཙུན་པ་རྣམ་གྲོལ་སྡེ། གྲོལ་སྡེའི་སློབ་མ་མཆོག་གི་སྡེ། དེར་དུལ་བའི་སྡེས་བསྟེན། འདིའི་སློབ་མཆོག་ཞི་བ་འཚོ་བྱོན། འདིས་སྦ་གསལ་སྣང་ལ་བོད་ངའི་གདུལ་བྱ་ཡིན། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་ཡིན་ཞེས་གསུངས། དེ་ལྟ་ན་ཏག་ཏག་ལྷ་ཐོ་ཐོ་རི་དང་དུས་མཉམ་པས་བོད་དུ་ཕེབས་པའི་བར་རགས་རྩིས་༤༠༠ལྷག་སོང་བ་མ་ཟད། ལྷ་ཐོ་ཐོ་རིའི་སྐབས་སུ་པཎྚི་ཏ་བློ་སེམས་འཚོ་ཞེས་པ་ཞི་བ་འཚོ་ཡིན་པར་འགོས་ལོ་ཙྭ་བས་བཞེད་པ་དང་ཡང་ཤིན་ཏུ་འབྱོར་བ་ལགས་པས། ཞི་བ་འཚོ་སྐུ་ཚེ་ལོ་བརྒྱ་ལོན་དུས་བོད་དུ་ཕེབས་ཞེས་པའང་བསལ་ལོ། །མདོ་ལས་ལོ་༢༥༠༠ནས་བོད་དུ་བསྟན་པ་དར་ཞེས་པའི་དོན་ཡང་ཉིས་སྟོང་ལྔ་བརྒྱ་བཞི་བཅུ་པ་མེ་མོ་ལུག་༤༠༧ལོའམ་ཡང་ན་༣༩༣ཡིན་དགོས། དེའི་དུས་སུ་དམ་ཆོས་གླེགས་བམ་བྱུང་བར་ངོས་འཛིན། དེའི་ཚེ་མཁན་པོའང་ཞི་བ་འཚོ་ཡིན་ལ་ཁོང་གིས་དམ་ཆོས་དེ་བོད་དུ་སྤྱན་དྲངས་པ་ནས་བཟུང་སྟེ་ཁྲི་སྲོང་བར་དུ་བཞུགས་ནས་འགྲོ་དོན་མཛད་པ་ལགས་པས། དམ་ཆོས་གླེགས་བམ་དེ་རང་དགར་ཅི་ཡིན་འདི་ཡིན་མེད་པ་གནམ་ནས་ག་ལ་བབས་སྲིད་ཨང་།
འདི་ནི་དེང་སང་འཛམ་གླིང་ཞིབ་འཇུག་པའི་འགྲོས་དང་ཡང་ཤིན་ཏུ་མཐུན་པས་དུས་བབས་དང་བསྟུན་པའི་མཁས་པ་ཁྱེད་ཅག་ཐུགས་དགྱེས་སམ། དེ་ལྟ་ན་ཞི་བ་འཚོ་གཅིག་པུའང་སྐུ་ཚེ་བརྒྱ་ཕྲག་མང་པོ་བཞུགས་ཡོད་པས། ཀླུ་སྒྲུབ་ནས་ཞི་འཚོའི་བར་དུ་ལོ་ངོ་སྟོང་ཕྲག་བརྒལ་མི་སྲིད་སྙམ་པ་ནི། ཕལ་བའི་བསམ་ཚུལ་ཞིག་ལས་མ་འདས་ལགས། དེང་སང་མི་ཕལ་བའང་ལོ་ངོ་བརྒྱ་ལས་བརྒལ་བ་མང་པོར་མཐོང་བས་སྔོན་གྱི་གྲུབ་ཆེན་དེ་ཚོར་སྐུར་འདེབས་མི་བྱེད་རོགས། བུ་ལུགས་ལྟར་ན་ཁྲི་སྲོང༧༧༨ནས་༨༤༤བར་ཡིན། རབ་བྱུང་ལྔ་བའི་ཆུ་ཁྱི་༡༣༢༢ལོར་སྟོན་པ་འདས་ནས་ལོ་ངོ་༢༡༩༨སོང་། ༨༤༤ཡན་ལ་༡༧༤༢སོང་། ཞི་འཚོ་༡༥༠༠ལྷག་ཙམ་ལས་མ་སོང་བས། དེ་ལྟ་ན་ལོ་ངོ་ཉིས་བརྒྱ་ལྷག་ཙམ་ཆད་སྐྱོན་ཡོད་པ་མ་ཚད། ཀླུ་སྒྲུབ་ནས་ཞི་འཚོའི་བར་གྱི་སྡོམ་རྒྱུན་དང་མི་འགྲིག་པ་ནི་སོ་ན་གནས་པ་གོ་ལགས་སམ། གལ་ཏེ་ཞི་འཚོ་སོགས་ཀྱི་སྐུ་ཚེ་སྔ་མའི་བཤད་ཚུལ་ལས་ཐུང་བའི་དབང་དུ་བྱས་ན་ཡང་མི་འགྲིག་ལགས། དེ་ལྟར་བྱས་ཚེ་བུ་ལུགས་ལྟར་ན་ད་ལྟའི་༢༠༡༧ཡན་ལ་སྟོན་པ་འདས་ནས་ལོ་ངོ་༢༨༩༣སོང་བ་ལགས། དེ་ལྟར་ཡིན་པ་མཁྱེན་ན་སྟོན་པ་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་སོང་བའི་དབང་དུ་བྱས་ན་ཡང་སྡོམ་རྒྱུན་དང་མི་འགྲིག་པ་གོ་ཐུབ་རྒྱུ་རེད་ཨང་། གཞན་ཡང་སྟོན་པ་འདས་ནས་ལོ་ངོ་༡༣༧ཙམ་ན་རྒྱལ་པོ་དགའ་བྱེད་བྱུང་། དེ་ནས་ལོ་༨༠༠་ན་རྒྱལ་པོ་ཟླ་སྲུང་། དེ་ནས་༢༣༡་ན་རྗེད་མངས་བྱུང་བ་ནས་མེ་མོ་ཕག་གི་ལོ་མཇུག་ཏུ་ཆོས་ལ་འཇུག་པའི་སྒོ་བྲིས་པའི་དུས་སུ་བརྩིས་པ་ནས་༣༣༠༠ལོན། དེ་ནས་མེ་བྱི་ལོར་ས་པཎ་གྱིས་བརྩིས་པས་༣༣༤༩ལོན། དེ་ནས་རབ་བྱུང་ལྔ་བའི་ཆུ་ཁྱི་ལོ་ཡན་ལ་༣༤༥༥ལོན། རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ཡན་ལ་༤༡༠༧ལོན། ད་ལྟའི་མེ་བྱའི་ལོ་ཡན་ལ་༤༡༤༩སོང་ནས་ལྷག་མ་༨༥༡ཡོད་དོ། །
ད་དུང་དེ་ཙམ་མིན་པ་རྒྱལ་རབས་གཞན་དང་ཡང་ཆེས་འགྲིག་པ་ལགས། ལྷག་ཏུ་ཉེ་ཆར་མཁན་ཆེན་ཚེ་བརྟན་ལགས་ཀྱིས་ཡིག་བསྒྱུར་གནང་བའི་ཡི་གེའི་ནང་དོན་ལྟར་ན་༢༠༡༠ལོར་ཟླ་བ་ལྔ་བའི་དུས་ལ་ཀྲུང་གོའི་ཡེ་ཅན་ཚན་རིག་ལས་གཞི་ཚོགས་པས་ཨབ་གྷན་སི་ཐན་གྱི་རྒྱལ་ཁོངས་ནས་ལོ་ངོ་ཉིས་སྟོང་དྲུག་བརྒྱའི་སྔོན་གྱི་གནའ་བོའི་དགོན་པ་ཞིག་གསར་དུ་རྙེད་པ་རེད་ཅེས་གསུངས་པའི་གནས་ཚུལ་དེས་ཏག་ཏག་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་འདོད་པའི་ལྟ་བ་འདིའི་མཐིལ་བརྟོལ་བ་རེད་ལགས། ད་ལྟའི་ཚན་རིག་པས་མི་རྙེད་པའམ་མ་མཐོང་བ་ཙམ་གྱིས་དེ་དང་དེ་ཁས་མི་ལེན་ཟེར་བ་ནི། སྔོན་གྱི་དུས་ན་སྲོག་ཆགས་ག་གེ་མོ་དེ་མེད་དེ། ད་ལྟའི་དུས་ཀྱི་ཚན་རིག་པས་མི་རྙེད་ཅིང་རྡོ་རིང་དང་ཡིག་ཐོག་ཏུ་ཡང་བཀོད་མེད་པའི་ཕྱིར་རོ་ཞེས་ཟེར་བ་དང་འདྲ་བས་སྨྲ་བ་ཉུང་ན་མཛེས་སོ། འདུལ་གཞུང་སོགས་ལས་དུས་རུང་གི་སྨན་འཆད་པའི་ཚེའང་རང་ཉིད་གླིང་གང་དུ་གནས་པ་དེའི་ཉིན་གུང་གྱི་དུས་ཚོད་ལས་མ་འདས་པ་ཞེས་སོགས་གསུངས་པ་འདིས་ཀྱང་དུས་དང་ལོ་རྒྱུས་ཚང་མ་འཛམ་གླིང་ནུབ་ཕྱོགས་དང་བསྟུན་དགོས་པའི་རྒྱུ་མཚན་མེད་པ་བསྟན་ཡོད། དེང་གི་སྟོན་པའི་རྗེས་འཇུག་གི་གནས་ཚུལ་འདི་དག་གིས་ཀྱང་སྟོན་པའི་ལོ་ཚིགས་དེ་ལྟར་ཡིན་པ་ར་སྤྲོད་ཡོད་པས། ང་ཚོའི་གནས་སྟངས་དང་ལོ་རྒྱུས། ལྟ་གྲུབ་དང་ལམ་ལུགས་འདི་ཚོ་སྟོན་པ་རྡོ་རྗེ་འཆང་ནས་འཕགས་བོད་མཁས་གྲུབ་ཀུན་གྱིས་སྲོག་ལྟར་གཅེས་ཤིང་མིག་ལྟར་སྲུང་བ། ཆུ་བོའི་རྒྱུན་བཞིན་བར་མ་ཆད་པ་བྱུང་དང་འབྱུང་བཞིན་པ་ཞིག་ཡིན་པ་ལས། གཞན་ཨུ་ཚུགས་དང་ཕྱོགས་རིས་ཀྱིས་འཛིན་ཅིང་སྐྱོང་བ་ནི་གཏན་ནས་མ་ཡིན་སྙམ་མོ། །
དེས་ན་ཞི་བ་འཚོ་ཡན་ཆད་ཀྱི་ལོ་ཚིགས་དང་སྡོམ་རྒྱུན་ཇི་བཞིན་ཤེས་ན་ཞི་འཚོ་མན་གྱི་ལོ་ཚིགས་དང་སྡོམ་རྒྱུན་ནི་ཤིན་ཏུ་ཤེས་སླའོ། །
གཞན་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་སོགས་དང་བསྲེས་ཏེ་འདྲ་མིན་མི་སྨྲ་རོགས་ཞེས་ཞུ་སྟེ། དེ་དང་འདིའི་སྡོམ་རྒྱུན་དང་ལོ་གྲངས་གཏན་ནས་མི་འདྲ་བའི་ཕྱིར་དང་། ཁ་ཆེ་པཎ་ཆེན་གྱི་ལོ་ཚིགས་དང་ས་སྐྱའི་ཐུན་མིན་ལུགས་ཀྱི་ལོ་ཚིགས་གཉིས་བསྲེས་ཏེ་དོགས་སློང་བྱེད་པ་ནི། བོད་ལུགས་དང་རྒྱ་ལུགས་བསྲེས་ཏེ་སྨྲ་བ་དང་འདྲ་བའི་ཕྱིར་རོ། །འོན་ཀྱང་པཎ་ཆེན་གྱི་སྡོམ་རྒྱུན་ས་སྐྱ་པར་ཡོད་པ་ནི་ཅི་འགལ་ཏེ། དེ་ཙམ་ལ་དོགས་པ་བྱེད་དོན་ཨེ་ཡོད་ན་སྙམ་མོ། །
འདིས་དུས་འཁོར་དང་འགལ་ལོ་ཞེས་པའང་བསལ་ལོ། །དེ་དག་གི་སྒོ་ནས་འདིར་སྟོན་པ་རྡོ་རྗེ་འཆང་ནས་དཔལྡན་ས་སྐྱའི་མཁས་གྲུབ་ཀུན་གྱི་བཞེད་ཚུལ་མདོར་ཙམ་ཞིག་འགོད་པ་ལས་གཞན་ཅི་ཡང་མིན་པས། རང་དགར་བཀའ་བཀྱོན་གནང་བ་མེད་པར་ཞུ། དེ་མིན་ལུང་རིགས་ཀྱིས་དགག་སྒྲུབ་གནང་ཚེ་དགའ་བས་བསུའོ། །ཞེས་པའང་བདེན་གཞོན་ནམ་བཟོད་པ་ཞེས་འབོད་པས་བྲིས་པ་འདིས་ཀྱང་དགེ་གྱུར་ཅིག །དགེའོ།། །།
Leave a Reply