གནས་བསྐོར་བའི་ཕན་ཡོན།

གནས་རི་གནས་བསྐོར་བྱས་པའི་ཕན་ཡོན་མདོ་ཙམ་གླེང་བ་མདོ་སྔགས་
              བསྟན་པའི་ཉམས་ལེན།།

རྩོམ་པ་པོ། མཁན་རིན་པོ་ཆེ་ངག་དབང་ཤེས་རབ། (རྟ་ནག)

ཨེ་མ་ཧོ།། བྱར་མེད་ལྷུན་རྫོགས་འོད་གསལ་གཉུག་མའི་གཤིས།།
ངེས་པ་ལྔ་ལྡན་དག་གསལ་ལོངས་སྤྱོད་རྫོགས།།
གང་གདུལ་ཅིར་ཡང་འཆར་བ་སྤྲུལ་བའི་སྐུ།།
སྐུ་གསུམ་མངོན་གྱུར་རྩ་བའི་བླ་མ་མཁྱེན།།

དམ་ཆོས་ཚུལ་བཞིན་སྒྲུབ་པའི་གང་ཟག་ལ།།
ཚོགས་ཆེན་དགེ་བ་བསགས་དང་སྡིག་པ་སྦྱངས།།
དོན་ཆེན་འདི་གཉིས་བྲལ་ན་ཆོས་པའི་གཟུགས།།
ཆུ་ཤིང་སྡོང་པོའི་དཔེ་བཞིན་སྙིང་པོས་སྟོང་།།

དེ་ཕྱིར་ས་ལམ་རིམ་གྱིས་བགྲོད་པ་ལ།།
འཕགས་བོད་མཁས་གྲུབ་གོང་མ་ཐམས་ཅད་ཀྱིས།།
མདོ་སྔགས་བསྟན་པའི་གནས་སྐབས་གང་དུ་ཡང་།།
བསགས་སྦྱང་ཉམས་ལེན་གཅེས་པའི་སྲོག་བཞིན་མཛད།།

གངས་ཅན་འཕགས་པའི་འདུལ་ཞིང་བཟང་པོ་འདིར།།
རིས་མེད་མཁས་གྲུབ་ས་ཡི་རྡུལ་བཞིན་བྱོན།།
བྱིན་ཆེན་གནས་མཆོག་རྒྱུ་སྐར་གྲངས་དང་མཚུངས།།
ཚོགས་བསགས་སྡིག་པ་སྦྱང་ན་གནས་བསྐོར་མཛོད།།

དབང་པོ་རབ་འབྲིང་ཐ་གསུམ་ཐམས་ཅད་ལ།།
མེད་དུ་མི་རུང་བ་ནི་གནས་བསྐོར་ཡིན།།
མཁས་གྲུབ་གོང་མའི་རྣམ་ཐར་ཇི་བཞིན་དུ།།
གནས་བཟང་བསྐོར་བས་འདི་ཕྱིའི་ལེགས་ཚོགས་འབྱུང་།།

སྒང་པ་བོད་ལ་བཀའ་དྲིན་ཆེ་བ་ཡི།།
ཨྱོན་སངས་རྒྱས་གཉིས་པ་ལ་སོགས་པས།།
སྤྲེལ་ལོ་ལ་སོགས་འཁོར་ཆེན་དུས་བཟང་གསུངས།།
འདི་འདྲའི་བཀའ་དྲིན་དྲན་བཞིན་གནས་བསྐོར་མཛོད།།

དབང་པོ་རབ་ཀྱི་གང་ཟག་ཐམས་ཅད་ལ།།
ཡུལ་ཆེན་བགྲོད་པས་ས་ལམ་རྟོགས་པ་འཕེལ།།
ཀུན་འདར་སྤྱོད་པས་ཡུལ་རྣམས་དབང་དུ་འདུས།།
གནས་བཟང་བསྐོར་བ་རབ་ཀྱི་ཉམས་ལེན་ཡིན།།

དབང་པོ་འབྲིང་གི་གང་ཟག་ཐམས་ཅད་ལ།།
ཕྱི་ནང་རྟེན་འབྲེལ་སྒྲིག་པའི་ཉེར་ལེན་ལས།།
ཡུལ་མཆོག་བགྲོད་པས་ལམ་རྟགས་ཡོན་ཏན་འབར།།
གནས་བཟང་བསྐོར་བ་འབྲིང་གི་ཉམས་ལེན་ཡིན།།

དབང་པོ་ཐ་མ་མོས་པའི་ལམ་ནས་གྲོལ།།
ཙཱ་རི་ལ་སོགས་བདེ་ཆེན་ཞིང་དུ་སྒོམ།།
དག་སྣང་ངང་ནས་ཚོགས་བསགས་སྒྲིབ་པ་སྦྱངས།།
གནས་བཟང་བསྐོར་བ་ཐ་མའི་ཉམས་ལེན་ཡིན།།

མ་དག་སྣང་བས་འཁོར་བའི་གླིང་དུ་འཁྱམས།།
དག་སྣང་ཟབ་མོས་བདེ་ཅན་ཞིང་དུ་འཕེན།།
ས་རྡོ་རི་སྐམ་མ་དག་སྣང་བ་ཀུན།།
དག་པའི་སྣང་བར་འོག་མིན་སོགས་སུ་འཆར།།

འཐུང་ཆུ་ཕོར་པ་གང་ལ་མཐོང་སྣང་དྲུག།
རིགས་དྲུག་བློ་ལ་འདི་འདྲའི་ཁྱད་ཡོད་ན།།
འཕགས་པའི་གཟིགས་པ་བསམ་མི་ཁྱབ་པ་ཀུན།།
སོར་སྐྱེས་ཚད་ལ་འཇལ་བ་གླེན་པའི་རྟགས།།

ཙཱ་རི་ལ་སོགས་ཕྱི་ཡི་རི་སྐམ་ཀུན།།
ཡི་དམ་ལྷ་ཡི་ཞིང་དུ་བྱིན་གྱིས་བརླབ།།
ཕྱོགས་མེད་དག་སྣང་ལྡན་པའི་གང་ཟག་ཀུན།།
རིས་མེད་གནས་བཟང་བསྐོར་བ་སྙིང་པོའི་དོན།།

གནས་བཟང་བསྐོར་བས་ལམ་རྟགས་ཡོན་ཏན་འཕེལ།།
གནས་བཟང་བསྐོར་བས་ལུས་ཁམས་བདེ་བར་བྱེད།།
གནས་བཟང་བསྐོར་བས་རྒྱལ་ཁམས་ལྟས་མོ་མཐོང་།།
གནས་བཟང་བསྐོར་བས་དོན་གཉིས་ལྷུན་གྱིས་གྲུབ།།

མཁྱེན་བརྩེ་དབང་པོ་ལ་སོགས་གོང་མ་ཀུན།།
གནས་བཟང་བསྐོར་བ་ཐུགས་དམ་མཐིལ་དུ་མཛད།།
མཁས་གྲུབ་གོང་མ་དཔང་པོར་མཛད་པ་ལས།།
མ་དག་སྣང་བ་ངན་པས་མ་སླད་ཨང་།།

དང་བའི་དད་པས་རྣམ་དཀར་ས་བོན་ཐེབས།།
འདོད་པའི་དད་པས་སྤང་བླང་རྣམ་དབྱེ་ཕྱེ།།
ཡིད་ཆེས་དད་པས་ཐར་པའི་ལམ་བཟང་བརྙེད།།
འདི་གསུམ་བྲལ་བ་མི་ཡི་ཐ་མ་ལགས།།

མགོ་མཁྲེགས་རྟོག་གེའི་སྣང་བ་དགྲ་རུ་ལངས།།
ཁྱེད་ཤེས་དད་པས་ལམ་ཟབ་ཉམས་ལེན་ཤེས།།
རིག་པས་དཔྱད་ན་གང་ཡང་སྐྱོན་དུ་མཐོང་།།
མ་བརྟག་དད་པའི་སྟོབས་ཀྱིས་གྲོལ་བ་མང་། །

འཕགས་ཡུལ་གྲུབ་ཆེན་དད་པའི་ཤུགས་ཀྱིས་གྲོལ།།
བོད་ཡུལ་གོང་མ་མོས་པའི་ལམ་ནས་གྲོལ།།
དེང་སང་མི་ལ་བསོད་ནམས་མི་ལྡན་པས།།
བརྟག་དཔྱད་མཁས་ཟེར་གསང་སྔགས་ཉམས་ལེན་བོར།།

ཀྱེ་མ་ཀྱེ་ཧུད་དུས་ངན་སྙིགས་མའི་མི།།
ཟབ་མོ་བླ་མའི་རྣལ་འབྱོར་མི་ཤེས་པས།།
བྱིན་རླབས་མོས་པས་གྲོལ་བ་སྲིད་ན་དཀོན།།
ད་ནི་ཤིན་ཏུ་སྐྱོ་ཡང་ཅི་བྱར་ཡོད།།

ཀྱེ་མ་དྲིན་ཅན་བླ་མ་རྡོ་རྗེ་འཆང་།།
ཆོས་མེད་ཆོས་གཟུགས་དུག་ལྔའི་ཁོལ་པོ་བདག།
འདི་ཕྱིའི་རེ་ལྟོས་བླ་མ་མཆོག་ལས་མེད།།
འཇིགས་རུང་ངན་འགྲོའི་གཡང་ལས་བསྐྱབ་ཏུ་གསོལ།།

སྔོན་བྱས་འབྲས་བུས་བླ་མ་སངས་རྒྱས་མཇལ།།
རང་རྒྱུད་ངན་པས་རྡོ་སྐམ་བཞིན་དུ་ལུས།།
ད་ནི་མི་ཚེའི་ལྷག་མ་ཅི་ཡོད་དེར།།
རང་སེམས་ཆོས་དང་འདྲེས་པར་བྱིན་གྱིས་རློབས།།

བོད་མེ་སྤྲེལ་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་བླ་མ་རྡོ་རྗེ་འཆང་གི་དུས་མཆོད་ཉིན་རྟ་ནག་ཐུབ་བསྟན་རྣམ་པར་རྒྱལ་བའི་གླིང་ནས་ངག་ཤེས་པས་ཕུལ།

ས་དཀར་འཕྲིན་སྟེགས་ལས། 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*