རྒྱུ་གཉིས་ཀྱི་སྒོ་ནས་སངས་རྒྱས་ཚད་མའི་སྐྱེས་བུ་སྒྲུབ་པ།

རྒྱུ་གཉིས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་ཉུང་ཙམ་

         བཀོད་པ་དཔྱོད་ལྡན་དགའ་བའི་འོད་སྣང་།

རྩོམ་པ་པོ།  ཉི་མ་བཀྲ་ཤིས

ཟབ་རྒྱས་ཤེས་བྱ་ཇི་སྙེད་རྟོགས་པའི་མཁྱེན་རབ་ཅན།།
ཕུན་ཚོགས་དཔལ་ཏེ་འདོད་དགུ་འབྱུང་བའི་རྒྱུ་གཅིག་པུ།།
ཇི་ལྟར་གཟིགས་པའི་འགྲོ་མགོན་མུན་སེལ་ཉི་མའི་གཉེན།།
སྐལ་དམན་སེམས་ཅན་བདག་གི་གཙུག་ནས་རྒྱལ་གྱུར་ཅིག།

ཡོན་ཏན་རྒྱ་མཚོའི་ཕ་རོལ་མཐར་སོན་ཞིང་།།
གསུང་རབས་ནོར་བུའི་གླིང་ལ་དབང་བསྒྱུར་བ།།
སྒོ་གསུམ་ཞི་དུལ་བག་ཡོད་ཀྱིས་མཛེས་པའི།།
སྐྱབ་གཅིག་བཤེས་གཉེན་དམ་པ་དེ་ཉིད་མཆོད།།

བདག་གི་སྟོན་པ་ཉེས་པ་ཟད་པའི་སྐྱེ་མཆོག་ཡིན།།
བདག་གི་སྟོན་པ་མྱ་ངན་ལས་འདས་མགོན་པོ་ཡིན།།
བདག་གི་སྟོན་པ་སྒྲུབ་བྱེད་ལྡན་པའི་ཚད་མ་ཡིན།།
བདག་གི་སྟོན་པའི་རྒྱུ་གཉིས་མདོར་ཙམ་གླེང་བར་སྤྲོ།།

དེ་ཡང་འགྲོ་བ་མིའི་རིགས་ཀྱི་ཤེས་རབ་དང་རྣམ་དཔྱོད་ཀྱི་རྩལ་ལ་རྟེན་ནས་ཕྱིའི་དངོས་པོ་གྲུབ་ཚུལ་དང་། ནང་གི་ཤེས་པ་ཡུལ་ལ་བློ་ཁ་ཕྱོགས་སྟངས་སོགས་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་འབྱུང་ཞིང་། དེ་བཞིན་དུ་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་དུ་ཚེ་ལ་སྔ་ཕྱི་ཡོད་མེད་དང་། སྐྱིད་སྡུག་གི་རྒྱུ་ལས་དགེ་སྡིག་ཟེར་བ་ཞིག་ཡོད་མེད་དང་། ཐར་པ་དང་ཐམས་ཅད་མཁྱེན་པ། ཚད་མར་གྱུར་པའི་སྐྱེས་བུ་ཡོད་མེད་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་རླབས་ཆེན་གྱི་སྐྱེས་བུ་རྣམས་ཀྱིས་གང་ཅིའི་ཐད་ནས་དངོས་པོའི་གནས་ཚུལ་ངོས་འཛིན་སྟངས་ཀྱི་ཐད་ལ་ལྟ་གྲུབ་མི་མཐུན་པ་དུ་མ་བྱུང་ཡོད་པ་ནི་རྣམ་འགྲེལ་གྱི་ལེའུ་གཉིས་པའི་ནང་དུ་གསལ་བོ་བྱུང་ཞིང་། དེ་ཡང་གཞུང་ཚིག་འགའ་རེ་ཅུང་ཙམ་རེ་དྲངས་ན། 《རྣམ་འགྲེལ་ལས》ཚད་མ་ལྐོག་གྱུར་དོན་ཤེས་ཡིན། ། ཞེས་པའི་ཚིགས་བཅད་འདི་ཉིད་ཀྱིས་སྤྱིར་ན་ཚད་མའི་སྐྱེས་བུ་ཟེར་བ་ཞིག་མེད་པ་གསུངས་པ་དང་། ཡང་ལེའུ་གཉིས་པ་འདི་ཉིད་ཀྱི་ཐད་དུ། ཚད་མ་རྟག་པ་ཉིད་ཡོད་མིན། ཞེས་གསུངས་པའི་གཞུང་འདི་ཉིད་ཀྱི་ཕྱོགས་སྔ་སྨྲ་བ་རྣམས་ཀྱིས་སྤྱིར་ཚད་མའི་སྐྱེས་བུ་ཟེར་བ་ཞིག་ཡོད་ཀྱང་དེའང་རྟག་པ་རང་བྱུང་དུ་འདོད་པ་སོགས་ཕྱི་རོལ་པའི་གྲུབ་མཐའི་ནང་དུ་སྤྱིའི་ཆ་ནས་འདོད་ཚུལ་མི་མཐུན་པ་གཉིས་ཡོད་པ་རྣམ་འགྲེལ་ལས་གསལ་ལ། 《དེ་ཡང་གྲུབ་མཐའ་ཀུན་ཤེས་ལས》ཕྱི་རོལ་གྲུབ་མཐའ་སྨྲ་བ་མང་གསུངས་ཀྱང་། །ཆད་སྨྲ་གཅིག་དང་རྟག་མ་སྡེ་བཞིར་འདུས། ། ཞེས་གསུངས་པ་ལ་བརྟེན་ནས་གཞི་རྩའི་འདོད་ཚུལ་མི་མཐུན་པ་གཉིས་ཡོད་པར་ཤེས་སོ། ། དེའི་རྗེས་སུ་ནང་པའི་ཆོས་གཞུང་རང་ནས་བཤད་པའི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་མཁྱེན་པའི་མཉམ་མེད་ཤཀྱའི་རྒྱལ་པོ་འདི་ཉིད་ཀྱང་ཐོག་མ་ཉིད་ནས་དེ་ལྟ་མ་ཡིན་པ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དུ་མ་ཞིག་ལ་བརྟེན་ནས་བྱུང་བར་བཤད་པ་ཡིན། ཇི་ལྟར་ཞེ་ན།
འདི་བཤད་པ་ལ་གསུམ་སྟེ།
ཐོག་མ་གཞུང་ནས་བཤད་པའི་ཚད་མའི་སྐྱེས་བུར་ངོ་བཟུང་བ།
བར་དུ་ཚད་མའི་སྐྱེས་བུ་འགྲུབ་བྱེད་རྒྱུ་ཉིད་བཤད།
མཐའ་མ་མཇུག་སྡུད་བཅད་དེ་བསྔོ་སྨོན་བཤད་པའོ།།
དང་པོ་ནི། 《རྣམ་འགྲེལ་ལས》
བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ།།
གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །
ཞེས་གསུངས་པ་ལྟར་དེ་ཡང་སྐྱེ་འགྲོ་ཡོད་དོ་ཅོག་གི་རྒྱུད་ལ་གཅིག་མཚུངས་སུ་ཡོད་པ་ཞིག་ནི་སྐྱེས་ཙམ་ཉིད་ནས་བདེ་བ་ལ་རེ་ཞིང་སྡུག་གི་ཁུར་བོ་དུས་ནམ་ཡང་ཁུར་མི་འདོད་པ་དེ་རེད། འོ་ན་བདེ་སྡུག་གི་འབྱུང་སར་འབྱུང་ཁུངས་ཐམས་ཅད་སྐྱེས་བུ་ཀུན་ཀྱིས་ཤེས་པ་ཡིན་ནམ་ཞེ་ན། དེ་མི་ཤེས་པ་མངོན་གསལ་དོད་པོ་ཞིག་རེད། འོན་ཀྱང་མཉམ་མེད་འགྲོ་བའི་མགོན་པོ་འཕགས་མཆོག་ཤྭཀྱ་ཐུབ་པ་དེ་ཉིད་ཀྱིས་ནི་བདེ་སྡུག་གི་རྒྱུ་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པ་གོ་ཞིང་སྐྱེས་བུ་སུ་ཞིག་གིས་བདེ་སྡུག་ཕྱིན་ཅི་མ་ལོག་པར་བླང་དོར་བྱེད་དགོས་པ་ཡིན་ན་ཐོག་མ་དེ་གཉིས་ཀྱི་རྒྱུ་མ་ནོར་བ་གོ་དགོས་པ་སྟོན་པ་དང་དེ་སྟོན་པ་ལ་ཐབས་ཤེས་མི་འདྲ་བ་དུ་མ་དང་བཅས་པ་རིག་པ་མཛད་པའི་སྐྱེས་བུ་གང་དེ་ཉིད་ལ་ནི་སྐྱེས་བུ་ཚད་མ་ངོས་འཛིན་བྱེད་པ་ནི་འཕགས་ཡུལ་གྱི་རིགས་པའི་རྒྱལ་པོ་དཔལ་ཆོས་ཀྱི་གྲགས་པ་ཉིད་ཀྱི་བཞེད་དགོངས་ཡིན་ལ། ཁོ་བོ་ཅག་གིས་རིང་ཐུང་གི་དངོས་པོ་ཐམས་ཅད་དང་རྡུལ་གྱི་གྲངས་ལ་སོགས་པ་རིག་ཀྱང་ཆོག་ལ་མ་རིག་ཀྱང་མི་སྡུག་ཅེས། དེའི་ཐད་དགག་སྒྲུབ་གང་ཡང་མི་མཛད་པ་བཏང་སྙོམས་སུ་བཞག་པ་རྣམ་འགྲེལ་ལེའུ་གཉིས་པའི་ནང་དུ་འབྱུང་ཞིང་། འགའ་ཞིག་གིས་དཔལ་ལྡན་ཆོས་ཀྱི་གྲགས་པས་ཤེས་བྱ་ཐམས་ཅད་མཁྱེན་པའི་སྐྱེས་བུ་གཏན་ནས་མི་སྒྲུབ་ཞེས་པ་ནི་མ་དཔྱད་པའི་གཏམ་ཡིན་པ་ལས་གཞན་རྒྱུ་མཚན་ཅི་ཡང་སྨྲ་རྒྱུ་མེད། 《རྣམ་འགྲེལ་ལེའུ་དང་པོ་རང་དོན་ལེའུ་ལས》བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིན། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། ། ཞེས་པའི་ལུང་ཚིག་འདི་ཉིད་ཀྱི་ཐར་འདོད་ཅན་ལ་ཆེས་དགོས་གལ་ཆེ་བའི་བདེན་བཞིའི་གནས་ཚུལ་ཕྱི་ཅི་མ་ལོག་པར་མཁྱེན་པའམ་ཡང་ན་དེ་ལ་མི་སླུ་བའི་རྟགས་ཀྱིས་ཤིན་ལྐོག་ལ་མི་སླུ་བ་བསྒྲུབས་ལ། འོན་ཀྱང་རྟགས་འདིའི་ཁྱབ་པ་གྲུབ་སྟངས་དང་རིགས་པ་འགྲོ་ཚུལ་ལ་བསམ་གཞིག་ཇི་ལྟར་བྱས་ཀྱང་རང་གིས་ངེས་ཤེས་གཏིང་ཚུགས་པ་ཞིག་རྙེད་མེད་པས་རེ་ཞིག་ཐག་ཆོད་པའི་གཏམ་ཞིག་ཕྲན་ཆུང་བདག་ལ་མ་མཆིས་ཤིང་། འདིར་བཞུགས་པའི་མཁན་སློབ་ཡོངས་ཀྱི་བདག་ལ་སློབ་སྟོན་གནང་རྒྱུ་ལས་གཞན་དུ་རང་ཉིད་ལ་རིན་བྲལ་གྱི་གཏམ་ཞིག་མེད་དོ། །
གཉིས་པ་ལ་གཉིས་དེ།
སྒྲུབ་བྱེད་ཐུགས་རྗེ་རིགས་པས་བསྟན་པ་དང་།
དེ་ཉིད་མཐའ་མེད་འཕེལ་རྒྱུ་ཡོད་མེད་བརྟག
བདག་མེད་རྟོགས་པའི་ཤེས་རབ་བསྟན་པའོ།

དང་པོ་ནི།
ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་གཞི་གཅིག་པུ་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་སྡུག་བསྔལ་དེ་ཉིད་དུས་ད་ལྟ་ཉིད་ནས་འབྲལ་བར་འདོད་པའི་བློའི་རྣམ་པ་ཅན་གྱི་ཐུགས་རྗེ་སྐྱེས་བ་དུ་མ་ཡུན་རིང་དུས་སུ་གོམས་པ་འདི་ཉིད་ནི་ཚད་མའི་སྐྱེས་བུ་སྒྲུབ་བྱེད་ཀྱི་རྒྱུ་འདོད་ཅིང་། དེ་ཡང་རྣམ་འགྲེལ་ལས་སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། ཞེས་པ་ལ་བརྟེན་ནས་བརྩེ་བ་སྙིང་རྗེ་ཆེན་པོའང་ཐུགས་རྗེ་ཆེན་པོ་སེམས་ཀྱི་སྟེང་དུ་ཡུན་རིང་བོར་གོམས་པ་ལ་བརྟེན་ནས་ཚད་མའི་སྐྱེས་བུ་འབྱུང་བ་བཤད་ལ། འདིའི་ཐད་དུ་རྣམ་འགྲེལ་ལས། གོམས་པས་གྲུབ་པ་མེད་ཅེས་ན། ། ཞེས་པའི་མུ་སྟེགས་རྒྱང་འཕེན་པ་རྣམས་ཀྱིས་བརྩེ་སོགས་སྐྱེ་བ་དུ་མ་གོམས་པ་མི་འཐད་དེ་སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཞེས་པ་ལ་རྟེན་ནས།
འདི་ལ་ཕྱོགས་སྔའི་འདོད་ཚུལ་བཀོད་པ་དང་།
འདོད་ཚུལ་དེ་ཉིད་རིགས་པའི་ལམ་ནས་དགག་པའོ།།

དང་པོ་ནི།
༼༡༽མུ་སྟེགས་རྒྱང་འཕེན་པ་རྣམས་ཀྱིས་སྙིང་རྗེ་དང་བདག་མེད་རྟོགས་པའི་ཤེས་པ་སྐྱེས་བ་དུ་མ་ཡང་ནས་ཡང་དུ་གོམས་པ་མི་འཐད་དེ་མདང་དགོང་སྐྱེས་མ་ཐག་པ་བྱིས་པའི་རྒྱུད་ཀྱི་བློ་རིགས་དེ་རང་རྒྱུ་རིགས་མཐུན་ཤེས་པ་སྔར་མ་ལ་བརྟེན་ནས་འབྱུང་བ་ཁས་མི་ལེན་པར་ལུས་ཁོ་ན་ལ་བརྟེན་ནས་འབྱུང་བ་འདོད་པས་རྒྱུ་ལུས་ལྡོག་པ་ན་འབྲས་བུ་ཤེས་པ་ལྡོག་སྟེ་འཇིམ་པ་མེད་པའི་རྫ་བུམ་བཞིན་ཟེར་བ་དང་།༼༢༽ཡང་ལུས་དང་རང་རྒྱུད་ཀྱི་ཤེས་པ་གཉིས་རྟེན་དང་བརྟེན་པ་ཡིན་པས་ལུས་འཇིག་པ་ན་ཤེས་པ་ཡང་འཇིག་སྟེ་རྟེན་གྱང་འཇིག་པ་བརྟེན་པ་གྱང་གི་རི་མོ་འཇིག་པ་བཞིན་ཟེར་བ་དང་།༼༣༽ཡང་ད་ལྟའི་རང་རྒྱུད་ཀྱི་ཤེས་པ་དེ་ཉིད་ལུས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དཔེ་ན་ཆང་དང་ཆང་གི་ནུས་པ་བཞིན། ཆང་ལྡོག་པ་ན་དེའི་ནུས་པ་ལྡོག་པ་བཞིན་ཟེར་རོ། ། འདི་རིག་པ་དང་པོས་ཚེ་སྔ་མ་གཙོ་བོ་འགོག་པ་དང་གཞན་གཉིས་ཀྱིས་ཚེ་ཕྱི་མ་གཙོ་བོ་འགོག་པ་སྣང་ལ།
གཉིས་པ་དེ་འགོག་པ་ནི།
《རྣམ་འགྲེལ་ལས》སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབས་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། ། ཧ་ཅང་ཐལ་ཕྱིར”། ཞེས་དཔལ་ལྡན་ཆོས་གྲགས་དེ་ཉིད་ཀྱི་གྲུབ་མཐའི་གཞི་རྩའང་ཐོག་མའི་དམ་བཅའ་ནི་ཆོས་ཡིན་ན་རྟག་པ་བརྟན་པ་ཐེར་ཟུག་པ་ཅན་མ་ཡིན་པར་རང་གྲུབ་ཙམ་ནས་འགྱུར་བའི་བདག་ཉིད་ཅན་ཡིན་དགོས་པ་དང་། དེ་ཡང་རྒྱུ་མེད་རྐྱེན་མེད་མ་ཡིན་པ་རྒྱུ་དང་བཅས་པ་དང་རྒྱུ་དེ་ཡང་རིགས་མཐུན་གྱི་རྒྱུ་ལས་རིགས་མཐུན་གྱི་འབྲས་བུ་འབྱུང་བ་མ་གཏོགས་པ་རིགས་མི་མཐུན་པའི་རྒྱུ་ཁོ་ན་ལ་རྟེན་ནས་རིགས་མི་མཐུན་པའི་འབྲས་བུ་འབྱུང་བ་ཡོད་ན་ཧ་ཅང་ཐལ་ཞེས་པའི་སྒོ་ནས་རྣམ་འགྲེལ་ལེའུ་གཉིས་པའི་ནང་དུ་རང་གི་དམ་བཅའི་ཕྱོགས་སྔར་བྱས་ཡོད་ཅིང་། ཧ་ཅང་ཐལ་ཚུལ་དེ་ཡང་བྱིས་པའི་རྒྱུད་ཀྱི་ཤེས་པ་དེ་བྱིས་ལུས་ལས་མཚམས་སྦྱོར་བ་ནུས་ལྡན་མཐོང་བ་གང་དེ་ལ་དེའི་ནུས་པ་ཡོད་པའི་རྒྱུ་མཚན་ཅི་ཞིག་ཡོད་པར་འགྱུར་ཏེ། དེའི་ནུས་པ་གང་མེད་པ་འདོད་པའི་རྡོ་དང་སོལ་བ་སོགས་ལས་ཀྱང་གང་གིས་ཕྱིར་ན་ཤེས་པ་མཚམས་སྦྱོར་བ་མེད་དེ་ཡོད་དགོས་པ་ཞེས་ཏེ།“མཚམས་སྦྱོར་བ། །ནུས་ལྡན་མཐོང་བ་གང་དེ་ལ། །ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གི་ཕྱིར་ན་མཚམས་སྦྱོར་མེད། །ཞེས་གསུངས་ལ། ཚིགས་བཅད་འདི་གཉིས་ལ་བལྟས་པ་ཡིན་ན་རིག་པའི་དབང་ཕྱུགས་དཔལ་ཆོས་ཀྱི་གྲགས་པས་རྒྱུ་འབྲས་རྣམ་བཞག་འཇོག་སྟངས་འདི་ཕྱི་རོལ་པའི་གྲུབ་མཐའ་གཞན་དང་མི་མཚུངས་པའི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡོད་པ་རྟོགས་ནུས་ལ། ཚིགས་བཅད་འདི་གཉིས་ལ་འགྲེལ་ཚུལ་མི་འཐུན་པ་འགའ་འབྱུང་ཡང་པན་ཆེན་ཤྭཀྱ་མཆོག་ལྡན་གྱི་འགྲེལ་པ་དེ་གཞུང་དང་མཐུན་ཆེན་བ་སྣང་ལ། ཡང་ལུས་ཤེས་པའི་ཉེར་ལེན་གྱི་རྒྱུ་དང་ལུས་ལས་ཤེས་པ་དངོས་སུ་སྐྱེ་བ་ཡོད་ན་ཤེས་པ་ལུས་དང་ཁ་བྲལ་ཟིན་པའི་ཤི་ལུས་ལའང་སེམས་སྐྱེ་ཆོག་པ་དང་། ཤི་ཟིན་གྱི་ལུས་ཉིན་དུ་མ་འདས་པའི་རྗེས་སུའང་ལུས་དེ་ལས་སླར་ཡང་ཤེས་པ་འབྱུང་རིགས་པའི་ཕྱིར་ཏེ་བྱིས་ལུས་ལས་ཤེས་པ་སྐྱེས་ཆོག་པ་དེ་ཉིད་ཀྱིས་ཕྱིར་ནའོ། ། རིགས་པ་འདི་ཡི་ཐད་དུ་བློ་ཁ་ནང་དུ་ཕྱོགས་ཤིང་དྲང་པོ་བློ་ཡིས་དཔྱད་པ་ཡིན་ན་ཕྱོགས་སྔའི་གྲུབ་མཐའ་ལ་ལྡོག་མེད་ཀྱི་ཐལ་ངག་ཅིག་དང་དཔའ་བོའི་གཡུལ་དུ་དགྲ་ཡིས་དབེན་པའི་མདའ་ལྟ་བུ་མ་ཡིན་པ་བསམ་བློ་གནད་ལ་འབྱོར་ཞིང་རིགས་པའི་སྒྲོས་ལ་ཕྱོགས་གང་ནས་བལྟས་པ་ཡིན་ན་རིགས་པ་འདི་ཉིད་ནི་དགྲ་བོ་སྙིང་ལ་ཕོག་པའི་མདའ་ལྟར་ཕྱོགས་སྔའི་སྙིང་གི་དཀྱིལ་དུ་ཟུག་པའི་ན་ཟུག་ཅིག་ཡོད་པ་ཤེས་ནུས་ལ། 《རྣམ་འགྲེལ་ལས》 ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པ་ཐར་བར་འགྱུར། །འདིའི་གོང་དུ”གང་དག་ཡོད་ན་གང་འགྱུར་ཉིད”ཞེས་འདི་བྱུང་བ་ཡིན་ལ། དོན་གྱི་གནད་ལ་ཁེལ་བའི་རིགས་པ་འདི་ཚོ་ལ་བརྟེན་ནས་དཔལ་ལྡན་ཆོས་ཀྱི་གྲགས་པ་ཁོང་དང་ཁོང་འདྲ་བ་མང་པོ་ཞིག་གིས་ནང་པའི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་བཞུགས་པ་དང་། གཞན་གྱི་གྲུབ་མཐའ་འཛིན་པའི་སྐྱེས་བུ་མང་པོ་ཞིག་ནང་པའི་ཆོས་ལ་བཀོད་པ་ཅི་ལ་མིན། ཡང་རྒྱང་འཕེན་པ་རྣམས་ཀྱིས་སྐྱོན་སྤོང་བར་འདོད་ནས་ཤི་ཟིན་གྱི་ལུས་ལས་སེམས་འབྱུང་བར་ཐལ་བའི་ཉེས་པ་མེད་དེ་ཤི་ཟིན་གྱི་ལུས་འདི་ལ་སེམས་སྐྱེ་བྱེད་ཀྱི་རྐྱེན་དབུགས་མེད་པས་སོ། །
དཔེ་ན་རྫ་བུམ་གྱི་ཉེར་རྒྱུ་འཇིམ་པ་ཡོད་ཀྱང་དེའི་རྐྱེན་རྫ་མཁན་མེད་ན་རྫ་བུམ་མི་འབྱུང་བ་བཞིན་ཡིན་ཟེར་མོད། ཡིན་ན་ཡང་དཔལ་ཆོས་ཀྱི་གྲགས་པས་དུས་ནམ་ཡང་དབུགས་དེ་སེམས་ཀྱི་རྐྱེན་ཡིན་པ་ཁས་མི་ལེན་པ་མ་ཟད་སེམས་དེ་ལས་དབུགས་འབྱུང་རྔུབ་སྐྱེ་བ་ཁས་ལེན་གྱི་དབུགས་ལས་སེམས་སྐྱེ་བ་མི་བཞེད་དེ་《རྣམ་འགྲེལ་ལས》 དེ་ཡོད་ཡོད་དང་དབང་གྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན། ། ཞེས་སེམས་ཡོད་ན་དབུགས་ཡོད་པ་གསུངས་པ་དང་དབུགས་དེའང་རང་ཉིད་གཞན་ལ་མ་བརྟེན་པ་ཚུགས་ཐུབ་ཏུ་གནས་པ་མ་ཡིན་པ་ཤེས་པ་གཞན་གྱིས་དབང་དུ་གྱུར་པ་དང་སེམས་དེ་ལས་དབུགས་འབྱུང་རྔུབ་སྐྱེ་ལ་དབུགས་དེ་ལས་སེམས་སྐྱེ་བ་མ་ཡིན་པ་གསུངས་སོ། ། ཡང《རྣམ་འགྲེལ་ལས》དེ་དག་ཕུལ་བྱུང་འགྲིབ་པ་ལས། །ཕྱུལ་བྱུང་འགྲིབ་པ་ཐོབ་པར་འགྱུར། །དེ་དག་ལ་ཡང་ཐལ་བ་མཚུངས། །སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང་། །གང་ཕྱིར་རྒྱུ་ནི་ཡིན་པ་འདོད། ། ཞེས་པའི་རིགས་པ་འདི་ནི་ཉེར་ལེན་འཕེལ་འགྲིབ་ཀྱི་རིགས་པ་ཡིན་ལ། སེམས་ཀྱི་ཉེར་ལེན་དབུགས་འབྱུང་རྔུབ་ཡིན་ན་དབུགས་འབྱུང་རྔུབ་འཕེལ་འགྲིབ་བྱེད་པ་ལ་བརྟེན་ནས་སེམས་ཀྱང་འཕེལ་འགྲིབ་བྱེད་པའི་གནོད་བྱེད་བཏང་ངོ་། ། སེམས་སྐྱེ་བྱེད་ཀྱི་རྐྱེན་དབུགས་ཡིན་ན་དབུགས་དེ་གང་ལས་འབྱུང་བ་ཡིན་ལུས་ལས་འབྱུང་བ་ཁས་ལེན་ན”ཐལ་བ་མཚུངས”པ་ཞེས་པ་ལ་གོང་དུ་འཕེན་པའི་རིགས་པ་ཤི་ལུས་ལས་སེམས་འབྱུང་བ་ཡོད་པར་ཐལ་ཞེས་པའི་རིགས་པའི་གནོད་ཚུལ་དང་མཚུངས་ལ། རང་ལུགས་ལ་སེམས་ཀྱི་རྒྱུ་སེམས་ཡིན་པ་འདོད་པའི་ལུས་ལ་ད་ལྟའི་ཐལ་བ་དེ་མཚུངས་པ་མ་ཡིན་ཏེ་ལུས་ལ་སེམས་གནས་བྱེད་ཀྱི་རྒྱུ་ཚེ་སྔོན་བསགས་པའི་འཕེན་བྱེུད་ཀྱི་ལས་འདོད་ལ་གང་ཟག་སུ་ལ་ལས་དེ་ཟད་པ་ཡིན་ན་དུས་དེ་ནས་ལུས་ལས་ཤེས་པ་གཞན་དུ་འགྲོ་བ་མ་གཏོགས་པ་ལུས་ཤེས་གཉིས་ལྷན་ཅིག་ཏུ་གནས་པ་མི་འདོད་དོ། །འདི་ཡང《རྣམ་འགྲེལ་ལས》 སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང་། །གང་ཕྱིར་རྒྱུ་ནི་ཡིན་པ་འདོད། ། ཞེས་པ་འདི་འབྱུང་བ་ཡིན་ལ། ༼༢༽ལུས་སེམས་གཉིས་རྟེན་དང་བརྟེན་པ་འདོད་པ་མི་འཐད་དེ་སེམས་ཡོད་པ་ལུས་ལ་བརྟེན་པ་མི་འཐད། སེམས་མེད་དེ་ལ་བརྟེན་པ་མི་འཐད་པའི་ཕྱིར་ཞེས་དཔལ་ལྡན་ཆོས་ཀྱི་གྲགས་པས་ཆོས་དེ་ལ་བརྟེན་ཞེས་པའི་གོ་བ་དེ་བརྟེན་བྱའི་ཆོས་དེ་རང་ཉིད་ཚུགས་ཐུབ་དུ་གནས་ཐུབ་པ་མ་ཡིན་པའི་གཞན་དབང་ཅན་ཉིད་དུ་འདོད་ལ། ཆོས་དེ་གྲུབ་ཟིན་ན་བརྟེན་མི་དགོས་ལ་མེད་ན་བརྟེན་མི་དགོས་པ་དེའང་དཔལ་ལྡན་ཆོས་གྲགས་ཀྱི་བཞེད་དགོངས་ཡིན་ཏེ། རྣམ་འགྲེལ་ལས། ཡོད་མེད་དག་ལ་རྟེན་མེད་ཕྱིར། །ཞེས་གསུངས་སོ། ། ༼༣༽ལུས་སེམས་གཉིས་བདག་ཉིད་གཅིག་ཡིན་ན་སེམས་ཀྱི་སྟེང་དུ་གོམས་པའི་ཡོན་ཏན་ཐམས་ཅད་སེམས་ལ་གསལ་བ་ཇི་བཞིན་དུ་ལུས་ལ་ཡང་དེ་ལྟར་དུ་གསལ་བར་སྣང་བ་འགྱུར་དགོས་པ་མཐོང་བ་ཡིན་ཏེ་《རྣམ་འགྲེལ་ལས》 ཇི་ལྟ་སེམས་ལ་བརྟེན་བྱེད་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི། །དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལ་ཡོན་ཏན་འབྱུང་། །ཞེས་འདི་བྱུང་ལ། མདོར་ན་གོང་དུ་ལུས་སེམས་ཉེར་འབྲེལ་ཅན་དུ་འདོད་པའི་ཕྱོགས་ལ་བཀོད་པའི་རིགས་པ་རྣམས་ཀྱིས་འདོད་ཚུལ་ཕྱི་མ་གཉིས་པོ་ལ་ཡང་གནོད་དོ། ། ཡང་རྒྱང་འཕེན་པ་རྣམས་ཀྱིས་རྩོད་པར་འདོད་ནས། 《རྣམ་འགྲེལ་ལས》 གོམས་ལས་ཁྱད་པར་འགྱུར་ན་ཡང་། །མཆོངས་དང་ཆུ་ཡི་དྲོན་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། ཞེས་དཔལ་ཆོས་ཀྱི་གྲགས་པ་ཁྱེད་ཀྱི་གསུངས་པ་ལྟར་སེམས་ཀྱི་སྟེང་དུ་སྙིང་རྗེ་སྐྱེས་བ་དུ་མར་གོམས་པ་ལས་སེམས་ཉིད་སྔར་མ་གོམས་པའི་གནས་སྐབས་ལས་ཁྱད་པར་ཅུང་ཟད་ཙམ་འགྱུར་ན་ཡང་སྔར་གྱི་རང་བཞིན་ལས་འདས་པ་མེད་དེ་དཔེར་ན་ལུས་གྱི་སྟེང་དུ་མཆོངས་པ་ཇི་ལྟར་གོམས་ཀྱང་མཐའ་མེད་དུ་མི་མཆོངས་པ་དང་ཆུ་ཇི་ལྟར་དྲོ་ཡང་མེ་ཡི་ངོ་ཉིད་དུ་འགྱུར་མི་ནུས་པ་བཞིན་ཞེ་ལ། འདི་ཡི་ལན་ལ་《རྣམ་འགྲེལ་ལས》 བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ། །རྟེན་མི་བརྟན་པ་ཉིད་གྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན། །རང་བཞིན་དེ་འདྲ་མ་ཡིན་ཏེ། ། ཞེས་འདི་བྱུང་ལ། ལུས་ཀྱི་འབད་རྩོལ་ལས་མཆོངས་པ་ལན་གཅིག་བྱས་ཏེ་གལ་ཏེ་སླར་ཡང་མཆོངས་པ་བྱེད་པའི་ཚེ་ན་ལུས་ཀྱི་འབད་རྩོལ་ལ་ནི་ལྟོས་པར་འགྱུར་རམ་མི་འགྱུར། ཕྱི་མ་ནི་མངོན་སུམ་དང་འགལ་ཞིང་སྔ་མ་ལྟར་ཡིན་ན་མཆོངས་པའི་རྟེན་ལུས་ཀྱི་འབད་རྩོལ་རྒྱུན་ཆགས་སུ་འབྱུང་བ་མེད་པས་རྟེན་མི་བརྟེན་པ་ཉིད་གྱུར་པ་ཡིན་པའི་ཕྱིར་ན་མཆོངས་པ་སྔ་མ་ལས་མཆོངས་པ་ཕྱི་མ་ཁྱད་པར་ཅན་མཐའ་མེད་དུ་མི་འཕེལ་ན་ཡང་སེམས་ཀྱི་སྟེང་དུ་གོམས་པའི་སྙིང་རྗེ་དང་བདག་མེད་རྟོགས་པའི་ཤེས་པ་ལ་སོགས་པ་ནི་མཆོངས་པ་དང་ཆུ་སོགས་ཀྱི་རང་བཞིན་དང་འདྲ་བ་མ་ཡིན་ཏེ། ཇི་ལྟར་ཞེ་ན་《རྣམ་འགྲེལ་ལས》སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་པས་ཤིང་དག་དང། །དངུལ་ཆུ་དང་ནི་གསེར་སོགས་བཞིན། ། ཞེས་གསུངས་ཏེ་སེམས་ཀྱི་སྟེང་དུ་གོམས་པའི་བརྩེ་བ་དང་བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་སྐྱེ་བ་གང་དང་གང་བརྩེ་བར་སྔ་མ་ལས་ཕྱི་མ་ཕྱི་མར་རང་གི་ངང་གིས་འཇུག་པར་འགྱུར་ཏེ། དཔེ་ན་ཤིང་སྐམ་པོ་མེ་ཡིས་བསྲེག་པ་ན་འགལ་རྐྱེན་ཀྱི་གེགས་བརླན་ལ་སོགས་པ་མེད་ན་ཤིང་དེ་ཐལ་བ་མ་གྱུར་བར་དུ་འབར་འགྲོ་བ་བཞིན་ནོ། །དཔེ་ཕྱི་མ་དེ་གོ་དཀའོ། 《རྣམ་འགྲེལ་ལས》བརྩེ་རང་ས་བོན་ལས་བྱུང་བ། །གལ་ཏེ་རང་ས་བོན་རྒྱུ་ཅན། །མི་མཐུན་ཕྱོགས་ཀྱིས་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར། ། བརྩེ་སོགས་རང་གི་ས་བོན་སྔར་གོམས་པ་ལས་བྱུང་བའི་བློ་དེ་དག་མི་མཐུན་ཕྱོགས་ཞེ་སྡང་ལ་སོགས་པའི་གནོད་པ་མེད་ན་སེམས་ནི་བརྩེ་བའི་བདག་ཉིད་དུ་འགྱུར་ཏེ་འགལ་རྐྱེན་གྱི་གེགས་མེད་ཅིང་མཐུན་རྐྱེན་གོམས་པ་ཚང་བས་སོ། །
གཉིས་པ་ལ་གཉིས་ཏེ།འཁོར་བར་སྐྱེ་བྱེད་རྒྱུ་ཉིད་བཤད།
དེ་ཉིད་འགོག་པའི་གཉེན་པོ་བཤད་པའོ། །དང་པོ་ནི།
《རྣམ་འགྲེལ་ལས》བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། ། ཅེས་བདག་ཅག་གི་སྟོན་པ་མཉམ་མེད་འགྲོ་བའི་མགོན་པོ་དེ་ཉིད་ཀྱི་ཐུགས་རྒྱུད་ལ་ཐོག་མར་རང་གཞན་སེམས་ཅན་ཐམས་ཅད་ལ་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་མི་འདོད་པ་ཐོག་ཏུ་བབས་པའི་སྐྱོ་སྡུག་མང་པོ་ཞིག་གིས་མནར་ཡོད་པ་རྟོགས་ཤིང་། རྟོགས་ནས་ཀྱང་དེ་ཅི་མི་སྙམ་པར་མ་འཇོག་པར། གཞན་སྐྱེས་བུ་སུ་ལ་ཡང་མ་མཆིས་པའི་སྡུག་བསྔལ་དེ་དག་མཐའ་གཅིག་ཏུ་གཞོམ་པ་འདོད་པའི་དམ་བཅའ་བརྟན་པོ་སྐྱེས་ཤིང་། སྡུག་བསྔལ་དེ་ཡང་ཞི་བར་བྱེད་དགོས་ན་གཞོམ་བྱེད་ཀྱི་རྒྱུ་མ་ཤེས་ན་ཞི་བ་བྱེད་མི་ནུས་པས་མཉམ་མེད་འགྲོ་བའི་མགོན་པོས་ཐབས་ཤེས་མི་འདྲ་བ་དུ་མའི་སྒོ་ནས་སྡུག་བསྔལ་དེ་དག་ཞི་བར་བྱ་བའི་ཆེད་དུ་རང་ཉིད་ཀྱི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་སྡུག་བསྔལ་དེ་དག་རྟག་མི་རྟག་གང་ཡིན་དཔྱད་པ་མཛད་ཅིང་། དེ་ཡང་རེ་འགའ་བའང་སྐབས་འགའ་ཡོད་ལ་སྐབས་འགའ་མེད་པ་དེ་ཉིད་ཀྱིས་ཕྱིར་ན་མི་རྟག་པ་ཉིད་དུ་གཟིགས་ཤིང་མི་རྟག་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་རྒྱུ་ཡོད་མེད་གཉིས་ཀྱི་ནང་ནས་ཡོད་པ་ཐག་ཆོད་ལ། རྒྱུ་དེའང་མ་ལྡོག་པ་ཡོད་ན་འབྲས་བུ་ལྡོག་པ་མེད་པ་མི་འགྱུར་བའི་རྒྱུ་འབྲས་ཀྱི་གནས་ཚུལ་ཕྱི་ཅི་མ་ལོག་པ་རྟོགས་སོ། 《དེ་ཡང་རྣམ་འགྲེལ་ལས》 ལུང་དང་རིག་པའི་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱིས་ཁྱད་པར་ཅན། །སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོགས་པ་མཛད། །གང་ཕྱིར་དེ་ལྟ་རྒྱུ་གནས་ན། །འབྲེས་ལྡོག་གཟིགས་པ་མེད་ཕྱིར་རོགས། ། འདིའི་ཚིགས་བཅད་གཅིག་དང་ཚིག་རྐང་གཉིས་ཀྱིས་བསྟན་ལ། དེ་ཡང་སྡུག་བསྔལ་ལྡོག་པའང་ཞི་བ་བྱེད་དགོས་ན་སྡུག་བསྔལ་གྱི་རྒྱུ་གང་ཡིན་ཤེས་དགོས་ཏེ་དཔེ་ན་འཁྲིས་ནད་ཀྱི་རྒྱུ་མ་ཤེས་པ་དེ་སྲིད་དུ་འབྲས་བུ་མཁྲིས་ནད་ཀྱང་མི་ལྡོག་པ་བཞིན་ནོ། ། རྒྱུ་མཚན་དེ་ན་ཐུབ་པ་བཅོམ་ལྡན་ཉིད་ཀྱིས་འབྲས་བུ་སྡུག་བསྔལ་འབྱུང་བའི་རྒྱུ་དང་ཉེས་པ་ཐམས་ཅད་ཀྱི་རྩ་བ་གང་ཡིན་བརྟག་ཅིང་དཔྱད་པ་མཛད་ནས་མཐར་བདག་གཞན་ཀུན་ལ་གཅིག་མཚུངས་སུ་ཡོད་པའི་ང་དང་ངའིའོ་སྙམ་པའི་བློའང་དངོས་པོ་གནས་ཚུལ་དང་མི་མཐུན་པའི་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་བདག་འཛིན་འདི་ཉིད་ནི་སྡུག་བསྔལ་ཀུན་གྱི་འབྱུང་གནས་དང་ཉེས་པ་ཐམས་ཅད་ཀྱི་རྩ་བ་རུ་གཟིགས་ཤིང་། དེ་ཡང་《རྣམ་འགྲེལ་ལས》 བདག་དང་བདག་གིར་འཛིན་བྱས་པས། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན”ཞེས་དང་།བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བ་འགྱུར། ། ཞེས་གསུངས་པ་ལྟར་འཇིག་རྟེན་འདིའི་སྟེང་གི་ཉེས་པ་ཐམས་ཅད་རང་ལྟ་མཆོག་འཛིན་དང་ང་དང་ངའི་དངོས་པོ་མང་པོ་ཞིག་ལ་ཆགས་ཤིང་སྡང་ནས་འབྱུང་བ་གསུངས་ལ། ཆུང་ས་ནས་བཤད་ན་རང་ཉིད་བདེ་སྐྱིད་ཀྱི་ཆེད་དུ་རྐུར་བྱེད་པ་དང་ང་དང་ང་ཡིན་སྙམ་པའི་ང་རྒྱལ་གྱི་དབང་གིས་གཞན་གྱིས་ངན་བཤད་ཅུང་ཙམ་བྱེད་པ་ལ་རྟེན་ནས་མཐར་རང་གཞན་གཉིས་ཀྱི་ཚེ་སྲོག་ཤོར་བ་དང་བཙོན་དུ་བཟུང་བ་སོགས་སྔར་ནས་ད་ལྟའི་བར་དུ་འབྱུང་བཞིན་པ་འདི་ཚོ་ནི་ང་དང་ངའིའོ་སྙམ་པ་ལ་བརྟེན་ནས་བྱུང་བ་ཡིན་པ་ཤེས་པར་བྱ་དགོས་སོ། །
འོ་ན་ནང་པ་སངས་རྒྱས་པ་རྣམས་ཀྱིས་འཁོར་བ་ཞེས་པ་གང་ལ་ངོས་བཟུང་བ་དང་དེར་སྐྱེད་བྱེད་ཀྱི་རྒྱུ་ཡང་ཇི་ལྟ་བུ་ཞིག་ལ་ངོས་འཛིན་པ་ཡིན་ཞེ་ན། གནའ་བོའི་རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་ནང་གི་མཁས་པ་སྣ་མང་གི་ཁྲོད་དུ་མཚན་ཉི་ཟླ་ལྟར་གྲགས་པའི་དཔལ་ཆོས་ཀྱི་གྲགས་པ་དེ་ཉིད་ཀྱིས་འཁོར་བ་ཞེས་པ་ནི་འདི་འདྲ་ཞིག་ལ་ངོས་བཟུང་སྟེ《རྣམ་འགྲེལ་ལས》 ཆགས་བྲལ་མིན་དང་སྲེད་ལྡན་དང་། །རྩོམ་པ་ཀུན་ལ་བརྟེན་པ་དང་། །ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེ་འདྲ་འཁོར་བ་པ་ཞེས་བྱ། ། ཞེས་ཁྱད་ཆོས་བཞི་ཙམ་གྱི་སྒོ་ནས་ངོས་འཛིན་བྱེད་ཅིང་། བཞི་པོ་དེ་ཡང་༼༡༽རང་གི་སྙིང་ཉེ་བའི་ཕྱོགས་ནས་ཆགས་ཤིང་རང་ཉིད་ཀྱི་སེམས་ནང་དུ་མི་བབས་པའི་གཞན་ཕྱོགས་སུ་སྡང་བ་ཅན་དང་།༼༢༽དོན་དུ་གཉེར་བྱའི་བདེ་སྐྱིད་ཐོབ་པར་འདོད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་སྲེད་པ་དང་ལྡན་པ།༼༣༽བདེ་བ་ཐོབ་པའི་ཆེད་དང་སྡུག་བསྔལ་དང་འབྲལ་བའི་ཆེད་དུ་ལས་དང་བྱ་བ་སྣ་ཚོགས་རྩོམ་པ་ཅན།༼༤༽ལས་དང་བྱ་བ་སྣ་ཚོགས་ཀྱི་དབང་གིས་དགེ་སྡིག་གི་ལས་སྣ་ཚོགས་བསགས་ཤིང་བསགས་པ་ལ་བརྟེན་ནས་འཁོར་བའི་ནང་དུ་གནས་པས་སྡུག་བསྔལ་ལས་གྲོལ་བ་མ་ཡིན་པ་ཞིག་ལ་འཁོར་བ་ཞེས་འདོགས་ལ། འཁོར་བར་སྐྱེད་བྱེད་ཀྱི་རྒྱུ་ཡང་ཕྱིར་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་འདོད་ཚུལ་མང་དུ་ཡོད་ཅིང་དབང་ཕྱུག་པ་དང་གྲངས་ཅན་པ་རྣམས་ཀྱི་དབང་ཕྱུགས་རྟག་པ་དང་གཙོ་བོ་སོགས་ལས་འབྱུང་བ་ཁས་ལེན་ཞིང་། དེ་ལྟ་བུའི་རྒྱུ་དག་ཀྱང་རྟག་པ་རང་བཞིན་འགྱུར་མེད་དུ་འདོད་ལ། འོན་ཀྱང་ནང་པ་སངས་རྒྱས་པ་རྣམས་ནི་འདོད་ཚུལ་དེ་ལས་ལྡོག་སྟེ་འབྲས་བུ་རྒྱུ་མེད་ལས་འབྱུང་བ་དང་རྒྱུ་རྟག་པ་ལས་འབྱུང་བ་མཐའ་གཅིག་ཏུ་བཀག་སྟེ་《རྣམ་འགྲེལ་ལས》 རྟག་རྣམས་བཀག་ཅིང་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ། །ནུས་མེད་ཕྱིར་རོ”ཞེས་སྤྱིར་རྟག་པ་ལས་འབྲས་བུ་སྐྱེས་བ་བཀག་ལ་དབང་ཕྱུག་སོགས་ལས་ཀྱང་སྐྱེས་བ་ནུས་པ་མ་ཡིན་ཏེ་རྟག་པ་ལས་སྐྱེས་མི་ནུས་པ་དེ་ཉིད་ཀྱིས་ཕྱིར་ནའོ། ། རྟག་པ་ལས་འབྲས་བུ་འབྱུང་བ་བཀག་ཚུལ་དེ་ཡང་རྣམ་འགྲེལ་ལས། ཇི་ལྟ་དངོས་དེ་རྒྱུ་ཡིན་པ། །དེ་ལྟ་དེ་ཉིད་གང་གི་ཚེ། །རྒྱུ་མིན་གང་གིས་དེ་ནི་རྒྱུར། །འདོད་ལ་རྒྱུ་མ་ཡིན་པ་འདོད། ། ཞེས་མུ་སྟེགས་དབང་ཕྱུག་པ་རྣམ་ཀྱི་དངོས་པོ་ཡོད་ཚད་དབང་ཕྱུག་རྟག་ལས་འབྱུང་བ་ཁས་ལེན་ཞིང་རང་ལུགས་ནང་པ་སངས་རྒྱས་པས་འདོད་ཚུལ་དེ་ཉིད་དགག་པའི་ཚེ་དབང་ཕྱུག་རྟག་པ་དངོས་པོ་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟ་ཡིན་ན་དབང་ཕྱུག་དེ་ཉིད་དུས་གང་གི་ཚེ་ནའང་དངོས་པོ་རྣམས་ཀྱི་རྒྱུ་མིན་དུ་འགྱུར་ཏེ་འགྱུར་རུང་བ་མ་ཡིན་ཏེ་རྒྱུ་མཚན་འབྲས་བུའི་རྒྱུ་ཡིན་པ་རྟག་པས་སོ། ། རྒྱུ་ཡིན་པ་རྟག་བརྟན་འགྱུར་མེད་གཅིག་ཡིན་པ་རྒྱུ་མཚན་གང་གིས་ཕྱིར་ན་དབང་ཕྱུག་དེ་ནི་དངོས་པོ་རྣམས་ཀྱི་རྒྱུ་འདོད་པའི་སྐབས་ལ་ཡང་རྒྱུ་མིན་དུ་འདོད་རིགས་པར་འགྱུར་ཏེ་རྒྱུ་མིན་ལས་ཁྱད་པར་ཅུང་ཟད་ཙམ་ཡང་གྱུར་པ་མེད་པས་སོ། ། གོང་དུ་དྲངས་པའི་རྣམ་འགྲེལ་གྱི་ཚིག་རྐང་གཉིས་དང་ཕྱེད་ཀྱི་མཇུག་ཏུ”དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱེད། ། ཅེས་རྟག་པ་ལས་སྐྱེས་བ་མི་འཐད་པ་དེའི་ཕྱིར་ན་སྲིད་པའང་འཁོར་བའི་རྒྱུ་ནི་སྤྱིར་བདག་འཛིན་ཡིན་ཀྱང་དཔལ་ཆོས་ཀྱི་གྲགས་པས་བདག་འཛིན་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་པ་མ་ཡིན་པ་ཧ་ཅང་གོ་བདེ་ལ་བརྗོད་བྱའི་དོན་སྟོན་པ་ལ་དཔེ་དང་བཅས་ཏེ་སྲིད་འདོད་དེ་ཉིད་འཁོར་བའི་རྒྱུ་ཡིན་པ་བཞེད་ལ། སྲིད་འདོད་ཞེས་པ་དེ་ཡང་སྲིད་པ་འཁོར་བ་ལ་སྲེད་པའམ་ཞེན་ཆགས་ཀྱི་བློ་ཞིག་ལ་གོ་དགོས། ཞེན་ཆགས་དེ་ཡི་དབང་གིས་གནས་དེར་འགྲོ་འདོད་ཀྱི་བློ་སྐྱེས་ཤིང་དེ་འདྲ་བློ་སྐྱེས་པ་ལ་བརྟེན་ནས་ཡང་སྲིད་པ་གཞན་དུ་མཚམས་སྦྱོར་བ་བྱེད་པའི་རྒྱུ་མཚན་གྱིས་སྲིད་འདོད་འཁོར་བའི་རྒྱུ་ཡིན་པ་ཞེས་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པ་ཁོང་ཉིད་ཀྱིས་བརྗོད་བྱ་དེ་ཉིད་དཔེ་ཡིས་སྒོ་ནས་གཏན་ལ་འབེབས་པའི་ཚེ་ན་འགྲོ་བ་མི་དང་དུད་འགྲོ་ཡི་རིགས་ལ་སོགས་པ་རྣམས་ཀྱིས་ཡུལ་གྱི་ཁྱད་པར་གནས་དང་སྒོར་མོ་དང་ཀུ་ཤུ་ཁ་པར་ད་དུང་དངོས་པོ་མང་པོ་ཞིག་ཡོངས་སུ་འཛིན་ནས་གཏང་བ་མ་ཡིན་པ་ནི་དེ་ཐོབ་འདོད་ཀྱི་བསམ་པའི་ཀུན་སློང་ཁོ་ན་ལ་བརྟེན་ནས་འབྱུང་བ་བཤད་པའི་ཕྱིར་རོ། ། 《ཡང་རྣམ་འགྲེལ་ལས》 བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་དུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། ། འདི་ཡང་བདག་མེད་པར་མ་ཤེས་ནས་བདག་ལ་ཆགས་ཤིང་ཆགས་པའི་དབང་གིས་བདེ་བ་མིན་པའང་མེད་པའི་ཆོས་ལ་བདེ་བ་ཉིད་དུ་འདུ་ཤེས་པས་གནས་དང་ཁོར་ཡུག་ཀུན་ལ་འཇུག་པ་རྒྱུ་མཚན་དེ་ཉིད་ཕྱིར་ན་ཤི་ཟིན་པའི་གང་ཟག་གི་རྒྱུད་ཀྱི་སྲེད་པ་དེ་ཡང་སྲིད་པ་གཞན་དུ་མཚམས་སྦྱོར་བྱེད་ཀྱི་རྟེན་ནམ་རྐྱེན་ཡིན་པ་བརྗོད་དོ། འདི་ཡི་ཐད་དུ་ཕྲན་རང་ཉིད་ལ་དོགས་པ་ཞིག་ཡོད་པ་ནི་ཀུན་མཁྱེན་བླ་མ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དེ་ཉིད་ཀྱིས་མཛད་པའི་ལྟ་བ་ངན་སེལ་ལས་མདོ་སྡེ་ས་བཅུ་པའི་ལུང་དྲངས་ནས་མི་དགེ་བ་བཅུ་ལ་ཆེན་པོ་འབྲིང་ཆུང་གསུམ་དུ་ཕྱེད་ནས་དང་པོ་དམྱལ་བ། གཉིས་པ་དུད་འགྲོ། གསུམ་པ་གཤིན་རྗེའི་འཇིག་རྟེན་གྱི་རྒྱུ་རུ་གསུངས་ཏེ། ས་བཅུ་པའི་ལུང་འདི་ལ་བལྟས་པ་ཡིན་ན་མི་དགེ་བའི་ལས་ཆེ་ཆུང་གི་སྟོབས་ཀྱིས་འཁོར་བའི་གནས་རིགས་དེ་དང་དེར་སྐྱེ་བ་འདོད་པ་དང་། རྣམ་འགྲེལ་ལས་སྲིད་འདོད་རྒྱུ་ཡིན་པ་གསུངས་པ་གཉིས་འགལ་བ་ལྟར་སྣང་སྟེ་སྲིད་འདོད་དེ་མི་དགེ་བའི་ལས་ལས་སྐྱེ་བ་ཁས་མི་ལེན་པའི་ཕྱིར། གལ་ཏེ་ཁས་བླང་ན་ལས་ལ་བརྟེན་ནས་སྲིད་འདོད་འབྱུང་ཞིང་དེ་ལས་འཁོར་བ་སྐྱེ་དགོས་པ་ལས་དཔལ་ལྡན་ཆོས་ཀྱི་གྲགས་པས་དེ་འདྲ་མ་གསུངས་ཏེ། 《རྣམ་འགྲེལ་ལས》 ལས་དང་ལུས་དག་གནས་ན་ཡང་། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བར་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་སྨྱུག་གུ་བཞིན། ། ཞེས་ལས་དང་ལུས་ཡོད་པ་ཙམ་གྱི་འཁོར་བར་མི་སྐྱེ་པར་གསུང་པའི་ཕྱིར། །

གཉིས་པ་ནི།
ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་ན་དེ་ཉིད་འགོག་བྱེད་དམ་ཞི་བྱེད་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་ཞེས་ཏེ་གོང་གི་དྲངས་པའི་རྣམ་འགྲེལ་ཚིག་རྐང་གཉིས་དང་ཡིག་འབྲི་གཉིས་ཀྱི་མཇུག་ཏུ”དེ་ལ་གནོད་བྱེད་ནི། །བདག་མེད་མཐོང་བ་འགའ་བ་ཡིན། །དེ་ལ་ཞེས་པ་ནི་བཤད་མ་ཐག་པའི་བདག་འཛིན་ལ་གོ་དགོས་ཤིང་། གནོད་བྱེད་ཞེས་པ་ནི་བདག་འཛིན་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཡེ་ཤེས་ལ་གོ་དགོས་སོ། ། འོ་ན་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་བདག་འཛིན་ལ་གནོད་བྱེད་ཚུལ་དང་བདག་འཛིན་གནོད་བྱ་ཉིད་དུ་འགྲོ་ཚུལ་ཇི་ལྟ་ཡིན་ཞེ་ན། འདི་འདྲའི་རྣམ་བཞག་ཅིག་ནང་པའི་གྲུབ་མཐའ་ཀུན་གྱིས་ཁས་ལེན་པ་འདྲ། དབུ་མ་པ་རྣམས་ཀྱིས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བདེན་པ་གཉིས་ཀྱི་སྒོ་ནས་གཏན་ལ་འབེབ་ཅིང་། ཀུན་རྫོབ་བདེན་པ་དེ་ལ་ཡང་། ཡང་ལོག་གཉིས་སུ་འབྱེད་ཅིང་དེ་ཕྱེ་དགོས་དོན་གཙོ་བོར་དེ་ཡང་དབང་པོ་སྐྱོན་ལྡན་གྱི་ཤེས་པས་སྐྱོན་མེད་ཀྱི་ཤེས་པར་གནོད་མི་ནུས་པ་ཇི་བཞིན། འཕགས་པ་རྣམས་ཀྱི་མཐོང་བ་དོན་ལྡན་དེ་ཡིས་འཇིག་རྟེན་པ་ལ་གནོད་པ་མ་གཏོགས་འཇིན་རྟེན་པའི་མཐོང་བ་དེ་ཡིས་འཕགས་པའི་མཐོང་བ་ལ་གནོད་མི་ནུས་པ་ཤེས་པའི་ཆེད་དུ་དབྱེ་བ་འབྱེད་ཡོད་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེ་དེ་ཉིད་ཀྱིས་མཛད་པའི་ལྟ་བ་ངན་སེལ་ལས་གསུངས་སོ། ། འདི་འདྲའི་གནད་དོན་འགའ་རེ་ལ་གྲུབ་མཐའ་རང་རང་གི་ཐ་སྙད་འདོགས་ལུགས་མ་འདྲ་བ་ཙམ་མ་གཏོགས་དོན་གྱི་ངོས་འཛིན་ས་གཅིག་པ་ཡིན་ཏེ་དཔེར་ན་སྒྲ་ལྟ་བུ་གཅིག་ཉིད་ལ་རྟོག་ཅན་གྱི་བློ་འགའ་ཞིག་གིས་རྟག་པ་འཛིན་ཞིང་འགའ་ཞིག་གིས་མི་རྟག་པ་འཛིན་ལ། གཞི་ཅིག་གི་སྟེང་དུ་བློ་ཡིས་འཛིན་ཚུལ་མི་འདྲ་བ་གཉིས་པོ་འདི་དབུ་མ་པ་རྣམས་ཀྱིས་སྔ་མ་དེ་ལ་ཡང་དག་དང་ཕྱིར་མ་དེ་ལ་ལོག་པའི་ཀུན་རྫོབ་ཅེས་འདོགས་ཤིང་། མདོ་སྡེ་པ་རྣམས་ཀྱིས་སྔ་མ་དེ་ལ་སྒྲོག་འདོགས་དང་ཕྱིར་མ་དེ་ལ་ངེས་ཤེས་ཞེས་པའི་བརྡ་འདོགས་ལ། ངེས་ཤེས་ཀྱིས་སྒྲོ་འདོགས་ལ་གནོད་བྱེད་པའི་ཚུལ་ཡང་དཔེར་ན་རི་བོང་གི་རྭ་མེད་པ་ངེས་པའི་ངེས་ཤེས་གང་ཟག་དེའི་རྒྱུད་ལ་ཡོད་ནས་བཟུང་གང་ཟག་དེའི་རྒྱུད་ལ་རི་རྭ་ཡོད་འཛིན་གྱི་བློ་མི་སྐྱེས་བ་ནི་དེ་འཛིན་གྱི་བློ་ལ་གནོད་བྱེད་ཚུལ་རང་ཡིན་ལ། དེ་སྐྱེས་བ་ལ་གེགས་བྱེད་ནུས་པའི་རྒྱུ་མཚན་དེ་ཡང་ངེས་ཤེས་དེ་ཉིད་དངོས་པོའི་གནས་ཚུལ་དང་མཐུན་པའི་རྒྱུ་མཚན་གྱིས་སོ། ། དེ་བཞིན་དུ་གང་ཟག་དེའི་རྒྱུད་ལ་བདག་མེད་རྟོགས་པའི་ཤེས་རབ་ཡོད་ན་བདག་འཛིན་འབྱུང་ནུས་པ་མ་ཡིན་ཏེ་བདག་མེད་རྟོགས་པའི་ཤེས་རབ་དེ་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་ཞིང་བདག་མེད་རྟོགས་པའི་བློ་དེ་དངོས་པོའི་གནས་ཚུལ་དང་ཉེ་བས་སོ། ། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་ནི་ཉེས་པ་ཀུན་གྱི་འབྱུང་སྒོ་རྩ་བ་ནས་འགོག་བྱེད་དུ་འདོད་ཅིང་དེའི་རྗེས་འཛིན་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཆར་གྱི་ཁས་ལེན་པ་གཅིག་མཚུངས་སུ་ཡོད་ཀྱང་། དེ་རྣམས་ཀྱི་ནང་དུ་མི་འདྲ་སའི་ཁྱད་པར་གཙོ་བོ་ཡོད་པ་ཞིག་ནི་བདག་མེད་རྟོགས་པར་བྱེད་པ་ལ་ཐོག་མ་རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་བདེན་མེད་དུ་རྟོགས་དགོས་མི་དགོས་ཀྱི་ཁྱད་པར་འདི་བྱུང་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་རྒྱ་བོད་ཀྱི་དབུ་མ་པ་རྣམས་ཀྱིས་རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་བདེན་མེད་དུ་མ་རྟོགས་པ་དེ་སྲིད་དུ་ཕུང་པོ་ལ་འཛིན་པའི་འཛིན་པ་འབྱུང་ལ་དེ་ཡོད་ན་ང་འཛིན་ཡང་འབྱུང་བ་ཁས་ལེན་ཏེ་ཕུང་པོ་ལ་འཛིན་པའི་འཛིན་པ་དེ་ཉིད་ང་འཛིན་ལྷན་སྐྱེས་ཀྱི་དངོས་རྒྱུ་ནུས་པ་ཐོགས་མེད་དུ་འདོད་ཅིང་། དཔེར་ན་དུ་བའི་དངོས་རྒྱུ་མེ་ཡོད་ན་དངོས་འབྲས་དུ་བ་འབྱུང་བ་བཞིན་ཟེར་བ་དང་མགོན་པོ་ཀླུ་སྒྲུབ་གྱིས་མཛད་པའི་དབུ་མའི་རིགས་ཚོགས་དྲུག་གི་ཡ་གྱལ་《རིན་ཆེན་ཕྲེང་བ་ལས》་ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ནི། །དེ་ནས་ཡང་ལས་སྐྱེ་བ་ཡིན། ། ཞེས་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས་ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །
ཞེས་པ་འདི་ཉིད་ཀྱང་ཕུང་པོར་བདེན་མེད་དུ་མ་རྟོགས་ན་བདག་བདེན་མེད་དུ་རྟོགས་རྒྱུ་མེད་པའི་སྒྲུབ་བྱེད་ཡིན་ཀྱང་སྒྲུབ་ཚུལ་གྱིས་སྒོ་ནས་ཁྱད་པར་ཅུང་ཙམ་འབྱུང་སྟེ་འདིར་ཚིག་རྐང་གཉིས་ཀྱི་བསྟན་དོན་ནི་སྲོག་ལྡན་སུ་ཞིག་ཡིན་ཀྱང་བདེ་བའི་ཕྱོགས་ནས་ཆགས་དོན་དང་སྡུག་བསྔལ་ལས་འབྲལ་འདོད་ཀྱི་སེམས་གཅིག་མཚུངས་སུ་ཡོད་པ་ནི་ཚོར་བ་བདེན་མེད་དུ་མ་རྟོགས་པའི་རྒྱུ་མཚན་གྱིས་འབྱུང་བ་འདོད་ལ། རྒྱལ་སྲས་ཞི་བ་ལྷས། བདེ་སྡུག་མྱོང་བྱེད་ཀྱི་ཚོར་བ་གང་ཟག་སུ་ཡིས་མེད་པ་མ་ཤེས་པ་དེ་སྲིད་དུ་སྐྱེས་བུ་དེའི་རྒྱུད་ལ་ཚོར་བ་ཡོད་ཅིང་དེ་ཡོད་པ་ལ་བརྟེན་ནས་བདེ་བ་ལ་ཆགས་པའི་ཆགས་སྲེག་དང་སྡུག་བསྔལ་དང་འབྲལ་བ་འདོད་པའི་འདོར་བློ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་ལ། རྒྱུ་མཚན་དེ་ཉིད་ཀྱིས་ཕྱིར་ན་ཕུང་པོ་བདེན་མེད་དུ་མ་རྟོགས་ཚར་ནས་བཟུང་སྲེད་པ་ཡོད་ལ། སྲེད་པ་ཡོད་པ་དེ་སྲིད་དུ་ང་འཛིན་ཡང་ལྡོག་མི་ཐུབ་པ་ལ་དགོངས་ནས་བདག་མེད་རྟོགས་དགོས་ན་ཐོག་མར་ཕུང་པོར་མཐའ་གཅིག་ཏུ་མེད་པ་རྟོགས་དགོས་པར་འདོད་དོ། ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་《དབུ་མ་འཇུག་པ་ལས》སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱིར་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། ། ཞེས་ལུང་འདི་ཡི་ཐད་དུ་འགྲེལ་བ་མཁན་པོ་དག་གི་འགྲེལ་ཚུལ་མི་མཐུན་པ་འགའ་བྱུང་ཡང་མདོར་ན་ལུང་འདི་ཉིད་ཀྱི་ཐད་དུ་གཟུ་བོར་མིག་གིས་འཚོལ་ཞིང་དྲང་པོ་བློ་ཡིས་དཔྱོད་པ་ཡིན་ན་དཔལ་ལྡན་ཟླ་བས་ཞི་བ་ཙམ་ཡང་མེད་པར་འདོད་ཅིང་། དེ་བཞིན་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས《སྤྱོད་འཇུག་ལས》གང་ཕྱིར་ཤེས་རབ་ལམ་འདི་ནི། ། མེད་པ་བྱང་ཆུད་མེད་པ་གསུངས། ། ཞེས་པའི་ལུང་འདི་ཚོ་ལ་བལྟས་ན་ཁོང་དང་ཁོང་འདྲ་བའི་དབུ་མ་པ་རྣམས་ཀྱིས་མཐའ་གཅིག་ཏུ་གྲུབ་མཐའ་གཞན་གསུམ་པོའི་ལམ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་གོང་འཕངས་ཐོབ་རྒྱུ་མེད་པ་མ་ཟད་ཞི་བ་ཙམ་ཉན་རང་གཉིས་ཀྱི་གོང་འཕངས་ཀྱང་ཐོབ་རྒྱུ་མེད་པ་འདོད་དོ། ། དཔལ་ལྡན་ཆོས་གྲགས་ནི་འདོད་ཚུལ་དེ་ལས་ལྡོག་སྟེ་ཕུང་པོ་དེ་དག་ང་འཛིན་གྱི་རྐྱེན་ཙམ་ཡིན་པ་ཁས་ལེན་ཡང་བདག་མེད་རྟོགས་པར་བྱེད་པ་ལ་ཕུང་པོ་བདེན་མེད་དུ་རྟོགས་དགོས་པ་མི་བཞེད་དེ། བདག་དེ་ཉིད་ཕུང་པོ་དང་གཅིག་དང་ཐ་དད་གང་ཡིན་བརྟག་ན་མི་རྙེད་པའི་མཐར་བདག་མེད་པའི་དོན་ལ་གོམས་རྐྱེན་དང་མ་བྲལ་བར་གོམས་པ་བྱས་ན་གོམས་བྱའི་དོན་ལ་གསལ་བར་སྣང་བ་འབྱུང་ཆོག་སྟེ་རྣལ་འབྱོར་པ་རྣམས་ཀྱིས་ས་ཞིང་ཐམས་ཅད་ཀེང་རུས་ཉིད་དུ་བསྒོམ་པ་ལ་བརྟེན་ནས་ཀེང་རུས་གསལ་བ་སྣང་བ་བཞིན། ཀེང་རུས་བསྒོམ་པའི་རྣལ་འབྱོར་པ་ལ་ཀེང་རུས་གསལ་བ་སྣང་བ་འདི་ནི་དབུ་མ་པ་རྣམ་ཀྱིས་ཀྱང་ཁས་ལེན་ལ། དོན་ལོག་པ་བསྒོམ་པ་ལ་བརྟེན་ནས་གསལ་སྣང་ཡོད་ན་དངོས་པོ་གནས་ཚུལ་དང་མཐུན་པའི་དོན་བསྒོམ་པ་ལ་བརྟེན་ནས་གསལ་བ་སྣང་བ་དང་དེ་རྟོགས་པའི་མངོན་སུམ་མེད་པ་ལ་རྒྱུ་མཚན་མེད་པའི་ཕྱིར་རོ། ། 《སྤྱོད་འཇུག་ལས》གོམས་ན་སླ་བ་མི་འགྱུར་བའི། །དངོས་དེ་གང་ན་ཡོད་མ་ཡིན། ། ཞེས་པའི་ལུང་འདིས་སྤྱིར་དབུ་མ་པ་རྣམས་ཀྱིས་ཀྱང་ཡིད་ལུས་སོགས་ཆོས་གང་དང་གང་ལ་གོམས་པ་བྱེད་ན་དེ་དང་དེ་ལ་འཇུག་སླ་བ་སོགས་བཤད་ཀྱང་བདག་མེད་བསྒོམ་པ་ལ་བརྟེན་ནས་དེ་རྟོགས་པའི་བློ་ནི་ཁས་མི་ལེན་ལ། ཡང་དཔལ་ལྡན་ཆོས་ཀྱི་གྲགས་པས་ཆོས་དང་གང་ཟག་གཉིས་ཀྱི་ནང་ནས་གང་ཟག་ལ་འཛིན་པའི་འཛིན་པ་དགག་དགོས་ཞེས་པ་མ་གཏོགས་ཆོས་སུ་འཛིན་པའི་འཛིན་པ་དགག་དགོས་ཞེས་ནི་རྣམ་འགྲེལ་ལས་ཚིག་ཅིག་ཀྱང་མི་སྣང་ལ་དེའི་དགོངས་པ་ཡང་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ལ་ཐུག་ཅིང་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཡུན་རིང་དུས་སུ་གོམས་པའི་སྟོབས་ཀྱིས་ཆོས་སུ་འཛིན་པའི་འཛིན་པ་ཡང་རང་ཤུགས་ཀྱིས་ལྡོག་འགྲོ་བར་ཉིད་དུ་སྣང་ངོ་། 《རྣམ་འགྲེལ་ལས》རྣམ་པ་དུ་མ་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེ་ནས་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤོང་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། ། ཞེས་རྣམ་པ་དུ་མ་སྟེ་བདེ་གཤེགས་འབྱུང་བྱེད་བདག་མེད་རྟོགས་པའི་ཤེས་རབ་ལ་སོགས་པའི་ཐབས་མང་པོ་ཡུན་རིང་དུས་སུ་གོམས་པ་ལས་གོམས་པ་པོ་དེའི་རྒྱུད་ཀྱི་སྐྱོན་དང་ཡོན་ཏན་དག་སོ་སོར་མ་འདྲེས་པར་གསལ་བ་ཉིད་དུ་གཟིགས་པའི་ཡེ་ཤེས་སྐྱེས་བར་འགྱུར་ཞིང་རྒྱུ་མཚན་དེས་ན་ཐུགས་ཀྱང་གསལ་བ་ཁས་ལེན་ལ། བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་སྐལ་པ་གྲངས་མེད་གསུམ་ལ་སོགས་པ་གོམས་པ་བྱེད་པའི་སྟོབས་ཀྱིས་གོམས་པ་པོའི་རྒྱུད་ཀྱི་སྐྱོན་ནམ་ཉེས་པའི་རྒྱུ་ཡི་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ན་བསེ་རུ་དང་ཉན་ཐོས་སོགས་ལས་སྤོང་པའི་ཁྱད་པར་དང་། ཐུབ་པ་ཆེན་པོ་ཉིན་མཚན་དུས་ཀུན་ཏུ་གཞན་དོན་ལས་འདའ་བར་མེད་ཅིང་གཞན་གྱི་དོན་ལ་འཇུག་པ་ཅན་ཡིན་པའི་ཕྱིར་ན་དཔལ་ལྡན་ཆོས་ཀྱི་གྲགས་པས་ཐུབ་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་རང་རྒྱལ་བསེ་རུ་སོགས་ལས་ཁྱད་པར་དུ་འཕགས་པ་ངོས་འཛིན་བྱེད་དོ། །

གསུམ་པ་ནི།
བདག་ཅག་གི་སྟོན་པ་ནི་རྒྱུ་ཐབས་ཤེས་གཉིས་ཀྱི་སྒོ་ནས་བྱུང་བ་བཤད་ཅིང་། དེ་ཡང་རྣམ་འགྲེལ་ལས་རྒྱུ་སྙིང་རྗེ་ཆེན་པོ་བདག་མེད་རྟོགས་པའི་ཤེས་རབ་གཉིས་ནི་ཐམས་ཅད་མཁྱེན་པའི་སྐྱེས་བུ་ཉིད་ཀྱི་སྒྲུབ་བྱེད་ཀྱི་རྒྱུ་གཙོ་བོར་ཉིད་དུ་འདོད་པ་གོང་དུ་དྲངས་པའི་རྣམ་འགྲེལ་ལས་འབྱུང་བའི་ཚིག་རྣམས་ལ་བལྟས་ན་ཤེས་ཤིང་། དཔལ་ཆོས་ཀྱི་གྲགས་པས་བདག་ཅག་གི་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུབ་བྱེད་གཙོ་བོ་ཡང་ཁོང་རང་ཉིད་ཀྱི་ཞལ་ནས་སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས་ཞེས་པའི་སྟོན་པ་ནི་རྟག་པ་མ་ཡིན་པ་སྒྲུབ་བྱེད་ལ་ལྟོས་པ་ཅན་དང་དེའི་སྟོན་པའི་ལམ་ཕྱིན་ཅི་མ་ལོག་པ་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྒྱུ་མཚན་དེ་ཉིད་ཀྱིས་ཕྱིར་ན་སླུ་བ་མེད་པ་ཅན་གྱི་སྐྱེས་བུ་ཉིད་དུ་ངོས་འཛིན་བྱེད་པ་ནི་གནའ་བོ་རྒྱ་གར་འཕགས་པའི་ཡུལ་གྱི་པཎྜི་ཏ་རྣམས་ཀྱི་ཁྱད་ཆོས་ཤིག་ཡིན་ནམ་སྙམ། སྟོན་པ་ཁོང་གི་གསུང་གི་ཉིང་ཁུ་ལྟ་བུ་ཞིག་ནི་བདག་འཛིན་ནི་ཉེས་པ་ཀུན་གྱི་རྩ་བ་དང་། དེ་ཉིད་སྐྱེས་བུ་སུ་ཞིག་གིས་ལྡོག་པ་བྱེད་པའམ་སླར་མི་སྐྱེས་བའི་ཆོས་ཅན་དུ་བྱེད་ཐུབ་པ་ཡིན་ན་སྐྱེས་བུ་འདི་ནི་དེ་ནས་བཟུང་སྡུག་བསྔལ་དང་གཏན་བྲལ་དུ་སོོང་ཟིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང་དེའི་རྗེས་འཛིན་རྒྱ་བོད་ཀྱི་པཎྜི་ཏ་དང་ས་ཐོབ་ཀྱི་གྲུབ་བརྙེས་ཀྱི་སྐྱེས་བུ་ཀུན་གྱི་ཐུགས་ཀྱི་བཞེད་དགོངས་གཅིག་མཐུན་གྱིས་སྒོ་ནས། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་རྩ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། །ཞེས་གསུངས་སོ། ། འདི་ནི་《རྣམ་འགྲེལ་ལས》བྱུང་ལ་དཔལ་ཆོས་ཀྱི་གྲགས་པ་ཁོང་གིས་ཆེས་ཤིན་ཏུ་ཐུགས་བརྩེ་བའི་ངང་ནས་ཉམ་ཐག་པའི་སེམས་ཅན་རྣམས་ལ་གདམས་པའི་ཚིག་གཅིག་ཏུ་སྣང་ངོ་། ། དེས་ན་སྡུག་བསྔལ་ལས་གྲོལ་བར་འདོད་པའི་གང་ཟག་རྣམས་ཀྱིས་བདག་འཛིན་མཐའ་ཅིག་ཏུ་ལྡོག་དགོས་ཞེས་པ་དེ་མ་བརྗེད་པའི་སྒོ་ནས་མཇུག་བསྡུ་བར་བྱའོ། །
སླར་སྨྲ་པ།།
མི་ཤེས་རྨོངས་པའི་ལྟ་ངན་འཛད་གྱུར་ཅིང་། །
ཡང་དག་བདེ་བའི་ལམ་སྣེ་རྙེད་གྱུར་ནས། །
འགྲོ་རྣམས་ཕན་ཚུན་དགའ་བདེ་དཔལ་གྱུར་བས། །
ཐམས་ཅད་རྒྱལ་བའི་གོ་འཕངས་མྱུར་ཐོབ་ཤོག །

ཅེས་པ་འདི་ནི་མདོ་ཁམས་མི་ཉག་ཐུབ་དགོན་ནོར་བུ་གླིང་གི་གྲྭ་རིགས་སུ་གཏོགས་པའི་ཉི་མ་བཀྲ་ཤིས་སུ་འབོད་པ་དེ་ཉིད་ཀྱིས་ཁམས་རྫོང་སར་ལྔ་རིག་ནང་བསྟན་སློབ་གླིང་གི་ལོ་མཇུག་རྒྱུགས་རྩོམ་དུ་བྲིས་པས་དགེ་ལེགས་སུ་གྱུར་ཅིག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*