བྱང་ཆུབ་སེམས་དཔའི་བསླབ་བྱ་མདོར་བསྡུས།
རྩོམ་པ་པོ། ཀུན་མཁྱེན་ཤར་རྫ་བ།
ཐར་མེད་བཙོན་རར་ཆུད་པའི་མ་རྒན་རྣམས།།
བྱམས་བརྩེའི་སྐྱོ་ངལ་ནམ་ཡང་མི་སྐྱོ་བའི།།
རྒྱལ་དང་རྒྱལ་བའི་ངོ་བོ་ཇི་སྙེད་ཀྱི།།
ཐུགས་རྗེའི་མངའ་བདག་དྲིན་ཆེན་བླ་མར་འདུད།།
ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ།།
ལམ་གནད་མ་ལུས་བསྡུས་ན་ངེས་འབྱུང་དང༌།།
བྱང་ཆུབ་སེམས་གཉིས་དག་ལ་འདུས་པའི་ཕྱིར།།
དེ་ཡང་ཐེག་པ་མཆོག་དམན་གཉིས་ལས་སུ།།
ཐེག་དམན་ལམ་ཞུགས་ངེས་འབྱུང་ཤེས་རབ་གཉིས།།
རྒྱུད་ལ་སྐྱེས་ན་བསྒྲུབ་བྱའི་དོན་འགྲུབ་ཙམ།།
དེ་ལས་བླ་མེད་བྱང་ཆུབ་ཐོབ་འདོད་པས།།
གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།།
མེད་ན་བསྒྲུབ་བྱའི་འབྲས་བུ་ག་ལ་པ།།
དེ་ཕྱིར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
རྒྱུད་ལ་མ་སྐྱེས་པ་དག་སྐྱེས་པ་དང༌།།
སྐྱེས་པ་མི་ཉམས་དེ་ཉིད་གོང་འཕེལ་ཐབས།།
རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱང་བཞིན།།
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་གསུམ་ལ།།
ཐུགས་དམ་གཅེས་སྤྲས་མཛད་པ་བྱང་སེམས་སྡོམ།།
འདི་ལྟར་འཁོར་བའི་གནས་འདིར་འཁོར་བ་པ།།
གང་ཡང་ཕ་མར་མ་གྱུར་གཅིག་མེད་དེ།།
ཐོག་མེད་དུས་ནས་འཁོར་བར་འཁྱམས་པ་དང༌།།
མཐོ་དམན་གནས་སུ་སྣ་ཚོགས་ལུས་བླངས་ཕྱིར།།
ཕ་མར་བྱས་ཚེ་ད་ལྟའི་ཕ་མ་བཞིན།།
བྱམས་བརྩེས་སྐྱོང་དང་ཕན་བཏགས་བསམ་མི་ཁྱབ།།
དེ་ཕྱིར་དྲིན་ཆེ་དྲིན་དུ་གཟོ་བ་སྟེ།།
ཚེ་འདིར་ཕན་བཏགས་ཕྲ་མོ་བྱས་ནའང༌།།
དྲིན་ཆེ་ཡིན་ཞེས་ཕན་ལན་བྱ་དགོས་ན།།
ཐོག་མའི་དུས་ནས་སྐྱོང་བའི་མ་རྒན་འགྲོར།།
ཅི་ཕྱིར་དྲིན་ལན་ལན་གྱིས་གཟོ་མི་དགོས།།
དེ་ཕྱིར་དེ་དག་བདེ་བ་ལྡན་འདོད་དང༌།།
སྡུག་བསྔལ་བྲལ་འདོད་བྱམས་དང་སྙིང་རྗེ་དང༌།།
ངེས་པར་སྡུག་བསྔལ་བསལ་བྱ་བདེ་བ་དག།
འཐོབ་པར་བྱའོ་སྙམ་པའི་ལྷག་བསམ་སོགས།།
བྱང་ཆུབ་སེམས་ཀྱི་རྒྱུ་ལ་ནན་ཏན་བྱ།།
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་གསུམ་ནི།།
མི་དགེ་སྡོམ་དང་དགེ་བ་བོན་བསྡུད་དང༌།།
སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ་ཡིན་ལ།།
དང་པོ་མི་དགེ་སྡོམ་པའི་ཚུལ་ཁྲིམས་ནི།།
སྡོམ་པ་འོག་མའི་སྤང་བྱ་གྱུར་བ་ཀུན།།
འདི་ཡི་སྐབས་སུ་སྡོམ་པའི་ཚུལ་ཁྲིམས་ལ།།
ཁྱད་པར་ཡེ་གཤེན་བསླབ་པ་སུམ་བརྒྱ་སོགས།།
ཤིན་ཏུ་རྒྱ་ཆེ་གསུངས་ཀྱང་མདོ་བསྡུ་ན།།
བླ་མ་དང་ནི་སྦྱིན་བདག་བསླུ་བ་དང༌།།
གང་ཟག་དམ་པ་རྣམས་ལ་སྨོད་པ་དང༌།།
འགྱོད་པ་མེད་ལ་འགྱོད་པ་བསྐྱེད་པ་དང༌།།
མི་སྙན་སྒྲོགས་པར་བྱེད་དང་བཞི་པོ་ནི།།
ནག་པོའི་བོན་བཞི་ཞེས་བྱ་སྤང་བྱ་ལ།།
བླ་མ་དང་ནི་སྦྱིན་བདག་མི་བསླུ་ཞིང༌།།
གང་ཟག་དམ་པ་རྣམས་ལ་བསྟོད་པ་དང༌།།
གཞན་དགའ་བསྐྱེད་ཅིང་སྙན་པ་སྒྲོགས་པ་བཞི།།
དཀར་པོ་བོན་བཞི་ཡིན་པས་རྟག་ཏུ་སློབ།།
གཞན་ཡང་སྡིག་སྤྱོད་ཅན་དང་ལོག་ལྟ་ཅན།།
ཐེག་པ་དམན་པའི་གྲོགས་དང་འགྲོག་མི་བྱ།།
གཞན་དོན་སེམས་ཞུམ་རང་དོན་ཡིད་བྱེད་དང༌།།
ཉོན་མོངས་ཡིད་ལ་མི་བྱ་སྤང་བྱ་ལ།།
ལུས་ཀྱིས་སྡིག་སྤྱད་ངག་ཏུ་གཞན་སྐྱོན་བརྗོད།།
གཞན་མི་དད་པའི་སྤྱོད་པ་བྱེད་པ་སྤང༌།།
གཉིས་པ་དགེ་བ་བོན་བསྡུད་ཚུལ་ཁྲིམས་ལ།།
ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་དྲུག།
ཚད་མེད་བཞི་ལས་སྙིང་རྗེ་ཚད་མེད་ལ།།
འགྲོ་བའི་སྡུག་བསྔལ་ལ་དམིགས་སྙིང་རྗེ་དང༌།།
གཞན་གྱི་རྐྱེན་ལ་དམིགས་པའི་སྙིང་རྗེ་དང༌།།
གཞན་ལུགས་མ་རྟོགས་པ་ལ་སྙིང་རྗེ་བསྒོམ།།
སྙིང་རྗེ་ཚད་མེད་གཞན་དག་སྡུག་བྲལ་དང༌།།
བྱམས་པ་ཚད་མེད་བདེ་བ་ཐོབ་པར་སྨོན།།
དགའ་བ་ཚད་མེད་དེ་ལ་སྤྲོ་བསྐྱེད་དེ།།
བཏང་སྙོམས་ཚད་མེད་དགྲ་གཉེན་མཉམ་པའོ།།
ཕར་ཕྱིན་དྲུག་ལས་བོན་གྱི་སྦྱིན་པ་དང༌།།
སྐྱོབ་ཀྱི་སྦྱིན་པ་ཟང་ཟིང་སྦྱིན་པ་གསུམ།།
མི་དགེ་སྡོམ་དང་དགེ་བ་བོན་བསྡུད་དང༌།།
སེམས་ཅན་དོན་བྱེད་པ་ཡི་ཚུལ་ཁྲིམས་ཡིན།།
སྡུག་བསྔལ་དང་ལེན་གནོད་པ་མི་སྙམ་དང༌།།
བོན་ལ་ངེས་པར་སེམས་པའི་བཟོད་པ་གསུམ།།
གོ་ཆ་དང་ནི་དོན་ལ་སྦྱོར་བ་དང༌།།
ཡོངས་སུ་མཐར་ཕྱིན་བྱེད་པའི་བརྩོན་འགྲུས་གསུམ།།
ཡོན་ཏན་མངོན་གྲུབ་དམིགས་པར་མི་གཡོ་བ།།
དེ་ལ་དབང་འབྱོར་ཅན་གྱི་བསམ་གཏན་གསུམ།།
ཐོས་པས་སྒྲ་འཛིན་བསམ་པས་དོན་རྟོགས་དང༌།།
སྒོམ་པ་ཉམས་སུ་ལེན་པའི་ཤེས་རབ་གསུམ།།
གཞན་ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང༌།།
ཉམས་ན་ཉེས་དམིགས་ཐོབ་དཀའི་གནས་ལ་བསམ།།
ཡན་ལག་བདུན་དང་སེམས་བསྐྱེད་ཆོ་ག་དང༌།།
འདུས་བྱས་དགེ་བ་དག་ལ་རྟག་ཏུ་བརྩོན།།
ཐེག་ཆེན་གང་ཟག་དང་ནི་སངས་རྒྱས་བསྟན།།
སེམས་ཅན་རྣམས་ནི་གཅེས་པར་བཟུང་བྱའོ།།
གསུམ་པ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ལ།།
ཕན་གདགས་པ་ནི་གདགས་པ་ཆེན་པོ་ལས།།
ཕན་གདགས་པ་ནི་གནས་སྐབས་སེམས་ཅན་རྣམས།།
ཟས་གོས་དང་ནི་གཏོ་དཔྱད་སོགས་ཀྱིས་སྐྱོབ།།
གདགས་པ་ཆེན་པོ་བསྡུ་དངོས་བཞི་པོ་ཡིས།།
འགྲོ་རྣམས་ཐར་པའི་ལམ་ལ་དཀྲི་བ་སྟེ།།
སྦྱིན་པས་འཁོར་བསྡུད་དེ་ལ་སྙན་སྨྲ་དང༌།།
དོན་ལ་སྤྱོད་དང་དོན་མཐུན་རང་ཡང་བརྩོན།།
སེམས་ལུང་ལྟར་ན་ཚུལ་ཁྲིམས་གསུམ་པོ་དེ།།
སྤང་བྱ་བཞི་དང་བླང་བྱ་བཞི་དང་ནི།།
སེམས་བསྐྱེད་མ་བཞི་དག་ལ་འདུས་པར་གསུངས།།
སྤང་བྱ་བཞི་ནི་ཀུན་འབྱུང་ཉོན་མོས་དང༌།།
བདག་ལྟ་གཉིས་དང་སངས་རྒྱས་མི་འདོད་དང༌།།
འདོད་ཀྱང་རང་དོན་ཁོ་ན་འདོད་པ་དང༌།།
བླང་བྱ་བཞི་ནི་ངེས་འབྱུང་ཤེས་རབ་དང༌།།
སྙིང་རྗེ་ཚད་མེད་བླ་མེད་སྨོན་ལམ་བཞི།།
སེམས་བསྐྱེད་མ་བཞི་མི་ཆགས་བརྟུལ་ཞུགས་དང༌།།
རིག་པའི་ཡེ་ཤེས་ཚད་མེད་ཟུང་འཇུག་དང༌།།
འགྲོ་དྲུག་འདྲེན་པ་ཐུགས་རྗེའི་སྟོབས་བསྐྱེད་བཞི།།
བྱམས་འབུམ་ལས་ནི་སེམས་ཅན་སེམས་གསོད་པ།།
སྤང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།།
བྱང་ཆུབ་སེམས་དཔའི་སྡོམ་གཅིག་ཡིན་པར་བཤད།།
དེ་ལྟར་བྱང་ཆུབ་སེམས་ཀྱི་བསླབ་བྱ་ལ།།
སྤང་བླང་འཛོལ་མེད་བྱ་བ་གནད་དུ་ཆེ།།
བྱང་ཆུབ་སེམས་འདི་རྒྱུད་ལ་སྐྱེས་མ་ཐག།
མིང་དོན་འཕོས་ནས་བྱང་ཆུབ་སེམས་དཔའ་ཞེས།།
བརྗོད་པར་བྱ་ཞིང་ལྷ་མིས་མཆོད་པར་བྱེད།།
མཚམས་མེད་ལ་སོགས་སྡིག་ཆེན་ཐམས་ཅད་ཀྱང༌།།
འདི་ཉིད་རྒྱུད་ལ་སྐྱེས་དང་སྟོང་པར་འགྱུར།།
དགེ་བ་གང་བྱས་འཁོར་བའི་དྲི་མ་ཡིས།།
གོས་པར་མི་འགྱུར་རྣམ་པར་དག་པ་དང༌།།
ཁོང་ཁྲོ་ལ་སོགས་ཉོན་མོངས་དག་གིས་ཀྱང༌།།
དགེ་འབྲས་མི་འཛད་གོང་ནས་གོང་འཕེལ་འགྱུར།།
བྱང་ཆུབ་སེམས་འདི་རྒྱུད་ལ་སྐྱེས་པ་དང༌།།
གཉིད་ལོག་དང་ནི་བག་མེད་གྱུར་ཀྱང་རུང༌།།
བསོད་ནམས་རྒྱུན་མི་འཆད་པ་འབྱུང་བར་གསུངས།།
གོམ་གཅིག་བོར་བའི་སྐད་ཅིག་སེམས་དང་ནི།།
ཁམས་གསུམ་གང་བ་བཅས་པའི་སེམས་ཅན་ལ།།
སྲོག་སྦྱིན་དགེ་བ་བྱས་པ་ཆར་མི་ཉེ།།
མདོ་ཕྲན་ལས་གསུངས་གཞན་ཡང་ཕན་ཡོན་ནི།།
མདོ་རྒྱུད་ཀུན་ནས་ཤིན་ཏུ་རྒྱ་ཆེར་གསུངས།།
སྡོམ་པ་གསུམ་ལས་ཉེས་དམིགས་ཤས་ཆེ་དང༌།།
ཕན་ཡོན་ཤས་ཆེ་གཉིས་ཀ་ཆ་མཉམ་གསུམ།།
ཡོད་དེ་འདི་ནི་ཕན་ཡོན་ཤས་ཆེའོ།།
དེ་ལྟར་བྱང་སྡོམ་བསླབ་བསྡུས་བསྟན་པ་འདི།།
བསླབ་གྲོགས་ཚེ་སྐྱིད་ཞེས་བྱས་བསྐུལ་བའི་ངོར།།
རང་གཞན་དོན་དུ་མང་གའི་མིང་གིས་བྲིས།།
དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །
Leave a Reply