སྤྲང་པོ་གཟའ་ཟླ་གཉིས་སྔ་རྗེས་སུ་གཞན་ཡུལ་དུ་ཆས་སོང་།
རྩོམ་པ་པོ། མཁན་པོ་ཁྲིཿའགྱུར་མེད་རྡོ་རྗེ།
ཉེ་བའི་ཆར་མཁས་དབང་གདོང་ཐོག་རིན་པོ་ཆེ་དགོངས་པ་རྫོགས་རྗེས་དུས་ཡུན་མི་རིང་བར་ཁོང་གི་ཆུང་མའང་ཁོང་དང་ལྷན་དུ་ཐེགས་སོང་འདུག ཅང་མེད་དབུལ་པོ་ཁོང་མི་ཡུལ་དུ་བཞུགས་དུས་ཅིའང་མེད་པར་མི་ཚེ་བསྐྱལ། གཅིག་ཡོད་པ་དེ་ནི་ཁོང་གི་གཟའ་ཟླ་རེད། ཁོང་ལ་གང་ཡོད་པ་དེ་ནི་ཁོང་ཉིད་ལ་གཏན་དུ་དབང་བ་བཞིན་ད་རེས་ཁོང་དང་ལྷན་དུ་གཟའ་ཟླ་གཉིས་སྔ་རྗེས་སུ་མཉམ་དུ་ཐེགས་སོང་། ཁོང་གི་བུ་ཕྲུག་དང་ཁྱིམ་མཚེས། ཡུལ་མི་མཚོན། རང་རིགས་ཐུ་བྷོད་ཚང་ལ་ཅིའང་མ་བཞག་པར་གཙང་མ་གཙང་རྐྱང་ཐེགས་སོང་། སྤྲང་པོ་ཁོང་ལ་འཇོག་དགོས་བསམས་ཀྱང་འཇོག་རྒྱུ་ཅི་ཞིག་ཡོད། མེད་པོ་མེད་རྐྱང་ཁོང་། ཁོང་ལ་གང་ཡོད་པ་དེ་ནི་ངལ་བ་བརྒྱ་ཕྲག་གིས་བཞུས་པའི་དངུལ་ཆུའི་ཐིགས་པ་ལས་གྲུབ་པའི་ཁོང་ཉིད་ཀྱི་ཕྱག་བསྟར་མ་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་སྣང་བ་གསར་པ་དེ་དང་། དབྱིན་བོད་ཧིན་གསུམ་གྱི་བརྡ་སྤྲོད་རིག་པའི་གཞུང་། བོད་ཡོ་ལང་ཁྲོད་ཀྱི་རྒྱལ་རབས་མཚོན་པའི་ཤོག་བུའི་ཕུང་པོ་འགའ་ཞིག་སྤུངས་པ་དེ་ཚོ་རེད། མེད་པོ་ཁོང་ལ་ཤོག་བུའི་ཕུང་ཚོགས་དེ་དག་དཔར་སྐྲུན་བྱེད་སའི་མ་དངུལ་ཡང་མེད་པར་ཐེངས་ཤིག་ས་སྐྱའི་ཆོས་སྒར་དུ་དེབ་ཅིག་དཔར་སྐྲུན་བྱེད་རྒྱུ་བཞག་ཀྱག་ཡུན་རིང་སྒམ་ཞིག་ནང་བཙོན་དུ་བཅུགས་ཏེ་དཔར་སྐྲུན་བྱས་མ་སོང་ཞེས་ཁོང་གིས་བློ་ཕམ་དང་འཁང་ར་ཤུགས་ཆེར་གནང་དགོས་ཀྱང་ཐུག་པ་རེད། ཁོང་གི་རྩོམ་ཤོག་དེ་དག་དཔར་དུ་མ་བསྐྲུན་པར་སྒམ་ནང་བཙོན་དུ་བཅུགས་མཁན་དེ་ཚོ་ལ་ཁོ་བོ་ད་ལྟའང་སྙིང་ནད་སངས་མེད། མཁས་པ་སྤྲང་པོ་དེ་ཚོ་མི་ཡུལ་དུ་བཞུགས་རིང་སྡུག་ཅིག་མྱངས་བ་ལ་ཚོད་ཅིག་མེད། གཞན་ཡུལ་དུ་ཆས་རྗེས་དག་ཞིང་ཞིག་ཡོད་ན་ཁོང་ཚོ་ལ་དབང་ངེས། ད་དུང་ཚོར་བ་ལིང་ལིང་ཞིག་གིས་སྙིང་ཁོངས་ནས་ཁོང་དང་དངོས་འདྲིས་ཀྱི་གནས་ཚུལ་མང་པོ་ཞིག་ངང་གིས་བཟློ་བཞིན་འདུག་ཀྱང་རེ་ཞིག་ཚིགས་སུ་བཅད་པའི་སྡེ་ཞིག་གི་ནང་དུ་བསྡོམས་རྒྱག་གི་ཡིན། མཆན།> སྐད་འཕྲིན་གྱི་རྒྱབ་ཏུ་གཏོང་ཐེངས་གཅིག་གི་ནང་དུ་མི་ཤོང་བས་ཐེངས་གཉིས་པར་གཟིགས།>
༼མེད་པོ་ལགས།༽
མེད་པོ་ཞིག་གང་ཡང་མེད་པར་ཞིང་གཞན་དུ་ཐེགས་སོང་།།
སྤྲང་པོ་ཞིག་ཅི་ཡང་མེད་པར་གཙང་དག་ངང་ཆས་སོང་།།
གཟའ་ཟླ་ཡང་ཀ་ཀོར་མེད་པར་ཕྱིར་བཞིན་དུ་བསྙེགས་སོང་།།
མཁས་པ་ཁྱུའི་ཡིད་དབང་ཡང་ཁྱེད་ཀྱི་ཕྱོགས་སུ་ཤོར་སོང་།།
ཀྱེ་ཀྱེ་དྲན་དབང་ལགས།།
དུས་འགྱུར་གྱི་སྐེད་འཆིང་ལགས།།
མི་རབས་འདིའི་མགུལ་རྒྱན་ལགས།།
མི་རིགས་འདིའི་སྲོག་ཤིང་ལགས།།
མི་ཚོགས་འདིའི་མིག་རྒྱན་ལགས།།
མིག་ཤེལ་སུམ་བརྩེགས་ཤིག་བསྣམས་ཏེ་འདར་འདར་ངང་ཕྱག་བྲིས་ཤིག་འབྲི་བཞིན་པ་བརྗེད་ཐབས་མེད།།
རྐང་པ་འཁྱ་རེ་འཁྱོར་རེའི་ངང་རྒྱ་བོད་གང་སར་དཔྱད་ཞིབ་ཏུ་ཆིབས་པ་བརྗེད་དུ་མེད།།
སྐུ་གཟུགས་འཁྱོག་འཁྱོག་དང་གུག་གུག་ངང་གུས་པའི་ཡིག་ཉོགས་འགའ་བཅོས་པ་ཡང་ཡང་དུ་དྲན།།
ངས་ཀྱང་ཁྱེད་ཀྱི་རྩོམ་ཡིག་ཅིག་མཚན་ཡུག་འགར་གློག་ཀླད་དུ་འཇུག་རྒྱུའི་ཞབས་ཏོག་ཅིག་ཞུས།།
ཐུགས་ཞུམ་པ་མེད་པའི་ལ་རྒྱ་དང་།།
སྐུ་ངལ་བ་མེད་པའི་མཛད་སྤྱོད་དག།
བོད་མི་རིགས་ཤིག་དང་རིག་གཞུང་ཞིག།
དུས་གཉན་འཁྲང་ཞིག་ལ་ཕྱག་རྗེས་བཞག།
བོད་མི་རིགས་འདི་ལ་ཐུགས་ཁུར་དང་།།
ཆོས་རིག་གཞུང་འདི་ལ་མཐོང་ཆེན་གྱིས།།
དུས་ནམ་ཡང་དེ་གཉིས་ཁོ་ནར་སེམས།།
མི་མཁས་པ་དང་འཛངས་པ་ཟུང་ལྡན་ཞིག།
ཚིག་ཆུང་ངུ་ནོངས་ལ་ཞིབ་ནན་དང་།།
དོན་འགང་བའི་ལས་ལ་རྒྱས་བཅད་ཆེ།།
གནད་འགག་རྩ་ཆེ་བའི་ལ་གཞོལ།།
མི་དེས་པ་དང་ཞིབ་པ་ཟུང་ལྡན་ཞིག
སྤྲང་ཁྱེད་ཀྱིས་བཞག་པའི་ཡིག་ཚོགས་དག།
ཡིད་དྭངས་བའི་ཡུལ་ལ་དུང་བ་དང་།།
ཞེ་ཁྲེལ་བའི་ཕྱོགས་ཀྱིས་ཁྲེལ་མེད་པར།།
ཕྱོགས་ཀུན་གྱིས་བཀུར་རྒྱུར་གྱུར་ཅིག། །།
ཅེས་ས་མཐའི་ཡུལ་གྱར་བ་ཁྲིཿའགྱུར་མེད་རྡོ་རྗེ་འབོད་པས་དུས་འགྱུར་ཁྲོད་ཀྱི་མཁས་པ་མེད་པོ་འམ་སྤྲང་པོ་བྱ་བྲལ་བ་ཞིག་དང་ཁོང་གི་གཟའ་ཟླ་གཉིས་གཅིག་རྗེས་གཉིས་མཐུད་དུ་ཞིང་གཞན་དུ་ཆས་པའི་གྱེས་བྲལ་གྱི་གདུང་བས་མནར་བཞིན་སྤྱི་ལོ་༢༠༡༥ ཟླ་བ་༠༡ ཚེས་ཉིན།། །།
Leave a Reply