བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

༧སྐྱབས་མཆོག་འཁོར་ལོའི་མགོན་པོ་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར་བཞུགས།

རྩོམ་པ་པོ།  བཤད་སྒྲུབ་བསྟན་འཛིན།  

རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ཆོས་ཀྱི་རྗེ། །དམ་པའི་ཚུལ་དགོས་ཡོན་ཏན་འགྲན་ཟླ་བྲལ། །བསྟན་དང་འགྲོ་བའི་མགོན་སྐྱབས་བླ་མ་མཆོག །དགེ་འདུ་ཡར་འཕེལ་ཞབས་ལ་གསོལ་བ་འདེབས། །ཞེས་པའི་མཆོད་བརྗོད་སྔོན་སོང་ནས། འདིར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་སོགས་ཀྱི་རྣམ་སྤྲུལ། ༧དཔལ་ས་སྐྱ་གོང་མ་ཕུན་ཕོའི་བདག་ཆེན་འཇིགས་བྲལ་རིན་པོ་ཆེའི་སྐུའི་རྒྱལ་ཚབ་ཏུ་དབང་བསྐུར་བ་སྐྱབས་རྗེ་དམ་པ་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་མཆོག་ཉིད་ནི། བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་སྟེ་ཕྱི་ལོ་༡༩༠༥ལོར་དེང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་རྩེད་ཐང་འོག་མ་ཚང་ཞེས་མི་རིགས་ལྷ་ལས་ཆད་ཅིང་ལྷ་ཆོས་རྒྱུན་མི་ཆད་པར་སྐྱོང་བ། དཔལ་ལྡན་གྲུབ་ཐོབ་འདར་འཆར་བ་སོགས་དམ་པའི་སྐྱེས་བུ་མཁས་གྲུབ་ཟམ་མ་ཆད་པར་བྱོན་པའི་ཁྱིམ་རྒྱུད་དུ་ཡབ་བཙན་མཆོད་དང་། ཡུམ་ལྷ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཇམ་དབྱངས་ཕུག་པའི་ཉེ་ཞོལ་དུ་སྐུ་འཁྲུངས། དགུང་ལོ་དྲུག་བདུན་ཙམ་ནས་རྩེད་ཐང་དགོན་གྱི་དབུ་མཛད་འཇམ་དབྱངས་ཆོས་འཕེལ་སློབ་དཔོན་དུ་བསྟེན་གནང་གིས་རང་ལུགས་ཀྱི་འདོན་ཆ་ཆོས་སྤྱོད་ཆོ་གའི་ཆིངས་ཕྱག་ལེན་ཀུན་ལ་མཁས་པར་སྦྱངས་པས་ཚེགས་མེད་དུ་མཁྱེན། དེ་ནས་མཁན་ཆེན་དམ་པ་རིན་པོ་ཆེའི་མདུན་ནས་བསྙེན་པར་རྫོགས་ཏེ། ལམ་འབྲས་དང་། རྒྱུད་སྡེ་ཀུན་ལས་བཏུས་པ། ས་ཕུར། སྒྲུབ་བཏུས་སོགས་གསན། དཔལ་ས་སྐྱའི་ཕུན་ཕོའི་བདག་ཆེན་༧གོང་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་དང་། ༧གོང་མ་ངག་དབང་ཀུན་དགའ་རིན་ཆེན་སོགས་ལས་དབང་ལུང་མན་ངག་རྒྱ་ཆེར་གསན། དཔལ་ས་སྐྱའི་༧གོང་མ་ངག་དབང་མཐུ་སྟོབས་དབང་ཕྱུག་སོགས་དམ་པའི་སྐྱེས་བུ་དུ་མས་ཐང་རྒྱལ་གྱི་རྣམ་འཕྲུལ་ཡིན་པ་དང་ཁོང་ཉིད་ཀྱིས་ཀྱང་ཐང་སྟོང་རྒྱལ་པོའི་སྐུ་སྐྱེ་ཡིན་ཚུལ་ཞལ་གྱིས་བཞེས། དཔལ་ས་སྐྱའི་ཕུན་ཕོའི་༧གོང་མ་རིན་པོ་ཆེ་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་ཁོང་ཉིད་ཀྱི་སྐུའི་སྲས་ཀྱི་རྒྱལ་ཚབ་ཏུ་མདོ་སྨད་ཡིད་ལྷུང་ལྷ་རྒྱལ་དགོན་དུ་མངགས་ཏེ་དགོན་དེའི་བསྟན་པའི་བདག་པོར་མངའ་གསོལ་མཛད། དེ་སྐབས་སྒ་སྐྱེ་རྒུ་དང་རྫོང་སར་སོགས་ལ་ཕེབས་ཏེ་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མང་དུ་གསན། ཁྱད་པར་དུ་སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པ་དང་། མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས། སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་ཨ་འཇམ། སྐྱེ་རྒུ་མཁན་པོ་ངག་དགའ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མ་བསྟེན་ཏེ་ལམ་འབྲས་ཚོགས་སློབ་དང་སྒྲུབ་བཏུས། བདེ་དགེས། ཕུར་པ་སོགས་ལ་གསན་བསམ་རྒྱ་ཆེར་མཛད་ནས། མགོན་པོའི་བསྙེན་པ་མ་ཧཱ་ཀ་ལ་དང་། ཡི་དམ་ཕུར་པའི་བསྙེན་པ་གཉིས་དུང་རེ་ལྷག་ལྗགས་བཟླས་དང་། བསྙུང་གནས་གདན་ཐོག་གཅིག་ལ་ཆ་བརྒྱ་བཞུགས། ནམ་རྒྱུན་ཉིན་ལྟར་སྔ་ཕྱིའི་ཐུན་གཉིས་རེ་ཆག་མེད་དུ་བསྡོམས་པས་མཚོན་རྒྱུན་དུ་ལམ་འབྲས་ཀྱི་ཉམས་ལེན་སོགས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལས་གཡེལ་བ་མེད་པས་རིམ་གཉིས་ཀྱི་དྲོད་ཚད་མངོན་དུ་གྱུར་ཅིང་། དངོས་ཉམས་རྨི་ལམ་ཅི་རིགས་པར་ཡི་དམ་གྱི་ལྷ་དུ་མའི་དགྱེས་ཞལ་མཇལ་བ་དང་། ལྷག་པར་མགོན་པོ་ཡིད་བཞིན་ནོར་བུའི་དགྱེས་ཞལ་ལན་དུ་མར་མཇལ་ནས་གསུང་ལན་གསུམ་ཐོས། རྡོ་རྗེའི་ཆོས་སྲུང་རྣམས་དང་མི་དང་མི་ལབ་པ་ལྟར་མཛད། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད། སྔ་རྗེས་སུ་ལྷ་རྒྱལ་དགོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས། བར་སྐབས་ཤིག་ལ་ལྷ་རྒྱལ་དགོན་དང་རྒྱ་རོང་དགོན་གཉིས་གྲྭ་རྩའི་དོན་དུ་ཐུག་ནས་ལོ་མང་སོང་བ་ལ། རྒྱ་རོང་ནམ་སྤྲུལ་གྱིས་རྒྱ་རོང་དགོན་དུ་སྟོང་གྲྭ་འཚོགས་ནས་དེའི་དབུ་བཞུགས་བླ་མ་རིན་པོ་ཆེ་གདན་འདྲེན་དུ་རྒྱ་རོང་དགོན་གྱི་ལས་འཛིན་པ་འབྱོར་བ་ལ་བླ་མ་རིན་པོ་ཆེ་ཐུགས་དགྱེས་ཏེ་ད་ཐེངས་དགོན་གཉིས་འཁོན་པ་འདུམ་པའི་དུས་ལ་བབས་སོ་གསུངས་ཏེ་ཕེབས། དེ་ནས་ད་ལྟའི་བར་དགོན་གཉིས་ཐུགས་མཐུན་ཁྲིམས་གཙང་ངང་དགོན་པ་གཅིག་གི་རྣམ་པ་ལྟ་བུ་བྱུང་བ་འདིའང་བླ་མ་རིན་པོ་ཆེ་ཁོང་ཉིད་ཀྱི་བཀའ་དྲིན་ཡིན་ནོ།།
དཔལ་ས་སྐྱའི་༸གོང་མ་བདག་ཆེན་རིན་པོ་ཆེ་ཁམས་ཕྱོགས་སུ་ལོ་ལྔ་ལྷག་བཞུགས། རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཕྱི་ལོ་༡༩༥༦ལོར་ས་དགེ་བཀའ་རྙིང་གི་སྐུ་ཚབ་བོད་ཀྱི་བླ་ཆེན་རྣམས་པེ་ཅིན་དུ་དམངས་འཐུས་ཚོགས་ཆེན་ལ་ཕེབས་སྐབས། དཔལ་ལྡན་ས་སྐྱ་པའི་སྐུ་ཚབ་༧གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་ཕེབས་པ་དང་། ཐེངས་གཉིས་པར་༧གོང་མ་བདག་ཆེན་རིན་པོ་ཆེས་སྐུའི་རྒྱལ་ཚབ་ཏུ་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་མངགས་ཏེ་ཁོང་ཉིད་དབུས་སུ་སྣུམ་འཁོར་སྟེང་ཆིབས་བསྒྱུར་གནང་།

དགུང་ལོ་ང་ལྔ་བཞེས་པ་ས་ཕག་༡༩༥༩ ལོའི་ལོ་མཇུག་ནས་དུས་འགྱུར་གྱིས་རྐྱེན་པས་སྔོན་༧གོང་མའི་རྒྱལ་ཚབ་ཡིན་རྐྱེན་གཞིས་ཀ་རྩེ་ཨེ་མ་སྒང་བཙོན་ཁང་དུ་ལོ་ཉེར་གཅིག་ཙམ་བཙོན་བཞུགས་གནང་དགོས་བྱུང་། བཙོན་གྲོལ་ཐོབ་རྗེས་གཙང་ནས་མར་ལྷ་ལྡན་དུ་ཕེབས་ཏེ་སྟོན་པའི་ཞལ་སྐྱིན་དུ་ཇོ་བོ་ཡིད་བཞིན་ནོར་བུ་གཙོས་རྟེན་གཙོ་རྣམས་མཇལ་སྐོར་མཆོད་འབུལ་རྒྱ་ཆེར་ཞུས། དེ་ནས་མར་ཡིད་ལྷུང་ལྷ་རྒྱལ་སྲང་དུ་ཕེབས་ནས་གདན་སའི་གསེར་ཁྲི་ལ་སྔར་ལྟར་འཁོད་དེ་རྒྱལ་བསྟན་ཡང་དར་གྱི་སྐབས་སླར་ཡང་ཞུམ་པ་མེད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྙིང་སྟོབས་ཀྱིས་དུས་འགྱུར་གྱི་དབང་གིས་ཉམས་རྒུད་དུ་སོང་བའི་དགོན་པ་དང་། བཤད་སྒྲུབ་ཀྱི་སྡེ་རྣམས་བསྐྱར་གསོ་གནང་བཞེད་ཀྱིས་དགོན་རྩ་ལག་སླར་གསོའི་ཕྲིན་ལས་ཀྱི་དབུ་བཙུགས་ཏེ་གདན་ས་ཆེན་པོ་ལྷ་རྒྱལ་དགོན་དུ་ཕྱོགས་དེའི་ས་ངོར་གྱི་དགོན་སྡེ་དགོན་ཆེན་དགོན་དང་། མཎྜལ་དགོན། སེང་འགྱིང་དགོན། ལྷ་སྟེང་དགོན། རྫ་ས་སྐྱ་དགོན། འབར་ཆུང་དགོན། ཧོར་གླང་ནག་དགོན། ཉ་བྲག་དགོན། གདོང་ཐོག་དགོན། ཁྲོཾ་ཐར་སྡེ་གཞུང་བཅས་དང་། རྒྱ་རོང་དགོན། རྩ་ཤུལ་དགོན། གཡག་ཟེ་དགོན། ཨོ་གུར་དགོན་སོགས་རིས་མེད་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་འདུན་རྣམས་ལ་རང་རང་གི་འདོད་མོས་ལྟར་ཀྱི་ཆོས་འཆད་ཉན་གྱི་རྒྱུན་བསྐྱངས་ཏེ། ངོར་དཀྱིལ་བདུན། འཇིགས་བྱེད། ལས་གཤིན། ཀུན་རིག ། མི་འཁྲུགས། མགོན་པོ་ཕྱི་ནང་། འཁོར་འདས་དབྱེར་མེད། ཕྱག་རྫོགས་སོགས་བརྒྱུད་པ་ཆད་ལ་ཉེ་བའི་དབང་ལུང་ཁྲིད་ཀ་རྒྱ་ཆེར་གནང་། དགོན་དེའི་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས་ནས་སྐུ་འདྲ་གཏེར་མ་དང་ལི་མ། ཐང་རྙིང་སོགས་རིན་ཐང་གཞལ་བར་དཀའ་བའི་སྐུ་གསུང་ཐུགས་ཀྱི་རྟེན་རྙིང་དང་ལྷ་ཆ་མཆོད་རྫས་སྦས་བསྐུང་བྱས་པ་རྣམས་དད་ལྡན་སྐྱེ་བོ་རྣམས་ཀྱིས་རང་མོས་ཕུལ་བ་དང་། ཁོང་ཉིད་ཀྱི་ཕྱག་རྫས་ཀྱིས་བླུས་པ། ཁྱད་པར་དུ་སྨན་འདམ་གྱིས་དཔལ་གུར་གྱི་མགོན་པོའི་སྐུ་རང་གཟུངས་དུང་གཅིག་དང་ས་ཡ་བརྒྱད་ལྷག་དང་། གཞན་ནང་རྟེན་ཤིན་ཏུ་རྩ་ཆེན་བཞག་སྟེ་སྐུ་ཚད་ཁང་བརྩེགས་གསུམ་ལྷག་ཡོད་པ་གསར་བཞེངས་དང་། མི་ཚད་ལས་ཅུང་ཆེ་བའི་འབྱུང་འདུལ་དང་། ཨེ་ཀ་ཛ་ཊི། དཔལ་མགོན་ཞལ། འདོད་ཁམས་མ། དཔལ་ལྡན་དམག་ཟོར་མ། ལས་གཤིན། གནོད་སྦྱིན་བེག་ཙེ་གཙོས་ཡི་དམ་དང་ཆོས་སྐྱོང་ཡོངས་རྫོགས་ཀྱི་སྐུ་སྨན་འདམ་ལས་གྲུབ་པ་སོགས་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས། པར་ཁང་ནང་དུ་ཁོང་ཉིད་ཀྱི་ཐུན་མིན་རིག་བདག་སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པའི་རྣམ་ཐར་པར་དུ་བརྐོས་ནས་ལམ་འབྲས་བླ་མའི་རྣམ་ཐར་ནང་དུ་བཞུགས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་བསྒྲུབས། དགོན་དེའི་བསྟན་པ་ཡང་དར་སྐབས་ཀྱི་ཁྲི་རབས་དང་པོ་དང་། དུས་མཆོད་ཆེ་ཆུང་ཀུན་གྱི་རྡོ་རྗེ་སློབ་དཔོན་མཛད། ནམ་རྒྱུན་སྒྲུབ་ཁང་དུ་བཞུགས་ནས་སྒྲུབ་གྲྭ་བ་རྣམས་ལ་སྔོན་འགྲོ་སྣང་རྒྱུད་ནས་བཟུང་ཟབ་ཁྲིད་རྒྱ་ཆེར་གནང་། སྡེ་དགེ་དགོན་ཆེན་དགོན་པས་ཕུར་སྒྲུབ་གསར་དུ་ཚུགས་སྐབས་དབུ་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་མཛད། ཁོང་གིས་དངོས་སུ་དབང་ལུང་མན་ངག་དང་། དམ་པའི་ཆོས་ཀྱིས་འབྲེལ་བ་གནང་བའི་ཞལ་སློབ་ལ། སྐུ་ཚ་སྡེ་གཞུང་རབ་འབྱམས་ངག་དབང་ཆོས་གྲགས་དང་། མཁན་ཡེ་ཤེས་རྒྱ་མཚོ། དཔེ་ཝར་རིན་པོ་ཆེ། བླ་མ་སྒ་བླ། བོན་སྤྲུལ་ཉི་མ་རྒྱལ་མཚན། གྲུབ་ཆེན་རྡོར་རྒྱལ། གསེར་རྟ་མཁན་པོ་བསོད་རིག །རྫོགས་ཆེན་མཁན་པོ་ཟླ་ཟེར། རྒྱ་རོང་དབོན་སྤྲུལ། ཨོ་གུར་སྤྲུལ་སྐུ་འགྱུར་མེད། གཡག་ཟེའི་བླ་མ་འཇམ་དབྱངས་ཆོས་གྲགས་གཙོས་ཆོས་སྡེ་ཁག་གི་བླ་སྤྲུལ་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན། མཐར་དགུང་གྲངས་བརྒྱད་ཅུ་གྱ་དྲུག་སྟེང་ཕེབས་པ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཕྱི་ལོ་༡༩༩༠ལོའི་ཧོར་ཟླ་དགུ་པའི་ཚེས་བཅུ་གསུམ་ནས་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་དུས་ཆེན་ལ་ངོར་དཀྱིལ་བདུན་གྱི་སྒྲུབ་མཆོད་ཡོད་པའི་ཚོགས་དབུར་ཕེབས། ཚེས་ཉི་ཤུའི་ཉིན་ནས་ཅུང་ཞིག་བསྙུང་ཚུལ་བསྟན་ན་ཡང་ཚོགས་དབུར་སྔར་བཞིན་ཕེབས་ནས་དགོན་པའི་བླ་གྲྭ་ཡོངས་ལ་འདུས་བྱས་མི་རྟག་པ་དང་། དགེ་སྦྱོང་གི་ཆོས་བཞི་ལ་གནས་ནས་བསྟན་འགྲོའི་དོན་ལ་དཔའ་ཞུམ་མི་ཉན་པ་སོགས་ཀྱི་བཀའ་སློབ་ཡང་ཡང་བསྩལ་གནང་མཛད་དེ་དགོང་མོ་ཡར་སྒྲུབ་ཁང་དུ་ཕེབས། ཚེས་ཉེར་གཅིག་ཉིན་སྒྲུབ་ཁང་དུ་ཐུགས་དམ་ཉམས་བཞེས་རྣམས་ཆག་མེད་གནང་ནས། ཚེས་ཉེར་གཉིས་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་སྐྱེ་འཆི་ལ་མངའ་བརྙེས་པའི་ཚུལ་གྱིས་དགོན་དེའི་ངོར་དཀྱིལ་བདུན་གྱི་སྒྲུབ་མཆོད་ཀྱི་རྡུལ་ཚོན་ཆུ་གཤེགས་ཚར་ཨེ་འདུག །ཚར་ན་རྡུལ་ཚོན་བསྣམས་ཤོག་ཅེས་བླ་མ་ཚུལ་ཁྲིམས་ལ་གསུངས་ནས་ཁོང་གིས་རྡུལ་ཚོན་དབུ་ལ་གཏོར་བ་དང་ལྗགས་ཐོག་ཏུ་ཡང་བཞེས། དམ་རྫས་བྱིན་རྟེན་རྣམས་གསོལ། དེ་ནས་སྤྱན་གྱིས་ལྟ་སྟངས་དང་བཅས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལས་མ་གཡོས་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་དང་སྦྲགས་འཕོ་བ་ཞིག་གསུངས་ནས་ངོ་མཚར་བའི་རྟགས་མཚན་དུ་མ་དང་། དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པའི་ངང་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏེ་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་སོ།།

དེ་ནས་ཞག་བདུན་ལ་གསང་རྒྱ་བྱས་ནས་ཐུགས་དམ་སྲུང་བ་པོ་མཁས་གྲུབ་དམ་པ་བླ་མ་བསྟན་འཛིན་འཇམ་དབྱངས་བཞུགས།
ཟླ་དེའི་གནམ་གང་གི་ཉིན་ཆོས་རྗེ་བླ་མ་ཀུན་བཟང་ཐུབ་བསྟན་དང་། མཁན་ཆེན་ཐུབ་བསྟན་མཁས་གྲུབ། བླ་མ་བསྟན་འཛིན་འཇམ་དབྱངས། དེ་སྐབས་ཀྱི་ཉེ་གནས་བླ་མ་འོད་གསལ། གུས་པ་ཁོ་བོ་བཅས་ནས་ཐུགས་དམ་དཀྲོལ་བ་ན། ཐུགས་དམ་གྲོལ་རྟགས་སུ་ཤངས་བུག་གཉིས་ནས་བྱང་སེམས་དཀར་དམར་མང་དུ་བབ་པ་དང་། གཟིམས་ཁང་ནང་དུ་དྲི་བཟང་གིས་ཁྱབ། སྐུ་གདུང་ནི་གཞོན་ནུའི་ཚུལ་ལྟར་དཀར་ལ་ཤིན་ཏུ་རྒྱས་ཤིང་འོད་དང་གཟི་བརྗིད་དང་ལྡན་པར་བཞུགས། དེའང་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡང་དག་པར་སངས་རྒྱས་པ་གཉིས་ལས། འདིར་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མཚན་རྣམས་ཚང་བ་ནི། འདི་ལྟར་སྐུ་གདུང་འབར་བ་ལས། །གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང་།། ཞེས་པ་ལྟར། བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལྷ་བབས་དུས་ཆེན་ཏེ་རྗེ་ཉིད་ཞིང་ཁམས་སུ་གཤེགས་པའི་ཉིན་མོ་ནས་བཟུང་ས་གཡོ་བ་དང་། ཁ་ཆར་གྱི་མེ་ཏོག་བབ་པ། མཁའ་ལས་འབྲུག་གི་སྒྲ་དང་། འཇའ་འོད་ཁ་དོག་སྣ་ཚོགས་འཆར་བ། རོལ་མོའི་སྒྲ་གྲགས་པ། དགུན་ཁ་ཡིན་ཀྱང་ས་ལ་དྲོད་འབར་བ། མེ་ཏོག་སྣ་ཚོགས་བཀྲ་བ། འཁྱག་རོམ་རྣམས་ཀྱང་ཆུར་བཞུར་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དང་ལྡན་པ་བྱུང་ངོ་། །
དེ་ནས་སྐུ་གདུང་གཙུག་ལག་ཁང་དུ་གདན་དྲངས་ནས་བླ་སྤྲུལ་ཡོངས་རྫོགས་ཀྱིས་ཉིན་བདུན་ལ་སྐུ་གདུང་མཆོད་འབུལ་དང་། འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་ལ་ཆོ་ག་དང་སྒྲིབ་སྦྱོང་སོགས་མཛད། དེ་ཕན་བླ་གྲྭ་ལྔ་རེས་གདུང་མཆོད་རྒྱུན་ཆད་མེད་པར་ཕུལ། མཐོ་སྒང་དུ་དགུན་དུས་གྲང་ངར་ཤིན་ཏུ་ཆེ་ཡང་། སྐུ་གདུང་ནི་ཚ་དྲོད་དང་ལྡན་པ་ཤངས་བུག་གཡས་གཡོན་ནས་ཤངས་དཀར་དམར་རྒྱུན་དུ་བབ་ཅིང་། དེ་སྐབས་སྐུ་གདུང་མཇལ་མི་དང་། མཆོད་པ་དང་ཕྱག་བསྐོར་བྱེད་མི་ཤིན་ཏུ་རྒྱ་ཆེན་པོ་བྱུང་། གཙུག་ལག་ཁང་ལ་སྐུ་གདུང་མ་བཞུས་ཀྱི་བར་དུ་སྐོར་བ་བྱེད་མཁན་རྒྱུན་མ་ཆད་པ་དང་། ཁྱད་པར་ཉ་སྟོང་ཚེས་བརྒྱད་རྣམས་ལ་དགོན་པའི་སྐོར་ལམ་དུ་འགྲོ་མཁན་མི་ཤོང་བ་ཙམ་བྱུང་། སྐོར་ཚད་བྱེད་པ་རྣམས་ནི་བད་ཀན་དང་མཆིན་ནད་སོགས་རང་དྲག་ཏུ་སོང་བའང་ཤིན་ཏུ་མང་། དེའི་ཕྱི་ལོ་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ཕྱི་ལོ་༡༩༩༡ལོའེ་ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཐོ་རེངས་སུ་གཙུག་ལག་ཁང་ནས་སྐུ་གདུང་སྒྲུབ་ཁང་གི་ཀུན་དགའ་ར་བར་གདན་དྲངས་ཏེ། སྐྱབས་མཆོག་བཀའ་དྲིན་ཟླ་བྲལ་མཆོག་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་བསོད་ནམས་དབང་པོ་དེ་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་དབུར་བཞུགས་མཛད་དེ་བླ་སྤྲུལ་ཉེར་ལྔ་དང་། གཞན་ཡང་ཀྱེ་རྡོར་དང་ཀུན་རིག་སོགས་མཆོད་ཁག་ཁ་ཤས་ལ་བརྟེན་ནས་བླ་སྤྲུལ་མཁན་པོ་བརྒྱ་ཕྲག་ལྷག་གིས་སྐུ་གདུང་ཞུགས་འབུལ་མཛད། དེ་སྐབས་ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཕུབ་པ་དང་། འབྲུག་གི་སྒྲ་གྲགས་པ། ཁ་བའི་མེ་ཏོག་འདབ་མ་ལྔ་པ་དང་བརྒྱད་པ་སོགས་དང་གདུང་དུད་ནང་ནས་རིང་བསྲེལ་འབབ་པ་དགོན་པའི་གྲྭ་པ་དང་དེ་ཡོད་གདུང་མཇལ་བ་ཐམས་ཅད་ཀྱིས་མཇལ། གདུང་ལ་ཐོག་མར་མེ་ཕུལ་དུས་གདུང་དུད་དུམ་གཅིག་བླ་མ་རིན་པོ་ཆེའི་སྒྲུབ་ཁང་ལ་ཕོག །དེ་མཚམས་དར་ཐག་བརྐྱང་པ་ལྟར་ཡིད་ལྷུང་ལྷ་མཚོ་ཁའི་རྒྱལ་སྲས་རིན་པོ་ཆེའི་གཟིམ་ཁང་གི་ནམ་མཁའ་ལ་ཉིན་བདུན་རིང་མ་ཡལ་བ་དང་། དེ་ནས་ཡར་རྫོགས་ཆེན་ཕྱོགས་སུ་དུམ་གཅིག་འཕྱུར་བ་དང་། དུམ་གཅིག་དགོན་པའི་ཕྱོགས་སུ་སོང་བ་ཁྲོ་བ་སྡེ་པའི་མི་མང་པོས་དངོས་སུ་མཇལ་བར་གྲགས། གནས་འདི་ནི་སྔོན་བླ་མ་རིན་པོ་ཆེས་སྒྲུབ་པ་མཛད་སྐབས་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པ་དང་ཉམས་རྟོགས་ཀྱི་ཡོན་ཏན་དུ་མ་སྐྱེ་སའི་གནས་ཁྱད་པར་ཅན་ཡིན། གདུང་ཁང་ནང་ནས་དུ་བ་གཡས་འཁྱིལ་སྐུད་པ་སྒྲིམ་པ་ལྟ་བུ་ཁོ་ན་བྱུང་། དབུ་ཐོད་བུམ་རིལ་དང་། ཐུགས་ལྗགས་སྤྱན་གསུམ་བཅས་བྱུང་། སྦྱིན་སྲེག་ཚར་ནས་ཉིན་བདུན་ལ་གདུང་ཁང་སྒོ་ལེགས་པར་བརྒྱབ་ནས་བཞག །དེ་མཚམས་གདུང་སྒོ་ཞལ་ཕྱེ་སྐབས་གདུང་ཁང་ནང་གི་མེ་དང་། དཀྱིལ་འཁོར་གྱི་རྡུལ་ཚོན་མ་ཉམས་པར་འདུག རིང་བསྲེལ་ཡང་རྒྱ་ཆེར་བྱུང་བ་དང་། དེ་རྗེས་ཟླ་བ་གཅིག་ཙམ་གྱི་རིང་ལ་དེ་ཕྱོགས་ཀྱི་རྡོ་མགོ་སོགས་སུ་རིང་བསྲེལ་མང་པོ་རྙེད་རྒྱུ་ཡོད། གསེར་དངུལ་བཀྲ་མའི་སྐུ་གདུང་མཆོད་རྟེན་ནང་དུ་གཙོ་བོར་བླ་མ་རིན་པོ་ཆེའི་ཐུགས་དམ་གྱི་རྟེན་རྣམས་དང་། སྐུ་བལ་ན་བཟའ། ཁྱད་པར་དབུ་ཐོད་དང་། རིང་བསྲེལ། གདུང་རུས་ཞིབ་བཏགས་ཀྱིས་བཏབ་པའི་མཁའ་སྤྱོད་དང་། མགོན་པོ། རིགས་གསུམ་མགོན་པོའི་སྐུ་པར་གྲངས་མོ་དང་། ནང་གཟུངས་ཆ་ཚང་རྒྱུད་སྡེ་དང་མཐུན་པར་བཞེངས་ནས་གཟུངས་སྒྲུབ་དང་། རབ་གནས་ལེགས་པར་གནང་ནས་ད་ལྟར་དགོན་དེའི་རྟེན་གཙོ་ལྟ་བུ་གཙུག་ལག་ཁང་དུ་བཞུགས་སོ།། རྣམ་ཐར་རྒྱས་པ་ཟུར་དུ་བཞུགས་ཡོད།

ཅེས་པའི་རྣམ་ཐར་མདོར་བསྡུས་འདི་ནི་སྐྱབས་རྗེ་བླ་མ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་༢༨འཁོར་བའི་འདས་ཚིགས་ཀྱི་དུས་ཆེན་ཉིན་དམ་པ་དེའི་ལུགས་གཉིས་ཀྱི་ཞོ་ཤས་འཚོ་བའི་གུས་འབངས་ཐ་ཤལ་བ་ཀུན་ཏུ་རྒྱུ་བན་དེ་བཤད་སྒྲུབ་བསྟན་འཛིན་གྱིས་བྲིས་པ་སྐྱེ་དང་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དམ་པས་རྗེས་སུ་བཟུང་སྟེ་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག། །།དགེའོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*