རྫ་ས་སྐྱ་བཤད་གྲྭ་དང་དགེ་རྒན་བསྐོ་བཞག་མཛད་སྒོ།

རྩོམ་པ་པོ།  པད་མ།  

རྫ་ས་སྐྱ་བཤད་གྲྭ་བཀྲ་ཤིས་བརྩེ་ཆེན་གླིང་ནི། དཔལ་ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔ་ལས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་ཕྱག་བཏབ་པའི་ཆོས་སྡེ། བོད་ཡུལ་མདོ་ཁམས་གླིང་ཚང་རྫ་རྒྱུད་ས་སྐྱ་དགོན་བརྩེ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཆགས་ཡོད་ཅིང་། དཔལ་གྲུབ་པའི་དབང་ཕྱུག་སངས་རྒྱས་ཕུན་ཚོགས་ཀྱི་ཡང་སྤྲུལ་ངག་དབང་སངས་རྒྱས་འཕྲིན་ལས་བསྟན་པའི་རྒྱལ་མཚན་མཆོག་གི་ཐུགས་བསྐྱེད་དང་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་ཕྱི་ནང་གི་ཆ་རྐྱེན་ཡོངས་རྫོགས་ལྡན་པའི་བཤད་གྲྭ་བཟང་པོ་ཞིག་ཏུ་གྲུབ་ཡོད།

བཤད་གྲྭ་འདིར་བརྡ་སྤྲོད་དང་སྙན་ངག་གཉིས་གནའ་ལུགས་བསྐྱར་གསོའི་སྒོ་ནས་ཐུན་མིན་གྱི་ཟབ་ཁྱད་ལྡན་པའི་འཆད་ཉན་གྱིས་གཞིར་བཟུང་། སྤྱོད་འཇུག་དང་བཤེས་སྤྲིང་། དབུ་མ་རིགས་ཚོགས་ལྔ་དང་དེ་དག་གི་གོ་རམས་པའི་བཀའ་འགྲེལ་ཁག །ཚད་མ་བློ་རྟགས་དང་རིག་གཏེར། དེའི་འགྲེལ་པ་ཁག་དང་བཅས་པའི་སློབ་ཚན་ད་ལྟ་དངོས་སུ་ཚུགས་ཡོད་པ་དང་། ཟུར་དུ་ཡིག་གཟུགས་དཀར་ནག །རྩིས་འཕྲུལ་སྡེ་ཚན། དབང་ལུང་ཁྲིད་གསུམ་རྒྱུན་དཀོན་འཆད་སྤེལ་བཅས་ཀྱང་བྱེད་བཞིན་ཡོད་པ་རེད།
བཤད་གྲྭ་འདིར་རང་དགོན་གྱི་མཁན་ཆེན་རིན་པོ་ཆེ་འཕགས་ཡུལ་རྫོང་གསར་བཤད་གྲྭའི་ལས་ཐོག་མཁན་ཆེན་རྒྱལ་མཚན་ཆོས་གྲགས་མཆོག་གིས་གཙོར་མཛད། ཆོས་སྡེ་གཞན་པ་ཁག་ནས་ཀྱང་དཔེ་ཁྲིད་དགེ་རྒན་མང་པོ་གདན་ཞུས་བྱས་དང་བྱེད་བཞིན་ཡིན་པ་དང་། གཞན་ཡང་སློབ་གྲྭའི་བཞུགས་ཤག །དུས་གསུམ་གྱི་གསོལ་ཚིགས། ཟླ་ཕོག་བཅས་ཀྱང་ནར་གཏོང་བྱེད་བཞིན་པ་ཡིན།
དེ་ལྟར་བཤད་གྲྭ་འདི་རང་དགོན་དུ་སླར་ཡང་བསྐྱར་གསོ་བྱས་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་ཙམ་འགོར་ཡོད་པར་མ་ཟད། འདིའི་ནང་གི་སློབ་གཉེར་བ་མང་པོ་ནི། སྔོན་ནས། རྫོང་གསར་ཁམས་བྱེའི་བཤད་གྲྭ། སྡེ་དགེ་དགོན་ཆེན་བཤད་གྲྭ། སྡེ་དགེ་ཞེ་ཆེན་བཤད་གྲྭ། རྫ་རི་འགུལ་བཤད་གྲྭ་བཅས་ཆོས་སྡེ་གྲགས་ཅན་གཞན་དག་ནས་ཀྱང་སློབ་གཉེར་ཡུན་རིང་གནང་ཡོད།

བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ཡི་ལོའི་བོད་ཟླ་དགུ་པའི་ནང་དུ། མདོ་ཁམས་རྫ་རྒྱུད་དཔལ་ས་སྐྱའི་རིས་མེད་རྒྱལ་བསྟན་སྨོན་ལམ་ཆེན་མོ་སྐབས་དང་པོ་དགོན་འདིར་ཚུགས་ཡོད་པ་དང་། སྐབས་དེར་དགོས་པ་དང་རྟེན་འབྲེལ་ཁྱད་པར་ཅན་ལ་དམིགས་ཏེ། མཆོག་སྤྲུལ་རིན་པོ་ཆེས་དབུས་དགོན་འདིའི་དབུ་འཛིན་ལྷན་རྒྱས་དང་། སྨོན་ལམ་རྒྱུན་ལས་རྣམ་བཅས་བཀའ་བགྲོས་ཐུགས་མཐུན་འོག །སྨོན་ལམ་ཉིན་བཞི་པར་དཔལ་ས་སྐྱའི་བླ་ཆེན། རྫོང་གསར་ཁམས་བྱེ་བཤད་གྲྭའི་མཁན་ཁྲི་བཅུ་གཅིག་པ། མཁན་ཆེན་རྡོ་རྗེ་འཆང་ཐུབ་བསྟན་རབ་གསལ་ལམ་ཕུན་ཚོགས་རྣམ་རྒྱལ་མཆོག་དབུར་བཞུགས་ཀྱིས། བཤད་གྲྭའི་སློབ་གཉེར་བ་བཞི་ལ་སློབ་གླིང་འདིའི་འཛིན་གྲྭའི་དགེ་རྒན་རྐང་འཛིན་པར་མངའ་གསོལ་དང་། མཚན་རྟགས་ཕྱག་ཁྱེར་ཕུལ་བའི་མཛད་སྒོ་གནང་ཡོད་པ་རེད། ད་ཐེང་གི་སློབ་གཉེར་བ་བཞི་པོ་འདི་དག་ནི། ལོ་ངོ་བདུན་བརྒྱད་ཀྱི་རིང་ཆོས་སྡེ་དུ་མར་ཐུན་མོང་རིག་གནས་དང་ཐུན་མིན་ནང་དོན་རིག་པར་སློབ་སྦྱོང་རྒྱ་ཆེན་གནང་ཞིང་། ད་ལྟའི་ཆར་བཤད་གྲྭ་འདིའི་ནང་དུ་འཛིན་གྲྭའི་དགེ་རྒན་གྱི་ཕྱག་ལས་ཀྱང་ཧ་ཅང་ལེགས་གྲུབ་ལྡན་པའི་ངང་གནང་བཞིན་པ་དག་ཡིན་འདུག

དེ་ཡང་མཛད་སྒོའི་དབུ་འབྱེད་གྲུབ་རྗེས་སུ། དགོན་སྡེ་འདིར་དེ་སྔོན་ལོ་རྒྱུས་ཐོག་ཏུ་བྱུང་མ་མྱོང་བའི་ཆེས་གཟི་བརྗིད་དང་གལ་གནད་ལྡན་པའི་མཛད་རིམ་དངོས་སུ་དབུ་ཚུགས་ཤིང་། མཁན་རིན་པོ་ཆེས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་དག་གི་ཤིས་སྨོན་གནང་བ་དང་ཆབ་གཅིག་ཏུ་ཕྱག་ཁྱེར་དག་རིམ་པར་གནང་ཡོད་པ་རེད།

དེ་བཞིན་དུ་མཁན་པོ་དང་དགེ་རྒན་སོགས་ཀྱི་ཕྱག་ཁྱེར་གནང་བ་དང་།  སྐབས་དེར་མཁན་ཆེན་མཆོག་ནས་བཀའ་སློབ་སྩལ་དོན་དུ། དེ་རིང་འདིར་དགེ་རྒན་རྣམ་པ་བཞི་ལ་ཕྱག་ཁྱེར་ཕུལ་རྒྱུ་བྱུང་བ་འདིར་དོན་ཆེན་པོ་གཉིས་ཡོད་ཅིང་། གཅིག་ནི། དེ་རིང་གི་མཛད་སྒོ་འདི་ལྟ་བུ་བྱེད་རྒྱུ་བྱུང་བ་ནི། དགོན་པ་འདི་དང་དགེ་རྒན་གསར་ཐོན་སོ་སོ་བཅས་ནས་ཡུན་རིང་འབད་བརྩོན་དང་། ཡུན་རིང་སློབ་སྦྱོང་། ཡུན་རིང་དཀའ་སྡུག་གི་འགག་འཕྲང་བརྒྱུད་པའི་མཐའ་མའི་གྲུབ་འབྲས་ཞིག་ཡིན་པ་དང་། གྲུབ་འབྲས་འདིས་སྒེར་སོ་སོ་དང་ཆོས་སྡེ་འདི་བཅས་ལ་བླ་ན་མེད་པའི་གཟི་བརྗིད་དང་ཁྱད་དུ་འཕགས་པའི་རིན་ཐང་བྱིན་ཡོད་པས་ན། ལྟོས་བཅས་ཚང་མ་དགའ་འོས་པ་དང་སྤོབ་པ་སྐྱེ་འོས་པ་ཞིག་རེད་བཅས་དང་། གཉིས་ནས། དགེ་རྒན་རྣམ་པར་ཕྱག་ཁྱེར་ཕུལ་བ་འདིས་མ་གཞི་རང་སྒེར་སོ་སོ་ཡང་དགའ་སྤྲོ་དང་སྤོབས་པ་ཆེན་པོ་སྐྱེ་འོས་སུ་གྱུར་པ་ཞིག་ཡིན་ན་ཡང་། ཁྱེད་ཅག་སྒེར་ལ་མཚོན་ན་འདི་ཡང་བསྐྱར་འགན་ཆེན་པོ་ཞིག་དང་ཁུར་ཐང་ཆེན་པོ་ཞིག་ཉིན་དེ་རིང་ནས་བཟུང་སྟེ་ཁྱེད་ཚོའི་ཕྲག་ཐོག་ཏུ་བབས་པའི་མགོ་ཚུགས་པ་དང་། དེ་འདྲའི་འགན་དང་ཁུར་ཐང་དེ་ཁུར་དགོས་པའི་རྟགས་མཚན་ཞིག་རེད། དེ་ཡང་ཁྱེད་ཚོ་རེ་རེ་བཞིན་མ་འོང་པར་དབུ་དཀར་པོ་དང་། ཞལ་ནས་ཚེམས་བུད་པར་མ་གྱུར་གྱི་བར་དུ་དགོན་སྡེ་འདིར་མུ་འཐུད་བཞུགས་ནས། རིག་གཞུང་འཆད་ཁྲིད་གནང་རྒྱུས་གཙོས། བསྟན་དགོན་གྱི་དོན་ལ་འབད་པ་ཆེན་པོ་དགོས་པའི་འགན་དང་ཁུར་ཐང་ཆེན་པོ་ཞིག་ཡོད་པ་མཚོན་པ་རེད། ཅེས་བཀའ་སྩལ་ཡོད་པ་རེད། མཇུག་མཐར་མཁན་ཆེན་རིན་པོ་ཆེ་མཆོག་ནས། ད་རེས་ཀྱི་དགེ་རྒན་རྣམ་པ་བཞི་རེ་རེ་བཞིན་ཚེ་ཆོས་མཐའ་རུ་ཕྱིན་ཞིང་། བསྟན་འགྲོའི་འཕྲིན་ལས་རྒྱ་ཆེ་མུ་མེད་དུ་བསྐྱང་ཐུབ་པའི་ཐུགས་སྨོན་དང་བདེན་ཚིག་ཀྱང་གནང་བར་མཛད།

སྐབས་དེར་མཆོག་སྤྲུལ་རིན་པོ་ཆེས་བཀའ་སློབ་སྩལ་དོན། ང་ཚོ་དགོན་སྡེ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ནི་སློབ་གྲྭ་ཡིན་ཞིང་། སློབ་གྲྭ་ཡོད་ན་གྲྭ་བཙུན་གྱི་ཞལ་གྲངས་གོང་འཕེལ་དུ་འགྲོ་བ་དང་། དེ་ལ་བསྟེན་ནས་ཆོས་སྤྱོད་ཀྱི་བྱ་བ་གང་ཡང་ཧ་ཅང་ལེགས་གྲུབ་འབྱུང་ཐུབ། དེ་བཞིན་དུ་ང་ཚོའི་ཐུན་མིན་གྱི་ཆོས་དང་རིག་གཞུང་མཐའ་དག་རྒྱུན་འཛིན་གོང་འཕེལ་དུ་ཡང་གཏང་ཐུབ་པ་ཡིན། དེར་བསྟེན་གུས་པ་རང་ཉིད་ཀྱིས་ཡུན་རིང་གི་དུས་ནས་བཟུང་སློབ་གྲྭ་འདི་གསོ་སྐྱོང་བྱས་ཤིང་འདིའི་ཆེད་དུ་འབད་པ་ཆེན་པོ་བྱས་པ་ཡིན། དེའི་འབྲས་བུས་དངོས་ཤུགས་བརྒྱུད་གསུམ་ནས་ཡུལ་ཕྱོགས་འདི་དང་དགོན་སྡེ་འདིར་ཕན་ཐོག་གང་མཚམས་བྱུང་བའི་ནང་ནས་གཙོ་བོ་གཅིག་དེ་དེ་རིང་གི་དགེ་རྒན་རྣམ་པ་གསོ་སྐྱོང་བྱེད་ཐུབ་ཡོད་པ་དེ་རེད། ཁོང་རྣམ་པ་ལ་ཕྱག་ཁྱེར་ཕུལ་ཐུབ་པ་འདི་ནི་ས་ཕྱོགས་འདི་དང་དགོན་སྡེ་འདི། ང་སྒེར་བཅས་སུ་ལ་མཚོན་ན་ཡང་དེ་ལྷག་མེད་པའི་སྐལ་བ་བཟང་པོ་ཞིག་ཡིན། དེས་ན་དགེ་རྒན་རྣམ་པ་མཛད་པ་འཕྲིན་ལས་རྒྱས་པ་དང་། དགོན་འདིའི་ཆེད་དུ་ཐུགས་བསྐྱེད་དང་ལྷག་བསམ་ཆེན་པོ་བཞེས་པའི་རེ་བ་ཡོད། ཅེས་གསུངས་ཡོད་འདུག །མཇུག་མཐར་དགེ་འདུན་འདུས་པ་སྟོང་ཕྲག་གཉིས་ལྷག་ཙམ་ནས་བཀྲིས་དང་སྨོན་འདུན་རྒྱ་ཆེར་བརྗོད་པས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།

མ་འོང་པར། ༧མཆོག་སྤྲུལ་རིན་པོ་ཆེ་ངག་དབང་སངས་རྒྱས་འཕྲིན་ལས་བསྟན་པའི་རྒྱལ་མཚན་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་དབུ་ཁྲིད་ལམ་སྟོན། དགོན་འདིའི་བླ་མ་གྲྭ་ཚང་ཡོངས་ཀྱི་ལྷག་བསམ། གཞན་ཡང་ཕྱི་ནང་གཉིས་སུ་ཡོད་པའི་སློབ་གཉེར་བ་དག་གི་མཛད་འཕྲིན་བཅས་ལ་བརྟེན་ནས། རྫ་ས་སྐྱ་བཤད་གྲྭ་བཀྲ་ཤིས་བརྩེ་ཆེན་གླིང་འདི་བཞིན་དར་རྒྱས་གོང་འཕེལ་གྱི་གཞི་རྩ་ཡོངས་སུ་གྲུབ་ཡོད་པར་མ་ཟད། མ་འོང་པར་ཡང་འབྲས་བུ་གཟི་བརྗིད་དང་ལྡན་པའི་ངང་ནས་འབྱུང་ངེས་ཀྱི་རེ་བ་དང་ཡིད་ཆེས་ཆེན་པོ་ལྡན་ཡོད་པ་རེད།

ཅེས་པའང་། ཐག་རིང་མདོ་སྟོད་ཉག་རེའི་ཡུལ་གྱི་འཁྱམས་པོ་པད་མིང་པས། རེ་བ་སྟོང་དང་ཡིད་ཆེས་འབུམ་གྱི་ངང་ནས། སུག་བྲིས་སུ་བྱས་པ་སྟེ། དཀོན་མཆོག་གསུམ་མཆོག་ཡིན་པའི་བདེན་པས་འདི་ཡང་ཆོས་སྡེ་འདི་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག

སྨྲས་པ།
རེ་བ་བརྒྱ་ཡིས་ཁྱོད་ཚོར་མཐེ་བོང་བསྒྲེངས།།
བརྩེ་བ་སྟོང་གིས་ཁྱོད་ཚོའི་ཆེད་དུ་ངུས།།
ཡིད་ཆེས་ཁྲི་ཡིས་ཁྱོད་ཚོར་ཡོད་ཚད་བཅོལ།།
ལས་འབྲས་ཡོད་ན་ང་ལ་དཔང་པོ་གྱིས།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*