༼ ར ༽
ར་བཟི་སྨྱོན་པ་གོང་དུ་ཕུད།། ར་མ་བཟི་བ་མ་གཏོགས།། འཁྱོར་སྟངས་དེ་འདྲ་རེད།། ར་ཤ་ཟ་དུས་ངོ་འཛུམ་འཛུམ།། ར་རིན་བསྡུ་དུས་ངུ་ཤིག་ཤིག ། ར་སུག་སྐེ་ལ་བཏགས་ནས་རྐུན་མ་ང་མིན།། ར་ཡི་འཁྲིས་ལ་རླའི།། ལུག་གི་འཁྲིས་ལ་སྦའི།། ར་ན་མོ་གཉིས་འདི་མཐོང་འདོད་ཆེ།། མཐོ་བཞིན་མཐོ་བཞིན་བྲག་འགོར་སྦྱར།། ར་རི་ལ་ཕྱིན་ཀྱང་།། དོན་ལྷས་རར་ཚང་བ།། ར་ཀ་བར་ཐོགས་དང་།། ལུག་རིལ་མ་ཤོར་ཡོང་།། ར་མགོར་ཞེན་ཆགས་ནས།། གཡག་མགོ་རྦབ་རིལ་བཏང་།། ར་མ་བྲག་ལ་བུད་ན།། སེང་གེའི་རྣམ་འགྱུར་སྟོན།། ར་ཤ་མ་བཟས་གོང་ནས།། ར་དྲི་འགོས་པ།། ར་མ་བཟི་གོང་ནས།། ར་བཟི་ཤོད་པ།། ར་འཕག་ནས་ཀ་བ་མི་ལོག ། བྱ་དེ་འཕག་ནས་སྐས་ཀ་མི་གཅོག ། ར་མགོ་ལ་སྲང་གང་དང་།། ལུག་མགོ་ལ་ཡང་སྲང་གང་།། ར་ཕོ་རྒྱགས་ཀྱང་ཀ་བ་སློག་མི་ཐུབ།། ར་སྤུའི་འུར་རྡོ་ར་མགོར་ཕོག ། ར་འགེལ་ལུག་འགེལ་བྱས་ན།། དེ་རིང་ཐར་ཡང་སང་མི་ཐར།། ར་རྒྱ་རི་བྲག་དམར་རྩེ་ལ་འདུག ། གསལ་ཉི་ཟླ་ལྐོག་མའི་རྩེ་ཞབས་ཡོད།། གསལ་ཉི་ཟླ་དམའ་ལེ་མ་རེད།། ར་རྒྱ་རི་སྣང་བ་མཐོ་ལེ་རེད།། རྭ་ཅོ་རྫིག་ཉམས་དོད་ཀྱང་།། ལུས་པོ་འཁྱོག་པོ་ཡིན།། ར་བ་ཕྱུགས་ཀྱིས་གང་།། བང་བ་འབྲུ་ཡིས་གང་།། ར་དགའ་བ་རྫ་རི་དང་།། ལུག་དགའ་བ་སྤང་རི།། ར་དཀར་ལུག་དང་མི་འདྲེས།། ར་མ་རྒྱ་བོ་ལ་རེའུ་རྒྱ་བོ།། ར་ལུག་རྡུང་ཁ་བརྒྱབས་ནས།། མགོ་ཁྲག་ཝ་མོས་བལྡགས།། ར་བསད་ན་ལུག་འདར།། ཁྱི་བརྡུངས་ན་ཕག་འདྲོག ། ར་ཚེ་ཟད་འཕར་བའི་སྒོ་རྩ།། འབུ་ཚེ་ཟད་གྲོག་མའི་སྒོ་འགྲམ།། ར་ཚང་ནང་དུ་གཟིག་དང་།། སྨན་ཁུག་ནང་དུ་དུག ། ར་ནད་ལུགས་ལ་དཀྲི།། བ་ཤེ་གླང་ལ་འགེལ།། ར་ཡིས་སེ་བར་མ་བསྙེས་ན།། ར་སྤུ་སེ་བར་འགོས་དོན་མེད།། ར་རྒན་འདྲོགས་ནས་ཀ་བ་ལོག་པ་དང་།། བྱ་དེ་སྨྱོ་ནས་ཁང་ཐོག་བརྡིབས་པ་མེད།། ར་ཡི་རིལ་མ་ལ།། ལུག་གི་ངོ་སོ།། ར་མས་རྔ་མ་མངགས།། རྔ་མས་རིལ་མ་མངགས།། རྭ་མགོ་ལ་སྐྱེས།། ཤིང་ས་ལ་སྐྱེས།། རྭ་ཡོད་བརྒྱ་ཐར་སར།། རྭ་མེད་གཅིག་མི་ཐར་བ་ག་ལ་ཡོད།། རྭ་རྩེར་རྡོ་བརྒྱབས་ན།། ནུ་མ་ནས་ཁྲག་འབབ།། རྭ་མེད་ཀྱིས་བརྡུངས་པའི་སྐྲངས་ཀ་ངན།། རག་གན་གསེར་ལ་བརྫུས།། རི་བོང་རྡོ་ལ་བརྫུས།། རང་རྒྱུད་དྲང་པོ་ཡོད་པ་དེ།། མི་ཚེ་གཅིག་གི་ནོར་བུ་ཡིན།། རང་སྐྱོན་འབྲོང་ལྤགས་ལ་ཁབ་རྩེ་མི་ཟུག ། གཞན་སྐྱོན་རྟ་རྔ་ཙམ་ཡང་ནམ་མཁར་འཕྱར།། རང་སྐྱོན་ཁོག་མ་གང་དེ་སྦས།། གཞན་སྐྱོན་གཟར་བུ་གང་དེ་འཕྱུར།། རང་ཐག་རང་གིས་ཆོད་ཀྱང་།། དཔོན་ཐག་གཡོག་གིས་མི་ཆོད།། རང་སྐྱོན་ཤེས་ན་སངས་རྒྱས།། རང་སེམས་དག་ན་དུང་དཀར།། རང་སྐྱོན་རང་གིས་མ་མཐོང་ན།། དེ་ལ་ཕོ་རབ་བརྗོད་དོན་མེད།། རང་སྐྱོན་སྦས་ན་ཕྱི་སྡོམ་དཀའ།། རང་སྐྱོན་ཐལ་མོས་བཀབ་ནས།། མི་སྐྱོན་མཛུབ་མོས་འདྲུ་བ།། རང་ལ་འཐག་མ་མི་ཐར།། མི་ལ་བོང་རྒྱུག་ཚད་ཚད།། རང་གདོང་མ་མཐོང་སེང་གེར་འཕྱ།། རང་མགོའི་ཤིག་ལ་མཐོང་བར།། མི་མགོའི་སྲོ་མ།། རང་མི་གཙང་བའི་ནང་དུ་འགྱེལ་བ་མ་ཤེས་པར།། མི་ལྷ་ཁང་ནང་དུ་ཡོ་བསྡད་པ་མཐོང་།། རང་ལུས་ལ་དཔེ་བླངས་ནས།། མི་ལུས་ལ་བཤད་པ་རྒྱོབས།། རང་ལ་བལྟས་ན་མེ་ཏོག ། གཞན་ལ་བལྟས་ན་རྩྭ་ཡན།། རང་ཁར་རང་གིས་བདག་པོ་སྤྲོད།། ནམ་ཕུགས་གླེང་རྒྱུ་ཉུང་བ་ཡིན།། རང་མགོ་རང་གིས་བསྐོར་ཀྱང་།། ད་དུང་སྤྱང་པོའི་ཚུལ་དུ་བཟུང་།། རང་མིག་རང་གིས་སློང་བ།། རང་ཁར་རང་གིས་གཞུས་ནས།། རང་སོ་བཅག་ཀྱང་འཛུམ་དམུལ་དམུལ།། རང་འཚོ་མ་ཟིན་འགྱེལ་བ་དེ།། ལམ་ཁའི་རྡོ་ལ་འཁང་དོན་མེད།། རང་རྒྱུ་ལ་སེར་སྣ་དང་།། གཞན་རྒྱུ་ལ་ཧམ་སེམས།། རང་སྡུག་རང་གིས་ཉོས་པ།། རང་གིས་མ་ཎི་ཡང་མི་བགྲང་།། ཕྲེང་བ་མི་ལ་ཡང་མི་སྤྲོད།། རང་གིས་གཡོས་པའི་སྐྱོ་མ།། རང་གིས་གཙང་མ་ལྡག་དགོས།། རང་གིས་མོ་གནོང་ལས་མ་བྱས་ན།། གཞན་གྱིས་རང་ལ་འཕྱ་དོན་མེད།། རང་ལ་བལྟས་ན་ལྷ་དང་།། གཞན་ལ་བལྟས་ན་འདྲེ།། རང་བསྟོད་བྱེད་པའི་དུས་ཚོད་དེ།། ཤེས་བྱར་སྤྱད་ན་བསྟོད་པ་རང་བཞིན་ཐོབ།། རང་དཔེ་གཞན་ལ་བཀབ་ནས་རྟོག་དཔྱོད་ཐོངས།། རང་གིས་གང་བྱས་མི་ལ་ཤོད།། རང་སྐྱོན་རི་བོ་ཙམ་དེ་ཁོང་དུ་སྦས།། གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨྲོས།། རང་མེད་བྱེད་ལ་རོགས་མི་དགོས།། རང་སྲོག་གཅོད་པར་གྲི་མི་དགོས།། རང་གདོང་མ་མཐོང་སེང་གེར་ཤགས།། ཤགས་པ་ཁྱེད་རའི་ཁ་ཡང་འབ་རེད།། རང་གི་རྙལ་རལ་ཕྱིས་ནས།། གཞན་ལ་དྲི་མ་སྣོམས།། རང་མགོ་རང་ལྤགས་ཀྱི་འཐུམ་པ།། རང་ལ་དགོས་པ་ཞིག་དང་།། གཞན་ལ་མི་དགོས་པ་ཞིག ། རང་ལུས་དུམ་བུར་གཏུབས་པར་མ་འཛེམས་ན།། གོང་མ་རྟ་ཡི་ཐོག་ནས་འབེབས་པར་ཕོད།། རང་མིས་རང་ཉིད་བརླག་པ་མང་།། རང་བསམ་རང་གིས་གཏོང་བ་ལས།། མི་ཁའི་རྗེས་སུ་འབྲང་མི་ཉན།། རང་སྐྱིད་པ་གཞན་ལ་མ་ངོམ།། སྐྱིད་པ་གཞན་ལའང་ཡོང་།། རང་ལ་དགའ་བ་ཕྱེད་དང་།། མི་ལ་དགའ་བ་ཕྱེད་ཡོད།། རང་ཡུལ་ཟམ་པའི་འོག་ཏུ་ཡིན་ཀྱང་སྐྱིད།། རང་མེད་མི་མེད་བཟོ་བར།། གྲི་དང་མེ་མདའ་མི་དགོས།། རང་སྐལ་བཞག་ནས།། མི་སྐལ་ལ་མིག་ཧྲིག་ཧྲིག ། རང་སྡོད་སར་མི་བཞག ། མི་སྡོད་སར་རང་སྡོད།། རང་དོན་འགྲིགས་ན་ཆ་ལུགས་ངན་ཀྱང་ངན།། ཞིམ་པོ་བྱུང་ན་བཟས་ནས་ཤི་ཡང་ཤི།། རང་གི་ཞྭ་མི་ཐེག་པར།། མིའི་རྨོག་གྱོན་རྒྱུ།། རང་ཐག་རང་གིས་ཆོད་པ།། རྒྱལ་རྩེ་པ་སངས་བུ་ཁྲིད།། རང་ཉིད་ཕུང་པས་མི་ཚད་ལྟོ་ཚང་ཕུང་།། རང་གི་ལྷས་བློས་བཏང་།། མིའི་ལྷས་ངོས་མ་བླངས།། རང་སྐལ་རྡོ་ལ་སོང་ཡང་མུར།། རང་ལུས་རྙིང་པར།། རང་སེམས་གསར་དུ་ཆུག ། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག ། རང་སེམས་ལ་དོགས་པ་མེད་ན།། བར་དོ་ལ་འཇིགས་སྐྲག་མེད།། རང་ལ་དྲི་རང་ལ་ཁ་བདེ།། ཞན་ལ་ཁག་དཀྲི་བྱེད་མི་ཉན།། རང་ལ་ནན་པོ་བྱས་ན་ཕན་པའི་རྒྱུ།། གཞན་ལ་འཇམ་པོ་བྱས་ན་མཐུན་པའི་གཞི།། རང་བསྟོད་རྒན་མོ་བྱ་ལས་ཞན།། རང་གིས་རང་ལ་བསྟོད་ན།། ལྷ་དབང་ཡིན་ཀྱང་མཛེས།། རང་འདོད་ཧམ་པ་གཡོ་སྒྱུ་གསུམ།། འཕྲལ་དུ་སྒྲུབ་ཀྱང་ཕུགས་མི་བརྟན།། རང་སེམས་དཀར་པོར་ལྷད་མེད་ན།། ཁག་གཡོགས་གཏམ་ལ་སྐྲག་དོན་མེད།། རང་མཐོང་ཅན་གྱི་སྐྱེ་བོ་དེས།། མཁས་པའི་ཡོན་ཏན་སྐྱོན་དུ་སེམས།། རང་ཐོག་ལ་དཔེ་བཞག་ནས།། གཞན་ཐོག་ལ་སྐད་ཆ་ཤོད།། རང་མགོའི་ཁ་བ་བཞག་ནས།། མི་མགོའི་བ་མོ།། རང་གི་སྐྱོན་ལ་ལྟོས།། གཞན་གྱི་ཡོན་ཏན་སློབས།། རང་གིས་མྱངས་མྱོང་ན།། མི་ལ་ཤོད་པ་མཁས།། རང་ཁ་སྤར་མོས་ཁེབས་ཀྱང་།། མི་ཁ་འཕྱ་རས་མི་ཁེབས།། རང་རྒྱ་ལ་མ་ཕྱིན་ཀྱང་།། རྣ་ཅོག་རྒྱ་ལ་བཏང་ཡོད།། རང་གིས་བཙོས་པའི་ཆང་དེ།། ཞིམ་པོ་མེད་ཀྱང་འཐུང་དགོས།། རང་གིས་བཙུགས་པའི་ཟམ་པ་ལ།། རང་ཉིད་ཐར་བ་བྱེད་དགོས།། རང་ལ་ཡོན་ཏན་ཡོད་ན།། ཤུལ་ལམ་རང་གི་རྐང་འོག ། རང་ལས་ཁྱི་རྒྱུག་རྒྱུག ། མི་ལས་འབུ་འགྲོ་འགྲོ།། རང་ལ་བྱུང་ན་ནོར་དང་།། མི་ལ་བྱུང་ན་ལྟས་ངན།། རང་འཐག་རྩུབ་ན་རྩམ་པ་ཞིམ།། ཕ་མ་བཙན་ན་བུ་ཕྲུག་ལེགས།། རང་དོན་སྤགས་ཀྱི་འཆང་བུ་མི་ཤེས་པར།། གཞན་དོན་མར་གྱི་དཀར་རྒྱན་ཞོག་རོགས།། རང་མགོ་སྤར་བས་མ་འཐུམ་པར།། མི་མགོ་དར་གྱིས་གཏུམ་རྒྱུ་ཕར་ཚད་རེད།། རང་ཁྲལ་མི་ཐེག་པའི་མི་ཁྲལ།། མར་ཁྲལ་མི་ཐེག་པའི་སྟེང་ཚྭ།། རང་དོན་ངན་པ་ཁོག་ཏུ་བཅུག ། གཞན་དོན་སྨིན་མ་གཟེངས་གཟེངས།། རང་དོན་རྩྭ་ཡི་གྲིབ་མ་འདྲ།། སྤྱི་དོན་མཐོན་པོ་གནམ་དང་འདྲ།། རང་ལ་མཛེས་རྒྱན་སྤྲས་པ་ལས།། ཤེས་ཡོན་མང་ཙམ་བསླབས་ན་ལེགས།། རང་གིས་རང་ལ་བྱིན་གྱིས་རློབས།། རྐང་པས་མགོ་ལ་བྱིན་གྱིས་རློབས།། རང་ཚོད་རང་གིས་བཟུང་།། སྐྱེ་ཚོད་ཤིང་གིས་བཟུང་།། རང་ཚོད་རང་གིས་མ་བཟུང་ན།། ཁ་ལ་ཀོ་ལྕག་ཉོས་ཡོང་ངོ་།། རང་བྱུང་ཁམས་ལ་དབང་སྒྱུར་མཁན།། ་དང་མི་ཡི་ལག་པ་ཡིན།། རང་དབང་ཐམས་ཅད་བདེ་བ་སྟེ།། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།། རང་ཚུགས་མི་ཐུབ་གཞན་གྱི་ཁ་ལ་ཉན།། ཉེན་ཁའི་གཡང་ལ་གོམ་པ་ཐལ་བར་ངེས།། ང་ལ་ཡི་ཕན་གཞན་ལ་གནོད།། ལྷ་མོ་མ་མཉེས་མགོན་པོ་ཁྲོས།། རང་ཤུགས་རང་ལ་བརྟེན་པ་ན།། ལྷ་ཡི་ལག་པ་ལས་ཀྱང་བཟང་།། རང་གིས་རང་ལ་ཡིད་མ་ཆེས།། ཀ་བ་གདན་པ་ཀྱོག་ཀྱོག་རེད།། རང་ཟས་ལ་སྨན་དང་།། མི་ཟས་ལ་དུག ། རང་རྒྱུ་ལ་སེར་སྣ།། མི་རྒྱུ་ལ་ཧམ་པ།། རང་མ་གཏོགས་མི་མིན།། ཨོང་དོ་མ་གཏོགས་ཤ་མིན།། རང་སྐྱིད་པོ་བྱུང་ན།། གཞན་གྱི་སྡུག་བསྔལ་མི་མཐོང་།། རང་ལ་སྤུ་ཡོད་ཀྱང་།། ལུང་པ་སྤུ་མེད་རེད།། རང་ཡུལ་རྒྱབ་ཏུ་བསྐྱུར།། ཡི་ཡུལ་པང་དུ་བླངས།། རང་གི་མི་དེ་རང་གིས་བསྟོད།། རང་གི་ལྷ་དེ་རང་གིས་གསོལ།། རང་ཡུལ་ཕག་ཚང་ཡིན་ཡང་གཞལ་ཡས་ཁང་།། རང་ཕྲུག་ལ་མི་གཅེས་པ་ཁྲ་དང་སྤྱང་ཀིས་ཀྱང་མི་བྱེད།། རང་སེམས་དཀར་པོར་ལྷད་སྐྱོན་མེད་ན།། ཡི་དམ་ལྷ་ཡི་བཀའ་ཆད་ཡོང་དོན་མེད།། རབ་བརྒལ་གཅིག་ལ།། བརྫེ་བཅངས་གཉིས།། རབས་ཆད་ཀྱི་སྒོ་རྩར།། གཅེས་ཕྲུག་གི་རྩེ་བྲོ།། རལ་གྲི་ལག་ཏུ་མེད་གྱུར་ན།། དེ་ལ་གཞན་གྱིས་ཐུབ་ཚོད་བྱེད།། རི་བོ་ཆེན་པོ་རླུང་གིས་འཁུར་མི་ཐུབ།། རྒྱ་མཚོ་ཆེན་པོ་མེ་ཡིས་བསྐམ་མི་ཐུབ།། རི་དེ་ལ་འཁོར་བའི་རི་དྭགས་དང་།། ཆུ་དེ་ལ་འཁོར་བའི་ཉ་མོ།། རི་མཐོ་ན་དབྱར་ཀྱང་ཁ་བ་བབས།། ཀླུང་དམའ་ན་དགུན་ཡང་ལྗང་ཁ་སྐྱེ།། རི་མཐོ་ན་ཁ་ཆར་རྒྱུན་མི་འཆད།། ས་མཐོ་ན་བ་མོ་རྒྱུན་མི་འཆད།། རི་བོ་གཅིག་ལས་གཅིག་མཐོ།། མཁས་པ་གཅིག་ལས་གཅིག་མཁས།། རི་ཆེ་ལ་དཔག་པའི་ཁ་བ་དང་།། རྡོ་ཆུང་ལ་དཔག་པའི་བ་མོ།། རི་ཇི་ལྟར་མཐོ་ཡང་ལ་རྫས་འོག ། ཆུ་ཇི་ལྟར་ཆེ་ཡང་ཟམ་པའི་འོག ། རམཐོ་སར་ཕྱིན་ན་ཕྱོགས་བཞི་མཐོང་།། རི་མགོ་མཐོ་ལ་མ་ལྟོས།། རི་རྒྱ་ཆེ་ལ་ལྟོས།། རི་སྡིང་སྡིང་གླ་བའི་ཉལ་ས་རེད།། ཉལ་ཆེ་ན་སྲོག་ལ་ཉེན་ཁ་ཡོང་།། རི་ཟུང་སྤྱང་ཀིའི་འགྲོ་ལམ་ལ།། གཡང་དཀར་འབྲོས་པའི་ཐར་ས་མེད།། རི་མགོ་མཐོ་ན་རླུང་པོ་སྡང་།། ཅོད་ཕན་སྡོད་སའི་གནས་མ་ཡིན།། རི་ཆེ་ན་གཡང་ཆེ།། ཁེ་ཆེ་ན་ཉེན་ཆེ།། ཆོས་ཟབ་ན་བདུད་ཟབ།། རི་དཀར་པོར་གཏོང་མི་ཁ་བ་དང་།། ཀླུང་ནག་པོར་གཏོང་མི་བ་མོ་རེད།། རི་མ་ཟད་གླ་བ་མཐར་སྐྱེལ་དང་།། ཆུ་མ་བརྒལ་གཏིང་ཚད་ག་ནས་ཤེས།། རི་ལུག་པ་ཐག་པས་མི་འདུམ།། ཆུ་ཤོར་བ་རགས་ཀྱིས་མི་འདོད།། རི་ཟས་སྙིང་ལ་འདོད་ཀྱང་།། རི་ནང་གནས་མི་འདོད།། རི་བོང་གིས་ཁལ་ཐེག་ན།། བོང་བུ་གསོས་ནས་གང་ཡོང་།། རི་བོང་མགོ་མཐོ་ཡང་ཕྱེད་རྣ་བ།། ཝ་མོ་གཟུགས་རིང་ཡང་ཕྱེད་རྔ་མ།། རི་ཆེན་ཁོག་པ་རླུང་གིས་ཁེངས།། མི་ཆེན་ཁོག་པ་རྫུན་གྱིས་ཁེངས།། རི་བོ་ཀླུང་རྒྱ་ཆེ་ཡང་།། ཤྭབ་ཤ་ཁྱིས་མི་གཏོང་།། རི་ངན་རྩྭ་མ་ཞིམ།། ས་ངན་ཆུ་མ་ཞིམ།། རི་རྒྱལ་ལྷུན་པོར་སྦྲང་མའི་གཤོག་ལྕག ། རི་རབ་སྒུལ་བའི་སྒུལ་ཤིང་།། རྒྱ་མཚོ་དཀྲུག་པའི་ཐུར་མ།། རི་ཆེན་འདི་ལ་བསྐོར་ས།། མི་ཆེན་འདི་ལ་ཞུ་ས།། རི་མགོ་ནོན་ནས་ཁྱི་ར།། རི་བོ་མེར་བསྲེགས།། རྒྱ་མཚོར་དུག་བཏབ།། རི་བོ་ཟོས་ནས་མ་བརྒྱགས།། རྒྱ་མཚོ་བཏུངས་ནས་མ་ངོམས།། རི་བོ་གནམ་རྡིབ་ཀྱི་སྡུག་བསྔལ།། རི་བོང་གླག་གིས་ཁྱེར་ན།། འབོད་ས་ཨ་སྔོན་གནམ།། རི་བོང་པགས་པར་འཐེན་ཤེད་དང་།། ཤི་ཤའི་རྒྱུ་མར་བརྒྱང་ཤེད་མེད།། རི་བོང་སྤུ་ལ་མཐོང་བ་རྣམ་གསུམ།། རི་བོང་གི་རྭ་དང་སྒོ་ངའི་སྤུ།། རི་བོ་ནས་འབྲེག་འབྲེག །། རྒྱ་མཚོ་ནས་གཅུ་གཅུ།། རི་བྱིའུ་ཐང་ལ་བབས་པ།། བརྒྱ་མ་ལན་གཅིག ། རི་འོས་ལ་རྫོང་དང་།། ཐང་འོས་ལ་ཞིང་།། རི་མོའི་བ་ལས་འོ་མ་དང་།། རི་མོའི་གཟུགས་ལས་ཨ་ལན།། རི་མཐོ་ན་ཁ་བ་དབྱར་འབབ་དང་།། ཀླུང་དམའ་ན་ཆར་པ་དགུན་འབབ།། རི་རྡོ་ཀླུང་སྐྱེས།། མདའ་གཏམ་ཕུ་སྒྲོག ། རི་ལ་སྤྱི་བོས་རྡུང་ཡང་།། སྐུ་གྱོང་རི་ལ་མི་ཕོག ། རི་མ་ཟད་གོང་མོ་མཐར་འདེད།། ཆུ་མ་ཟད་ཉ་མོ་མཐར་འདེད།། རི་བོང་སུག་ལག་ཐུང་རང་།། ལ་མོ་འདྲ་འདྲ་བརྒྱབ་ཡོད།། རི་མོར་ཚོན་གྱིས་བརྒྱན།། མི་ལ་ཡོན་ཏན་གྱིས་བརྒྱན།། རིག་པ་ཁོག་པའི་ནང་དུ་ཡོད།། དགོས་པའི་དུས་སུ་གཉིད་ལ་ཤོར།། རིག་པ་སློབ་པར་འགོར་དུས་མེད།། ཁྭ་ཏའི་མདོག་ནི་དཀར་དུས་མེད།། རིག་འཛིན་ཆང་གིས་བཟི་ནས།། སྐྱུག་པ་འདོམ་ལ་འཇལ་སོང་།། རིག་པ་གཞོན་གྱི་དུས་ན་སློབས།། བ་ནི་དགུན་གྱི་དུས་སུ་གསོ།། རིགས་མཐུན་དུད་འགྲོ་ཁྱུ་གཅིག་འདུ།། སྤྱོད་མཐུན་མི་རྣམས་ལྷན་ཅིག་འདུ།། རིང་བ་འདོམ་ལ་འཇལ།། ཐུང་བ་མཐོ་ལ་ཚད།། རིང་ལུགས་བདེན་པ་ཡིན་ན།། མགོ་བོ་ཤོར་ཡང་འགྱོད་པ་ཅི།། རིན་ཆེན་གསེར་གྱི་འདོད་པ་ཡོད་ཟེར་ན།། དོན་མེད་མུན་པའི་གླིང་དུ་མ་སོང་ཞིག ། རིལ་རིལ་རྦབ་ལ་གྲིལ་ན།། འཇོང་འཇོང་ལྟད་མོ་ཁྱད་པར་མེད།། རུབ་རུབ་ཀྱི་གྲོས་བྱས།། འཇགས་འཇགས་ཀྱི་ཟས་ཟ།། རུས་པ་མེད་ན་ཤིག་རེད།། རྣ་བ་མེད་ན་བྱ་རེད།། རེ་བཅོལ་ཆེན་པོ་གཉེན་ལ་མ་བྱེད།། ནམ་ཕུགས་འཁོན་དུ་འགྲོ་བ་ཡིན།། རེ་བ་གནམ་ལ་བཅོལ།། གཡོལ་དགོས་པ་གཅིག ། རེ་བ་རི་ཙམ་བཅོལ་ཀྱང་།། འབྲས་བུ་སྤུ་ཙམ་མི་ཐོབ།། རོ་བཅུད་ལྡན་པའི་ཟས་ཡོད་ཀྱང་།། ལུས་ལ་འཇུ་བའི་ཕོ་བ་དགོས།། རོ་ས་འོག་ལ་སོང་ཡང་གཏམ་ས་སྟེང་དུ་ལུས།། རོ་སྔོན་ལ་ཕུད།། སྐར་མ་རྗེས་ལ་ལྟ།། རོ་བདག་མེད་ཁྱི་ཡི་ལོངས་སྤྱོད་རེད།། རོ་དུར་ཁྲོད་ནས་ལོག་མི་སྲིད།། རོགས་གསར་པ་ཡོད་དུས་རྙིང་པ་བོར།། གཡུ་བྱུ་རུ་ཡོད་དུས་སྤོས་ཤེལ་བོར།། རོང་བའི་མི་ལ་ཚད་པའི་གཡའ།། བརླག་འདོད་ན་རྩིས་པའི་བ་བརླགས།། འཆི་འདོད་ན་ཨེམ་ཆིའི་ཨ་མ་ཤི།། རླག་མཁན་ལ་སྡིག་པ་བརྒྱ།། རྐུ་མཁན་ལ་སྡིག་པ་གཅིག ། རླུང་བུས་ནང་ལ་འདེད།། ལྟོགས་པས་སྒོ་ཕྱིར་བུད།། རླུང་གིས་རི་བོ་ཁྱེར་ཐབས་བྲལ།། བླུན་པོས་མཁས་པ་བསླུ་ཐབས་བྲལ།། རླུང་མ་ལྡང་ཤིང་སྡོང་སྒུལ་དོན་མེད།། གྲུ་མ་བསྒུལ་ཆུ་མོ་ཉོག་དོན་མེད།། རླུང་ལ་གཤོག་སྒྲོ་མེད་ཀྱང་།། མ་མཁའ་འུར་སྒྲས་ཁེངས།། རླུང་ལ་ཞགས་པ་དང་།། གྲིབ་ལ་སྤར་འཛིན།། རླུང་རྟ་ཡར་འགྲོའི་དུས་ལ་ལྷ་ལས་བླ་མ་བཟང་།། རླུང་རྟ་མར་འགྲོའི་དུས་ལ་ཁྱི་ལས་ཞུམ་བུ་སྡང་།།
༼ ལ ༽
ལ་རེ་བརྒྱབས་ན་ཀླུང་རེ་ཡོད།། ལ་ཀླུང་གལ་ཏེ་མགོ་འབྲེལ་ཡིན།། ལ་རེར་ཐུར་རེ་མ་བརྒྱབ་ན།། བདེམོའི་ཐང་ལ་བབ་མི་ཐུབ།། ལ་ཁའི་ཉི་མ་དང་།། ཆུ་ཁའི་གྲིབ་སོ།། ལ་སུམ་མདོའི་ཐོ་སྤོགས་དང་།། ཆུ་སུམ་མདོའི་ཟམ་པ།། ལ་ལ་འགྲོ་བའི་འཁར་བ་དང་།། ཀླུང་ལ་འགྲོ་བའི་ལྷམ།། ལ་ཁའི་ཁ་བ་ཆེ་ཆུང་དེ།། ལྷ་བྱ་གོང་མོའི་སྐད་ལ་ཉོན།། ལ་ཁའི་སོ་པ་མ་གཏོགས།། ཁྲིམས་གཅོད་ཀྱི་སྟ་རེ་མ་རེད།། ལ་རྒྱག་པར་ལམ་དགོས།། ཆུ་ཐོན་པར་གྲུ་དགོས།། ལ་ལགས་སོ་མ་ཞུས་གོང་གི་ཚ་གྲང་རེད།། ལ་མགོར་འབྱོར་རྗེས་བཞོན་རྟ་བརྗེད།། ལ་ལ་ཁ་བ་དང་།། ཀླུང་ལ་བ་མོ་མེད།། ལ་མང་བརྒལ་བའི་བོང་རྒན།། ཁལ་ཤེད་མེད་ཀྱང་མྱངས་ཤེད་ཡོད།། ལ་ཁའི་ཆར་པ་དེ།། ལུང་ཁུག་ལ་མི་འབབ།། ལ་གཉིས་བར་གྱི་ལ་རྫས་དང་།། ཆུ་གཉིས་བར་གྱི་ཟམ་པ།། ལ་འདི་ནས་བརྒྱབས་ན་ལ་ཐག་ཉེ།། ཆུ་འདི་ནས་འབོགས་ན་རབ་ཁ་བདེ།། ལ་འདྲ་ཡང་ཀླུང་མི་འདྲ།། ཆུ་འདྲ་ཡང་འོབས་མི་འདྲ།། ལ་མཐོན་པོ་འཛེག་དུས་སྐེད་པ་འདྲོང་།། ཐང་བདེ་པོ་འགྲིམ་དུས་མཇིང་པ་དུད།། འཕྲང་དོག་མོ་བཤར་དུས་རི་ལ་ཕྱོགས།། དེ་གསུམ་རྒས་པོའི་མན་ངག་ཡིན།། ལ་མགོར་ཇག་པས་གང་བཤད་དང་།། གྲུ་ཁར་མཉན་པས་གང་བཤད་རེད།། ལ་མཚམས་ཁ་བས་ཆོད།། ཁྱི་མཚམས་རྒྱུག་པས་ཆོད།། ལ་ཁར་ཇག་པ་དང་།། ཆུ་ཁར་མཉན་པ།། ལ་ལམ་མེད་ལ་ལམ་བུ་བཟོས།། ཆུ་ཟམ་མེད་ལ་ཟམ་པ་བཙུགས།། ལ་རྒན་བཤར་བའི་མཛོ་རྒན་ལ།། ཁལ་རྒྱུས་མེད་ཀྱང་ལམ་རྒྱུས་ཡོད།། ལ་ཁར་ཤི་ན་བྱ་རོ་དང་།། ཆུ་ཁར་ཤི་ན་ཉ་རོ།། ལ་ཆའི་བང་ཆེན་རྡོ་ལ་སྦྱར།། ལ་བཤད་ཀླུང་བཤད་བརྒྱ་བྱས་ཀྱང་།། འབྲུ་ལུ་གཅིག་པོ་དོན་མེད།། ལ་ཐེལ་སྒང་ལ་སྤགས་ཐེལ།། ལག་དམ་པོར་མ་སྡོད་ཡོག་ལས་བྱེད།། མིག་དམ་པོར་མ་སྡོད་ཡི་གེ་ཀློགས།། ལག་ངལ་དུས་ལག་རོགས་མེད་པར།། ཁ་དལ་དུས་ཟ་རོགས་མི་དགོས།། ལག་པ་ཚ་དུས་སྐམ་པ།། ཚེར་མ་ཟུག་དུས་རྡོག་པ།། ལག་པ་ལ་ཤ་ཡོད་ན།། ནམ་མཁའ་ལ་བྱ་ལྡིང་།། ལག་མི་གཙང་བ་མི་ཁྱུར་མི་ཚུད།། ལག་པ་ཡ་གཅིག་གི་ཐལ་མོ་དང་།། རྐང་པ་ཡ་གཅིག་གི་ཞབས་བྲོ།། ལག་པ་གཅིག་པས་བཀྲུས་པའི་གཙང་མདོག ། ལག་མགོ་བསྒྲེངས་པར་དཔུང་པ་དགོས།། ལག་དགུ་ཆད་ཀྱང་ལན་དགུ་མཐུད།། ལན་གཅིག་རྫུན་དུ་སྨྲས་གྱུར་ན།། བདེན་པར་སྨྲས་ཀྱང་དོགས་པ་སྐྱེས།། ལན་རྩ་ཅན་ལ་ཆད་པ་དང་།། བུ་ག་ཅན་ལ་ལྷན་པ།། ལན་པ་ཅན་ལ་སྟོང་གི་བཞི་ཟུར།། ལབ་པ་ཁས་མ་ཐོགས་པ་དང་།། འགྲོ་བ་རྐང་པས་མ་ཐོགས་པ་དགོས།། ལབ་པ་ཁས་ལབ་ཀྱང་།། བསྡེམ་པ་ལྕེ་བསྡེམས་ཡོང་།། ལབ་རྒྱུ་ཆང་རེད་དེ།། དགོས་རྒྱུ་ཆང་དགོས།། ལབ་རྒྱུ་ཕ་བསད་བུ་ལ་ཡོད།། ལམ་འཕྲང་ཆུ་ལ་བལྟས་ནས་འགྲོ་ལུགས་དང་།། ཕྱེ་རྐྱང་སྤམ་ལ་བལྟས་ནས་ཟ་ལུགས་བྱེད།། ལས་རྗེས་མ་ཟིན་ཀྱང་།། ལྟོ་རྗེས་ཟིན་པ་དགོས།། ལས་འཕྲོ་ཡོད་ན་ས་ཐག་རིང་ཡང་ཐུག ། ལས་འཕྲོ་མེད་ན་ཐུག་ཀྱང་ངོ་མི་ཤེས།། ལས་ལ་བསཤན་པ་བསྐོས་ཙང་།། སྡིག་པ་འཛེམ་པ་མི་འདུག ། ལས་བྱས་ན་མི་ཚར་བཞག་ན་ཚར།། ལས་ལ་བསྐོས་ན་དགྲ་ནོར་རང་གི་ཡིན།། མ་བསྐོར་རང་རྒྱུ་དགྲ་ཡི་ལག་ཏུ་ཤོར།། ལས་ཁ་ནས་ཤོད་དུས་ནམ་ལངས་ལངས།། དོན་ལག་ཏུ་ལོན་དུས་ས་རུབ་རུབ།། ལས་ཀ་བྱེད་དུས་སྔོན་རྩིས་དགོས།། ལས་ངན་པའི་སྡིག་པ་མ་བསགས་ན།། སྐྲག་དགོས་པའི་གཤིན་རྗེ་ཆོས་རྒྱལ་མིན།། ལས་འཕྲོ་མི་རྒན་ཁ་སྤུ་འདྲ།། གཅོད་བཞིན་གཅོད་བཞིན་མང་དུ་འགྲོ།། ལམ་ཐག་རིང་ན་རྟ་ཤུགས་ཤེས།། གཤིབ་ཡུན་རིང་ན་མི་རྒྱུས་ལོན།། ལམ་འཕྲང་དོག་པོའི་རྟ་བབ་དེ།། དེ་མ་ཐག་གི་རིམ་འགྲོ་ཡིན།། ལམ་རིང་པོ་ཞིག་ལ་ཀྱོག་ཀྱོག་བརྒྱ།། ཚེ་རིང་པོ་གཅིག་ལ་སྐྱིད་སྡུག་བརྒྱ།། མ་འདི་ལ་མི་འགྲོ་མེད།། མི་དེ་ལ་མི་རེ་མེད།། ལར་གསར་འགྲོགས་ཆེ་བའི་གཉེན་ལས།། ཕྱི་ཐག་རིང་བའི་དགྲ་དགའ།། ལས་མི་བྱེད་ལྟོ་གོས་སྤྲོས་བྲལ་ཡིན།། ལས་མེད་ལ་སྒང་གི་སྤྱང་ཀི་མཐོང་།། ལས་བྱས་པར་མ་ལྟོས་རྗེས་ལ་ལྟོས།། ལས་ལ་བསོད་བདེ་མེད་ན།། ཚེ་གང་འབད་ཀྱང་ཕྱུག་པོ་དཀའ།། ལས་ལ་ཆོས་བྱས་ཀྱང་།། སངས་རྒྱས་དགྲ་ལ་ལངས།། ལས་ལ་གང་བསྐོས་མ་གཏོགས།། སྣང་བ་གང་ཤར་མི་འདུག ། ལས་སྒོ་ལ་འགྲོ་བ་བསམས་ནས།། ར་མཇུག་ལ་ཚོས་བརྒྱབ་པ་ཨེ་རེད།། ལས་ཀ་ཐམས་ཅད་ལད་མོ་ཡིན།། ལད་མོའི་ནང་ནས་སུ་མཁས་ཡིན།། ལས་སྔ་དྲོ་མ་བྱས་ཕྱི་དྲོ་འགྱོད།། རིག་པ་གཞོན་དུས་མ་བསླབས་རྒན་དུས་འགྱོད།། ལས་ལ་བྱས་ཡུས་ཆེ་ན་ངོ་སོ་ཆུང་།། ལས་ཚན་ཤིག་ལ་ཟ་སྒོ་སྲོ་མ།། ལས་ཀ་མེད་ན་སྐས་འཛེགས་ཤིགས།། ལུ་གུ་རྒྱགས་ཀྱང་རྐང་དམར་ཁྲག ། ལུ་གུ་མ་ཁྱེར་གོང་ལ་སྤྱང་ཀི་ཟུངས།། ཡུལ་སྡེ་མ་འཁྲུགས་གོང་ལ་མི་ངན་ཟུངས།། ལུག་རྫི་ཇ་ཆང་གཉིས་ལ་མགོ་འཁོར་ན།། ལུ་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད།། ལུག་ལ་སྤྱང་ཀི་ཤོར་བ།། ལུག་སྤུ་ཆེན་ལ་བལ་དང་།། ཉ་སྤུ་མེད་ལ་ཁྲམ།། ལུག་མ་གསོད་བླ་མས་གསུངས།། ཤ་འཁྱེར་ཤོག་བླ་མས་གསུངས།། ལུག་མགོ་བཤམས་ནས་ཁྱི་ཤ་བཙོངས།། ལུང་པ་རེ་ལ་སྐད་ལུགས་རེ།། བླ་མ་རེ་ལ་ཆོས་ལུགས་རེ།། ལུང་པ་ཆུས་ཁྱེར་ན།། རྡོ་ལེབ་སྐམ་པོར་མི་སྡོད།། ལུང་པ་ཕུ་དུང་ཙམ་ཞིག་ནས།། ཨ་བྲ་གཡག་ཤས་ཙམ་ཞིག་ཐོན།། ལུང་པ་མ་ཟད་རྩམ་པ་རེད།། ཁྲོམ་དུས་ཀཎི་སྒོ་བཞི་རེད།། ལུང་ཆུང་ནང་གི་དཔོན་ཆུང་།། ལུས་ལ་ན་ཚ་མེད་ན་ཁྱི་གཞུག་རྡོག་བརྫིས་ཐོངས།། སེམས་ལ་སྡུག་བསྔལ་མེད་ན་བུ་ལོན་ཁག་ཐེག་གྱིས།། ལུང་ངག་ཡིད་གསུམ་ཡར་ཕུལ་ནས།། ལྟོ་གོས་གཏམ་གསུམ་མར་ཞུས།། ལུས་ལ་མི་དགོས་ན་ཚ་དང་།། སེམས་ལ་མི་དགོས་སྡུག་བསྔལ།། ལུས་ལ་ཆེ་ཆུང་ཁྱད་ཡོད་ཀྱང།། སྲོག་ལ་ཆེ་ཆུང་ཁྱད་པར་མེད།། ལུས་སྲོག་གཟན་དུ་བོར།། ལྟས་ངན་གཡང་དུ་ལེན།། ལུས་ལ་རྨ་བརྒྱ།། ཟས་ལ་ཁ་བརྒྱ།། ལུས་རྒྱུ་རྐང་རྗེས་དང་།། འཁྲིད་རྒྱུ་གྲིབ་ནག ། ལུས་པོ་སྐྱ་ཞིང་སྔོ་ལ།། ཤ་ཟད་རུས་པ་སྐམ་པོ།། ལུས་ལ་གང་གོན་ལྟ་མཁན་ཡོད།། ཁོག་ནང་གང་ཟས་ལྟ་མཁན་མེད།། ལུས་ལ་རྒྱན་ཆ་ལས།། བློ་ལ་ཐོས་པ་དགའ།། ལུས་ལ་དཔའ་རྩལ་ཡོད་རྒུ་ཚང་ན།། སྐུ་གཟུགས་ར་ལས་ཆེ་མི་དགོས།། ལུས་ལ་མེ་ཤོར་གསོད་ཐབས་དང་།། རུམ་ལ་སྦྲང་འཛུལ་འབུད་ཐབས།། ལེ་ལོ་ཅན་གྱི་སྐེ་ལ།། བག་སྒོར་གཡོགས་ཀྱང་ཟ་མ་སྒྱིད།། ལེགས་པ་བརྒྱ་ལ་བསྐོར་ཕྱོགས།། ཞིམ་པ་བརྒྱ་ལ་གཡོ་ཕྱོགས།། ལེགས་བཤད་བྱིས་པའི་ཁ་ལ་ཡང་ཡོད།། ཉེས་བཤད་བླ་མས་གསུངས་ཀྱང་སྲིད།། ལོ་མང་སོང་བའི་རྒས་པོའི་ཁ་ལ་ཉོན།། སྐྱིད་སྡུག་མང་པོ་མྱངས་པའི་མི་རྒན་རེད།། ལོ་ཆུང་བཅོ་ལྔ་བཅུ་དྲུག་སྐབས།། ལས་གང་ཐུབ་པའི་དུས་ཚོད་ཡིན།། ལོ་ན་རྒས་ན་རྒན་པ་མིན།། ཤེས་བྱ་རྒྱས་ན་རྒན་པ་ཡིན།། ལོ་གཅིག་ལོ་གཉིས་ལན་ཟླ་ཡིན།། ལོ་གསུམ་ཨ་ཕོ་རྒན་རྒན་རྒན།། ལོ་གསུམ་སྡོད་པའི་ཚེ་ལས་མེད་ཀྱང་།། ལོ་བརྒྱ་འདང་བའི་ཡོན་ཏན་དགོས།། ལོ་གཅིག་སྟོན་ཐོག་ཉེས་ན་ཉེས་པ་མིན།། ཚེ་གང་གཏན་གྲོགས་ཉེས་ན་ཉེས་པ་ཡིན།། ལོ་བརྒྱ་སྨན་དེ་འཆི་ཁར་དུག ། ལོ་ཨེ་ཡག་མི་ཡག་ཟླ་བ་བརྒྱད་པ།། ལོ་ཡག་ཐོག་ལ་བཙས་མ་རྔོས།། ལོང་བ་མཐོང་རྒྱ་ཆེ་བ།། འོན་པ་གོ་རྒྱ་ཆེ་བ།། ལོང་བས་བལྟས་ཀྱང་ཁམས་གསུམ།། ལོང་བས་ལོང་བ་ཁྲིད།། ལོང་བ་ཆུ་ལ་ལྷུང་།།
༼ ཤ ༽
ཤ་མང་པོ་བྱང་ཐང་འབྲོང་ལ་ཡོང་།། མི་མང་པོར་བགོས་ན་ཐོབ་སྐལ་ཆུང་།། ཤ་གྲང་མོ་དགའ་སྟེ་ཇག་པར་མི་རག ། ཇ་ཚ་པོ་དགའ་སྟེ་འཚེམ་བུ་བར་མི་རག ། ཤ་སོགས་པ་གཅིག་ལ་ཟ་རེས་དང་།། ཆང་དམ་བི་གང་ལ་འཐུང་རེས།། ཤ་འཁྱགས་བཙོས་ན་བཟའ་ཚང་གྲོས་བྱེད།། ཤ་རྡོག་སྒང་ལ་མར་རྡོག ། གོས་ཆེན་སྒང་ལ་ཕར་ཕྱིན།། ཤ་ནས་ཤ་ཁུ་དང་མར་ནས་མར་ཁུ།། ཤ་བུ་མོ་གཉིས་ཀྱིས་ཕུགས་མི་འཕེར།། ཤ་ཞིམ་པོ་རུས་པའི་གསེབ་ལ་ཡོད།། དེ་དཔོན་ལ་མ་རག་གཡོགས་ལ་རག ། ཤ་ལོ་དཀར་པོ་རུས་པའི་གཏིང་ནས་མེད་ན།། དྲེག་པ་ནག་པོ་ཕྱིས་ཀྱང་མི་འགྲོ།། ཤ་ལུག་མགོ་ཟ་བར།། མིག་རིལ་གྱི་ལྟོགས་སླ།། ཤ་ཡིས་མར་དགོས་མ་ཆོད།། ཤ་ཁྱི་རྐང་པ་ཚ་རོགས་དང་།། ཇོ་ལགས་སྐུ་ཐང་མཉེལ་རོགས།། ཤ་གཟན་གྱི་ཨ་ཕོ་སྤྱང་ཀི་དེ་རི་ལ་བཏང་།། ཆུ་འཐུང་གི་ཨ་ཅེ་ཝ་མོ་དེ་རྒྱ་ལ་བཟུང་།། ཤ་ཡོད་ན་ལྤགས་པ་ཡོད་པ།། ཤ་མི་ཟ་ཟེར་མི་བླ་མ་རེད།། ཤ་བྲང་ཤ་དགོས་མི་བླ་མ་རེད།། ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་བཟས།། ཁག་ངན་པ་ཨ་ལྕེ་ཝ་མོར་བཞག ། ཤ་ཁང་མུན་པ་ནག་ཀྱང་།། ཤ་ལ་ཤ་གྲངས་བརྒྱབས་ཡོད།། ཤ་ཤི་ཤར་མ་གཟིགས་ཀྱང་།། སྡེར་མ་གསེར་སྡེར་ལ་དགོངས་པ་བཞེས།། ཤ་འཚོ་ཞན་མེད་པ་འདྲེས་དགོས།། གྲི་ཡག་ཉེས་མེད་པ་རྣོ་དགོས།། ཤ་གར་སོང་མེད་པར།། རིན་འཇོག་ལ་རྩོད་པ།། ཤ་ཚ་བའི་གཏམ་གྱིས་རྣ་ཚ།། ནད་མཁྲིས་པའི་སྨན་གྱིས་ལྕེ་ཏིག ། ཤ་རྡོག་གཅིག་ལ་འཚོས་རྒྱུ་མེད།། མི་རྡོ་གཅིག་ལ་སྐྱིད་རྒྱུ་མེད།། ཤིང་རྡོག་གཅིག་ལ་འབར་རྒྱུ་མེད།། ཤ་ལུག་མགོ་ཟ་བར་མིག་ཚིལ་གྱི་རེ་བ།། ཤ་ཆེ་ན་ཤེད་ལ་མི་ཕན།། གོས་ཆེ་ན་ལུས་ལ་མི་སྐྱིད།། ཤ་ཟད་འདོད་ན་མེ་ལ་སྲེགས།། རྒྱུ་ཟད་འདོད་ན་ཁ་མཆུ་རྒྱོབས།། ཤ་མ་བཟས་ཀྱང་ཤ་ཁུར་མཛུབ་མོ་བཙུགས་པས་ལན།། ཤ་མ་འཚོས་པ་མ་ཤེས་པར།། གྲི་མ་རྣོ་བའི་མགོ་ལ་བསྐྱལ།། ཤ་ལ་འཚོས་ལོང་དང་།། ཤ་ཁུར་གྲང་ལོང་ཡོད་དགོས།། ཤ་ཁོག་ཕར་སྤྲད།། ཏིག་ཁ་ཚུར་སྒུག ། ཤ་མཉམ་དུ་བཙོས་ཀྱང་།། ཤ་དང་ཤ་ཁུ་ཁག་ཁག ། ཤ་ཟ་བདེ་བ་དང་།། རུས་པ་བསྐྱུར་བདེ་བ།། ཤ་ཤོར་གྱི་ཤ་ལན་དང་།། རྒྱུ་ཤོར་གྱི་ར་མདའ།། ཤའི་རིན་འབབ་ཚི་ལུས་ཐེག་དགོས།། ཤ་ཁག་ཁག་གྲི་སོ་སོ།། ཤ་གཅིག་ནས་བྲེགས་པའི་ཏིག་ཁ་དང་།། ཀོ་བ་གཅིག་ནས་བྲེགས་པའི་རྒྱུན་བུ།། ཤ་ལ་ཟ་ལོང་དང་།། ལ་རྫས་ལ་གསོལ་ལོང་།། ཤ་ལ་རྒྱག་དུས་རུས་ལ་གནོད།། བཤད་པའི་ཚིག་ནག་སྙིང་ལ་ཟུག ། ཤ་གསར་ཨ་མ་ཨ་སྒྲོན།། ལྟོ་ནད་མ་གཏོགས་གཏམ་ནད་མེད།། ཤ་ཚའི་ཁ་ནས་གཏམ་སྙན་མི་ཐོན།། ཤ་ལོ་དཀར་པོ་རུས་པའི་གཏིང་ནས་མེད་པར།། སུག་པ་བུལ་ཏོག་བརྒྱབས་ཀྱང་ཨང་ལས་འོ།། ཤྭ་རྐྱང་ཕར་འགྲོ་ཚུར་འགྲོ།། ལ་རྫས་ཐལ་རྡུལ་གཏོང་ས།། ཤྭ་བ་རྭ་ཅོ་རིང་ཡང་།། གནམ་གྱི་སྐས་ཀ་མི་ཉན།། ཤྭ་འདྲོག་རྐྱང་འདྲོགས་དགོ་བ་འདྲོག ། འདྲོག་རྒྱུ་མི་རྙེད་རི་བོང་འདྲོག ། ཤྭ་ཕོ་ལ་སྒང་འགྲོ་བ་ལ།། ཕྱི་བལྟས་ལན་གསུམ་ལྟ་དགོས།། ཤྭ་སྡུག་ཁྱི་སྡུག་རྔོན་པ་སྡུག ། རྫ་ཁྲ་ཡག་དཀྱིལ་དུ་གསུམ་ག་སྡུག ། ཤྭ་དང་ཤ་ཁྱི་ཐུག་ན།། ཁྱི་ར་མགོན་པོ་རྡོ་རྗེ།། ཤྭ་བ་རི་ནས་རྒྱག ། ཁ་མཆུ་འདུམ་ན་ཁེ།། ཤྭ་བ་འཛིན་རྒྱུ་མེད་པས།། ལུང་གཞུང་ཁྱི་སྒྲས་བརྒྱངས།། ཤྭ་ཆད་ཐང་ལ་འབབས་དུས།། ཤ་ཁྱི་གླ་ཁྱིས་བསྐོར།། ཤྭ་ཕོ་དང་རྭ་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན།། རྔོན་པ་སྨ་ར་ཅན་ལ་སྒུག་ལུགས་ཉི་ཤུ།། ཤྭ་བ་ཡུལ་གྲུ་གང་དུ་བསྐོར་ཀྱང་།། ཐ་མ་ལོག་ས་རང་གི་ཕ་ཡུལ།། ཤྭ་ཕོའི་ཤེད་དང་།། དགོ་ཕོའི་བང་།། ཤྭ་བ་ཕོ་ཆེན་གྱི་མགོ་བོ་ཡང་མགོ ། བྱེའུ་ཆུང་ཛི་བི་ཡི་མགོ་བོ་ཡང་མགོ ། ཤྭ་བ་ཨ་མའི་སྔོན་ལ་ཤྭ་ཕྲུག ། ཤྭ་བ་གསོད་པའི་མི་དང་།། ཤྭ་མཇུག་ནོན་པའི་ཁྱི།། ཤྰཀྱ་ཐུབ་པའི་མདུན་དུ།། ཤ་རིའི་བུ་ཡིས་སྒམ་སྒམ།། ཤྰཀྱ་ཐུབ་པས་བཀག་ཀྱང་མི་ཁོགས་པ་དང་།། འཇམ་དཔལ་དབྱངས་ཀྱིས་བཙལ་ཀྱང་མི་རྙེད་པ།། ཤྰཀྱ་ཐུབ་པ་ཕེབས་དུས་མགོ་སྒུར་མ་དགོས་པ།། གླང་ཆེན་སྨྱོན་པ་ཡོང་དུས་ལམ་གཟུར་མ་དགོས་པ།། ཤག་པོས་མནའ་མི་ཟ།། ཤགས་བརྒྱབ་ན་ཕ་བཟང་གི་བུ་ལ་རྒྱོབས།། རྔོན་བརྒྱབ་ན་བྱང་ཐང་གི་འབྲོང་ལ་རྒྱོབས།། ཤང་ཤང་རྒྱུག་ཆུར་རུལ་རྒྱུ་མེད།། ཡ་རབས་ཚིག་ལ་འགྱུར་རྒྱུ་མེད།། ཤངས་ནས་ཤངས་ལ་ཉིན་ལམ་གཅིག ། ཤངས་པས་ཤངས་པ་ངོ་མི་ཤེས།། ཤངས་ལུང་པ་རྩྭ་སྣ་འཛོམས་ལེ་རེད།། འཛོམས་མ་འཛོམས་གཡང་དཀར་ལུག་ལ་དྲིས།། ཤན་པ་ལ་ཁ་ནས་གྲིབ་བརྡར།། རྒས་མོ་ཐང་ཐེར་ནས་ངུ་ཤོད།། ཤར་རྒྱ་གར་གྱི་རྨ་བྱ་ལ།། ཚེ་འདི་ལ་ངོམ་རྒྱུ་སྒྲོ་མདོངས་རེད།། ཤར་སྐྱ་རེངས་བཏང་ཡང་ནམ་མ་ལངས།། ལྷོ་སྒེའུ་ཁུང་ཕྱེ་དང་མ་ཕྱེ་མེད།། ཤི་མ་མྱོང་དམྱལ་བའི་ལོ་རྒྱུས།། རྒས་མ་མྱོང་ཕ་ཚེ་བུ་རབས།། ཤི་བ་བརྗེད་སླ།། རྒས་པ་ངོ་ཆུང་།། ཤི་ན་ཆོས་མེད་གྲྭ་སའི་གྲྭ་པ།། བཤས་ན་ཤ་མེད་ཡུལ་པའི་རྨོན་ཁལ།། ཤི་དམྱལ་བའི་ཡུལ་གྱི་ཆ་བསྐུར་དེ།། གསོན་བྲང་ངེ་ཁམས་ལ་ཐེངས་པ་དགོས།། ཤི་ས་ཡག་སྟེ་པོ་ཏ་ལ།། ཤི་ལུགས་ངན་གདའ་སྒེའུ་ཁུང་ནང་།། ཤིག་དང་འཇི་བ་སྲོ་མ་གསུམ།། ཚེ་སྲོག་དོར་ས་སོར་མོའི་སྟེང་།། ཤིག་གི་ཞོར་དུ་མཐེ་བོང་མེས་ཚིག ། ཤིག་གསོད་པར་སྟ་རེ་འཕྱར་མི་དགོས།། ཤིག་མང་ན་རོགས་ཀྱིས་སྡང་།། རྒྱུ་མེད་ན་གཉེན་གྱིས་སྡང་།། ཤིག་ཟོས་ནས་གྲོད་པ་མི་རྒྱགས་ཀྱང་།། ཚགས་ཟེར་ནས་སྣང་བ་སྐྱིད་སྐྱིད་རེད།། ཤིག་གི་རྒྱུས་པ་བཏོན།། སྲོ་མའི་ཀླད་པ་བལྡགས།། ཤིག་འགྲོ་ས་མཐོང་བ་ལས།། མཛོ་འགྲོ་ས་མི་མཐོང་བ།། ཤིག་ལ་བརྒྱབ་ཀྱང་གོང་བའི་ཕྱི།། ཐོག་ཁ་རྒྱ་ཆེ་ཡང་འགྲོ་ས་ཝ་མཆུ།། ཤིག་སྡོད་མ་ཚུགས་ན།། སེན་མོའི་བར་ལ་ཚུད་ཡོང་།། ཤིང་བཟང་ལོ་འདབ་རྒྱས་ན།། རི་ཀླུང་ཚང་མའི་རྒྱན་རེད།། ཤིང་ལོ་འདབ་རྒྱས་ན་བསིལ་གྲིབ་བཟང་།། ཆུ་རྐ་འགོར་ཡོད་ན་རྐ་མཇུག་བཟང་།། ཤིང་ཆུང་ཆུང་གིས་གནམ་རྒྱ་རལ་དོགས་མེད།། ཆུ་ཆུང་ཆུང་གི་ཟམ་པ་འཁྱེར་དོགས་མེད།། ཤིང་སྔོན་པོའི་རྩེ་མོ་མཐོ་ན་ཡང་།། རྣོ་སྟ་གྲིས་ཕར་བཅད་ཚུར་བཅད་རེད།། ཤིང་རྩ་བ་མ་རུལ་ན་ལོ་མ་མི་སྐམ།། ཤིང་ཀྱང་ཀྱོག་ལ་འཛེགས་སླ།། མི་དབུལ་ཕོངས་ལ་ཤོད་སླ།། ཤིང་རྒས་ན་རྩ་བ་མང་།། མི་རྒས་ན་སྐད་ཆ་མང་།། ཤིང་རྐང་གཅིག་གིས་ཇ་མི་འཁོལ།། མི་ཧྲེང་གཅིག་གིས་ཐབ་མི་འཛིན།། ཤིང་གདུང་མ་ཉན་པ་དགོས་ན་ཆུང་ན་བཟོ།། མི་འཇོན་ཐང་ཡོད་པ་དགོས་ན་ཆུང་ནས་གསོ།། ཤིང་གི་སོག་ལེ་ཤིང་ལ་མི་འགྲོ།། ཤིང་ལ་ལྤགས་པ་དང་།། མི་ལ་རྒྱུ་དག་དགོས།། ཤིང་འཛེར་པའི་སྒང་ལ་སྟ་རེ་མ་གཞུ།། མི་བདག་ཡོད་སྒང་ལ་བསམ་བློ་མ་གཏོང་།། ཤིང་བཟང་ལྤགས་པའི་འོག་ཏུ་རུལ།། མི་བཟང་ངོ་ཚའི་འོག་ཏུ་རུལ།། ཤིང་ལ་ལྤགས་པ་དང་།། མི་ལ་ངོ་ཚ་ཡོད།། ཤིང་ཚེར་མ་ལ།། བདག་པོ་ཀླུ་བཙན་ཡོད།། ཤིང་སྡོང་ཐོག་ཏུ་འཛེགས་ནས།། ཉ་མོ་ཐོབ་རེ་བྱེད་པ།། ཤིང་སྡོང་གཅིག་གིས་ནགས་ཚལ་མི་ཆགས།། རྩིད་རྐང་གཅིག་གིས་ཐག་པ་མི་ཡོང་།། ཤིང་འཁྱོག་མེད་ནགས་ན་མེད།། མི་སྐྱོན་མེད་གང་སར་མེད།། ཤིང་ཐུར་གཅིག་གིས་གུར་མི་ཕུབ།། ཨོང་རིལ་གཅིག་གིས་ཇ་མི་འཁོལ།། ཤིང་གཟེར་ཤིང་ལ་མི་འགྲོ།། མར་སྐོགས་མར་གྱིས་མི་དུལ།། ཤིང་སྣ་འཛོམས་སར་བྱ་རིགས་མང་།། དྲང་སེམས་ཅན་ལ་གྲོགས་པོ་མང་།། ཤིང་གས་པ་སྤྱིན་གྱིས་སྦྱར་ལེ་ཡིན།། གོས་རལ་པ་སྐུད་པས་འཚེམ་ལེ་ཡིན།། ཤིང་གས་པའི་བར་གྱི་སྤྱིན་མ་བྱུང་ཡང་།། རྡོ་གས་པའི་བར་ལ་བྱེ་མ་བྱེད་རྒྱུ་མེད།། ཤེས་སུ་ཆེ་དང་།། ཁ་སུ་བདེ་རེད།། ཤེད་ཡོད་བཤན་པ་རྒྱལ་པོ་ལ།། ཤེད་དེ་ཡོད་ཀྱང་དབང་དེ་མེད།། ཤེད་མེད་ནུ་དཀར་རྒྱལ་པོ་ལ།། དབང་དེ་ཡོད་ཀྱང་ཤེད་དེ་མེད།། ཤེད་ཆེ་ནས་འབྲོང་ལ་མ་འཐམས་ཏེ།། འུ་ཐུག་ནས་མི་འཐམ་ཀ་མེད་རེད།། ཤེད་རྒྱལ་པོར་ཡོད་ཀྱང་བསྡུར་མཁན་མེད།། བློ་སྤྲང་པོར་ཡོད་ཀྱང་དྲིས་མཁན་མེད།། ཤེད་བཟང་དྲེའུའི་ཁལ་ཆེན་དེ།། ཤེད་མེད་ཁ་དཀར་རྐྱང་ལ་བཀལ།། ཤེད་ངོམ་ནས་རྟགས་ཚན་ཐོན་པ་དགོས།། དེ་མེད་ན་སྟོང་གཏམ་འཆལ་བཤད་ཟེར།། ཤེལ་སྒོའི་ནང་གི་མོག་མོག ། མིག་ལ་མཛེས་ཀྱང་ཟ་དབང་མེད།། ཤེས་རྒྱུ་ལ་ཁབ་ལས་མེད་ཀྱང་།། སྡོད་སྟངས་ལ་མགར་ཆེན་སྡོད་སྟངས།། ཤེས་བྱ་བྱེ་ཐང་ཆུ་དང་འདྲ།། གཏིང་དུ་བརྐོས་ན་དྭངས་ཤིང་བསལ།། ཤེས་པ་ཁ་ནས་མ་ལབ་ན།། བློ་གྲོས་ཁོག་པ་ནང་དུ་རུལ།། ཤེས་ཡོན་མང་ཡང་རྫོགས་མཐའ་མེད།། རྒྱུ་ནོར་མང་ཡང་རྫོགས་མཐའ་ཡོད།། ཤེས་བྱ་མེད་པའི་འཚོ་བ་དེ།། མེ་ཏོག་དྲི་མ་མེད་དང་མཚུངས།། ཤེས་ཡོན་ནི་མདངས་ཆེའི་གསེར་ཏོག་དང་།། རྒྱུ་ནོར་ནི་འདོད་པའི་ལྕགས་སྒྲོག་ཡིན།། ཤོ་ཁེ་སར་རྒྱག ། རྒྱན་ལོན་སར་བཙུགས།། ཤོག་ཟེར་ཉ་བསྒོང་ཟེ་གཟེངས་དང་།། སྤྲོད་ཟེར་ཞ་ཆུ་ཁྲུམ་ཁྲུམ།། ཤོད་མཁས་པས་སྒྲིབ་པ་མི་དག ། ངུ་མཁས་པས་མྱ་ངན་མི་སེལ།། ཤོད་མ་དགོས་ཇོ་བོའི་དབུ་སྐྲ་དང་།། ཕྱིས་མ་དགོས་དངུལ་དཀར་མེ་ལོང་།། ཤོད་རྒྱུ་མེད་ནས་བཤད་ནད་ལངས།། ཟེར་རྒྱུ་མེད་ནས་ཟེར་ནད་ལངས།། ཤོད་རང་མཁས་ཀྱང་།། སྤྱོད་མི་མཁས།། གཤིབ་མ་དགོས་པའི་སྙིང་རྗེ་པོ།། གསོ་མ་དགོས་པའི་གྲོད་པ་ཆུང་ཆུང་།། གཤོག་སྒྲོ་དར་སྐུད་ཀྱིས་བསྡམས་ན།། རྒོད་པོ་ནམ་འཕང་གཅོད་ཐབས་མེད།། གཤོག་རྩལ་ཡོད་ན།། ནམ་འཕང་སྤྱོད་དུས་ཤར།།
༼ ས ༽
ས་སྐྱ་གོང་མ་ལྔ་ནི་སློབ་དཔོན་དངོས།། དེང་དུས་ས་པཎ་ཁྱོད་ལ་ང་མི་འཇིགས།། ས་འོག་འབུ་ལ་འབུ་རོགས་ཡོད།། ནམ་མཁའི་བྱ་ལ་བྱ་རོགས་ཡོད།། རྡོ་ཡི་རང་འཐག་སྟེང་འོག་གཉིས།། ས་ལ་མལ་ལ་སྤུངས།། རྡོ་རྡོ་མལ་ལ་སྐྱེལ།། ས་བོན་ཡག་ན་མྱུ་གུ་ཡག ། མྱུ་གུ་ཡག་ན་འབྲས་བུ་ཡག ། ས་རུབ་གྱིས་ཆུ་མི་འཚོགས།། ཀོ་རུལ་གྱིས་རྒྱུན་བུ་མི་ཉན།། ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།། དེ་ཡི་ཁ་དོག་ཉམས་མི་སྲིད།། ས་གནས་ཀྱི་མེ་མདའ་དགོས།། ས་འཁྱགས་ལ་སྔས་དང་།། རྡོ་འཁྱགས་ལ་རྐུབ་བཀྱག་བྱས་ནས་དཀའ་བ་སྤྱོད།། ས་ཕྱེ་མར་འདྲ་བ་དེ་བཟས།། ཆུ་མར་ཁུ་འདྲ་བ་དེ་བཏུང་།། ས་ཆ་གྲང་མོའི་སྒང་ལ།། ལག་པ་ཚ་པོ་བརྒྱབ་པ།། ས་ཟད་ན་རྡོ་ལ་ཐུག་ཡོང་།། ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ།། ས་བོན་ལ་དོ་སྣང་མ་བྱས་ན།། ལྟོ་ཕོར་ཧྲུལ་ཆག་འགྲོ་རྒྱུ་ཤོད་མ་དགོས།། ས་ཆ་གང་ཡིན་སྐད་ཀྱིས་ཤེས།། ལུང་པ་གང་ཡིན་གཞས་ཀྱིས་ཤེས།། ས་མ་འབྲོག་ལས་སྐྱིད་པ་མེད།། ངོ་མ་གཡོག་ལས་ཁག་པ་མེད།། ས་རྒྱ་གར་ལ་འགྲོ་བ་ལ།། དོན་ས་ལེའི་པགས་པ།། ས་བཤིག་ཨ་བྲ་འཕེལ་སྟོབས་ཆེ།། སྡེ་བཤིག་ཁྲམ་པ་བྱ་བྱེད་མང་།། ས་རུབ་སྦི་བསིལ།། ནམ་ལངས་འུ་ཟུབ།། ས་འཁོད་སྙོམས་པ་ལ།། རྡེའུ་འབུར་དུ་ཐོན།། ས་ཤུལ་ས་ཡིས་མི་ཁེངས།། བང་མཚོད་ནོར་གྱིས་མི་ཁེངས།། ས་བརླག་གི་ཨ་བྲ།། སྡེ་བརླག་གི་རྐུན་མ།། སང་ཉིན་གྱི་ཤ་ལས།། དེ་རིང་གི་རུས་པ་ཞིམ།། སའི་རི་མོ་ཐང་ལ་ཡོད།། སྟག་གི་རི་མོ་ཕྱི་ལ་ཡོད།། མིའི་རི་མོ་ནང་ལ་ཡོད།། སངས་རྒྱས་ལ་ཀ་ཁ་དང་།། ཉི་མ་ལ་སྒྲོན་མེ།། སངས་རྒྱས་རང་མགོ་མ་ཐོན་པར།། ཕྱི་མའི་རང་འདྲེན་ག་ལ་ཡོང་།། སངས་རྒྱས་ལ་འདྲེན་པའི་ལྕགས་ཀྱུ་ཡོད་ཀྱང་།། སེམས་ཅན་ལ་འཁོན་པའི་ཨ་ལོང་མེད།། སངས་རྒྱས་ཕེབས་དུས་བྲམ་ཟེ་རྒས།། བར་མི་འབྱོར་དུས་གཏམ་ཐག་ཆོད།། སིལ་སྙན་ནམ་མཁར་འཕྱར་མ་དགོས་པར།། དྲིལ་བུ་སྤར་འོག་ནས་འཁྲོལ་བ།། སུག་བཞི་ལ་སྒང་ནས་རྙེད་ན་རྙེད་པ་མིན།། གཡུ་ཆུང་སྒོ་རྒྱབ་ནས་རྙེད་ན་རྙེད་པ་ཡིན།། སེང་གེས་ལས་ལྷག་པའི་གཅན་གཟན།། ཅང་ཤེས་ལས་ལྷག་པའི་རྟ་མཆོག ། སེང་གེ་རང་ལུས་ཀྱི་འབུས་མ་གཏོགས།། སྲོག་ཆགས་གཞན་གྱིས་གནོད་མི་ཐུབ།། སེང་གེ་གངས་ལ་བསྡད་ན་སེང་གེ་དང་།། སེང་གེ་ཀླུང་ལ་བབས་ན་ཁྱི་རྒན་འདྲ།། སེང་གེས་གདོང་ཐག་ཐུང་།། སྤྲེལ་རྒན་སྤྲོ་ཁ་ཚ།། སེང་གེའི་གཡུ་རལ་ལ།། སྤྲེའུའི་ལག་རྩེད།། སེང་གེའི་ཁོག་པ་འབུ་ཡིས་བཟས་པ་ལྟར།། བཀྲ་ཤིས་བསྟན་པ་ནང་ནས་བཤིག ། སེང་གེའི་མདུན་ན་སྒོ་ཁྱི་དང་།། རྨ་བྱའི་མདུན་ན་བྱ་ནག ། སེང་གེས་གངས་དང་མ་བྲལ།། རྒྱལ་པོ་ཁྲི་དང་མ་བྲལ།། སེང་གེས་ནགས་སྲུང་།། ནགས་ཀྱིས་སེང་གེ་སྲུང་།། སེང་གེའི་ཡ་མགལ་ལ།། ཁྱི་རྒན་གྱི་མ་མགལ་སྦྱོར་བ།། སེང་གེའི་རྒྱན་ཆ་གཡུ་རལ།། མི་ཡི་རྒྱན་ཆ་ཡོན་ཏན།། སེམས་སྡུག་སྡུག་གིས་ལ་མོ་མ་རྒྱག་རོགས།། ཁྲ་སིལ་སིལ་དུ་ལ་རྩེར་སླེབས་དུས་ཡོད།། སེམས་པ་སྐྱིད་འདོད་ན།། ལུས་པོ་དཀའ་བ་སྤྱོད།། སེམས་མཐུན་མ་གཅིག་བུ་གཅིག་འདྲ།། ཤེད་མཉམ་རྒོད་པོའི་གཤོག་པ་འདྲ།། སེམས་སྡུག་པའི་སྒང་ལ་ཁྭ་ཏ་སྒྲོག ། ཡིད་ཆད་པའི་སྒང་ལ་ཁུ་བྱུག་སྒྲོག ། སེམས་པས་ལུས་པོ་མ་བསྐུལ་ན།། ལུས་པོ་ཤ་ཡི་ཐོར་ཅོག་ཡིན།། སེམས་འགྱུར་བ་སྐར་མའི་འགོ་འཇུག ། དུས་འགྱུར་བ་ཉི་མའི་སྔ་ཕྱི།། སེམས་མཐུན་གྲོགས་པོ་འཛོམས་ན་མཚན་མོ་ཐུང་།། མི་མཐུན་མཉམ་དུ་འཛོམས་ན་དུས་ཡུན་རིང་།། སེམས་བསམ་པའི་བར་སྣང་ལ་རྟ་བརྒྱུགས་ཀྱང་།། རྒྱུ་དངོས་པོའི་སྤར་མཐིལ་ལ་སོ་མི་ཐེབས།། སེམས་པ་རྟ་རྒོད་རྒྱུགས་པར།། བྱ་སྤྱོད་ཐོག་ལྟར་མྱུར་དགོས།། སེམས་དཀར་ཟས་ལ་མང་མི་དགོས།། ཡིད་སྨོན་གཏམ་དེ་ཉུང་མི་རུང་།། སེམས་བཟང་རྣམ་པར་དག་པའི་ལས་བྱས་ན།། མི་ལུས་གཅིག་ལ་འབྲས་བུ་བྱུང་ན་ཡིན།། སེམས་ཆུང་སྡུག་གིས་ཤི་བ་མིན།། རིན་ཆེན་ཆུ་ཡིས་ཁྱེར་བ་མིན།། སེམས་བཟང་པོའི་ལྟ་བ་ལོག་ན།། ལ་ལུང་པ་གལ་ཏེ་མགོ་འབྲེལ་རེད།། སེམས་པས་སླེབས་སར།། ལུས་པོས་མ་སླེབས།། སེམས་ཆུང་ལ་ཆག་སྒོ་མང་།། ཧམ་ཆེན་ལ་ཟ་སྒོ་མང་།། སེམས་པ་ངན་པ་མི་ལ་བྱས་ན།། བྱ་བ་ངན་པ་རང་ལ་འཁོར།། སེམས་ཀྱི་འགྱུ་བ་སྐས་ཀྱི་འགོ་མཇུག་ཡིན།། སེམས་གྲུང་དང་མི་གྲུང་རང་མགོ་ཐོན་མིན་ཡིན།། སེར་སྣ་ཅན་གྱིས་བསགས་པ་དེ།། ཧམ་པ་ཅན་གྱིས་ཟ་བ་མང་།། སེར་སྣ་ཅན་ལ་སྤུན་མི་འཁོར།། གཡོ་སྒྱུ་ཅན་ལ་གྲོགས་མི་འཁོར།། སེར་བ་གཏོང་ཁར་གནམ་གཤིས་འཇམ།། སེར་སྣའི་དམ་བཅའ་བཟའ་བཏུང་ཞིམ་པོས་གྲོལ།། སོ་མེད་ཟ་ལུགས་ངན།། མིག་མེད་ལྟ་སྟངས་ངན།། སོ་སུམ་ཅུའི་སོ་གྲལ་མ་ཞིག་ན།། ཟས་ཞིམ་པོ་ག་ནས་བཟང་བཟས་རེད།། སོ་མེད་ཟས་དང་བྲལ།། ནོར་མེད་གཉེན་དང་བྲལ།། སོ་རམ་པའི་དགེ་བཤེས་རྟས་གཡུགས།། འབབ་མ་དགོས་ཁེ་བཟང་དང་།། རྐུབ་བརྡབ་པ་སྡུག་གྱོང་།། སོ་ཡོད་སྲན་མ་ཟ་བར།། སོ་མེད་སྙིང་རླུང་ལངས།། སོ་མེད་ན་སོ་ནད་ན་དོན་མེད།། མིག་མེད་ན་ལིང་ཏོག་སྐྱེ་དོན་མེད།། སོ་སོའི་སྒྲོལ་མ་སོ་སོས་སྐྱོར།། སོ་མེད་ཀྱང་ཟ་འཁྱེར།། མིག་མེད་ཀྱང་ལྟ་འཁྱེར།། སོ་ནམ་མེད་ན་ལོ་ཏོག་དཀའ།། བརྩོན་འགྲུས་མེད་ན་དོན་གྲུབ་དཀའ།། སོ་ནམ་ལུང་པའི་ཕུ་ནས་བྱེད།། བཙས་མ་ལུང་པའི་མདའ་ནས་བརྔ།། སོག་མ་རྒྱ་མཚོའི་ཁ་ལ་འཕྱོ།། ནོར་བུ་རྒྱ་མཚོའི་གཏིང་ལ་གནས།། སོག་པོ་ལ་ཡོད་པ་རྔ་མོང་།། རྔ་མོང་ལ་ཡོད་པ་ཤ་རྡོག ། སོག་པོའི་ལས་ལ་བསོད་ནམས་ཆོས་འཕེལ་མཁས།། སོང་ཟེར་ན་ཆུ་བོ་འབབ་འབབ།། སྡོད་ཟེར་ན་རི་བོ་ཙོག་ཙོག ། སོན་ནི་གསེར་དང་ས་ནོ་དངུལ།། དུས་ཚིགས་ཤོར་ན་ཡོང་ཐབས་བྲལ།། སོན་བཟང་བཏབ་ན་འབྲས་བུ་ལེགས།། སོར་མོ་བཅུ་ནས་གང་འཐེན་ན།། བུ་ཚ་བཅུ་ལ་ཁྱད་མེད་ཡིན།། སོར་མོ་ལྔ་པོ་ཁུ་ཚུར་གྱི་གཞི།། ནང་ཁ་ཤིས་པ་རྒྱལ་ཁའི་གཞི།། སོལ་བ་ཆུ་ལ་བཀྲུས་ན་ཡང་།། ཁ་དོག་དཀར་པོར་འགྱུར་མི་སྲིད།། སྲབ་ཐག་ཤོར་བའི་རྟ་རྒན།། ལང་དུ་ཤོར་བའི་འཆལ་མོ།། སྲམ་གྱིས་འུག་པ་གསོ་དགོས་ཚེ་སྔོན་ལས།། སྲས་ཆུང་ཆུང་དགྲ་ལྷ་རྩེ་རྒྱལ་དེ།། ཐུགས་ཆུང་ཆུང་ཨ་བྲའི་རིལ་མ་འདྲ།། སྲན་མ་གླགས་མ་ཁེལ་བར།། ནས་རྐྱང་ལ་ཐུབ་ཚོད།། སྲིད་པའི་གངས་རི་ཡིན་མིན།། ཉི་མ་ཤར་དུས་ཤེས་ཡོང་།། སྲིན་བུ་མེ་འཁྱེར་ཉི་མར་འགྲན།། སྲེ་མོང་གི་གཡུ་དང་།། དུག་སྦྲུལ་གྱི་ཀླད་ཐིགས།། སླ་ངར་ལག་པ་མ་འཆང་ན།། སླ་ངའི་དྲེག་པ་འགོས་དོན་མེད།། སློང་ན་ཞིམ་པོ་མི་རགས།། ཉན་ན་སྙན་པོ་མི་གོ ། སློབ་མ་སྙིང་རག་མས་བླ་མའི་དབུ་གཡོགས།། སློབ་མ་ངན་པས་སློབ་དཔོན་བརྫུ།། གསང་དང་མ་གསང་མི་འདུག ། ཞབས་རྗེས་གངས་ལ་བཞག་འདུག ། གསལ་པོ་དག་ལ་གསལ་སྦྱོར།། ནག་ཆུང་སྲན་མར་རིལ་སྐྱོར།། གསུང་རྒྱུ་བླ་མས་གསུང་ལེ་ཡིན།། མཛད་རྒྱུ་བླ་མས་མཛད་ལེ་ཡིན།། གསེར་ས་འོག་ཏུ་ཡོད་ཀྱང་།། འོད་ནམ་མཁར་ཁྱབ།། གསེར་གྱི་རི་ལ་འཛེགས་པར།། དངུལ་གྱི་ལྷམ་ཆུང་དགོས།། གསེར་གཡུ་མི་ཏིག་གི་རྒྱན་ཆ་ལས།། ཤ་མར་ཐུད་གསུམ་གྱི་འཚོ་བ་དགའ།། གསེར་དངུལ་ལ་སོགས་ནོར་རྫས་ཀྱིས།། སྙན་པའི་གྲགས་པ་ཉོ་མི་ཐུབ།། གསེར་གྱི་ཚིགས་ཁོག་གྱོན་རྒྱུ་བྱུང་ན།། མཛུབ་མོའི་སྟེང་ལ་ཟུག་ཀྱང་ཟུག ། གསེར་ཞོ་གང་གིས་རང་ཚོད་ཟིན།། ལྟོས་གྲོད་པ་བརྒྱགས་ན་ཟ་ཚོད་ཟིན།། གསེར་རྔའི་རྔ་ཆུང་འབྲུག་རིས་མ།། རྡུང་མིའི་ལག་པ་མ་བྱང་ན།། གསེར་རྔའི་རྔ་ཆུང་ལན་ཁག་མེད།། གསེར་འདོན་སྐབས་བྱེ་མ་མི་འདྲེས་པ་དང་།། གཡག་གསོད་སྐབས་ཁྲག་ཐིགས་མི་རྒྱག་པ་མེད།། གསེར་སྐུ་རང་འབྱོན་གྱིས་གསུང་མི་བྱོན།། ནག་པོ་འབྲུ་ཞིབ་ཀྱིས་ཁ་མི་གྲགས།། གསེར་ས་འོག་ཡོད་ན་འོད་ནམ་མཁར་དང་།། གྲོ་མ་གཏིང་ན་ཡོད་ན་གྲོ་ལོ་ཁ་ལ་ཐོན།། གསེར་གསེར་ཞོ་སྤྲད་པའི་གླ་པ་དེ།། ལས་ལས་རྒྱུ་མེད་ཀྱང་ལངས་སྡོད་དགོས།། གསེར་དང་ར་གན་བརྗེ་མི་སྨྱོན་པ་རེད།། གཡུ་དང་དོ་ལོ་ནོར་ན་ལྐུགས་པ་རེད།། གསོ་སྐྱོང་ཕ་མས་བྱས་ཀྱང་།། ལུས་སྲོག་དཔོན་ལ་བདག ། གསོ་དུས་མེད་པའི་ནད་པ།། སླེབས་དུས་མེད་པའི་མགྲོན་པོ།། གསོན་ན་སྙིང་གཏམ་དང་།། ཤི་ན་ཁ་ཆེམས།། གསོལ་བ་རྐུབ་ལ་བཏབ་ན།། དངོས་གྲུབ་ཡོང་རྒྱུ་ཕྱེན།། གསོན་དུས་ཉེ་བས་མ་ཕན་ན།། ཤི་ན་བར་དོའི་འཕྲང་འགག་རེད།། བསག་བསག་གསིག་གསིག་བྱས་ཀྱང་།། ལྗང་པ་ཐོར་ཁར་མི་སྐྱེ།། བསགས་པ་ཚེ་གང་ལ།། དགོས་པ་ཉིན་གཅིག ། བསད་ན་ཆེ་དྲགས་པ་དང་།། བརྡུངས་ན་ཆུང་དྲགས་པ།། བསད་པའི་མི་ལ་བརྒྱབ་པའི་རྨ་ཁ་དགོས།། བསམ་པ་བཟང་པོར་གནོད་མ་སྐྱེལ།། བྱང་ཆུང་སེམས་པར་དམའ་མ་འབེབས།། བསམ་འདུན་འདོད་ལྟར་མ་འགྲུབ་ཀྱང་།། བློ་རྩེ་གཅིག་གིས་བརྩོན་པར་བྱ།། བསམ་པ་དཀར་པོ་དུང་འདྲ་བ།། བྱ་བ་དྲང་པོ་མདའ་འདྲ་བ།། བསམ་པ་བཟང་པོའི་རྫས།། དམ་ཚིག་གཙང་མའི་ཟས།། བསམ་པ་ལ་ལྷད་མ་ཤོར་བ་དང་།། སྒོ་ང་ལ་ཆུ་མ་ཤོར་བ་དགོས།། བསམ་པ་ཆོས་ལ་བསམས།། བཀོད་པ་སྡིག་ལ་བཀོད།། བསམ་རྒྱུ་རྟ་ཕོ་བསམས།། ལས་ལ་རྐང་ཐང་བསྐོས།། བསམ་ཚད་ཁ་ནས་འདོན་པ་དང་།། དྲན་ཚད་ལག་ཏུ་མ་ལོན།། བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་།། འགྱོད་པ་རྗེས་ལ་སྐྱེ་བ་གླེན་པ་ཡིན།། བསམ་ངན་ཕྱི་ཐག་ཐུང་དང་གྲོགས་མ་བྱེད།། ཞེ་སྡང་ཁ་འཇམ་ཅན་ལ་རང་སྐྱོན་གྱིས།། བསམ་ངན་ཡིད་ལ་ཤར།། སྤྱོད་ངན་ལག་ཏུ་བསྟར།། བསམ་བློ་བཏང་བའི་གད་མོ་རང་སྐྱོན་མིན་ན་གང་ཡིན།། མི་ལ་བལྟས་པའི་གད་མོ་འཕྱ་ལད་མིན་ན་གང་ཡིན།། བསམ་ངན་མ་ཎི་འདྲེན་པ་ལས།། སེམས་བཟང་གླུ་ཆུང་བཏང་བ་དགའ།། བསམ་ཚད་ཐོག་ཏུ་བབ་ལེ་ལ།། ཆ་རྐྱེན་དཔག་ཏུ་མེད་པ་དགོས།། བསམས་པ་ཐོག་ཏུ་མ་སོང་བར།། མ་བསམས་ཁ་བ་འབབ་འབབ།། བསེ་རུ་ལྟ་བུའི་སེམས་བསྐྱེད་དང་།། རྫི་བོ་ལྟ་བུའི་བྱམས་སེམས།། བསོད་ནམས་ཟད་ཁར་བསམ་ངན་དྲན།། བསོད་ནམས་ཅན་ལ་ནོར་བུ་མེད་ཀྱང་འཁོར།། ཐོད་པ་དཀར་པོས་ནོར་བུ་ཡོད་ཀྱང་སྐྱེལ།། བསོད་ནམས་ལ་བ་བསྐོས་ཀྱང་།། དབང་ཐང་ལ་བཞོན་བསྐམས།། བསོད་ནམས་ར་བས་མ་ཁེགས་ན།། ཚེར་མ་ར་བས་ག་ལ་ཁེགས།། བསོད་བདེ་མེད་པའི་སྒོག་ཏིང་།། ཚིལ་ལུ་བརྡུངས་ཀྱང་ཞག་མི་འཁོར།། བསླབ་བྱ་བརྒྱ་ལས།། སྣ་སུན་གཅིག་དགའ།། བསླབ་པ་ལ་རྒན་གཞོན་དང་།། མཆོད་རྟེན་ལ་བང་རིམ་ཡོད།། བསླབ་པའི་ཤེས་རྒྱ་མེད།། སྒོམ་པའི་ཉམས་མྱོང་མེད་པ།།
༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས། རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽
Leave a Reply