༄༅། །བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། ༨

༼ ཧ ༽

       ཧ་ཅང་ཕྱུག་པའི་མིས་ཟ་མི་ནུས།། ཟ་ཁ་ཆེ་ཉིན་སྡོད་དབང་རྫོགས།། ཧ་མ་གོ་ཧ་གོ་རིལ་རིལ་དེ།། དོན་ཉག་ལ་བཀར་ན་རང་ལ་འཁོར།། ཧ་མ་གོ་ན་རྐུན་མ་དང་།། ཧ་གོ་ན་རྩེད་མོ།། ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན།། ཐ་མ་རང་ཉིད་བརླགས་པར་འགྱུར།། ཧར་པ་བུ་ལོན་ལེན་ཞོར་དང་།། སྡིག་ཅན་དམྱལ་བར་འགྲོ་ཞོར།། ཧར་ཆེན་གྱིས་ཧར་མ་བཤད་ན།། ཧར་ཆུང་གད་མོ་ཤོར་དོན་མེད།། ཧམ་པ་རི་ཙམ་བཤད་ནས།། བདེན་པ་གཡག་ཙམ་ཐོབ་རེ།། ཧེ་བག་ཤིག་ཙམ་ལ།། ཁྱད་པར་མཛོ་ཙམ།། ཧོར་ལ་རྒྱག་པ་མ་མཐོང་།། ཐུད་ཟ་བ་མཐོང་།། ཧོལ་རྒྱུག་བྱེད་པའི་རྩ་ཁ་དེ།། ཤེས་རྒྱ་མེད་པའི་རྐྱེན་གྱིས་ཡིན།། ཧོར་བྱང་ཐང་ལ་རྟ་རྒྱུགས་པར།། ཨ་ཙ་ར་བྲག་ཁུང་ནས་གད་མོ་ཤོར།། ལྷ་མདུན་ལ་བཞག ། ཕྱག་རྒྱབ་ལ་འཚལ།། ལྷ་ཁང་ནང་གི་མདའ་མོ།། བཀང་ས་ཡོད་ཀྱང་རྒྱག་ས་མེད།། ལྷ་ཁང་རྙིང་པ་ལ།། གནས་བཤད་གསར་པ།། ལྷ་པ་མོ་པ་སྒྱུ་མ་གསུམ།། འཇིག་རྟེན་ཁམས་ན་རྫུན་ཆེན་གསུམ།། ལྷ་སའི་ཡས་རེད་མ་རེད།། མོག་མོག་ཐང་གཞི་ཆག ། ལྷ་སའི་རྒད་པོས་ལྷ་སའི་ཇོ་བོ་མ་མཇལ།། ལྷ་ལུང་དཔལ་རྡོར་རི་ལ་སོང་ཡང་།། རྟ་ཕོའི་ཞབས་རྗེས་ཐང་ལ་ལུས།། ལྷ་སར་གསོལ་འདེབས་དུས།། ཡིད་ལ་རིགས་དྲུག་འཁོར་དགོས།། ལྷ་ཁང་ནང་གི་དད་པ་ལྟར།། རྒྱུན་དུ་ཡོད་ན་དགའ་བ་ལ།། ལྷ་མོ་བཞིན་དུ་མཛེས་གྱུར་ཀྱང་།། བྱང་ཆུབ་སེམས་དཔའ་ཡིན་པ་དཀའ།། ལྷ་འབོད་ཐག་རིང་།། འདྲེ་ཁ་ཐག་ཉེ།། ལྷ་རི་ཁྲ་བོ་ལ་མེ་རྒྱག་པ་སླ།། མེ་སྟག་མཛུབ་མོས་དཀྲུག་པ་དཀའ།། ལྷ་ཡུལ་ལམ་ཡོད་ལ་མ་ཕྱིན་པར།། དམྱལ་བ་སྒོ་མེད་ནང་འཛུལ་བ།། ལྷ་ལས་རིགས་རུས་མཐོ་ཡང་།། ཡོན་ཏན་མེད་ན་མགྲིན་བཟང་རེད།། ལྷ་མི་མགོན་མི་དེ་ཚོས།། འདྲེ་མི་གནོད་མི་དེ་བཀར།། ལྷ་ཡི་ལོངས་སྤྱོད་ལ།། འདྲེ་ཡི་གདུལ་བྱ།། ལྷ་ཡིད་ཆེས་ལ།། འདྲེ་ཁོ་ཐག་མི་ཆོད་པ།། ལྷ་ཆུས་གྱེན་དང་འདྲེ་ཆུས་ཐུར།། གང་དུ་འཁྱེར་ཀྱང་ལས་ཡིན།། ལྷ་ཁང་དྲི་མས་རྒྱོང་དུས་ང་མེད།། ཇོ་བོར་གསེར་ཆབ་འབུལ་དུས་ང་ཡོད།། ལྷ་འདྲེ་མི་གསུམ་སྤྱོད་ལམ་གཅིག ། ལྷ་མོ་མ་མཉེས་མགོན་པོ་ཁྲོས།། ལྷ་བླ་མ་ཉལ་ན་ཆོས་འགོ་འཕྱོར།། གོང་དཔོན་པོ་ཉལ་ན་ཁྲིམས་འགོ་འཕྱོར།། ལྷ་རྣམ་སྲས་ཀྱི་བང་མཛོད་ལ།། འདྲེ་ཡི་དྭགས་ཀྱི་དཀོན་གཉེར།། ལྷ་ལ་མཆོད་པ་དང་།། ཡི་དྭགས་ལ་གཏོར་མ།། ལྷ་གསོལ་མ་དགོས་པར།། དཔལ་རྒྱ་མཐོངས་ནས་ལྷུངས།། ལྷའི་སྙན་ཅོག་ལ་ཙོང་གི་པི་པི།། ལྷ་ལ་རྣམ་པར་རྒྱལ་པའི་ཁང་བཟང་ཡོད་ན།། འདྲེ་ལ་ཨ་སུ་ར་ཡི་བྲག་ཕུག་ཡོད།། ལྷ་ལུང་ལ་འདྲེ་ལག་རྐྱོང་བ།། ལྷ་ལ་གསེར་རྒྱན་དང་།། མི་ལ་གོས་ཀྱིས་རྒྱན།། ལྷ་ཁང་གསར་པ་བཞེངས་ཀྱི་སྡོད་པ་ལས།། ལྷ་ཁང་རྙིང་པར་ཉམས་གསོ་བྱས་ན་དགའ།། ལྷ་གསར་པ་ལས།། འདྲེ་རྙིང་པ་དགའ།། ལྷ་ལ་མཆོད་པ་དགའ།། མི་ལ་ངོ་བསྟོད་དགའ།། ལྷ་ས་མ་མཇལ་ན།། མི་ལུས་ཕྱེད་ཀ་ཡིན།། ལྷ་བཞེངས་པ་ལས་བཞུགས་ན་སྤམ།། ལྷན་ཆུང་གྲུ་བཞིའི་ཁ་འོག་ཏུ།། སྐུད་སྣེ་བརྒྱ་ཚང་ཡོང་ངེས་བྱེད།། ལྷམ་རུལ་ནང་ནས་དྲི་ངན།། མི་ངན་ཁ་ནས་གཏམ་ངན།། ལྷམ་གོག་ཨ་ཀྲད་ལ་མ་ལྟོས།། ཞབས་བྲོའི་འབྱུང་ཁུངས་ལ་ལྟོས།། ལྷད་སྐྱོན་མེད་པའི་གཡང་ཌི་དཀར་པོ་དང་།། ཁ་ཞེ་མེད་པའི་སེམས་པ་དར་དཀར།། ལྷན་པ་གཅིག་གི་ཞབས་ལ་སྐུད་སྣེ་བརྒྱ།། ལྷམ་ལ་བསྟུན་ནས་རྐང་གཞོག་པ།། ལྷུག་ཏུ་བཏང་ནས་སྤུ་སྐྱེས་ཀྱང་།། འཐོག་པར་འགྲོ་དུས་ལག་ཏུ་མ་ཟིན།། ལྷགས་པ་ལངས་ཐོག་གི་རྡུལ།། ཆར་པ་འབབ་ཐོག་གི་ཆུ།།

༼ ཨ ༽

       ཨ་མའི་བུ་ལ་ཡོན་ཏན་ཡོད་ན།། དགའ་ལྡན་ཁྲི་ལ་དམ་ཕྲུག་མེད།། ཨ་ཕས་འཁྲབ་ཀྱིས་བསམས་ནས།། ར་ཕོས་འཁྲབ་རྒྱུ་མེད།། ཨ་མ་མ་ཡར་ཤི་ན་དགའ།། པ་ཕ་ཕ་ཡར་བསྐོས་ན་དགའ།། ཨ་ཕོ་རང་གིས་མ་འཇོན་ན།། སྐྱབས་མི་ལ་བཅོལ་བ་ལས་ཀྱི་མཐའ།། ཨ་ཡོད་ནང་གི་ད་ཡོད།། སྒོ་ངའི་ནང་གི་སེར་རིལ།། ཨ་མའི་པང་ལ་སྡོད་དུས་སྐྱིད་མ་བསམས།། མི་ཡུལ་གཞན་དུ་སླེབས་དུས་སེམས་པ་སྐྱོ།། ཨ་ནི་བཞག་ནི་ལྷན་རྟི།། གྲུབ་པ་བཞག་ནི་རལ་ལྕོག ། ཨ་ཁུ་ལུག་རྫི་སྡོད་ཤེས་ན།། གཡང་དཀར་ལུ་གུ་འཁོར་ཤེས།། ཨ་བྲ་ཆུང་ཡང་ཡན་ལག་ཚང་།། སྤོ་མཐོ་ཆུང་ཡང་རི་ཡི་རྒྱུད།། ཨ་ཁུ་ཡོད་ན་ཡོད་ཐབས་མེད།། ཨ་ཁུ་མེད་ན་མེད་ཐབས་མེད།། ཨ་ཅག་ལསག་ལས་མཛེས་པ།། ཞི་མིའི་སྤུ་ལས་འཇམ་པ།། ཨ་བསར་སྲན་མའི་མེ་ཏོག ། ཟླ་བ་གཅིག་ལ་ཡལ་སོང་།། ཨ་བསར་རྟ་ལས་མགྱོགས་པ།། གཞུ་གུ་ལུག་ལས་ཐུང་བ།། ཨ་བསར་སྤ་མའི་མེ་སྐོང་།། འབར་ན་དྲོ་སྟེ་འབར་ཡུན་ཐུང་།། ཨ་མས་བུ་ལོན་མ་བྱས་པ་དང་།། བུ་མོས་ཨ་མ་མི་བྱེད་པ་མེད།། ཨ་ཅོར་ལ་ཡ་ང་བ་མ་རེད།། རྡོག་ཁྲེས་ལ་ཤ་ཚ་བ་རེད།། ཨ་མའི་བུ་ལ་སྙིང་རུས་ཡོད་ན།། ལྕགས་ཧྲེང་བརྡར་ནས་ཁབ་ལ་གྱུར།། ཨ་མ་ཡིན་ཤག་དང་།། ནུ་མ་འཇིབ་ཤག ། ཨ་ཕ་མེད་ཟེར་ཤ་མི་ཟ་བ་དང་།། ཨ་མ་མེད་ཟེར་སྤགས་མི་ཟ།། ཨ་ཙ་ར་བལ་པོ་མི་འདོད།། བལ་པོའི་སོག་བྱིལ་འདོད།། ཨ་བྲ་སྤང་ལ་རྒྱུག་པར།། རྒྱུག་ལུགས་རྣམ་པ་བཅོ་བརྒྱད།། ཙི་ཙི་རམ་པ་ཟ་བར།། ཟ་ལུགས་རྣམ་པ་བཅོ་བརྒྱད།། ཨ་བྲས་ཚེ་གང་བསགས་པ་དེ།། མཛོ་ཕོས་ཁ་གང་ལ་བཟས།། ཨ་མའི་བུ་ནི་ཀུན་ཀྱང་ཡིན།། ཕ་ཡི་བུ་ནི་རེ་གཉིས་ཙམ།། ཨ་མའི་བུ་མོས་སྒུག་ཀྱང་།། གསན་ཆུང་ཉི་མས་མ་སྒུག ། ཨ་ཡག་དགོས་ན།། ཨ་ཚ་སྒོམ།། ཨ་ཕ་དགའ་བའི་ཞབས་བྲོ་མ་རེད།། རྐང་པ་མེས་ཙིག་པའི་བྲོ་རེད།། ཨ་ཕ་ཆང་གིས་བཟི་བའི་བློ་ཤེད་ཀྱིས།། མཛོག་མགོ་ཨམ་ཕྲག་ནང་དུ་བླུག ། ཨ་མའི་ཨོ་ལོར་འཇོན་ཐང་ཡོད་ན།། མ་རུང་ལྟག་སྒོར་སྒོ་ཟམ་འཐེན།། ཨ་ཞང་ཧ་ལས།། ཞང་པོ་ཡིད་ཆེས།། ཨ་ཕོས་འཁྲབ་འཁྲ་ར་ཕོས་འཁྲབ།། ར་ཕོའི་རྭ་རྩེ་རྡོ་ལ་བརྡབ།། ཨ་མའི་ཁོག་པའི་ནང་ནས།། སྐྱེས་པའི་རྗེས་ལ་ཤི་རྒྱུ་རེད།། ཨ་མ་ཡོང་བ་དགའ།། སྐྱུར་འགོང་སངས་པ་དགའ།། ཨ་ཁུའི་སྤྱོད་པ་ལ་བལྟས་ན་མར་མར་དང་།། ཨ་ཁུའི་རྒྱུད་པ་ལ་བལྟས་ན་ཡར་ཡར་རེད།། ཨ་ཕ་མེད་ཅེས་གོ་སྟོད་སྟོང་པ་དང།། ཨ་མ་མེད་ཅེས་གོ་སྨད་སྟོང་པར་ལུས་མི་ཡོང་།། ཨ་མའི་བུ་མོར་སྙིང་རུས་ཡོད་ན།། ལུག་གི་བལ་ལ་རུས་པ་མེད།། ཨ་རུ་རྒྱ་གར་ལ་སྐྱེས་པ་དང་།། གོ་སྙོད་རྩིག་ཁུག་ལ་སྐྱེས་པ་གནས་འདྲ།། ཨ་ཁུ་མི་གྲལ་དང་།། གྲོད་པ་ཤ་གྲལ་ལ་མི་འཇོག ། ཨ་ཕོ་རང་ལ་མེད་ན།། སྐྱེས་པ་གསེར་ལས་དཀོན།། ཨ་མའི་སྦས་ཁུང་ནང་གི་གཡུ་ཆུང་དེ།། བུ་མོ་ང་ལ་མ་གཏོགས་འགྲོ་ས་མེད།། ཨ་མས་བྱམས་པོ་མ་གནང་།། ང་རང་ཉན་པོ་མ་བྱས།། ཨ་སྐྱིད་ལ་དགོས་བསམས་ད་སྐྱིད་མནའ་མར་བླངས།། ཨ་མ་ཤོད་མཁས་ན།། བུ་སྤྲུལ་པའི་སྐུ།། ཨ་རིག་རིག་པ་ཕྲ་ཡང་།། གྲོང་སྡོད་ཤར་པ་མི་རེད།། ཨ་མས་བུ་ཆོས་ལ་ཡོད་བསམ།། བུས་རྐྱང་ཐང་ན་ཁར་ཨོང་རིལ་སྒུག ། ཨ་ཕྲུག་གཟུགས་ལས་རྡོག་ཁྲེས་ཆེ།། ཨ་རོགས་མདའ་འདྲ་བྱས་ན་མདའ་འདྲ་བྱེད།། གཞུ་འདྲ་བྱས་ན་གཞུ་འདྲ་བྱེད།། ཨ་ཇོ་མདོག་རིས་ཞན་ཡང་།། སྐྱེས་ས་ལྷ་སའི་བར་སྐོར།། ཨ་ཕོ་སྟག་ལ་བཞོན་མུས་དང་།། སྦྲུལ་གྱི་རྟ་ལྕག་འཁྱེར་མུས།། ཨ་ཙ་ར་རྟ་ལ་བསྐྱོན་ན།། ལྟག་པ་དགྱེ་རུ་དགྱེ་རུ།། ཨ་བྲའི་དཔོན་པོ་རྫ་བྲ།། རྫ་བྲའི་དཔོན་པོ་སྲེ་མོང་།། དགྲ་ཨོག་དཀར་བྱུང་དུས་འདྲ་འདྲ་རེད།། ཨ་གཡོག་ལ་ཡང་གཡོག ། སྣ་དཀར་རྩེ་པའི་བོང་གཡོག ། ཨ་ནེས་བཙུགས་པའི་ཟམ་པར།། ཨ་ནེ་ཐར་བ་དགོས།། ཨ་བྲས་ཐེག་པ་སྤེན་མའི་མདའ།། ཨ་མའི་པང་དུ་སྐྱེས་མ་ཐག ། བླ་མ་བཟང་པོའི་ཕྱག་ཏུ་ཕུལ།། ཨམ་ཕྲག་ལ་གང་ཡོད་མཛོག་མགོའི་རྒྱུས།། ཨམ་ཕྲག་ལ་ཟ་རྒྱུ་ཡོད་ན།། མཛོག་མགོ་བློ་མི་བདེ།། ཨམ་མཆོད་ཡོན་ཏན་ཕད་གོག་གང་།། ཕད་གོག་ལུས་ན་ཡོན་ཏན་ལུས།། ཨམ་ཕྲག་རྡོ་ཡིས་ཁེངས་པའི་བློ་ཤེད།། ཨམ་མཆོག་བཀོག་ནས་རྐུབ་ཀྱི་ལྷན་པ།། ཨར་པོ་ཞག་གསུམ་རྒྱག་པར།། བསམ་བློ་ལོ་གསུམ་གཏོང་དགོས།། ཨའུ་ཙི་དང་གྲོགས་པོ་བྱས་ན།། ཨ་ཁ་ཁ་རྒྱུན་མི་ཆད།། ཨེ་སྦྱར་མི་སྦྱར་བྱེད་རྒྱུ་མེད།། རྡོ་ལ་སྦྱིན་སྦྱར་བྱེད་རྒྱུ་མེད།། ཨེ་ཧེ་ཧེ་ཡང་མི་དགོས།། ཞོག་གཅིག་མ་གཉིས་ཀྱང་མི་དགོས།། ཨེ་འདྲ་ཚད།། མི་འདྲ་སྡུར།། ཨེ་ཆུ་མདོ་སྒང་གི་མི་ལུས་ལས།། ཡུལ་རྩྭ་ཆུ་འཛོམས་སའི་རི་དྭགས་སྐྱིད།། ཨེ་ཡག་བསམས་ནས་ལྷ་ཁང་བཞེངས།། མ་ཡག་ཕུག་རོན་འཁོར་ས་ཆགས།། ཨུག་ཆོས་མེ་ཏོག་ངས་ཀྱང་བྱས།། མཛོ་མོ་ར་ཀྱོག་ཁྱོད་ལའང་ཡོད།། ཨོ་རོག་དམར་དད་ཆེ་ཡང་།། དུག་ཚལ་དམར་པོ་མི་ཟ།། ཨོ་རོག་མི་ཞོག་ལྷ་འདྲེ།། འཇག་མ་མི་ཞོག་རླུང་བུ།།

 

༼ བོད་ལྗོངས་རིག་གནས་དྲ་བ་ལས་བཏུས།   རྩོམ་སྒྲིག་པ། དཀོན་མཚོག་དར་རྒྱས། ༽

Be the first to comment

Leave a Reply

Your email address will not be published.


*