ཨ་མས་སྙིང་གི་བུ་ཆུང་ལ་སྤྲིངས་པ།

སྙིང་ཉེ་བའི་བུ་ཆུང་ལགས། དེ་རིང་ནས་བཟུང་ཁྱོད་རང་མི་ཚེ་འགྲུལ་བཞུད་ཀྱི་གོམ་པ་དང་པོ་འགོ་ཚུགས་པ་རེད། ཟླ་ངོ་ལྔ་ཏག་ཏག་ལ་སོན་པའི་ཁྱོད་འདི་ལྟར་ཆེས་ཐོག་མའི་རང་དབང་གི་འཚོ་གནས་ཙམ་པོ་ལའང་ཚོད་འཛིན་བྱས་ཏེ། ཁ་ངོ་འོ་ཉོག་དང་མཉམ་དུ་མི་སྡེ་སྤྱི་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ཟེར་བའི་རྒྱ་རྙི་དམ་པོ་ཞིག་གི་ནང་དུ་ཨུ་ཚུགས་ཀྱིས་བརྫངས་པ་ནི་ཨ་མ་ཞིག་གི་ངོས་ནས་སེམས་ཀྱིས་མི་བཟོད་པ་ཞིག་ལོས་ཀྱང་ཡིན། ཡིན་ཡང་དེ་ནི་ང་ཚོ་སྟེ་ས་མཐའི་ཕ་མ་དག་ཐབས་ཟད་འུ་ཐུག་གི་གནས་བབ་ཁོ་ན་ཡིན་པས་ཨ་མའང་ལམ་ཁ་དེ་ལྟར་མི་འགྲོ་ཐབས་མེད་རེད་ལ། ཁྱོད་ཀྱིས་ཀྱང་ཨ་མར་འཁང་ར་མི་བྱེད་པར་ཞུ།
དུས་ད་ནས་བཟུང་ཁྱོད་རང་ཨ་མའི་གཅེས་ལོ་འབོད་པའི་ངག་གི་དབྱངས་འགྲོས་དེ་དང་ཀ་མད་སུམ་ཅུའི་ཚིག་གི་རོལ་རྩེད་འཁྱིལ་སའི་ཁྱིམ་གཞི་ཆུང་ཆུང་འདི་ལས་ཕར་ལ་གོམ་གང་བརྒལ་པས། ད་ནི་ཡུལ་སྲོལ་གོམས་གཤིས་མི་གཅིག་ཁ་ཁ་དང་སྐད་དང་ཡི་གེ་མི་གཅིག་སོ་སོ་ཡིན་པའི་ཁོར་ཡུག་ཅིག་ནས་ག་ལེར་འཚར་ལོངས་བྱུང་དགོས། དེ་བཞིན་ཁྱོད་ཀྱི་ཆེས་དྭངས་གཙང་དང་མཛེས་སྡུག་གི་སེམས་གཤིས་དེ་ལ་ཆེས་ཐོག་མར་འཇོག་བའི་སྐད་རིགས་ཀྱང་གཞན་ཞིག་ཡིན་པས་ན། དེ་རིང་ནས་བཟུང་ང་དང་ཁྱོད་ཀྱི་ཨ་ཕ་ཕུད་པའི་གཞན་སུ་གཅིག་གིས་ཀྱང་ཁྱོད་ལ་ཕ་སྐད་གཙང་མས་ཁམས་བདེ་འཚམས་འདྲི་ཙམ་ཡང་ཞུ་མི་སྲིད། དེ་བས་ནམ་ཞིག་ཁྱོད་ཉིད་སྐྱི་པགས་ཀྱི་ཁ་དོག་ཙམ་ལས་ཡོད་ཚད་གཞན་ཞིག་ཏུ་ཐིམ་འེ་འགྲོ་བསམ་ན་ང་ལ་སེམས་ཁྲལ་ལྷག་མ་ཞིག་ངང་གིས་འཁོར་ཡོང་། ད་ལྟ་ང་ཚོས་གཞན་སྐད་གོ་བརྡ་མ་འཕྲོད་པར་མྱང་བཞིན་པའི་དཀའ་ངལ་ནང་བཞིན་སང་ཉིན་ཁྱོད་ཀྱིས་རང་གི་ཕ་སྐད་གོ་བརྡ་མ་འཕྲོད་པར་གཞན་གྱི་མདུན་ནས་སྐད་སྒྱུར་ཞིག་གི་ལྕེ་སྣེ་གཡོར་དགོས་བར་བསམ་ན་ངའི་ཤ་གསེང་རུས་གསེང་ལ་གྲང་ཤུར་ཤུར་ཀྱི་འཁྱགས་རླུང་ལྡང་ཡོང་། ཁག་ཅི་ཡོད། འཇིག་རྟེན་ན་རང་གི་ཕ་སྐད་མ་ཤེས་པའི་གནོང་འགྱོད་ལས་ལྷག་པའི་གནོང་འགྱོད་ཞིག་གང་ན་ཡོད།
ད་དུང་ཕ་མ་ཞིག་གི་ངོས་ནས་བཤད་ན་རང་གི་བུ་ཕྲུག་མིག་གིས་བལྟས་བལྟས་ཉིད་ལ་ངོ་བོ་གཞན་ཞིག་ཏུ་འགྱུར་འགྲོ་བའི་སྣང་ཚུལ་དང་། ཕ་སྐད་གཙང་མའི་གཞིས་ཁྱིམ་ཆུང་ཆུང་འདི་ལ་རིམ་གྱིས་གཞན་གྱི་གྲེ་སྐད་འཛེར་པོ་ཞིག་གི་བཙན་འཛུལ་ཐེབས་ཡོང་བའི་གོ་རིམ་དེ་ནི་ཅི་འདྲའི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད་ཨང་། དེ་བཞིན་དུ་དུས་ནམ་ཞིག་འུ་ཚང་གི་ཁྱིམ་གཞི་ཆུང་ཆུང་འདི་ཉིད་སྐད་དང་ལྟ་བ་ཤར་ནུབ་གཉིས་སུ་གྱེས་ཏེ། མཐར་ཐོབ་ཐང་དང་འདྲ་མཉམ་ཞེས་པའི་ཐ་སྙད་སྐམ་པོ་ཁ་ཤས་ལ་གཤོག་པ་ཐོགས་ཏེ་ང་དང་ཁྱོད་ཀྱི་བར་ཐག་ཀྱང་མག་མོག་རབ་རིབ་ཏུ་གྱུར་ན་ཅི་བྱེད། ད་ནི་འདི་ལྟ་བུའི་དངངས་སྐྲག་གི་ཀློང་ནས་ང་ལ་སེམས་ཁུར་དང་བསམ་གཞིགས་ལྕི་མོ་ཞིག་གིས་ཡོངས་སུ་མནན་ཡོང་།

གཅེས་ཕྲུག་ལགས། ངས་ཁྱོད་ལ་རྒྱལ་ཁབ་དང་མི་རིགས་ཞེས་བྱ་གཞག་རླབས་ཆེན་རླབས་ཆེན་ཞིག་ལ་རེ་བཞག་བཅོལ་མི་འདོད། དེ་ནི་ང་ལ་རིགས་ཞེན་དང་འགན་འཁྲི་མེད་སོང་བ་མ་ཡིན་པར། སྤྱིར་བཏང་ནས་མིི་རེ་རེའི་ཤེས་འཇོན་དང་ནུས་སྟོབས་ལ་ཚད་བཀག་ཡོད་པ་བཞིན་ཁྱོད་ལ་ཁྱོད་དང་འཚམ་པའི་མི་ཚེ་དང་འཚོལ་སྙེག་ཡོད་ངེས། ཡིན་ཡང་ཁྱོད་རང་བོད་ཅེས་པའི་མི་རིགས་ཉམ་ཆུང་འདིའི་བུ་རབས་ཚ་རྒྱུད་ཅིག་ཏུ་སྐྱེས་ཟིན་པས། ཁྱོད་ཀྱིས་ཕ་སྐད་ཅེས་པའི་གཞན་ལ་ངོམ་ཆོག་ཆོག་གི་ཁྱད་ནོར་འདི་ནམ་ཡང་བོར་མི་ཆོག་སྟེ། དེ་ནི་ང་དང་ཁྱོད་ཀྱིས་རང་གི་མི་རིགས་འདིར་བཅངས་པའི་ཆེས་གཞི་རྩའི་འོས་འགན་ནམ་ཡང་ན་ཆེས་སྤྱིར་བཏང་གི་དགའ་ཞེན་ཙམ་དུ་བསམ་ཆོག ད་དུང་ཁྱོད་ཉིད་མི་རིགས་གཞན་དང་ལོགས་སུ་དབྱེ་བྱེད་ཀྱི་རྟགས་མཚན་གསོན་པོ་དེ་ཡིན་ལ། གཞན་གྱི་མདུན་ནས་རང་གི་ང་རྒྱལ་གྱི་མགོ་བོ་གྱེན་ཏུ་དགྱེ་བར་བྱེད་པའི་བློ་སྤོབས་ཁོ་ནའང་ཡིན། ཡང་གཅིག་བཤད་ན་གལ་ཏེ་ཁྱོད་ཉིད་ལྐུགས་པའི་ངག་ཅན་ཞིག་མིན་ཕྱིན་ཕ་སྐད་བོར་བ་ལ་ངན་ཁག་དཀྲི་ས་དང་ཁ་གཡོར་ས་གཞན་ཅི་ཡང་མེད་དེ། གཅིག་ཡོད་པ་ནི་རང་ཉིད་ཁོ་ན་ལན་པ་དེའོ། །
དྲང་མོར་བཤད་ན་ཁྱོད་ཉིད་སྐྱེས་པ་ནས་བཟུང་། ངས་ང་རང་ཉིད་ཀྱི་སྤྱོད་ལམ་དང་དགའ་ཕྱོགས་ཡོད་ཚད་ལ་བསྐྱར་དུ་ལེགས་སྒྲིག་བྱས་པ་ཡིན། ནམ་རྒྱུན་ཁུ་སིམ་སིམ་ལ་དགའ་བའི་ངས་ཁྱོད་ཀྱི་རྣ་རྩར་སྐད་ངག་འགག་རག་བར་ཏུ་བོད་གླུ་བླངས་ཤིང་བོད་གཞས་གྱེར་བ་ཡིན། ཨ་ཁུ་སྤྱང་ཀི་དང་རི་བོང་བློ་ལྡན་གྱི་གཏམ་རྒྱུད་བཤད་པ་ཡིན། སྤྲིན་དཀར་དང་མེ་ཏོག་གི་རྩེད་རྭ་བསྒྲིགས་པ་ཡིན། གངས་རི་དང་རྩྭ་ཐང་གི་མངའ་ཐང་གླེང་པ་ཡིན། ཁྱོད་ཀྱིས་གོ་ནུས་ཀྱང་ཆོག་ལ་མ་ནུས་ཀྱང་ཆོག་གང་ལྟར་ང་རང་ལ་མཚོན་ན་འདི་ནི་ཕ་སྐད་ལ་འཇུག་པའི་ཆེས་ཐོག་མའི་གོ་རིམ་དང་བག་ཆགས་ཤིག་ལ་ཡིད་ཆེས་བྱེད་བཞིན་ཡོད།
གཅེས་ཕྲུག་ལགས། ཁྱོད་ཀྱིས་༼ཆེས་མཐའ་མཇུག་གི་རྩྭ་ཐང་དང་དེའི་རྫི་བོ་༽ཞེས་པའི་སྙན་ངག་རིང་མོ་དེ་གོ་མྱོང་ཡོད་དམ། དེ་ནི་ནམ་རྒྱུན་ཨ་མས་ཁ་ལྕེ་དག་ལ་མི་དག་གིས་ཁྱོད་ཀྱི་རྣ་ལམ་ནས་ཡང་ཀློག་བསྐྱར་ཀློག་བྱེད་པའི་སྙན་ངག་དེ་རེད། སྙན་ངག་དེ་བཀླགས་ཀྱིན་བཀླགས་ཀྱིན་ཞེ་སེམས་སྐྱོ་སྐྱོ་དང་མགྲིན་པ་བརྣངས་བརྣངས་ཀྱི་ཚོར་བ་ཞིག་གིས་ཡོངས་སུ་སྦྲིད་འོང་། ཚོར་བ་དེ་གཅིག་པུས་ཀྱང་ང་ལ་འགན་འཁྲི་དང་བློ་བསྐྱེད་མང་པོ་ཞིག་ཁྱེར་ནས་ཐོན་བྱུང་། ༼ཆེས་མཐའ་མཇུག་གི་རྩྭ་ཐང་༽ཅི་འདྲའི་ཞེ་རྩ་གཉོམ་གཉོམ་དང་ཚོར་བ་བརླན་བརླན་གྱི་ཁ་བྱང་ལྗིད་པོ་ཞིག་རེད་ཨང་། ད་ནི་ཆེས་མཐའ་མཇུག་གི་རྩྭ་ཐང་དེ་སྲུང་དགོས་ན་ང་ཚོས་ངེས་པར་ཏུ་ཕ་སྐད་གསེར་ནག་རུས་པའི་རྒྱུན་བསྲིངས་དགོས་ཏེ། གལ་ཏེ་རི་ཁ་བ་ཅན་གྱི་བུ་རབས་ཚ་རྒྱུད་ཅིག་ཡིན་ཕྱིན་ཕ་སྐད་ཀྱི་རྒྱུན་བསྲིངས་པར་གཡོལ་ཏུ་མེད་པའི་འགན་འཁྲི་ཡོད། དེ་ན་ཁྱོད་ལའང་ཆེས་མཐའ་མཇུག་གི་རྩྭ་ཐང་སྲུང་པའི་ལས་འགན་ཡོད་དེ། དེ་ནི་ཕ་སྐད་བོར་མི་རུང་བ་དེ་ཡིན།
གཅེས་ཕྲུག་ལགས། ཁྱོད་ཉིད་སྐྱེས་དུས་གངས་རི་དང་རྩྭ་ཐང་མིག་ལ་མ་ཐོགས་ཀྱང་། ཁྱོད་ལ་ཕ་ཡུལ་གངས་ལྗོངས་ཞེས་པའི་རི་མཐོ་ས་གཙང་གི་སེམས་ཀྱི་ལོག་མལ་ཞིག་ཡོད། མགོ་ནག་བོད་པ་ཟེར་བའི་གཤིས་དྲང་གཞུང་བཟང་གི་ཕ་མེས་ཡང་མེས་ཤིག་ཡོད། དེ་ནི་ཐག་རིང་ཐག་རིང་ཞིག་མ་ཡིན་པར་ང་དང་ཁྱོད་ཀྱི་ཨ་ཕའི་དྲན་པའི་གཏིང་རུམ་ན་ཡོད། ཁྱོད་དང་མི་རབས་གསར་བ་ཚོའི་འཚོ་བའི་མདུན་ལྗོངས་ན་ཡོད། གཅེས་ཕྲུག ཨ་མས་ཁྱོད་ལ་རེ་བ་ཆེན་པོ་མི་བཅངས། ཡིན་ཡང་ད་བར་དུ་ངེད་ཚང་ལ་ཕ་སྐད་མི་ཤེས་པའི་བུ་རབས་ཚ་རྒྱུད་ཅིག་བྱུང་མྱོང་མེད་པས། ཁྱོད་ཀྱིས་ཀྱང་ཕ་མེས་ཀྱི་རུས་རྐང་དཀར་པོ་དེ་ལ་ནག་ཐིག་མི་འཇོག་པའི་རེ་བ་ཡོད།
སྙིང་ཉེ་བའི་བུ་ཆུང་ལགས། སང་ཉིན་ཁྱོད་རང་ཕྱི་རོལ་གྱི་འཇིག་རྟེན་ནས་ཕྱིར་རང་ཁྱིམ་ལ་ལོག་དུས།ཨ་མས་སྐད་ངག་འདར་འདར་གྱིས་ཁྱོད་ལ་གཅེས་ཕྲུག་འབོད་དུས། ཁྱོད་ཀྱིས་ཞེ་སེམས་དུང་དུང་གིས་ཕ་སྐད་གཙང་མ་ཞིག་ཁྱེར་ནས་ཤོག་དང་། ང་ཚོ་ལ་འདི་ལས་ལྷག་པའི་རིགས་ཞེན་དང་ལག་རྗེས་མི་དགོས་ཏེ། སྙིང་གི་རུས་པར་སིམ་པའི་ཕ་སྐད་གཙང་མ་དེ་གས་ཆོག་གོ།

༢༠༡༧ ༡༠ ༣༡ཉིན་ཕ་རེ་སུ་ནས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*