ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པའི་གདམ་ངག་ཁྱད་པར་ཅན་འདི་རེད།

རྣམ་རྟོག་དྲན་པའི་སྣང་བ་ཤེས་བྱའི་རླུང་གིས་ཁུར་ཏེ་གཞི་དབྱིངས་ལྷུན་འགྲུབ་ཀློང་དུ་གཤོག་པ་ལན་གསུམ་བརྡབ་པའི་རྨི་ལམ་སྨུག་པོ་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། འཆར་རན་སྨྱོན་པ།

མ་སྐྱེས་མི་སྐྱེ་སྐྱེ་བར་མི་འགྱུར་སྐྱེ་མེད་དབྱིངས་ཀྱི་དཀྱིལ་འཁོར་དུ།།
མ་འགགས་མི་འགག་འགགས་པ་མེད་པར་ལོངས་སྤྱོད་རྫོགས་པའི་ངོ་བོ་རུ།།
མ་བཞུགས་མི་བཞུགས་བཞུགས་པ་མེད་པའི་ཡེ་བྲལ་ཆོས་སྐུའི་རང་བཞིན་ཅན།།
ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་དང་བཙུན་མོ་བཅས་ལ་ཕྱག་འཚལ་ལོ།།

དང་པོ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བཤད་པ།  འདི་ལྟར་སྣང་ཞིང་སྲིད་ཀྱིས་བསྡུས་པའི་ཆོས་ཀྱི་ངོ་བོ་ཡོད་དོ་ཅོག་རང་གི་རང་བཞིན་ནི་གཙང་བཙོག་དང་སྤང་བླང་གིས་མ་གོས་ཤིང་། ཡོད་མེད་དང་ཡིན་མིན་གྱི་རྒྱ་ཡོངས་སུ་ཆད་ཅིང་། འཕྲོ་འདུ་ཡི་མཚན་མའི་རང་བཞིན་ཀུན་གྱིས་ཡེ་ནས་སྟོང་སྟེ་དབེན་པར་གྱུར་པ་གང་གི་རང་བཞིན་རྣམ་པར་དག་པ་ནི། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་ནོ། །དེ་ཡང་སྤྱི་དོན་འོད་གསལ་སྙིང་པོ་ལས། འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་མཚན་མ་མཐའ་དག་དང་བྲལ་བས་ན་སོ་སོར་རིས་སུ་མ་ཆད་པ་མཉམ་པ་ཆེན་པོར་སངས་རྒྱས་པ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་ལ་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟ་བས་ན་ཆོས་ཀྱི་གནས་ལུགས་ཚུལ་བཞིན་རྟོགས་པའི་ཁ་མིན་དོན་གྱི་རྣལ་འབྱོར་དག་གི་བྱ་སྤྱོད་ནི་སྨྱོན་པ་འདྲ་ལ་ལྐུག་པ་དང་མཚུངས་ཏེ། གསང་ཆེན་སྔ་འགྱུར་བའི་ཕ་ཆོས་བླ་ན་མེད་པ་དམ་ཆོས་རྫོགས་པ་ཆེན་པོ་གང་ཉིད་རྒྱུད་པའི་བླ་མའི་རིམ་པ་ལས་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་ན་གཡོ་བ་ཞིག་ཡོད་པ་དེས་དཔལ་ཡུལ་དགོན་གྱི་སྒྲུབ་ཁང་འགྲམ་གྱིས་སྐྱག་པས་གདོང་པ་་འཁྲུས་པ་དང་། འབྲུག་སྨྱོན་ཀུན་དགའ་ལེགས་པས་སངས་རྒྱས་ཀྱི་ཐང་སྐུ་ལ་གཅིན་པས་རབ་གནས་ཞུས་པ་མ་ཟད། འདུལ་འཛིན་སྡོམ་བཙོན་གྱི་ཁྱུ་མཆོག་ཙོང་ཁ་པ་ལྟ་བུས་ཀྱང་སྟག་སེང་ཞོན་ཅིང་གཅེར་བུར་རྒྱུ་བའི་སྔོན་བྱོན་གྱི་དམ་པའི་སྐྱེས་བུ་མཉམ་ཉིད་ཀྱི་ལྟ་བ་གདིང་དུ་གྱུར་ཅིང་རིམ་གཉིས་སྒོམ་པའི་རྩལ་རྫོགས་པའི་རྣམ་འབྱོར་པ་མང་དུ་མཆིས་པ་དེ་དག་གིས་མཚོན། འཁོར་བའི་གཏན་ཚིག་ལ་མགོ་གཏིང་སློག་པའི་རིག་བརྟུལ་གྱི་སྤྱོད་པ་ཕལ་མོ་ཆེར་མངའ་བས་སོ།། དེས་ན་སངས་རྒྱས་དང་སེམས་ཅན་ཀུན་ཀྱང་ངོ་བོ་ལ་བཟང་ངན་གྱི་རྣམ་པ་ཐ་དད་མེད་པར་རྟོགས་པར་གྱུར་ཚེ། ཕྱི་སྤྲོས་བཅས་ཀྱི་རྩོལ་བ་ལ་ལྟོས་མ་དགོས་པར་ནང་སེམས་ཉིད་ཀྱི་གནས་ལུགས་རྗེན་གཅེར་དུ་མྱོང་བར་འགྱུར་ཞིང་། འདི་ལྟར་གང་དང་ཅི་སྣང་བ་ཐམས་ཅད་བླང་བྱ་དང་གཙང་བར་ལྟ་བའི་འདུ་ཤེས་མེད་ཅིང་འདི་དང་འདི་ནི་སྤང་བྱའོ་སྙམ་པ་ལྟ་བུ་ཞེན་པ་རིམ་གྱིས་ཆོད་པས་སྤྱོད་པ་བླང་དོར་མེད་པའི་དོན་ལ་རིམ་གྱིས་རབ་ཏུ་འཇུག་པར་འགྱུར་བ་དང་། ངས་བྱ་བ་གང་ཞིག་སྒྲུབ་ན་དེ་ཡི་དབང་གིས་བདག་ཉིད་ནམ་ཞིག་དམྱལ་བར་ལྟུང་སྟེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ།བསམ་པའི་འཇིག་སྐྲག་ཀུན་ཀྱང་གཏན་དུ་སྤངས་ལ། ཡང་ངས་གང་ཞིག་སྒྲུབ་པའི་དབང་གིས་སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་བར་བཞེས་ནས་འགྲོ་བའི་དོན་རྒྱ་ཆེར་འབྱུང་བར་འགྱུར་སྙམ་པའི་རེ་བ་མེད་པས་ལྟ་བ་དག་མཉམ་ཆེན་པོ། སྤྱོད་པ་བླ་དོར་མེད་པ། སྒོམ་པ་རེ་དོགས་བྲལ་བ་ལ་སོགས་པའི་ཡིད་དུ་འོང་བའི་གནད་གསང་ཀུན་པོ་ཞེ་རུ་ཆུད་ཅིང་འདི་སྣང་རབ་རིབ་ཀྱི་ཆུ་བོའི་འཇིག་རྟེན་འདི་ག་རང་སྐུ་དང་ཞིང་ཁམས་གྱི་རང་བཞིན་ཁོ་ན་ཡིན་པ་ཉིད་དུ་རྟོགས་པར་འགྱུར་རོ།།

གཉིས་པ། དེ་ཉིད་མ་རྟོགས་ནས་འཁྲུལ་ཚུལ་བཤད་པ།

འོ་ན་གནས་ལུགས་ལ་བདག་གཞན་དངོས་པོ་ཐམས་ཅད་ཡེ་ནས་ཡོད་པ་དང་མེད་པ། གཉིས་ཀ་དང་གཉིས་མིན། མཐའ་བཞི་སྤྲོས་པ་བརྒྱད། སྒྲོ་འདོག་སོ་གཉིས། གཙང་བཙོག་དང་སྤང་བླང་སོགས་ཀྱི་མཚན་པ་མཐའ་དག་དང་བྲལ་ཞིང་མཉམ་པ་ཆེན་པོའི་ངང་དུ་སངས་རྒྱས་པའི་རང་བཞིན་དུ་ཡིན་བཞིན་དུ་འདི་ལྟར་ང་དང་ང་འདྲ་བའི་གང་ཟག་ཕལ་མོ་ཆེ་དག་ལ་སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་རྦ་རླབས་གཡོ་ཞིང་། དགའ་སྐྱོ་ཆགས་སྡང་གི་ཚོར་བ་མྱོང་བ་མ་ཟད། བྲག་ལ་ཐོག་པ། ཆུ་ཡིས་ཁྱེར་བ། མེ་ཡིས་སྲེགས་པ། མནར་བས་གདུང་བ། མཁས་པ་དང་བླུན་པོ། ཡ་རབ་དང་མ་རབ། ཆེ་ཆུང་དང་མཐོ་དམན། ལ་ལ་ཤ་ལ་དགའ་བ། ལ་ལ་ཁྲག་ལ་དུངས་བ། ལ་ལ་དབེན་པ་ལ་དགའ་ཞིང་དགོན་པ་རུ་སྙེགས་པ། ལ་ལ་ཁྱིམ་པ་ལ་དགའ་ནས་གྲྭ་པ་ལོག་པ། སྒྱུ་མ་བཞིན། རྨི་ལམ་བཞིན། དྲི་ཟའི་གྲོང་ཁྱེར་བཞིན། རྒྱབ་ཁབ་དང་མི་རིགས། འཚོ་བ་དང་ཁ་ཕྱོགས། ནམ་མཁའ་རུ་ཤོག་བུ་རླུང་གི་བསྐྱོད། ཆར་པ་ཟིམ་ཟིམ་འབབས། སྤང་ལ་མེ་ཏོག་ཤར། ལྕང་མའི་འདབ་མ་གཡོ། ཁ་བ་ལྷུབ་མར་འབབས། ཆུ་བོ་འཁྱག་གི་བསྡམས། རུ་སྒང་གི་དར་ལྕོག་རླུང་གིས་བརྡར་ནས་ཚལ་པ་འཐོར། ཕྱི་དགྲ་བོ་ཆམས་ལ་ཕབ། ནང་ཕུ་ནུ་བརྩེ་བས་བསྐྱངས། ཨ་ཕ་དང་དང་ཨ་མ། གཅེན་པོ་དང་གཅེན་མོ། ན་མཉམ་གྱི་འཚོ་བ་མཉམ་དུ་རོལ། བརྩེ་དུང་གི་འཁྲུལ་སྣང་། ལག་པ་དང་ལག་པ་སྦྲེལ། མགོ་བོ་བྲང་ལ་བསྙེས། སྙིང་གཏམ་གླེང་ཞོར་མིག་ཆུ་མཐོར། རུམ་དུ་འཐབ་ཀྱིན་འཁྲིག་པར་སྤྱོད། འུ་གཉིས་ཀྱི་བདེ་སྐྱིད། འུ་གཉིས་ཀྱི་མི་ཚེ། འུ་གཉིས་ཀྱི་བདེ་སྡུག ཁྱེད་ཚོ་དང་ང་ཚོ་ལྟབུ་བཟང་ངན་དང་བཙང་བཙོག་གི་རྣམ་པ་འདི་དག་ཅི་ཕྱིར་འབྱུང་བ་ཡིན་ཞེ་ན། དེ་ཡང་རྒྱུ་རྐྱེན་གང་ཡང་མེད་པར་གློ་བུར་ཐོལ་གྱིས་བརྡོལ་བ་ཞིག་གཏན་ནས་མ་ཡིན་པར། རྒྱུ་རྐྱེན་སྣ་ཚོགས་ཀྱིས་སྟོབས་ལས་གྲུབ་པ་ཡིན་ཏེ། རང་བཞིན་གཞི་ཡི་གནས་ལུགས་དེ་དང་ནམ་ཡང་འདུ་འབྲལ་མེད་པའི་བདག་ཉིད་རང་གསལ་ལྷུན་གྱིས་གྲུབ་པའི་རིག་པའི་གདངས་ཤར་བའི་ཚེ། སྣང་བ་དེ་ཀ་རང་སྣང་དུ་ངོས་མ་ཟིན་པར་ཡུལ་དུ་གཟུང་བའི་འཛིན་པའི་ས་བོན་ལས་སྲིད་པའི་སྣང་བ་རྒྱ་འབྱམས་སུ་མཆེད་ནས་དྭངས་གཙང་ཆུ་བོ་ལྷུབ་མར་དེ་དགུན་གྱིས་གྲང་བས་བཅོམ་ནས་རིམ་གྱིས་འཁྱག་ཏུ་གྱུར་པ་ལྟར་རང་སྣང་ཡུལ་དུ་ཞེན་པའི་ཞེན་པ་ཇེ་འཐུག་དང་། སྲིད་པའི་སྣང་བ་རབ་འབྱམས་ཇེ་ཟབ་དུ་ཏུ་གྱུར་ནས་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། མགོ་དང་ལག་པ། ཐབ་དང་ཐག་པ་འདི་དག་རིམ་གྱིས་འབྱུང་བར་ཡིན་ནོ། དེ་ཡང་ཡོན་ཏན་མཛོད་ལས། ཐོག་མའི་གཞི་ལས་འཁྲུལ་པ་མ་མཆིས་ཀྱང་། གཞི་སྣང་ཤར་བའི་རྣམ་པ་མ་རིག་པ།། གློ་བུར་རྐྱེན་གྱིས་བདག་ཉིད་གཅིག་པ་སྟེ།། དེ་ཉིད་ཐུར་སོང་ལྷན་གཅིག་སྐྱེས་པ་ལ།། མིང་དོན་བདག་རྟོག་ཀུན་ཏུ་བརྟགས་པ་ཡི།། མ་རིག་གསུམ་ལས་འཁྲུལ་པའི་རྐྱེན་བཞི་མཆེད།། གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུ་ཡི་རྐྱེན། དེ་ལ་རྟོག་དཔྱོད་ཤར་བ་བདག་པའི་རྐྱེན།། དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་རྐྱེན། གསུམ་པོ་དེ་མཚུངས་དེ་མ་ཐག་པའི་རྐྱེན།། ཚོགས་ལས་རིམ་བཞིན་འཁྲུལ་པར་སྟོབས་གྱུར་ནས།། ཉོན་མོངས་ཚོགས་འཕེལ་འཁོར་བའི་གནས་རིས་གྲུབ།། ཅེས་དང་། ཡིད་བཞིན་མཛོད་ལས། འཁྲུལ་སྣང་ཇི་སྙེད་བག་ཆགས་གསུམ་ཉིད་ལས།། ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་།། དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ།། དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་།། དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ།། ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས།། དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ། དེ་ལྟར་ཀུན་གཞིའི་སྟེང་དུ་བག་ཆགས་གསུམ།། ཐོག་མེད་དུས་ནས་བཞག་པ་དེ་གོམས་པས།། ཚེ་རབས་ཀུན་ཏུ་དེ་ལྟར་སྣང་བ་ཡིན།། ཅེས་གསུངས་པ་ལྟར་རོ།།

གསུམ་པ། འཁྲུལ་ཡང་རང་བཞིན་ལས་མ་འདས་ཚུལ་བཤད་པ།

དེ་ལྟར་སྒྱུ་མའི་གྲོང་ཁྱེར་ཆེན་མོ་འདི་རུ་འབྲོག་པ་རྣམས་ཀྱི་ཤ་མར་བཟའ་བཞིན་འཚོ་བ་སྐྱེལ་ཏེ་རོང་པའི་འཚོ་བ་ལས་ལེ་བརྡ་བྱེད་བཞིན་ཡོད། རོང་པ་རྣམས་ཀྱི་ས་ཞིང་ལ་ཁག་འགེལ་གྱི་འཚོ་བར་བསྟེན་ཞོར་འབྲོག་པའི་འཚོ་བ་ནི་ཡ་ང་བ་དང་ཡི་མུག་པ་ཡིན་རབས་ཀྱི་སྨད་ར་རྒྱབ་ནས་མི་རྣམས་འཚོ་བཞིན་ཡོད། དེ་ལྟར་ཡང་རང་གི་འཚོ་བ་དང་སྣང་ཚུལ་དབང་བཙན་དུ་བྱས་པ་ཙམ་ལས་ཁུང་ཐུབ་ཀྱི་རྣམ་བཞག་ཅི་ཡང་མེད་པར་འདུག་གོ དེས་ན་འཇིག་རྟེན་གྱི་རྣམ་བཞག་ཕལ་མོ་ཆེ་ནི་འདི་ལྟ་སྟེ་གྲྭ་པའི་ལངས་གཅིན་གཏང་བ་ནི་ངོ་ཚ་ཡིན་ལ་གྲྭ་པའི་ཤ་ཁྲག་བཞེས་པ་ནི་ཅི་ཡང་བཙོག་པ་མི་ལྟའོ།། དེ་མཚུངས་སུ་ཁྱི་ཡི་སྐྱག་པ་ལ་བཙོག་པར་བལྟ་བ་དང་ཟོག་གྱི་ལྕི་བ་ལ་གཙང་བར་བལྟ་བའི་འདུ་ཤེས། རྟ་ཡི་ཤ་ཁྲག་ནི་འདོར་བྱར་བལྟ་བ་དང་ལུག་གི་ཤ་རུས་ནི་ཟ་མ་བལྟ་བའི་འདུ་ཤེས་སོགས་སྒྲུབ་བྱེད་ཀྱི་རྒྱུ་མཚན་ཅི་ཡང་མེད་པར་ཕྱིན་ཅི་ལོག་གི་རྟོག་པ་འབའ་ཞིག་བསྐོར་བར་རྒྱབ་བཞིན་ཁམས་གསུམ་འཁོར་བའི་གྲོང་ཁྱེར་དུ་རེ་སྐྱིད་རེ་སྡུག་གི་འཚོ་བ་རོལ་བཞིན་གནས་པར་བྱེད་བཞིན་ཡོད་མོད་དོན་དུ་ནི་ཡག་བཙོག་བཟང་ངན་གྱི་རྣམ་པ་གཙང་བཙོག་སྤང་བླང་གི་རྣམ་པ། ང་མཁས་ཁྱེད་དམན་གྱི་དབྱེ་བ། ཕོ་མོ་མཐོ་དམན་གྱི་རྣམ་པ། ཚ་གྲངས་མི་སྙོམ་པའི་ཐ་དད། ཐོགས་བཅས་ཐོགས་མེད་ཀྱི་ཁྱད་པར། ཕྱི་ནང་གསང་གསུམ་གྱི་བར་མཚམས་ལྟ་བུར་ཐ་དད་ཀྱི་རྣམ་པ་ཅུང་ཙམ་མེད་པར་རང་བཞིན་དབྱིངས་ཀྱི་ངོ་བོ་རུ་མཉམ་པ་ཆེན་པོ་སངས་རྒྱས་ཤིང་ལྷུན་གྱིས་གྲུབ་ཅིང་དེ་ཡང་དུས་གང་ཞིག་གི་ཚེ་རྣམ་པ་འགྱུར་བ་ལྟ་བུ་མ་ཡིན་པ་ད་ལྟ་ནས་ཀྱང་གང་སྣང་བ་འདི་ཀ་རོ་མཉམ་ཆེན་པོའི་རང་བཞིན་ལས་མ་འདས་སོ།། དེ་ནི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པ། སྔ་འགྱུར་རིགས་འཛིན་རྒྱུད་པའི་དགོངས་པ། དམ་ཆོས་རྫོགས་པ་ཆེན་པོའི་གནད་གསང་། གནས་ལུགས་བདེན་པ་ཀུན་གྱི་མཐར་ཐུག མ་བཅོས་རང་སར་བཞག་ན་ཆོས་སྐུ་ཡི་རང་བཞིན་ཡིན་ཞིང་གང་ཞིག་སངས་རྒྱས་པ་འདོད་ཚེ་འདི་ཕར་ལ་འགྲོ་ཕར་ནས་གང་ཞིག་འགྲོ་དགོས་པ་ལྟ་བུ་མ་ཡིན་པར་སྣང་བ་ཐམས་ཅད་དམ་པ་རིགས་བརྒྱ། གྲགས་པ་ཐམས་ཅད་བྷོ་དྷི་ཙི་ཏ། དྲན་རྟོག་ཐམས་ཅད་ཐུགས་རྣམ་པར་མི་རྟོགས་པའི་བདག་ཉིད་ལས་སྔོན་ཡང་མ་གཡོས་ཤིང་ད་ཡང་མི་གཡོ་ལ་ཕྱིས་ཀྱང་གཡོ་བ་མི་འགྱུར་བའི་རང་བཞིན་བདེན་པ་ཀུན་གྱི་མཐར་ཐུག་ཉག་ཅིག་ཡིན་ནོ། དེ་ཡང་། རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ་ལས། གདོད་ནས་མ་སྐྱེས་རང་བྱུང་འོད་གསལ་འདི།། ཕ་མ་མེད་པའི་རིག་པའི་ཁྱེའུ་མཚར།། སུས་ཀྱང་མ་བྱས་རང་བྱུང་ཡེ་ཤེས་མཚར།། སྐྱེ་མ་མྱོང་ཞིང་འཆི་རྒྱུ་མེད་པར་མཚར།། མངོན་སུམ་གསལ་ཡང་མཐོང་མཁན་མེད་པ་མཚར།། འཁོར་བར་འཁྱམས་ཀྱང་ངན་དུ་མི་འགྲོ་མཚར།། སངས་རྒྱས་ཐོབ་ཀྱང་བཟང་དུ་མི་འགྲོ་མཚར།། ཀུན་ལ་ཡོད་ཀྱང་ངོ་མ་ཤེས་པ་མཚར།། འདི་བཞག་འབྲས་བུ་གཞན་ཞིག་རེ་བ་མཚར།། རང་ལ་ཡོད་ཀྱང་གཞན་དུ་བཙལ་བར་མཚར།། ཞེས་དང་། བཟུང་བའི་ཡུལ་གྱིས་མ་གོས་ཤིང་།། འཛིན་པའི་སེམས་ཀྱིས་མ་བསླད་པ།། རིག་སྟོང་རྗེན་པར་སྐྱོང་བར་འདི།། སངས་རྒྱས་ཀུན་གྱི་དགོངས་པ་ཡིན། ཞེས་དང་། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོ་སྐུའི་ངང་། སྐུ་དང་ཡེ་ཤེས་རོལ་པ་འབྱམས་བཀླས་ལ། ཟབ་གསང་རྣམ་འབྱོར་ཆེན་པོའི་ཉམས་ལེན་ལ། དབྱེར་མེད་ཐུགས་རྗེ་ཐིག་ལེ་རོ་གཅིག་ཤོག ཅེས་གསུངས་པའི་ཕྱིར་ནའོ། དེས་ན་ལྷ་སྔགས་ཆོས་སྐུ་ཡི་རང་བཞིན་གང་ངོ་བོ་སྟོང་ཕྱོགས་ནི་བསམ་ན་ཡོད་མིན་ཡིན་མིན་སོགས་ཀྱི་མཚན་མའི་སྤྲོས་པ་ཀུན་གྱིས་ཡེ་ནས་རྣམ་པར་སྟོང་ཞིང་མཐའ་གང་གི་ངོ་བོར་མ་ལྷུང་ཞིང་རྒྱ་གང་གི་ཕྱོགས་སུ་མ་ཆད་པ་ནི་ཆོས་སྐུ་ཀུན་ཏུ་བཟང་མོ་ཡིན་ནོ།། དེ་དང་འདུ་འབྲལ་མེད་པའི་ངོ་བོ་རང་གསལ་ལྷུན་གྱི་གྲུབ་པའི་རིག་མདངས་འདི་ཡང་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་ནོ།། དེ་ལྟར་གསལ་སྟོང་འདུ་འབྲལ་མེད་པའི་རང་བཞིན་ནི་དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མྱེས། འཁོར་འདས་དག་མཉམ་བདེན་པ་དབྱེར་མེད། ལྷག་པའི་ཆོས་སྐུ་ཆེན་མོ་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ནོ།

བཞི་པ། འཁྲུལ་པ་གློ་བུར་བ་དེ་ལྡོག་ཚུལ་བཤད་པ།

དེ་ལྟར་གཞི་ཡི་བཞུགས་ཚུལ་ཕྱིན་ཅི་མ་ལོག་པ་རང་རྒྱུད་ལ་འབྱོར་བར་བྱེད་པའི་ཐབས་ཀྱི་ཆ་ནི་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡིན་ཏེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཟིན་པ། ད་ལྟའི་སངས་རྒྱས་རྣམས་ཀྱིས་གསུང་བཞིན་པ། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་བའི་ཆོས་ཀྱི་རྣམ་བཞག་ཡོད་དོ་ཅོག་འདི་ཉིད་ཁོ་ན་རྟོགས་པའི་ཆེད་དུ་སྟོན་པ་ཉག་ཅིག་ཡིན་ནོ།། དེ་ཡང་དབང་པོ་རབ་འབྲིང་ཐ་དང་འཚམས་པའི་སྒྲུབ་ཚུལ་བསམ་གྱིས་མི་ཁྱབ་པ་ཡོད་པ་གང་དག་ལས་ནུས་ཚོད་འཇོན་ཚོད་ཀྱིས་བསྒྲུབས་པར་་བགྱིས་པའི་ཚུལ་ཡང་གཤམ་པ་ལྟར་དུ་བཀོད་ན། ཕྱི་སྐུ་གསུང་ཐུགས་རྟེན་བཞེངས་པ། ནང་བསླབ་གསུམ་ཉམས་ལེན་གནང་བ། གསང་བ་དབང་ལུང་ཁྲིད་གསུམ་ཞུས་པ་ཡན་ཆད་རང་བཞིན་རྫོགས་པ་ཆེན་པོ་ལམ་གྱི་ཆ་དང་ཡན་ལག་ཏུ་འགྱུར་བ་ཐམས་ཅད་གཞི་ཡི་གནས་ལུགས་རྟོགས་པའི་ཐབས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་ནོ། ། དེ་ལྟར་ཐབས་ཀྱི་རྣམ་བཞག་མཐའ་ཡས་པ་དང་འབྱམས་སུ་ཀླས་སུ་ཡོད་ན་ཡང་། འགའ་ཞིག་ནི་བསྐལ་པ་གྲངས་མེད་དུ་མར་འབད་པ་ལྷད་མེད་དུ་བགྱིས་མཐར་འབྲས་ཆོས་མངོན་དུ་འགྱུར་བའི་ཚུལ་བསྟན་པ་དང་། འགའ་རེས་ནི་སྐྱེ་བ་གསུམ་དང་བདུན་ལ་ལམ་སྒྲུབ་པ་མ་ནོར་ན་སྐུ་གསུམ་ངོ་བོར་ཐིམ་པའི་གནད་བསྟན་པ་དང་། ཡང་རེ་ཤས་ནང་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་པོ་ཐ་དད་དུ་བསྟན་པའི་ཚུལ་གྱིས་བླང་དོར་གྱི་མཚན་མ་སྣ་ཚོགས་དང་འབྲེལ་བའི་སྒོ་ནས་ལམ་སྒྲུབ་པའི་ཚུལ་སོགས་ལམ་གྱི་རྣམ་བཞག་གྲངས་མང་བ་དང་། ཁྱད་པར་དུ་གནས་ལུགས་མཐར་ཐུག་གི་ལམ་སྒྲུབ་སྟངས་ངོས་ནས་བཤད་ན། བདག་དང་ལྷ་ཡེ་ནས་འདུ་འབྲལ་མེད་པར་སྣང་སྲིད་དག་མཉམ་རྟོགས་པའི་ལྟ་བ་ཟབ་མོ་དང་རྗེས་སུ་མཐུན་པར་ལམ་རིམ་གཉིས་སྒོམ་ཞིང་བླང་དོར་མེད་པར་སྤྱོད་པ་ལས། གང་སྣང་ཆོས་ཉིད་དག་པར་རོལ་པས་སྤྱོད་པའི་ཚེ་འདི་ལ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མི་སློབ་པའི་ཟུང་འཇུག་དྲུག་པ་རྡོ་རྗེ་འཆང་གི་གོ་འཕངས་འགྲུབ་པར་འགྱུར་རོ། ། དེ་ལྟར་མ་བྱུང་ན་ཡང་འཆི་ཁ་བར་དོ་དང་ཆོས་ཉིད་བར་དོའི་ཡི་སྣང་བ་ཤར་བའི་ཚེ་སྣང་བ་དེ་ཉིད་རང་སྣང་དུ་ངོས་ཟིན་ནས་རང་གི་ཕུང་པོ་ལྔ་པོ་མ་སྤངས་གནས་སུ་དག་པ་རྒྱལ་བ་རིགས་ལྔའི་རང་བཞིན། གསལ་རིག་རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་སུ་དག་པ་སེམས་པ་བརྒྱད་ཀྱི་རང་བཞིན་དུ་ཤེས་ནས་སངས་རྒྱས་པར་ཐེ་ཚོམ་མེད་དོ།། ཡིན་ན་ཡང་སྙིགས་མ་ལྔ་ཡི་མུན་པ་ལྷག་ཏུ་བདོ་བའི་དུས་ཚིགས་སུ་མི་རྣམས་བསོད་ནམས་ཆུང་ཤིང་། དབང་པོ་རྟུལ་བ། ཕྲག་དོག་དང་འགྲན་སེམས་ཆེ་བ། འདོད་ཆགས་ང་རྒྱལ་མཐོ་བ། གཏམ་བདེན་པ་བཤད་ན་ཉན་མཁན་མེད་པ། ཕན་སེམས་ཅན་ལ་གནོད་པ་མང་བ། དྲང་བདེན་ཅན་ལ་གཉའ་གནོན་ཐུ་བ། བདེན་པ་ལས་རྫུན་པ་དགའ་བའི་དུས་སུ་ཆོས་རྣམ་པར་དག་པ་ཞིག་ཅི་ནས་ཀྱང་འགྲུབ་པར་དཀའ་བར་སྣང་ངོ་།། འོན་ཏེ་བདག་ལྟ་བུ་མི་ཚེ་གང་པོར་ཀྱ་ཀྱོག་གི་ལམ་ལས་མ་ཟུར་ཏེ་བདེན་པ་བཙལ་ཞིང་། བསླུ་བྲིད་ཀྱི་ལམ་དུ་མ་སོང་ནས་གནས་ལུགས་ཉུལ་མཁན་ཞིག་གི་ངོས་ནས་བསམ་ཚེ། ཇི་ལྟར་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས་སོ་སྙམ་ན་རང་གི་མི་ཚེ་ནང་དུ་ལུང་སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞི་ལ་དཔྱིས་ཕྱིན་པ་ཞིག་ཡོང་བར་སྲིད་མཐའ་ཙམ་དུ་དཀའ་བའི་གནས་ལགས་པས་དེས་ན་སྤྱི་དོན་འོད་གསལ་སྙིང་པོ་དང་། བར་དོ་ཐོས་གྲོལ་ཆེན་པོ། མན་ངག་ལྟ་བའི་ཕྲེང་བ། རྫོགས་ཆེན་སེམས་ཉིད་ངལ་གསོ། ལྟ་བུ་ཆོས་ཁྱད་རྨད་དུ་བྱུང་བའི་གཞུང་དག་ལ་ཐོས་བསམ་རང་གི་དུས་དང་བསྟུན་པར་བྱས་ཏེ། གཞན་དག་གྲུབ་མཐའ་དང་སེམས་ཅན་ཀུན་ལ་དག་སྣང་མི་ཆུང་བར་རེ་ཨི་ཡོང་བལྟ་བཞིན་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཞིག་ལ་སྒོ་གསུམ་ལེགས་པོར་བསྟེན་ནས་དབང་དང་མན་ངག་གང་ཐོབ་ཅི་ཐོབ་ཞུས་ཤིང་གཞན་ལ་སྐྱོན་སྨྲ་བའི་ལོག་ལམ་མཚམས་བཅད་ན། ནམ་ཞིག་འཆི་བའི་དུས་ཤིག་བྱུང་བའི་ཚེ་ཆོས་ཉིད་འོད་གསལ་གྱི་བར་དོ་དང་པོ་ཤར་བ་ན་རང་གི་སེམས་ཀྱི་ངོ་བོ་སྟོང་སང་ངེ་བ་ཞིག་འཆར་དུ་འོང་ཞིང་དེ་ཀུན་ཏུ་བཟང་མོ་ཡིན་ནོ། ། དེ་དང་འདུ་འབྲལ་མེད་པའི་གསལ་ལམ་ངེ་བ་འཆར་དུ་འོང་ལ་དེ་ཀུན་ཏུ་བཟང་པོ། དེ་གཉིས་ནམ་ཡང་འདུ་འབྲལ་མེད་པར་མཉམ་པར་སྦྱོར་བ་ནི་དག་མཉམ་བདེན་པ་དབྱེར་མེད་ཆེན་པོ་རང་བཞིན་ཡིན་པ་ལ་ཡིན་པ་ལྟར་དུ་ངོ་ཤེས་པ་འགྱུར་ནས་ངོ་བོ་ཆོས་སྐུའི་ཞིང་ཁམས་སུ་འཚང་རྒྱ་བར་འགྱུར་རོ་སྙམ་པའི་གདིང་ཚོད་རེ་འཆའ་ཆོག་ཆོག་རེད་སྙམ།། སྤྱིར་ན་ངོ་ཤེས་དང་མ་ཤེས་ཀྱི་ཁྱད་པར་ཙམ་ལས་ཆོས་ཉིད་འོད་གསལ་ཀྱི་བར་དོ་མི་འཆར་བ་ནི་སྲིད་ན་དཀོན་པར་ནང་བཞིན་ཡིན་མོད་ཀྱང་། སེམས་ཅན་ནི་གྲངས་མང་ཞིང་ལས་ཀྱི་རྣམ་གྲངས་ནི་མཐའ་ཡས་པས་དེ་རུ་གྲོལ་བ་དང་འཁྲུལ་བ་ནི་བརྗོད་དུ་མི་ལངས་པར་ཡོད་དོ།། དེ་ལྟར་ངོ་ཤེས་པའི་ཐབས་ཀྱི་གཙོ་བོ་ནི་རྫོགས་རིམ་གྱིས་རྒྱས་ཐེབས་པའི་བསྐྱེད་རིམ་སྒོམ་པར་བྱའོ།། དེ་ལ་ཡང་། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམས་བུ་ཚོགས་སྒྲུབ། བདག་སྲས་དང་གཞན་སྲས་དང་། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་དུ་བསྐྱེད་པ་ལྟ་བུ་རང་གི་བློ་རིམ་དང་འཚམ་པར་མང་དུ་མཆིས་སོ།། དེ་ལྟར་མ་ནུས་ཀྱང་དམ་པ་རིགས་བརྒྱ་ཡི་དཔེ་རིས་དང་། ཐང་ཀ། གར་འཆམས། ཁྲོ་འཆམས། ལྷ་སྐུ་དང་དཀྱིལ་འཁོར་རྣམས་ཀྱི་རང་བཞིན་ལ་ཡང་ནས་ཡང་དུ་མཇལ་བར་གལ་ཆེའོ།། ཇི་སྐད་བཤད་པ་དག་ནི་ཅི་འདྲའི་སྟབས་བདེ་ཞིང་གྲོལ་སླ་བ་འདི་ཡང་དམ་ཆོས་རྫོགས་པ་ཆེན་པོ་གཙོས་པའི་ནང་རྒྱུད་ཡོ་ག་གསུམ་གྱི་ཁྱད་ཆོས་རྨད་དུ་བྱུང་བར་ཡིན་པར་སྣང་ངོ་།། དེ་ཡང་རྒྱུ་རྐྱེན་གཙོ་བོ་རྣམ་པ་གཉིས་སུ་ཚང་དགོས་པ་ནི་འོས་མེད་པར་ལོས་ཡིན་ཏེ། གཅིག་ནི། བླ་མ་ལ་སངས་རྒྱས་དངོས་མཐོང་གི་འདུ་ཤེས་ཡོད་པ། གཉིས་ནི། དམ་ཚིག་ལ་ཆག་ཉམས་པ་མེད་པ་ཞིག་ཡིན་རྒྱུ་རབ་ཏུ་གལ་ཆེའོ།། རྣམ་པ་གཅིག་ཏུ་བཤད་ན་སྔགས་ཀྱི་དམ་ཚིག་ལ་ས་ཡ་འབུམ་སྡེ་ཡོད་པར་བཤད་མོད་ཀྱང་བསྡུ་ན་བླ་མའི་སྐུ་གསུང་ཐུགས་གསུམ་དུ་འདུས་ཤིང་བདེ་བར་བཤད་ན། སྣོད་བཅུད་ཐམས་ཅད་བླ་མའི་ངོ་བོར་བསྡུས་ཤིང་བླ་མའི་སྐུ་གསུང་ཐུགས་ནི་སངས་རྒྱས་དངོས་མཐོང་གི་འདུ་ཤེས་རང་ལ་ཐུག་ཡོད་པས་དེ་ནི་ནམ་ཡང་མེད་དུ་མི་རུང་བའི་གནད་དམ་པའོ།། གང་ཞིག་བཤད་པ་ལྟར་དུ་རྟོགས་ན་ཡང་ཐ་མལ་གྱི་སྣང་བ་རིམ་གྱིས་ལྡོག་དགོས་པའི་དབང་པོའི་རིམ་པ་ཁག་ཅིག་ནི་ལམ་རིམ་གྱིས་སྒོམ་ལས་འཁྲུལ་པའི་སྣང་བ་ཇེ་ཆུང་དང་དག་པའི་མཐོང་བར་ཇེ་ཆེ་རུ་འགྱུར་ནས་ནམ་ཞིག་འཁྲུལ་བ་ཕྲ་མོ་ཙམ་གྱི་མ་གོས་ནས་ཀྱང་སངས་རྒྱ་བ་ནི་ལྟ་ཅི་སྨོས། ། དེ་ཡང་འོད་གསལ་སྙིང་པོ་ལས། གནས་ཚུལ་དང་མཐུན་པར་ཞུགས་པའི་ཡང་དག་པའི་ཡེ་ཤེས་དངོས་སམ་ཤེས་རབ་ཁྱད་པར་ཅན་གྱི་བྱེད་པ་ལ་བརྟེན་ནས་འཁྲུལ་པ་དེ་དག་ལྡོག་པར་འགྱུར་ཏེ་སྣང་བས་མུན་པ་ཉམས་པ་བྱེད་པ་བཞིན་ནོ།། དེ་ཡང་ཐོས་བསམ་གྱི་སྒོ་ནས་གཞི་ཡི་བཞུགས་ཚུལ་ལ་སྒྲོ་འདོགས་གཅོད་པའི་གང་ཟག་ལས་དང་པོ་པའི་ངོར་ཐ་མལ་གྱི་ཞེན་པ་སྲབ་ཀྱང་སྣང་བ་ལྡོག་པར་མི་འགྱུར་ཏེ། རྗེས་དཔག་ཚད་མ་ལ་རྟེན་ནས་དུང་དཀར་པོ་ངེས་པའི་ངོར་སེར་པོའི་སྣང་བ་མ་ལོག་ཀྱང་དེར་ཞེན་པ་ལོག་པ་བཞིན་ནོ། ། ལྟ་བའི་དོན་བཞིན་དུ་སྒོམ་པའི་སྟོབས་སུ་གྱུར་པའི་རིམ་པ་དང་མཚུངས་པར་ལམ་གྱི་སྐབས་སུ་ཆབ་རུམ་རིམ་བཞིན་ཆུ་རུ་ཞུ་བ་ལྟར་འཁྲུལ་པའི་སྣང་ཞེན་་ཇེ་ཆུང་དང་དག་པའི་མཐོང་བ་ཇེ་ཆེ་རུ་སོང་ན་ཡང་ད་དུང་དྲི་མ་དང་བཅས་པཡིན་ལ། མཐར་འཁྲུལ་པའི་ས་བོན་ཕྲ་མོ་ཡང་ལྡོག་པའི་ཚེ་ཆབ་རོམ་ཆུ་འབའ་ཞིག་ཏུ་གྱུར་པ་ལྟར་ཡེ་ཤེས་འབའ་ཞིག་གི་སྟོབས་སུ་གྱུར་པས་སླར་ལྡོག་པ་མེད་དོ། །ཅེས་གསུངས་སོ།།
དེ་ལྟར་བསྟན་པ་སྤྱི་དང་བྱེ་བྲག་རྡོ་རྗེ་ཐེག་པ་དཔང་དུ་བཞག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཉུང་ཙམ་བགྱིས་པ་འདི་ནི་རྟག་ཏུ་རྣམ་གཡེང་གི་གྲོང་དུ་འཁྱམས་ནས་རྒྱུ་ཞིང་ཚེ་གང་ཆགས་གཏམ་སྣ་ཚོགས་ཀྱིས་དྲ་བར་ཁྱབ་པའི་ཐ་ཤལ་འཆར་རན་སྨྱོན་པ་དེས་མདོ་སྔགས་རིག་གཞུང་རྒྱ་མཚོ་ཡི་དགོངས་པ་གནད་དུ་དྲིལ་ནས་འཆད་དོ་སྙམ་པའི་སྤོབས་པ་དང་གདེངས་ཚོད་མི་དམན་རེ་དང་དཀྱུས་ནས་རྙིང་མའི་གདན་ས་ཆེན་མོ་རྒྱལ་དབང་དཔལ་ཡུལ་དགོན་ཆེན་གྱི་ཆར་གཏོགས་ནང་བསྟན་མཐོ་རིམ་སློབ་ཆེན་ནས་བྲིས་པ་འདིས་བསྟན་དང་འགྲོ་བར་ཡོངས་ཀྱི་གཉེན་གྱུར་ཅིག་གུ 2017. 11. 18 ཉིན

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*