རྩོམ་པ་པོ། རྩི་ཀོར་ཐང་།
རྫ་སྨུག་པོའི་ཕར་ནང་ཚུར་ནང་། །
ཆར་སྤྲིན་པའི་སྟངས་ཀ་ཤིག་ཤིག །
དགུང་ཉི་ཟླ་མཉམ་འཛོམ་ཡིན་ན། །
དབྱར་འདི་ལ་བདག་པོ་བརྒྱབ་ཆོག །
དབུས་ལྷ་ལྡན་ནོར་བུ་གླིང་ཁར། །
རྗེ་བྱམས་པ་དཀོན་མཆོག་མེད་ན། །
ཤིང་ཤིང་མོས་སེམས་ཁ་གཏུགས་རུང་། །
བྱེའུ་འཇོལ་མོ་སྨྲེང་བའི་གཞི་རེད། །
དུས་ནམ་ཚ་ཙག་དང་རླུང་རེད། །
ལམ་དོག་མོར་ཁ་བ་བབས་བྱུང་། །
ཡིད་དྲན་ཤིང་སྨུག་པའི་རི་འགོར། །
ཁྱོད་ཡོད་ན་ཆར་ཆ་བབས་ཆོག །
ཚེ་འདི་ལ་རིང་ཐུང་ཤོར་ཡང་། །
ལམ་དེ་ལ་བདག་པོ་བརྒྱབ་ཆོག །
ཞེ་སྣང་བ་འཛུམ་དཀར་འདྲ་བོ། །
ཆུང་སེམས་སོང་མི་ལ་ཞུས་ཡོད། །
སྡེ་ཆེན་པོ་འབྲོག་རུ་ཆུང་ཆུང་། །
མི་མི་མོའི་སྣང་བ་མཐུན་ལེ། །
ཆུང་བྱམས་པ་ལས་མཐུན་བྱུང་ན། །
ཚེ་གང་བོར་སྨོན་ལམ་བརྒྱབ་ཆོག །
དགུན་བཅུ་བའི་ཁེར་རྐྱང་ཟླ་འོད། །
རི་ཞོ་གསར་འདྲ་བའི་རྒྱབ་རེད། །
དགོང་མཚམས་མཐའི་སྐར་མདའ་མོག་པོ། །
རྒྱང་རིང་བོའི་ནུབ་མཚོར་ལྷུང་སོང་། །
ཆུ་རྫ་ཆུ་དྭངས་མོ་སྨན་ཡིན། །
ཉ་གསེར་མིག་ནང་གི་འཛུམ་ཡིན། །
མིག་མཆོང་ཆ་འདྲ་བའི་དམར་ཆུང་། །
ཡིད་རི་ཚོགས་ཉུལ་བའི་ཡུ་མོ། །
སེམས་གཙང་བོ་འགྲམ་དར་ཅན་པོ། །
ལམ་རྒྱང་ཐག་བཅད་ནས་བཞུར་འགྲོ། །
ལུས་ལ་མོ་གྲང་ངར་ཅན་པོ། །
ཁངས་ཁ་བ་འཁྱག་གིས་བསྡམ་འགྲོ། །
ཟླ་བཞི་བའི་སྤང་རིའི་མེ་ཏོག །
བཏོག་མི་ཕོད་ཚེར་མའི་ཞིང་ཁ། །
ལོ་སང་ལོ་དབྱར་ཟླ་བསླེབ་ན། །
ཆར་སྨུག་སྦྲའི་ནང་ནས་མཇལ་ཆོག །
2018/1/28/
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།