རྩོམ་པ་པོ། མཁན་པོ་མཐུ་སྟོབས་སེངྒེ།
མ་རིག་ལས་སྣང་འཁོར་བའི་དུག་མཚོ་ཆེར།
མ་དག་སྒྲིབ་གཉིས་བཅིངས་པའི་བུ་ཆུང་ལ།
མ་ལུས་འདྲེན་པའི་སྐྱབས་གཅིག་ཕ་བླ་མས།
མ་བཅོས་སེམས་ཀྱི་རང་བཞིན་བསྟོན་དུ་གསོལ།
གནས་འཁོར་བའི་གྲོག་རོང་ཆེན་པོ་འདིར།
ལས་སྨོན་ལམ་ཞིག་གིས་འཕེན་པ་ལས།
ཆོས་ལུང་རྟོགས་བན་པའི་བསིལ་གྲིབ་འོག།
རྗེ་བླ་མ་སངས་རྒྱས་དངོས་འདྲ་བ།
ཚད་གཞལ་དུ་མེད་པ་གྲང་མེད་ལས།
གསུང་ངོ་མཚར་ཆེ་བ་མདོ་སྔགས་ཀྱི།
དོན་ཟབ་མོའི་མན་ངག་ཉིང་ཁུ་རྣམས།
ལན་རེ་གཉིས་མིན་པ་ཡང་ཡང་དུ།
གསུང་མྱོང་བའི་དཀའ་བ་བརྗོད་མི་ལངས།
རྟེན་དལ་འབྱོར་ཚང་བའི་གྲུ་ཆེན་འདིར།
ཆོས་སྤྱོད་པའི་སྐལ་བཟང་ཐོབ་ལགས་ཀྱང་། །
ནང་དུག་གསུམ་དགྲ་བོའི་སྟོབས་ཤུགས་དང་།
ཕྱི་འདོད་ཡོན་ཚར་པོས་བསླུ་ཁྲིད་ཀྱིས།
བུ་དབང་མེད་ལས་ངན་གསོག་ལ་བྲེལ།
དུས་ད་ལྟའི་དུས་ཀྱི་དགེ་སྦྱོང་རྣམས།
ཆོས་ཆོས་བཞིན་འགྲུབ་པར་བྱེད་པ་ལ།
ནང་སེམས་ཀྱི་ཁྱེར་སོ་མ་དག་ཅིང་།
ཁེ་སྙན་གྲགས་ཁོ་ནར་སེམས་པ་ན།
དོན་ངལ་བ་ཙམ་ལས་འབྲས་བུ་མེད།
གནས་དབེན་པར་རྟེན་པའི་སྒོམ་ཆེན་དང་།
ཆོས་ཐོས་བསམ་བྱེད་པའི་དཔེ་ཆ་བས།
རྒྱུད་དུག་གསུམ་བཅོམ་ལ་མ་ཕན་ན།
དུས་ལོ་གྲངས་མང་པོའི་ཅི་ལ་ཕན། །
དགྲ་དུག་གསུམ་ཟེར་བའི་ཕུང་རྒན་དེ།
ངེད་སོ་སྐྱེའི་རྒྱུད་ལ་མངོན་གྱུར་ཚེ།
གནས་མ་ཟིན་དེ་ཡི་གཞན་དབང་གི །
ལས་ངན་པའི་བྱ་བ་གསོག་ལ་བྲེལ། །
ཡར་བདེ་བ་ཅན་གྱི་ཞིང་ཁམས་དང་། །
མར་ངན་སོང་གསུམ་གྱི་གནས་རྣམས་ལ། །
བློ་ཚན་མའི་སྤྲོས་པ་མ་ཆོད་བར། །
རྐྱེན་བཟང་ངན་ཤར་བ་བཟློག་ཏུ་མེད། །
བུ་འཁོར་བའི་དྭ་ཐག་གཅོད་དགོས་ན། །
ལམ་བཟང་པོ་ཐེག་པ་ཆེན་པོ་ཡི། །
བློ་སྦྱོང་བའི་མན་ངག་མང་ཡོད་ཀྱང་། །
དོན་འཁོར་འདས་དབྱེར་མེད་སྒོམ་པ་མཆོག །
བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་དེ། །
ངེད་སྐྱ་སེར་མེད་པས་སྒོམ་ཐུབ་ན། །
རྐྱེན་ཕྱི་ནང་དགྲ་བོས་མི་གནོད་ཅིང་། །
ཚེ་འདི་དང་ཕྱི་མ་གཉིས་ཀ་སྐྱིད། །
ལར་འཁོར་བ་དུག་གི་རྒྱ་མཚོ་ལ། །
སེམས་ངེས་འབྱུང་བློ་ཞིག་མ་སྐྱེས་ན། །
ཆོས་རྣམ་དག་ཇི་ཙམ་སྒྲུབ་ཁུལ་ཡང་། །
ཐོབ་བྱང་ཆུབ་ཆེན་པོ་ཤིན་ཏུ་དཀའ། །
གྲོགས་སྒོ་གསུམ་བྱ་མ་ཅི་བྱེད་ཀྱང་།
ལས་རྒྱུ་འབྲས་གནས་ལ་ཡིད་ཆེས་དང་། །
སེམ་ས་དྲང་པོའི་ཀུན་སློང་རྣམ་དག་གིས། །
ཆོས་ཆོས་བཞིན་སྒྲུབ་པར་མཛོད་ཅིག་ཀྱེ། །
ཞེས་པ་འདིའང་དོན་གཉེར་སློབ་བུ་འགའ་ཡིས་བསྐུལ་མ་མཛད་པ་ངོར་དཔལ་ས་སྐྱའི་མཁན་མིང་ཙམ་འཛིན་པ་མཐུ་སྟོབས་སེངྒེས་གང་ཤར་བྲིས་པའོ།། །།
Leave a Reply