རྩོམ་པ་པོ། བཀའ་བཞི་ཕུན་ཚོགས་བཀྲ་ཤིས
བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ།
ཇི་ལྟ་ཇི་སྙེད་བསྡུས་པའི་ཤེས་བྱ་ཀུན།།
དབྱེ་བ་མ་མདྲེས་ཆོས་དབྱིངས་རབ་བསྙེན་ནས།།
སྤྲོས་པའི་འཛིན་པ་མྱུར་བར་ཞི་ཞིར་མཛད།།
རྒྱལ་བའི་དབང་པོ་ཁྱེད་ལ་ཕྱག་བགྱིའོ།།
ཟབ་མོ་སྟོང་ཉིད་ལྟ་བའི་མིག་རྒྱན་པས།།
སྐལ་ལྡན་གདུལ་བྱ་གྲངས་མེད་མཐའ་ཡས་ལ།།
མཐའ་འཛིན་འགོག་པའི་རིགས་པ་གསལ་བ་བསྟན།།
རིགས་པའི་གཙུག་རྒྱན་མགོན་པོ་ཁྱེད་ལ་བསྟོད།།
རིགས་པ་དཔྱོད་པས་རང་བཞིན་མ་གྲུབ་པ།།
སྣང་བ་ཀུན་རྫོབ་གཉིས་ཀྱིས་གྲུབ་ཚུལ་ལ།།
ཐལ་རང་གཉིས་ཀའི་དགོངས་བཞེས་དག་ལ་ཡང་།།
རང་བློ་གང་དཔོག་ཅུང་ཙམ་བརྗོད་ལ་སྤྲོད།།
ཞེས་མཆོད་པར་བརྗོད་ཅིང་རྩོམ་པ་དམ་བཅའ་བ་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པར་གཅིག་པའི་ལམ་མཆོག་དབུ་མ་འདི་ཡིན།འདི་ལ་ཐོག་མར། རྟག་ཆད་གཉིས་ལས་གྲོལ་བའི་དབུ་མའི་དོན་བཞག་པ་དང་།
ཐལ་རང་གཉིས་ཀའི་དགོངས་པ་གཅིག་ཏུ་འབབ་པ་དང་། མཐའ་བྲལ་དབུ་མའི་ལྟ་བ་ཧྭ་ཤང་གི་ལྟ་བ་དང་མི་མཚུངས་པ་བསྟན་པ་གསུམ་ལས། དང་པོ་ནི། དེ་ཡང་། རྒྱལ་བ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེཊ་པས་བསྟན་པ་ལྟར། ། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། ། གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། ། ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། ། ཞེས་གསུངས་ལྟར། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་གདུལ་བྱའི་ཁམས་དང་མོས་པ་ལ་ལྟོས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཤིང་དེ་དག་བསྡུས་ན་དྲང་ངེས་གཉིས་སུ་འདུས་ཤིང་། དེའི་དགོངས་པ་འགྲེལ་བ་ལ། རྒྱ་གར་འཕགས་པའི་ཡུལ་ན་གྲུབ་མཐའ་སྨྲ་བ་བཞི་བྱུང་ཞིང་བཞི་པོས་རང་རང་གི་གྲུབ་མཐའ་དེ་རྟག་ཆད་གཉིས་ལས་གྲོལ་བའི་དབུ་མའི་ལམ་དུ་འདོད་ཅིང་། དེ་ལ་བརྟེན་ནས་བྱང་ཆུབ་གསུམ་ཐོབ་པར་འདོད་པར་མཚུངས་པས། དེ་དག་གིས་དབུ་མ་ལ་དབུ་མ་ཞེས་མི་བརྗོད་པར་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་དོ། ། འོ་ན་དེ་དག་གིས་རྟག་ཆད་ཀྱི་མཐའ་སྤངས་ཚུལ་ཇི་ལྟ་ཡིན་སྙམ་ན། ལས་འབྲས་ལ་རྟག་ཆད་སྤོང་ཚུལ་དང་། གང་ཟག་ལ་རྟག་ཆད་སྤོང་ཚུལ་མང་དུ་ཡོད་ཀྱང་།. སྐབས་འདི་ཤེས་བྱ་སྤྱི་ལ་རྟག་ཆད་སྤོང་ཚུལ་ཇི་ལྟ་ཡིན་སྙམ་ན།. ཐོག་མ་བྱེ་བྲག་སྨྲ་བས། ཤེས་བྱ་གཞི་ལྔས་བསྡུས་པའི་དོན་དམ་བདེན་པར་བདེན་གྲུབ་འདོད་པས་ཆད་མཐའ་ལས་གྲོལ།. ཕུང་པོ་ལྔ་ལ་བཏགས་པའི་གང་ཟག་དང་། རགས་པ་དང་རྒྱུན་ལ་སོགས་པའི་ཀུན་རྫོབ་ཀྱི་ཆོས་རྣམ་བདེན་མེད་འདོད་པས། རྟག་མཐའ་ལས་གྲོལ་ཞེས་འདོད་དོ།. མདོ་སྡེ་པས། ལྡན་པ་མ་ཡིན་པའི་འདུ་བྱེད་དང་། འདུས་མ་བྱས་ཀྱི་གཞི་གཉིས་མ་རྟོགས་པའི་གཞན་གསུམ་པོ་བདེན་གྲུབ་འདོད་པས། ཆད་མཐའ་ལས་གྲོལ། སྔར་བཤད་པ་ལྟར་དུ་གང་ཟག་སོགས་བདེན་མེད་དུ་འདོད་པས། རྟག་མཐའ་ལས་གྲོལ།. སེམས་ཙམ་པས། ཆོས་ཉིད་ཡོངས་གྲུབ་དང་། དེའི་གཞི་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པས། ཆད་མཐའ་ལས་གྲོལ། གཞན་དབང་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཀྱི་བདག་དང་། ཕུང་པོ་ལ་བཏགས་པའི་གང་ཟག་སོགས་བདེན་མེད་དུ་འདོད་པས། རྟག་མཐའ་ལས་གྲོལ་བར་འདོད་དོ། དབུ་མ་པས་དེ་ལྟར་དངོས་པོར་སྨྲ་བ་རྣམས་ཀྱིས་རྟག་ཆད་ཀྱི་མཐའ་ཇི་ཙམ་སྤངས་ཀྱང་རྟག་ཆད་ཀྱི་མཐའ་ལས་མ་འདས་ཏེ།དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པས། རྟག་མཐའ་ལས་མི་གྲོལ། སྔར་རང་བཞིན་གྱིས་གྲུབ་པ་ཞིག་ཕྱིས་གཏན་མེད་དུ་འདོད་པས་ཆད་མཐའ་ལས་མི་གྲོལ། ཞེས་བཞེད་དེ། དབུ་མ་རྩ་བ་ལས། གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། ། ཞེས་གསུངས་ཤིང་། འོ་ན་རང་ལུཊ་ལ་མཐའ་གཉིས་ལས་གྲོལ་བའི་དོན་ཇི་ལྟ་ཡིན་སྙམ་ན། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག། དབུ་མའི་ལམ་དུ་དོན་གཅིག་པ། །ཞེས་སོགས་དང་། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཞེས་གསུངས་པ་ལྟར། རྟེན་འབྲེལ་ཉིད་ཀྱིས་རྟག་ཆད་གཉིས་ལས་གྲོལ་བའི་དབུ་མར་བཞག་ཅིང་། གྲོལ་བའི་ཚུལ་ཇི་ལྟར་ཡིན་སྙམ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་ཆ་ནས་ཆད་པའི་མཐའ་སྤོང་ལ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆ་ནས་རྟག་པའི་མཐའ་སྤོང་ངོ་།། དེས་ན་བྱང་ཆུབ་གསུམ་ཐོབ་པ་ལ་ངེས་པར་དུ་རྟག་ཆད་གཉིས་ལས་གྲོལ་བའི་དབུ་མའི་ལམ་འདི་ལ་འཇུག་དགོས་སོ།། གཉིས་པ་ལ་གཉིས་སྟེ། དགོངས་པ་གཙོ་བོ་དོན་གཅིག་ཏུ་གནས་པ་དང་། དགོངས་པ་གཞན་དོན་གཅིག་ཏུ་གནས་པ་གཉིས་ལས། དང་པོ་ནི། ཐལ་རང་གཉིས་ཀས་གཞི་ཆོས་དང་གང་ཟག་གཉིས་ལ་དཔྱད་ན་བདེན་བརྫུན་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་ཡིན་ཞིང་། མ་དཔྱད་ཐ་སྙད་དུ་བརྫུན་སྣང་རྟེན་འབྲེལ་ཡིན་པ་སུས་ཀྱང་བཟློག་པར་མི་ནུས་པ་བདེན་གཉིས་ཟུང་དུ་འཇུག་པ་དབུ་མའི་གནས་ལུགས་ཡིན་པ་ལུགས་གཉིས་ཀས་བཞེད་དེ། ཀུན་མཁྱེན་བླ་མས་ལྟ་བ་ངན་སེལ་ལས། དོན་དམ་ལྟ་བ་རྒྱུད་ལ་སྐྱེས་ཚུལ་གྱི་སྒོ་ནས་ཕྱེ་བ་ཡིན་ལ་དོན་དམ་རང་གི་ངོ་བོ་འདོད་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད་དེ། ཐོག་མ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་བདེན་འཛིན་གྱི་ཞེན་ཡུལ་བཀག་ནས་དེའི་འོག་ཏུ་མཐའ་ཕྱི་མ་གསུམ་བཀག་པའི་མཐའ་བཞི་སྤྲོས་བྲལ་ཀླུ་སྒྲུབ་ཀྱི་དགོངས་པ་ཅི་ལྟ་བ་བཞིན་ལུགས་གཉིས་ཀས་བཞེད་པའི་ཕྱིར་རོ། །འོན་ཀྱང་ཚིག་གསལ་ལས། ཐལ་རང་གི་ཁྱད་པར་གྱི་སྐབས་སུ་རྟོག་གེ་པ་འདིས་ནི་ཞེས་ལེགས་ལྡན་བྱེད་དབུ་མ་པ་མིན་པ་ལྟ་བུར་བཤད་པའང་ཡོད་མོད། དེ་ནི་ལེགས་ལྡན་བྱེད་སྔར་མདོ་སྡེ་པའི་རྟོག་གེ་ལ་ལེགས་པར་སྦྱངས་པའི་སྐབས་ཡིན། ཕྱིས་དབུ་མ་པའི་གྲུབ་མཐའ་ལ་ཞུགས་པ་ན་དོན་དམ་སྒྲུབ་བྱེད་ལ་རང་རྒྱུད་ཀྱི་རིགས་པ་བཅུག་པས་དེ་ལ་འཐིང་སླད་ཀྱི་ཚུལ་སྟོན་ཕྱོགས་ཙམ་ཡིན་གྱི། དོན་གྱི་མ་ཡིན། དེ་ལྟ་ན། ཀུན་མཁྱེན་བླ་མའི་ཐ་སྙད་འཇོག་མཚམས་ཀྱི་ཐལ་རང་གི་ཁྱད་པར་ལ། གཞི་ལམ་འབྲས་བུ་གསུམ་གྱི་ཁྱད་པ་མང་དུ་ཡོད་སྐད་འདི་ནི་འོག་ཏུ་འཆད། ཁྱད་པར་གཙོ་བོ་ནི།ལེགས་ལྡན་བྱེད་ཀྱིས་མྱུ་གུ་བདག་ལས་མི་སྐྱེས་བར་སྒྲུབ་པ་སོགས་ལའང་ཚད་མའི་རིགས་པ་སྦྱར་ནས་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་འགོད་པ་སོགས་མཛད་ཅིང་དེའི་ཚེ་ན་རྟགས་ཆོས་རྩོད་གཞི་གསུམ་ཀ་རྒོལ་ཕྱིར་རྒོལ་གཉིས་ཀའི་ངོར་གྲུབ་དགོས་པས་དཔྱད་གཞིའི་ཆོས་ཅན་མྱུ་གུ་ལྟ་བུ་ཞིག་གནས་ལུགས་ལ་དཔྱོད་པའི་ཚེ་ཆོས་ཅན་གྲུབ་པར་བཞེད་དོ། ། སངས་རྒྱས་བསྐྱང་དང་། དཔལ་ལྡན་ཟླ་བས་དེ་མི་འཐད་པར་གཟིགས་ནས། མྱུ་གུ་ཆོས་ཅན། སྐྱེས་བ་དོན་མེད་དང་ཐུག་མེད་དུ་ཐལ། རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེས་པའི་ཕྱིར་ཞེས་འགལ་བར་བརྗོད་པའི་ཐལ་འགྱུར་སོགས་ཀྱི་སྒོ་ནས་མྱུ་གུ་བདེན་མེད་དུ་སྒྲུབ་པར་མཛད། དེའི་ཚེ་ན་མྱུ་གུ་ཚད་མའི་གྲུབ་པ་ཁས་མི་ལེན་ཏེ། མྱུ་གུ་དེའི་གནས་ལུགས་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། ཞེས་དང་། ཚིག་གསལ་ལས། དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །དོན་འདི་དང་མཐུན་པར། པན་ཆེན་གྱིས། མཁས་འཇུག་ལས། གལ་ཏེ་ཁས་བླངས་གཏན་མི་འདོད། ། དེ་ལ་བརྟགས་ན་གཉིས་སུ་འགྱུར། ། སྤྲོས་བྲལ་ཡིན་ཕྱིར་མི་འདོད་ན། ། ཤེས་ན་དབུ་མའི་གྲུབ་མཐའ་འགྱུར། །ཞེས་གསུངས་སོ། །འདིའི་འཐད་ལ་དོགས་པ་ཅུང་ཙམ་ཞུ་ན། ཀུན་མཁྱེན་གྱིས། རང་རྒྱུད་པས་ཆོས་ཅན་མྱུ་གུ་ལྟ་བུ་དེའི་གནས་ཚུལ་ལ་དཔྱོད་པའི་ཚེ་ཆོས་ཅན་སྣང་ཙམ་པོ་ཚད་གྲུབ་ཡིན་པ་དབུ་མའི་སྤྱི་དོན་ལས་གསལ་བར་བསྟན་འདུག འོན་ཀྱང་། རྟོག་གེ་འབར་བ་ལས། ཁོ་བོས་ཀུན་རྗོབ་ཁོ་ནར་ཚད་མ་རྣམ་པར་བཞག་པ་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར། ཞེས་དང་། ཡང་དེ་ཉིད་ལས། འཇིག་རྟེན་ཐམས་ཅད་ཀྱང་ཉེ་བར་གཟུང་བ་ཡོད་བཞིན་དུ་དེ་དག་འགོག་པ་ལ་མངོན་སུམ་གྱིས་ཀྱང་གནོད་དོ། ། དེའི་ལན་བརྗོད་པར་བྱ་ཏེ། མངོན་སུམ་གྱིས་གནོད་པ་ཡང་མེད་དེ། ཡུལ་རྣམས་ལོག་པ་ཡིན་ཕྱིར་དང་། དབང་པོ་རྣམས་བླུན་པོ་ཡིན་པའི་ཕྱིར་མཐོང་བ་ལ་སོགས་པའི་ནུས་པ་མེད་པ་བཞིན་དུ་ཡང་རབ་རིབ་ཅན་ལ་སྐྲ་དང་སྦྲང་མ་སྦྲང་བུ་ལ་སོགས་པ་སྣང་བ་ལྟ་བུའོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། གཞུང་སྔ་མའི་ལུང་དེ། ཀུན་མཁྱེན་རོང་སྟོན་ཆེན་པོས། གནས་ལུགས་ལ། དཔྱད་པ་རྫོགས་ཟིན་པ་ལ་དགོངས་ཤིང་། གནས་ལུགས་ལ་དཔྱོད་པའི་ཚེ་ན་ཆོས་ཅན་སྣང་ཙམ་པོ་དེ་ཐ་སྙད་ཚད་མའི་གྲུབ་སྟེ། རྟོག་གེ་འབར་བ་ལས། བུམ་པ་ལ་སོགས་སྐྱེས་བ་དང་། །བྱིས་པའི་བློ་དང་མཐུན་མཐོང་བ། ། གང་ཕྱིར་དེ་ནི་མི་འགོག་པ། ། ཞེས་དང་། བདེན་གཉིས་ལས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །ཞེས་དང་།དབུ་མ་རྒྱན་ལས། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང་། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་གྲུབ་པའི་དངོས་པོ་ནི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟར་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་ལྟར་གདབ། །ཅེས་གསུངས་སོ། །ཐལ་འགྱུར་བས། ཆོས་ཅན་དེའི་གནས་ལུགས་ལ་དཔྱོད་པའི་ཚེ་ན་དོན་དམ་ཙམ་དུ་མ་ཟད། ཐ་སྙད་དུའང་མེད་པས་ཁྱབ་སྟེ། འཇུག་པ་ལས། རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། ། ཞེས་གསུངས་པའི་དོན་ལེགས་པར་གཟིགས་ན། གནད་འདི་དག་རང་གྲོལ་དུ་འགྱུར་རོ། ཡང་། དབུ་མ་པ་ཡིན་ན་རང་གིས་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་རིག་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། ཞེས་པའི་དོན་ཉིད་ལ་ཡང་། འགྲེལ་ཚུལ་གསུམ་བྱུང་ངོ་། གསུམ་པོ་གང་ཞེ་ན། ཐོག་མར་ཀུན་མཁྱེན་རོང་སྟོན་གྱི་བཞེད་པ་ལྟར་ན། གཞུང་སྔ་མའི་དོན་ནི། བདག་སྐྱེ་བཀག་ནས་གཞན་སྐྱེ་བསྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིག་མི་རིགས་ཏེ། བདག་སྐྱེ་ལས་ཕྱོགས་གཞན་གཞན་སྐྱེའང་ཁས་མ་བླངས་པའི་ཕྱིར་ཞེས་པ་དང་།. རྗེས་བཞེད་པ་ལྟར་ན། བདག་སྐྱེ་བཀག་པ་ལས་ཕྱོགས་གཞན་རང་གི་མཚན་ཉིད་ཀྱི་གྲུབ་པ་ཁས་མ་བླངས་པའི་དོན་དུ་འགྲེལ་ཀྱང་འགྲེལ་ཚུལ་འདི་དག་ལ་དགག་པ་མཛད་དོ། །འོ་ན་འགྲེལ་ཚུལ་གསུམ་པ། ཀུན་མཁྱེན་གོ་རམས་པས་བཞེད་པ་ལྟར་ན། བདག་སྐྱེ་བཀག་པ་ལས་ཕྱོགས་གཞན་བདག་སྐྱེ་མེད་པ་ཡང་ཁས་མ་བླངས་པའི་དོན་དུ་འགྲེལ་ཏེ། དབུ་མ་སྤྱི་དོན་ལས། དངོས་པོ་བདག་ལས་མི་སྐྱེ་བར་བསྒྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བ་མི་རིགས་ཏེ། རང་རྒྱུད་ཡིན་ན། ཆོས་ཅན་མངོན་སུམ་ལ་སོགས་པའི་ཐ་སྙད་པའི་ཚད་མ་བཞི་པོ་གང་རུང་གིས་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྟེང་དུ་གཞན་ཕྱོགས་བདག་སྐྱེ་བཀག་ནས་རང་ཕྱོགས་བདག་སྐྱེ་མེད་པ་སྒྲུབ་དགོས་པ་ལས་ཆོས་ཅན་དེ་ལྟར་མ་གྲུབ་པས་གཞན་ཕྱོགས་ལས་ཕྱོགས་གཞན་བདག་སྐྱེས་མེད་པ་ཉིད་ཀྱང་རང་རྒྱུད་དུ་ཁས་མ་བླངས་པའི་ཕྱིར་ཞེས་གསུངས་སོ། །དེའི་བཟློག་ཕྱོགས་རང་རྒྱུད་པས། བདག་སྐྱེ་བཀག་པ་ལས་ཕྱོགས་གཞན་བདག་སྐྱེ་མེད་པ་ཁས་བླངས་པ་དང་། དེ་བཞིན་དུ། བདེན་པ་བཀག་པ་ལས་བདེན་མེད་ཁས་བླངས་པ་ཞིག་གསུངས་སོ། ། འོན་ཀྱང་། རྟོག་གེ་འབར་བ་ལས། དབུ་མར་སྨྲ་བ་ལ་ཡོད་པ་མ་ཡིན་ནོ། ། སྟོན་པའི་དུས་ན་ཡང་ཡོད་པ་ཉིད་དགག་པ་ཙམ་བྱེད་ཀྱི་མེད་པ་ཉིད་སྒྲུབ་པ་ནི་མ་ཡིན་པས་ཡུངས་ཀར་དང་རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་བར་ཡོད་པ་ཡིན་ཏེ། ཇི་སྐད་དུ། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །སྔོན་པོ་མིན་ཞེས་བརྗོད་པ་ཡིན། །དཀར་པོ་ཡིན་ཞེས་བརྗོད་དམ་ཅི། ། ཞེས་དང་། ཀུན་མཁྱེན་རོང་སྟོན་གྱིས། རིམ་ལམ་ཀུན་གསལ་ལས། རང་རྒྱུད་པའི་ལུགས་ཀྱི་བསྒྲུབ་བྱ་ངོས་འཛིན་སྐབས་ལ་མ་ཡིན་དགག་ནི་རྟགས་ཀྱི་བསྒྲུབ་བྱ་མིན་ཏེ། མཐར་ཐུག་དཔྱོད་པའི་རིགས་ངོར་ཡོངས་གཅོད་དུ་གྲུབ་པའི་བསྒྲུབ་བྱར་མི་འཐད་པའི་ཕྱིར་རོ། དེས་ན་ཆོས་ཅན་སྣང་བ་ལ་བདེན་པ་རྣམ་པར་དཔྱད་ཙམ་བསྒྲུབ་བྱ་གཟུང་ངོ་། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མེད་པ་དགག་པ་བསྒྲུབ་བྱ་འདོད་པའི་ཕྱིར་ཞེས་པའི་དོན་ནོ།. ཞེས་གསུངས་སོ། འོ་ན། ཀུན་མཁྱེན་བླ་མའི་རང་རྒྱུད་པ་ལ་སྐུ་འདེབས་སུ་འགྱུར་རོ་སྙམ་ན། མི་འགྱུར་ཏེ། གཞུང་སྔ་མའི་དོན་ནི།དགག་བྱ་ཕྲ་བའང་མཐའ་ཕྱི་མ་གསུམ་འགོག་པའི་སྐབས་ལ་དགོངས་ནས་གསུངས་པ་ཡིན་ཅིང་། ཀུན་མཁྱེན་བླ་མའི་དགག་པ་མཛད་པའི་སྐབས་དེ། དགག་བྱ་རགས་པའང་མཐའ་དང་པོ་འགོག་པའི་སྐབས་ལ་དགོངས་ནས་གསུངས་སོ།. དེས་ན་དོན་གྱི་དགོངས་པ་གཅིག་ཏུ་གནས་སོ།. གཉིས་པ་ལ་གསུམ་སྟེ། གཞི་དང་། ལམ་དང་།དགག་བྱ་ཕྲ་བའང་མཐའ་ཕྱི་མ་གསུམ་འགོག་པའི་སྐབས་ལ་དགོངས་ནས་གསུངས་པ་ཡིན་ཅིང་། ཀུན་མཁྱེན་བླ་མའི་དགག་པ་མཛད་པའི་སྐབས་དེ། དགག་བྱ་རགས་པའང་མཐའ་དང་པོ་འགོག་པའི་སྐབས་ལ་དགོངས་ནས་གསུངས་སོ།. དེས་ན་དོན་གྱི་དགོངས་པ་གཅིག་ཏུ་གནས་སོ།. གཉིས་པ་ལ་གསུམ་སྟེ། གཞི་དང་། ལམ་དང་།འབྲས་བུ་གསུམ་ལས། དང་པོ་ནི། ཐ་སྙད་དུ་གཞན་ལས་སྐྱེ་བ་སོགས་ཁས་ལེན་མི་ལེན་གྱི་སྒོ་ནས་ཁྱད་པར་མང་དུ་ཡོད་ན་ཡང་། ཁྱད་པར་གཙོ་བོ་ནི། འདུས་བྱས་དང་མི་བསླུ་བ་གཞི་མཐུན་འདོད་མི་འདོད་ཀྱི་ཁྱད་པར་ཡིན། འདོད་པ་ནི་རང་རྒྱུད་པ་ཡིན། འོན་ཀྱང་།ཤེས་རབ་སྒྲོན་མ་ལས། འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཡིན་ཏེ། སླུ་བའི་ཆོས་ཡིན་པའི་ཕྱིར། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ། །ཞེས་གསུངས་སོ། །དེས་ན་གཞུང་དང་འགལ་ལོ་སྙམ་ན། མི་འགལ་ཏེ། བདེན་པའི་ཆ་ལ་མི་བསླུ་བའི་དོན་འཇོག་ཚུལ་གཅིག་དང་། བདེན་པ་སོགས་གང་དུ་ཡང་མ་གྲུབ་པར་འཇོག་ཚུལ་ཏེ་གཉིས་ཡོད་ལ། རང་རྒྱུད་པས་སྔ་མར་འཇོག་པ་དང་། ཐལ་འགྱུར་བས་ཕྱི་མར་འཇོག་གོ །དེས་ན་དོན་གྱི་དགོངས་པ་གཅིག་ཏུ་གནས་སོ། །གཉིས་པ་ལམ་གྱི་སྐབས་སུ། ཐལ་རང་གཉིས་ཀས་ཉེར་ལེན་གྱི་ཕུང་པོ་བདེན་མེད་ལ་ཆོས་ཀྱི་བདག་མེད་ཅེས་པའི་སྒྲ་སྦྱར་མ་སྦྱར་གྱི་ཁྱད་པར་མ་གཏོགས། དོན་གཅིག་ཏུ་འབབ་སྟེ། རང་རྒྱུད་པའི་ལུགས་ལ་ཉན་ཐོས་ཀྱིས་ཉེར་ལེན་གྱི་ཕུང་པོ་བདེན་མེད་རྟོགས་ཏེ། ཤེས་རབ་སྒྲོན་མའི་རབ་བྱེད་བདུན་པ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་ཀྱི་ཐེག་པར་བདག་དང་བདག་གི་ངོ་བོ་ཉིད་མེད་པ་ཡིན་ཡང་དེ་ལྟར་སྣང་བའི་ཕྱིར་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར། གཟུགས་ནི་ལྦུ་བ་རྡོལ་པ་འདྲ་ཞེས་སོགས་ཚིག་རྐང་དྲུག་གསུངས་སོ།ཁ་ཅིག. ཕུང་པོ་ལ་ཕྲ་རགས་གཉིས་སུ་འབྱེད་པའི་སྒོ་ནས་འཆད་པ་ཡང་ཡོད་མོད། དེ་ནི་གཞུང་གསལ་བ་མི་འདུག་གོ །. དེས་ན། བསྟན་ཚུལ་མི་མཐུན་ཏེ། རང་རྒྱུད་པས་ཉན་ཐོས་ཀྱིས་ཕུང་པོ་བདེན་མེད་དེ་གང་ཟག་གི་བདག་མེད་ཀྱི་ནང་དུ་བསྡུས་པའི་ཚུལ་གྱིས་བསྟན་ནས་ཆོས་ཀྱི་བདག་མེད་མི་རྟོགས་པར་བཞེད། ཐལ་འགྱུར་བས། ཉན་ཐོས་ཀྱིས་ཕུང་པོ་བདེན་མེད་དེ་ཆོས་ཀྱི་བདག་མེད་དུ་བྱས་ནས་ཉན་ཐོས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་དོ། ། དེའི་ཕྱིར་ན་དགོངས་པ་གཅིག་ཏུ་གནས་སོ། ཡང་ཁ་ཅིག ཉན་རང་གི་ཆོས་ཐམས་ཅད་བདེན་མེད་རྟོགས་སམ་མི་རྟོགས། དང་པོར་ལྟ་ན། རྒྱལ་བའི་ཡུམ་བཀའ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ།. ལམ་ཤེས་པ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། རྣམ་པ་ཐམས་ཅད་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་ཀྱི་ཡིན་ནོ། བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ།. ཞེས་གསུངས་པ་འགལ།. གཉིས་པ་ལྟ་ན། དཔལ་ལྡན་ཟླ་བས་འཇུག་པ་རང་འགྲེལ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམ་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་པ་འགལ་ལོ་སྙམ་ན། མི་འགལ་ཏེ། ཞེས་གསུངས་པའི་དོན་ནི། པཎ་ཆེན་ངག་ཆོས་ཀྱིས།. ཆོས་ཐམས་ཅད་ཅེས་པ་ནི་སྤྱིར་བཏང་གི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ག་ལ་ཡིན། གང་ཟག་དུ་གདགས་པའི་རྒྱུ་གང་ཟག་རང་རང་གི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་ཆོས་ཐམས་ཅད་ཅེས་པའི་སྒྲར་བསྙད་ནས་དེ་རྣམས་ཉན་རང་གི་རང་བཞིན་མེད་པར་རྟོགས་པར་སྒྲུབ་པར་མཛད་པ་ཡིན་ཏེ། དེའི་རྗེས་སུ་འགྲེལ་པར་ཤེས་བྱེད་ཀྱི་ལུང་འདྲེན་པ་ན། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཞེས་སོགས་དང་། རིན་ཆེན་ཕྲེང་བར། གཟུགས་ཀྱང་དོན་དུ་དོན་མེད་དོ། ། ཞེས་སོགས་དྲངས་པ་རྣམས་ཉེར་ལེན་གྱི་གཟུགས་ཕུང་སོགས་ལ་སྦྱར་ནས་གསུངས་པ་ལས།. ཆོས་སྤྱི་ལ་མ་སྦྱར་འདུག་པ་དང་། དེ་བཞིན་དུ་རིགས་པ་འཕེན་པ་ནའང་ཉན་རང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་མ་ཤེས་ན་ཁམས་གསུམ་ན་དཔྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ།. ། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པར་རྟོགས་པར་མི་འགྱུར་ཏེ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་ཀྱི་དོན་མྱངས་ན་ཉན་རང་གི་ཉེར་ལེན་གྱི་ཕུང་པོ་ལྔ་ཙམ་ལས། སྤྱིར་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་མ་ཡིན་པ་དཔལ་ལྡན་ཟླ་བའི་དགོངས་པ་ཡིན་ནོ། དེ་བཞིན་དུ། རང་རྒྱུད་པས། མཉམ་བཞག་སྣང་མེད་འདོད་དེ། རྟོག་གེ་འབར་བ་ལས། དེ་ལྟ་བུ་ཆོས་ཀྱི་དེ་ཉིད་ལ་འཇུག་པ་མེད་པས་འཇུག་པ་ནི་སྣང་བ་མེད་ཅིང་འཇུག་པ་མེད་པ་ཉིད་དེའི་འཇུག་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་ཤེས་རབ་ནི་དོན་དམ་པ་ཡིན་པ་བྱའོ། ཞེས་དང་། ཀུན་མཁྱེན་རོང་སྟོན་ཆེན་པོའི་རིགས་ལམ་ཀུན་གསལ་ལས། སྦྱོར་བའི་སྐབས་སུ་སོ་སོར་རྟོགས་པའི་ལྷག་མཐོང་གི་ཡོངས་སུ་དཔྱོད་པའི་ཚེ་སྣང་བ་ལ་དམིགས་བཞིན་པའི་ངང་ནས་སྤྱོད་པ་ཡིན་པས་སྣང་བ་མངའ་ཞིང་། དངོས་གཞི་སྐབས་སུ་རྣམ་པར་དཔྱོད་པ་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་ཤེས་བྱའི་སྣང་བ་མ་བརྙེད་པའི་དོན་ལ་རྣམ་པར་མི་གཡོ་བའི་ལྷག་མཐོང་གིས་འཛིན་པའི་དུས་ཡིན་པས་ཡུལ་སྣང་བ་ནུབ་པའི་སྣང་མེད་དུ་བཤད་པ་ཞེས་གསུངས་སོ། །འོ་ན། ཀུན་མཁྱེན་བླ་མས། ལམ་གྱི་སྐབས་སུ་རང་རྒྱུད་པའི་མཉམ་བཞག་སྣང་བཅས་སུ་གསུངས་པ་དང་འགལ་ལོ་སྙམ་ན། དེ་མི་འགལ་ཏེ། སློབ་དཔོན་གྱི་རྗེས་འབྲང་འགལ་ཞིག་གིས་འདོད་པའི་དབང་བྱས་ནས་གསུངས་པ་ཡིན་ཞིང་། སློབ་དཔོན་ཉིད་ཀྱི་དགོངས་པ་མིན་ཏེ། ཀུན་མཁྱེན་རོང་སྟོན་ཆེན་པོས། དབུ་མ་རྒྱན་མཆོག་ལས། ལེགས་ལྡན་བྱེད་དང་ཡེ་ཤེས་སྙིང་པོ་སོགས་མཉམ་བཞག་ལ་ཆོས་ཉིད་ཀྱི་སྤྲོས་པ་ཉེ་བ་ཞི་བའི་སྣང་མེད་བཞེད་དེ། ཅིའི་ཕྱིར་ཞེ་ན། སྣང་བ་ནི་མ་རིག་པའི་འབྲས་བུ་ཡིན་པས། མཉམ་བཞག་ལ་མ་རིག་པ་མེད་པའི་ཕྱིར། དཔེར་ན། མེ་མེད་པས་དུ་བ་མེད་པ་བཞིན་ནོ། །ཞེས་གསུངས་སོ། །གསུམ་པ་འབྲས་བུའི་སྐབས་སུ། སེམས་སེམས་བྱུང་ཡོད་པ་འདོད་པ་ནི་རང་རྒྱུད་པའི་འགལ་ཞིག་འདོད་པ་ཡིན། སློབ་དཔོན་གྱི་དགོངས་པ་མིན་ཏེ། རྟོག་གེ་འབར་བ་ལས། མཐོང་བ་མེད་པ་ནི་དེ་ཉིད་མཐོང་བའོ་ཞེས་གསུངས་ཤིང་། ཐལ་འགྱུར་བས། སེམས་སེམས་བྱུང་ཡོད་པ་མི་འདོད་དེ། དབུས་མཐའ་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་གསུངས་ཤིང་། དེའི་དོན་ཁམས་གསུམ་པ་རྣམ་པ་ཅན་ཏེ་གཉིས་སྣང་དང་བཅས་པ་ལ་བཞེད་དོ། །དེ་ཡོད་ན་འཛིན་སྟངས་མི་འདྲ་བའི་ཁྱད་པར་ཡོད་པ་ལས་སངས་རྒྱས་ཀྱི་ས་ལ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་གཟིགས་པའི་ཕྱིར་རོ།. ། གསུམ་པ་མཐའ་བྲལ་དབུ་མའི་ལྟ་བ་དང་ཧྭ་ཤང་གི་ལྟ་བ་མི་མཚུངས་པ་བསྟན་པ་ནི། ཐོག་མར་་རྗེ་ཙོང་པའི་རྗེ་འབྲང་སོགས ཀྱིས། བདེན་པ་དང་བདེན་མེད་སོགས་མཐའ་གང་དུ་ཡང་ཞེན་པ་སོགས་བཀག་ནས་བློས་ཅིར་ཡང་མི་འཛིན་པའི་ལྟ་བ་རྒྱ་བོད་ཀྱི་མཁས་གྲུབ་ཀུན་གྱི་དགོངས་པ་མཐུན་པ་འདི་ལ་ཧྭ་ཤང་གི་ལུགས་ཀྱི་ལྟ་བ་ཡིན་ཟེར་བ་ནི་རྒྱལ་བའི་ཡུམ་སོགས་ལ་སྐུར་པ་བཏབ་ཅིང་། འོ་ན་དེ་དང་མི་འདྲ་བའི་ཁྱད་པར་ཅི་ཞེ་ན། རྒྱ་ནག་ཧྭ་ཤང་གིས། ཐོག་མར་བསམ་བྱུང་གི་སྐབས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བཙལ་མི་དགོས་པར་རྣམ་ཤེས་ཡུལ་ལ་ཕྱིར་འཕྲོ་བའི་རྣམ་རྟོག་རགས་པ་བཀག་ནས་རྟོག་པ་ནང་དུ་ཁ་ཚོམ་པའི་ཞི་གནས་ལྟེང་པོ་ཞིག་ལ་སྒོམ་གྱི་མཆོག་ཏུ་བཟུང་ནས།. དེ་ནས་ལྷག་མཐོང་ཡང་འགྲུབ་ཅིང་། ཞི་ནས་དེ་གཅིག་པུའི་རྒྱུན་བསྐྱངས་བ་ལས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་འགྲོ་བས་ཐབས་སྤྲོས་བཅས་ཀྱི་ཉམས་ལེན་རྒྱ་ཆེན་པོ་ལ་སློབ་མི་དགོས་ཞེས་ཐབས་ཀྱི་ཆ་ལ་སྐུར་པ་འདེབས་ཤིང་། དེ་བཞིན་དུ། བློས་ཅི་ཡང་མི་བསམ། ཅིའང་ཡིད་ལ་མི་བྱེད་པར་སེམས་མ་ཡེངས་ཙམ་གཅིག་པུའི་བཇོག་ཚུལ་ལ་སྦྱངས་པས་ཐར་པ་ཐོབ་བ་ཡིན་ཟེར་ལ།. དེ་ནི་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་གང་གི་དགོངས་པ་ཡང་མིན་ཏེ། ཐབས་ཤེས་ཡ་བྲལ་བས་ཉམས་ལེན་ནོར་བ་ཡིན་པའི་ཕྱིར་དང་།. དེ་བཞིན་དུ། རྗེ་བཙུན་རེ་མདའ་བ་ཆེན་པོའི་གསུངས་ལས་ཀྱང་།. དེང་སང་གི་མན་ངག་རྣམས་ལ་ལྷག་མཐོང་བསྒོམ་ཚུལ་གྱི་ལག་ལེན་གཏན་མི་སྣང་།. དེའི་སྟོབས་ཀྱིས་རྣམ་རྟོག་ནས་ཞི་གནས་ཙམ་དང་། དེ་ལས་སྐྱེས་པའི་ཉམས་བན་བུན་ལ་གཙིགས་པོ་ཆེ་བྱེད་པར་སྣང་སྟེ། དེ་དག་གི་མི་ཚེ་སྟོང་ཟད་ལ་བསྐྱལ་སྙམ།. གནས་ལུགས་ལ་དཔྱོད་པའི་ཤེས་རབ་མེད་པར་མི་རྟོག་པ་ཙམ་གྱིས་གྲོལ་ན་མུ་སྟེགས་པ་རྣམས་ཀྱང་ཅིའི་ཕྱིར་མི་གྲོལ་ཞེས་གསུངས་པ་དང་།. སྟག་ཚང་ལོ་ཙྭ་བས། གྲུབ་མཐའ་ཀུན་ཤེས་ལས། ངེས་ཤེས་འདིས་དྲངས་ཅིར་ཡང་མི་འཛིན་དང་། །. ཧྭ་ཤང་ལྟ་བ་མཚུངས་པའི་སྐབས་མེད་པས།. ། གཉིས་པ་སྔོན་དུ་མ་བཏང་ཙམ་འཇོག་དང་།. །གསུམ་པར་མེད་དགག་ནན་འཛིན་གཉིས་ཀ་འཁྲུལ།. །. ཞེས་དང་། ཀུན་མཁྱེན་བླ་མའི་སྡོམ་གསུམ་ཁ་སྐོང་ལས།. རྒྱ་ནག་དགེ་སློང་མ་དཔྱད་པར།. །རང་དགར་རྟོག་པ་བཀག་ཙམ་ལ།. །སྒོམ་གྱི་མཆོག་ཏུ་སྨྲ་བ་དང་། །འདིར་ནི་རིག་པས་དཔྱད་པའི་ཚེ།. །མཐའ་བཞིའི་སྤྲོས་པ་མ་རྙེད་པའི།. །འཛིན་མེད་ལྟ་བར་སྨྲ་བ་གཉིས།. །མཚུངས་ཤེས་སྨྲ་བ་སྟོང་པ་ཉིད།. །ཟབ་མོ་སྤོང་བའི་བདུད་ཚིག་ཡིན།. །ཞེས་གསུངས་སོ།. དེས་ན་རང་ལུགས།. ཐོག་མར་གཞི་ཡི་སྐབས་ལ།. གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་དབུ་མའི་རྟགས་ཆེ་ལྔ་སོགས་ཀྱིས་རིག་པའི་བཙལ་ནས་མཐའ་གང་དུ་ཡང་མ་གྲུབ་པ་ཡིན་པ་ལ་རྟེན་འབྲེལ་སྣང་ཙམ་དུ་རྒྱུ་ལ་རྟེན་ནས་འབྲས་བུ་འབྱུང་བ་ཞིག་སྣང་བས་སྣང་བ་དེ་ཉིད་སྒྱུ་མའང་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་པ་ངེས་ནས།. བར་དུ་ལམ་སྒོམ་པའི་སྐབས་ལ།. གཞིའི་གནས་སྐབས་བསྟན་ལ་དབབ་པའི་སྟོང་ཉིད་ལ། སྒོམ་པའི་སྐབས་སུ་ཞི་གནས་དེའི་སྟེང་དུ་དམིགས་པའང་སེམས་གཅིག་ཏུ་གནས་དགོས། དེའི་གྲོགས་ལྷག་མཐོང་སོ་སོར་རྟོགས་པའི་ཤེས་རབ་ཡ་མ་བྲལ་བ་ཞིག་སྒོམ་སྟོབས་ཀྱིས་མཁྲུལ་བའི་སྣང་བ་མཐའ་དག་སྤངས་སོ།. མཐར་འབྲས་བུ་སྐབས་ལ།. སྐུ་གསུམ་མངོན་དུ་གྱུར་པའི་ཕྱིར་རོ།།. །།
སླར་སྨྲས་པ།
དེར་ནས་རྩམ་ཏེ་ཚེ་རབས་ཀུན་ཏུ་ཡང་། །
མཐའ་འཛིན་ངན་པའི་རྣམ་རྟོག་སྤོང་གྱུར་ནས། །
བསྟན་དང་འགྲོ་བའི་དོན་ཀུན་སྒྲུབ་པ་ལ། །
དཔལ་ལྡན་བླ་མའི་བྱིན་གྱི་རླབས་པར་ཤོག །
རྟག་ཆད་མཐའ་སྤངས་དབུ་མའི་ལམ་འདི་ནི། །
ཐོས་བསམ་བྱེད་པའི་དགེ་བ་གང་ཡོད་པ། །
མ་གྱུར་འགྲོ་བ་སྲིད་པ་ལས་གྲོལ་ཏེ། །
མྱུར་དུ་རྫོགས་བྱང་ཐོབ་པའི་རྒྱུ་རུ་བསྔོ།།
ཞེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་ལོར་མཁས་པའི་གཙུག་རྒྱན་འབྱུང་གནས་རྗོང་སར་ཁམས་བྱེ་བཤད་གྲྭའི་དབུ་མ་གོང་མའི་ལོ་མཇུག་གི་རྒྱུགས་རྩོམ་གྱི་ཚུབ་ཏུ་{བཀའ་བཞི་ཕུན་ཚོགས་བཀྲ་ཤིས་}ཞེས་འབོད་པས་བྲིས་སོ།། །།
Leave a Reply