དབུ་མ་ཕལ་བ་དང་དབུ་མ་ཆེན་མོ།

རྩོམ་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

དབུ་མ་པ་ལ་དབུ་མ་ཕལ་པ་དང༌། དབུ་མ་ཆེན་པོ་གཉིས་ཀྱི་ཕལ་པ་ནི་བོད་ཡུལ་འདིར་རང་སྟོང་དུ་གྲགས་ཤིང་རྒྱ་བོད་གཉིས་ཀར་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་གྲགས་པ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་དང༌། རྣམ་གྲོལ་སྡེ་དང༌། ཞི་བ་འཚོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་ལུགས་སོ།། དེ་དག་ལ་གྲུབ་མཐའ་ནང་གསེས་མི་འདྲ་བ་མང་ཡང༌། ཐམས་ཅད་མཐུན་པར་གཟུགས་སེམས་གཉིས་དང་ལྡན་མིན་འདུ་བྱེད་དེ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང༌། ནམ་མཁའ་སོགས་འདུས་མ་བྱས་དང་དངོས་མེད་ཐསམ་ཅད་དེ་ཆོས་འདི་དག་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་ཀྱི་རང་བཞིན་བདེན་མེད་ཙམ་ནི་དོན་དམ་ཡིན་ཅིང་དེ་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད། རྣམ་གཞག་ཙམ་ཐ་དད་དེ་དོན་དམ་དབྱིངས་ཀྱི་ངོ་བོ་ནི་གང་ཡང་མེད་པས་སྤྲོས་བྲལ་ནམ་མཁའི་དཔེས་བསྟན། ཀུན་རྫོབ་སྣང་དུས་ན་བདེན་པས་སྟོང་ཡང༌། སྣང་བ་མ་འགག་པ་སྒྱུ་མའི་དཔེས་བསྟན། དེ་གཉིས་ཀར་ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་འདས་པར་འདོད་དོ།གྲུབ་མཐའ་འདི་ལ་ཡང༌། དོན་དམ་ཆོས་ཉིད་དེ་སྤྲོས་པ་བཀག་ཙམ་གྱི་ནམ་མཁའ་ལྟ་བུ་ལ་འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་སོགས་ཀུན་རྫོབ་ཡིན་ཅིང་བདེན་པར་མེད་ཟེར་བ་དང་དོན་དམ་བདེན་པ་ཡང་བདེན་མེད་དུ་འདོད་པ་དང༌། ཁྱད་པར་ཐལ་འགྱུར་བ་རྣམས་ནི་གྲུབ་མཐའི་རྣམ་གཞག་འཇོག་བཞིན་དུ། གཞན་གྱི་རྩོད་པ་ལ་འཛེམ་པའི་ཕྱིར་གང་ཡང་ཁས་མི་ལེན་པ་དང༌། ངེས་ཤེས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ་སོགས་འཁྲུལ་པ་ཡིན་ལ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་དང༌། བདེན་མེད་ཙམ་དེ་ཡང་བདེན་པར་མ་གྲུབ་པ་སོགས་ནི་མ་ནོར་བ་ཡིན་ནོ།སེམས་ཙམ་པ་དང༌། རང་སྟོང་སྨྲ་བའི་དབུ་མ་པ་འདི་གཉིས་ཀྱིས་བདེ་གཤེགས་སྙིང་པོའི་ངེས་གསང་དང༌། དོན་དམ་ཡེ་ཤེས་རང་རིག་རང་གསལ་ནི་རང་ལུགས་ལ་མི་འདོད་ཅིང་དེ་དག་གི་གནས་ཚུལ་མ་གོ་བས། སློབ་དཔོན་སྔ་མ་རྣམས་ཀྱི་གཞན་སྟོང་ལ་དགག་པ་བྱས་པ་ནི་མེད་ལ། རྗེས་འབྲངས་ཕྱིས་བྱུང་བ་རྣམས་ཀྱིས་དགག་པ་བྱེད་མོད་ཀྱང་གཞན་སྟོང་གི་གྲུབ་མཐའི་གནད་གོ་བ་ནི། གཅིག་ཀྱང་མེད་པས་ཕྱོགས་སྔ་མ་ལོངས་པའི་དགག་པ་ཤ་སྟག་གོ། དབུ་མ་ཆེན་པོ། གཉིས་པ་དབུ་མ་ཆེན་པོ་ནི། བོད་དུ་གཞན་སྟོང་དུ་གྲགས་པ་རྣམ་རིག་གི་དབུ་མ་སྟེ། རྗེ་བཙུན་བྱམས་པའི་གཞུང་དང༌། འཕགས་པ་ཐོགས་མེད་དང༌། མཁས་མཆོག་དབྱིག་གཉེན་གྱིས་གསལ་པར་མཛད་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར་ཡང་ཆེས་གསལ་བས། འཕགས་མཆོག་གཉིས་ཅར་གྱི་བཞེད་པ་གཞན་སྟོང་ཡིན་ནོ།འདིའི་ལུགས་ལ་སེམས་ཙམ་མན་ཆད་དུ་འདོད་པའི་འདུས་མ་བྱས་གསུམ་སོགས་འདུས་མ་བྱས་བརྟགས་པ་བ་དངོས་མེད་རྣམས་དང༌། གཟུགས་སོགས་ཕྱི་དོན་དུ་གྲགས་པ་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་མདོར་ན་ཕྱི་འཁོར་བའི་ཆོས་ཐམས་ཅད་དང༌། གནས་སྐབས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དང༌། འབྲས་བུ་སངས་རྒྱས་གྱིས་བསྡུས་པའི་ནང་ནས་གསར་དུ་བྱུང་བའི་ཆ་རྣམས་དང༌། གདུལ་བྱ་གཞན་སྣང་གིས་བསྡུས་པ་སྟེ། སྣང་གྲགས་ཀྱི་ཆོས་སམ། ཆོས་ཆོས་ཉིད་ཀྱི་ཟླས་ཕྱེ་བའི་ཆོས་སམ། གཟུང་འཛིན་གྱིས་བསྡུས་པའི་ཆོས་སམ། དོན་དམ་གཏན་ལ་འབེབས་པའི་སྐབས་འདིར་དངོས་པོ་དངོས་མེད་ཐམས་ཅད་འདུས་བྱས་དང༌། གློ་བུར་བར་གཞག་པ་དེ་རྣམས་ཐམས་ཅད་ནི་བདེན་མེད་ཡིན་པ་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་ནི་དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས་ཞེས་བྱ་བ་སྟེ། འདི་ནི་རིགས་པས་དཔྱད་བཟོད་བདེན་གྲུབ་ཁོ་ན་ཡིན་ནོ།རང་སྟོང་པ་རྣམས་འདོད་པའི་ནམ་མཁའ་ལྟ་བུ་དེ་ནི་རྣམ་པར་དཔྱད་ན་དངོས་མེད་ཡིན་པའི་ཕྱིར། དོན་དམ་བདེན་པ་མ་ཡིན་ནོ་ཞེས་བཞེད་ལ། གྲུབ་མཐའ་འདི་ནི་སྐྱོན་མེད་ཡོན་ཏན་ཐམས་ཅད་དང་ལྡན་པའི་གྲུབ་མཐའ་འོ།
ཐེག་ཆེན་པ་དེ་རྣམས་ཐམས་ཅད་ཐེག་ཆེན་གྱི་མདོ་ཐམས་ཅད་བཀར་འདོད་ཀྱང༌། སེམས་ཙམ་པ་རྣམས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། ལག་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་དང༌། ཕལ་པོ་ཆེ་སྟེ་མདོ་བཞིར་གྲགས་པ་རྣམས་ངེས་དོན་དུ་འཛིན་ཏེ། གཞན་རྣམས་དྲང་དོན་དུ་འདོད་ལ། གྲུབ་མཐའ་བྱེད་པ་པོ་ནི་སྔོན་གྱི་སློབ་དཔོན་ལྔ་བརྒྱ་པོའོ།དབུ་མ་ཕལ་བ་འཛིན་པ་རྣམས་ནི་འཁོར་ལོ་ཐ་མའི་མདོ་ཐམས་ཅད་དྲང་དོན་ཡིན་ཅིང༌། འཁོར་ལོ་བར་བའི་ཤེར་ཕྱིན་གྱི་མདོ་རྣམས་ངེས་དོན་མཐར་ཐུག་གོ་ཞེས་སྨྲ། གྲུབ་མཐའ་བྱེད་པ་པོ་ཡིན་ངེས་ནི་སངས་རྒྱས་བསྐྱངས་སོགས་གོང་དུ་སྨོས་པ་དེ་རྣམས་སུ་ཟད་ལ། འདི་རྣམས་ཀྱི་རང་རིག་གི་འདོད་པས་སྒྲ་གཅན་འཛིན་བཟང་པོ་སོགས་ངོ་བོ་ཉིད་མེད་སྨྲ་བ་བརྒྱད་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱང་གྲུབ་མཐའ་འདི་ཁོ་ན་འཛིན་པ་ཡིན་ནོ་ཞེས་འདོད་དོ།དབུ་མ་ཆེན་པོ་ནི་འཁོར་ལོ་རིམ་པ་གསུམ་གྱི་མདོ་མཐའ་དག་ལ་བརྟེན་ཅིང༌། ཁྱད་པར་དུ་ཀ་ཏྱ་ཡ་ནའི་གདམས་ངག་གི་མདོ་དང༌། མདོ་སྡེ་ཆེན་པོ་སྟོང་པ་ཉིད་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང༌། བྱམས་པས་ཞུས་པའི་ལེའུ་དང་ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་གནས་སྐབས་མང་པོ་དང༌། མདོ་བཞི་སོགས་ཐ་མའི་མདོ་མང་པོ་ལ་ཡང་བརྟེན་ནས་ཆོས་ཉིད་དོན་དམ་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་རགས་པ་ཐུན་མོང་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། རྔ་བོ་ཆེའི་མདོ་དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། དཔལ་ཕྲེང་གི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། དཀོན་མཆོག་སྤྲིན་དང༌། རབ་ཏུ་ཞི་བ་རྣམ་པས་ངེས་པའི་ཆོ་འཕྲུལ་ལ་སོགས་པ་ངེས་དོན་མཐར་ཐུག་སྟོན་པ་མང་པོ་ལ་བརྟེན་ནས། ཡང་དག་པའི་དབྱིངས་དེ་ཉིད། དེ་བཞིན་གཤེགས་པའི་སྙིང་པོ་དང༌།ཆོས་ཀྱི་སྐུ་དང༌། རྟག་བརྟན་གཡུང་དྲུང་དང༌། སངས་རྒྱས་ཀྱི་ཡོན་ཏན་དོན་དམ་ཐམས་ཅད་གདོད་མ་ནས་རང་ཆས་སུ་བཞུགས་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་ཞིབ་མོ་རྣམས་གསང་གཏམ་དུ་མཛད་པ་ཡིན་ལ། མདོ་དོན་གསལ་བྱེད་ཀྱི་གཞུང་བྱེད་པ་པོ་ནི། རྒྱལ་ཚབ་འཕགས་པ་བྱམས་པ་ཡིན་ཏེ། དེས་མངོན་པར་རྟོགས་པའི་རྒྱན་དུ་ཆོས་སྐད་རགས་པ་དེ་ཉིད་མདོ་ཙམ་དུ་གསུངས། མདོ་སྡེ་རྒྱན་དང༌། དབུས་མཐའ་རྣམ་འབྱེད་དང༌། ཆོས་ཉིད་རྣམ་འབྱེད་དུ་གསལ་ཞིང་རྒྱལ་པར་བཤད། སྙིང་པོའི་མདོ་དོན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཞིབ་མོ་དེ་རྒྱུད་བླ་མར་གཏན་ལ་ཕབ་པོ།། གཞུང་གི་དགོངས་འབྲེལ་བྱེད་པ་པོ་ནི་ཐོགས་མེད་སྐུ་མཆེད་ཏེ། ཐོགས་མེད་ཀྱི་རྒྱུད་བླ་མའི་འགྲེལ་པར་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེ་ཤིན་ཏུ་རྒྱས་ཤིང་གསལ་བ་དང༌། སྤྱིར་གཞན་སྟོང་གི་དབུ་མ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ན་གསལ་ཞིང་དབྱིག་གཉེན་གྱི་ཉི་ཁྲིའི་འགྲེལ་བ་གནོད་འཇོམས་དང༌། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ན་ཤིན་ཏུ་གསལ་ཞིང་རྒྱས་པའོ།།གཞན་སྟོང་གི་གྲུབ་མཐའ་སྤྱི་དེ་ནི། ཕྱོགས་གླང་དང་བློ་གྲོས་བསྟན་པ་ལ་སོགས་པའི་སློབ་མ་སློབ་རྒྱུད་མང་ལ་བཟང་བ་རྣམས་ཀྱིས་རྒྱ་ཆེར་བཤད་ཅིང༌། ཐུན་མོང་མ་ཡིན་པ་དེ་ནི་གཞན་གྱི་བློར་ཤོང་བ་དཀའ་ནས་སློབ་མ་མཆོག་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་ཚུལ་གྱིས་དར་བར་མཛད་དོ།། ཕྱིས་གཞན་སྟོང་གི་དབུ་མ་འདི་དང༌། སེམས་ཙམ་གྱི་གྲུབ་མཐའ་འདྲ་འདྲེས་སུ་བྱས་པ་རྒྱ་གར་དུ་མང་དུ་བྱུང་བ་ལ་བརྟེན། བོད་པ་ཕལ་ཆེར་གྱིས་གཅིག་པར་འཁྲུལ་ལོ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*