༄༅། །ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ།

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད།

 

རྒྱ་གར་སྐད་དུ། ནཱི་ཏི་ཤཱསྟྲ་པྲ་ཛྙཱ་དཎྜ་ནཱ་མ། བོད་སྐད་དུ་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

 

༈ མི་བསྲུན་གྱི་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །

དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །

 

 

༈ བདག་གི་གསང་དང་གཞན་གྱི་གསང་། །རང་གི་བུ་གཅེས་བཞིན་བསྲུངས་ནས། །

ས་རྣམས་ལ་ནི་སྙོམས་གྱུར་པའི། །མི་ནི་གཅེས་པར་རབ་གཅེས་འགྱུར། །

 

 

༈ ཆུང་མ་ངན་དང་མཛའ་བོ་ངན། །རྒྱལ་པོ་ངན་དང་ཉེ་དུ་ངན། །

ཁྱིམ་མཚེས་ངན་དང་ཡུལ་ངན་རྣམས། །ཐག་རིང་དུ་ནི་སྤང་བར་བྱ། །

 

 

༈ གྲོགས་པོ་ནོར་དད་ཆེ་བ་སྤང་། །ཆུང་མ་ལོག་གཡེམ་དད་ཆེ་སྤང་། །

བཀུར་དཀའ་སོ་མི་མཁས་པ་ཡི། །དེ་ལྟ་བུ་ཡི་སྨན་པ་སྤང་།

 

 

༈ བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་། །བྱ་བ་གྲོས་ཀྱིས་བསྒྲུབ་བར་བྱ། །

འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་གྲུབ་ན་ཡང་མཛེས་པ་ཡིན།

 

 

༈ བརྟན་ཞིང་འཇམ་ལ་ཚིག་ཉུང་གང་ཡིན་པ། །དེ་ལ་ཤིན་ཏུ་ཤིན་ཏུ་བག་བྱ་སྟེ། །

ཉི་མ་སྤྲིན་བྲལ་ནང་ནས་བྱུང་བ་ཡི། །འོད་ཟེར་ཤིན་ཏུ་ཚ་བར་གྱུར་པ་བཞིན།

 

 

༈ བརྟན་རྣམས་སྡུག་བསྔལ་མྱོང་གྱུར་ཀྱང་། །ཡིད་ནི་གདུང་བར་མི་བྱེད་དེ། །

ཟླ་བ་སྒྲ་གཅན་ཁར་ཞུགས་ནས། །འཆར་བར་ཅི་ག་མི་བྱེད་དམ།

 

 

༈ ཀུན་དགའ་ར་བའི་ཕྲེང་རྒྱུད་ལྟར། །མེ་ཏོག་རྒྱས་པ་བཏུ་བྱ་ཡི། །

ཇི་ལྟར་སོལ་བ་མཁན་བཞིན་དུ། །རྩ་ནས་གཅད་པར་མི་བྱའོ། །

 

 

༈ གསུག་དང་རྒྱལ་པོའི་བཀའ་དྲིན་དང་། །སྨད་འཚོང་གླ་དང་ལེགས་བརྗོད་དང་། །

གྲུ་ཡི་གླ་དང་གནས་ཀྱི་སྐལ། །འདི་ཉིད་དུ་ནི་བླང་བྱ་སྟེ། །དྲུག་པོ་ཡུན་རིང་ཐོབ་མི་འགྱུར། །

 

 

 

༈ རིག་སྔགས་ལོག་པར་ཤེས་པ་དུག །ནད་ལ་བཏང་སྙོམས་བྱས་པ་དུག །

རྒན་པོས་གཞོན་ནུ་བསྟེན་པ་དུག །དབུལ་པོ་ཉིན་པར་ཉལ་པ་དུག །

 

 

༈ དམ་པ་མང་པོ་ཁས་འཆེས་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །

རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །

 

 

༈ དུས་སུ་དགྲ་དང་འདུམ་པར་བྱ། །དུས་སུ་བཤེས་དང་འཐབ་པར་བྱ། །

བྱ་དང་མི་བྱའི་ཚོད་ཤེས་པས། །མཁས་པས་དུས་ནི་འདའ་བར་བྱ། །

 

 

༈ ཁ་ཡི་ཉེས་པས་ཕུང་འགྱུར་ཏེ། །ནེ་ཙོ་རི་སྐེགས་ཏི་ཏི་ར། །

མི་སྨྲ་ཆུ་སྐྱར་མིས་མི་འཛིན། །ཐམས་ཅད་འགྲུབ་བྱེད་མི་སྨྲ་ཡིན། །

 

 

༈ ཆས་བཞག་བསྟར་བས་དགྲ་བོ་གདུལ། །གོས་ངན་གྱིས་ནི་ཆུང་མ་གདུལ། །

སྨྱུང་བ་བྱས་པས་ནད་རྣམས་གདུལ། །གོམས་པ་ཡིས་ནི་མ་རིག་གདུལ། །

 

 

༈ རང་གི་སྤྱོད་པ་སྦ་བར་བྱ། །འདམ་གྱི་ནང་དུ་ལུས་བཅུག་པའི། །

གལ་ཏེ་མྱུ་གུས་མ་བོས་ན། །པད་མའི་རྩ་བ་སུ་ཡིས་རྙེད། །

 

 

༈ གལ་ཏེ་མངོན་སུམ་གྱུར་ཀྱང་ནི། །མི་སྲིད་དངོས་པོ་སྨྲ་མི་བྱ། །

རི་མོ་ལ་གནས་རྨ་བྱ་ཡིས། །ཇི་ལྟར་ནོར་བུ་ཟ་བར་བྱེད། །

 

 

༈ གང་ཞིག་ཡིད་ལ་གནོད་བྱེད་འདོད། །དེ་ལ་རྟག་ཏུ་སྙན་ཚིག་བརྗོད། །

རྔོན་པ་རི་དྭགས་གསོད་མཐོང་ཚེ། །ཡིད་འོང་སྒྲ་སྙན་ལེན་པ་བཞིན། །

 

 

༈ བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །

དེ་ནས་དེ་ཡི་དབང་དུ་གྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །

 

 

༈ གཞན་གྱི་ཁུ་ཚུར་འཚོ་བ་བླ། །ནགས་ན་ཤིན་ཤུན་གྱོན་པ་བླ། །

མི་རྣམས་ཤི་བར་འགྱུར་ཡང་བླ། །ཉིན་རེ་བཞིན་དུ་བརྙས་ཐབས་མིན། །

 

 

༈ མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །

ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་གིས་ཅི་ཞིག་བྱ། །

 

 

༈ བྱ་བ་མི་ལྕོགས་རྩོམ་པར་བྱེད་པ་དང་། །ཚོགས་དང་འཁོན་ཞིང་སྟོབས་ལྡན་དག་ལ་རྒོལ། །

བུད་མེད་ལ་ནི་ཡིད་བརྟན་བྱེད་པ་སྟེ། །འཆི་བདག་བཞི་པོ་སྒོ་ཡི་དྲུང་ན་སྡོད། །

 

 

༈ རྒྱལ་པོ་ངན་པ་ཡོད་མ་མཐོང་། །མཛའ་བོ་གཡོན་ཅན་ཡོད་མ་མཐོང་། །

འདོད་ལྡན་ཆུང་མ་ཡོད་མ་མཐོང་། །སྐྱེ་པོ་སྡིག་ཅན་ཡོད་མ་མཐོང་། །

 

 

༈ གང་ཞིག་ཀུན་ཏུ་བགྲོད་བྱ་ཡོད་པ་དེ། །རང་ཡུལ་ཆགས་པས་བརླག་པར་ཅི་ཕྱིར་བྱེད། །

སྐྱེ་པོ་ངན་པ་བདག་གི་ཁྲོན་པ་ནི། །འདི་ཡིན་ཟེར་ཞིང་བ་ཚྭ་ཅན་ཆུ་འཐུང་། །

 

 

༈ སྐྱེ་བོ་བློ་དཔངས་མཐོ་བ་ལ། །འདི་ན་བདེ་སྐྱིད་གཉིས་ཡོད་དེ། །

འདུ་འཛི་ཐམས་ཅད་སྤངས་པའམ། །འབྱོར་པ་ཤིན་ཏུ་རྒྱ་ཆེ་བའོ། །

 

༈ དཔལ་ནི་རྒྱབ་ཀྱིས་ཕྱོགས་གྱུར་ཅིང་། །རྩོལ་བ་དོན་མེད་ཉིད་གྱུར་པའི། །

དམ་པ་དབུལ་པོར་གྱུར་པ་ལས། །ནགས་ལས་གཞན་དུ་བདེ་བ་མེད། །

 

 

དམ་པའི་འགྲོ་བ་གཉིས་ཡིན་ཏེ། །མེ་ཏོག་དག་གི་མགོ་ལྕོགས་བཞིན། །

འཇིག་རྟེན་ཀུན་གྱིས་སྤྱིར་བཀུར་བའམ། །ནགས་ཉིད་དུ་ནི་དེངས་པར་བྱ། །

 

 

༈ ངང་གིས་སྐད་ཅིག་འཇིག་པ་ཡི། །ཚེ་ཡི་སྙིང་པོ་འདི་ཡིན་ཏེ། །

མཛའ་དང་མཁས་དང་ཤན་མ་བྱེད། །ལྷན་ཅིག་བག་ཡངས་གནས་པའོ། །

 

 

༈ བསགས་ན་གྲོག་མཁར་འཕེལ་འགྱུར་ལ། །སྤྱད་ན་མིག་སྨན་ཟད་འགྱུར་ལྟར། །

དུས་ལས་འགོད་པ་ཆུང་འགྱུར་བ། །དེ་ཉིད་ཁོ་ན་མཁས་པ་ཡིན། །

 

 

༈ གྲོག་མཁར་དང་ནི་སྦྲང་རྩི་དང་། །ཟླ་བ་ཚེས་པ་ཡར་གྱི་ངོ་། །

རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །

 

 

༈ ཧ་ཅང་སྲེད་པར་མི་བྱ་སྟེ། །སྲེད་པ་ཆེ་ལ་ཉེས་པ་འབྱུང་། །

ཧ་ཅང་སྲེད་པས་རྨོངས་བྱས་ན། །ཅེ་སྤྱང་གཞུ་མཆོག་གཙུག་ཏོར་བཞིན། །

 

 

 

༈ བྱ་བའི་དོན་དུ་རྗེས་སུ་འབྲང་། །བྱས་ཟིན་པ་ལ་བརྟེན་མི་བྱེད། །

བློ་ངན་ཞོ་ཡི་རྣ་བ་ཅན། །བསྲུང་བར་བྱ་བ་ཁྱོད་ཀྱིས་བཅོམ། །

 

 

༈ རབ་ཏུ་གྲགས་པ་འགྲོ་མི་བྱ། །བདག་ཉིད་ཀྱིས་ནི་མངོན་སུམ་བྱ། །

བིལ་བ་ཆུ་ནང་ལྷུང་བ་ཡིས། །ནགས་ཚལ་སྟོང་པར་གྱུར་ལ་ལྟོས། །

 

 

༈ གནད་དུ་འཕོག་པའི་ཚིག་མི་བརྗོད། །ཤིན་ཏུ་གནོད་པའང་བརྗོད་མི་བྱ། །

སྐྱེ་བུ་དང་ནི་མཚོན་ཆ་ཡི། །ཕ་རོལ་དག་ནི་ཤེས་པར་བྱ། །

 

 

༈ དགྲ་བོའི་བུ་ནི་སྙན་པར་སྨྲ་ན་ཡང་། །མཁས་པ་ཡིས་ནི་བཏང་སྙོམས་མི་བྱ་སྟེ། །

དུག་ལོ་ཤིན་ཏུ་མི་བཟད་ཡིན་པས་ན། །དེ་ཉིད་དུས་གཞན་དག་ཏུ་གནོད་པ་སྐྱེད། །

 

 

༈ གང་ཞིག་དགྲ་བོ་དག་ལ་ཡང་། །གཡོ་མེད་སེམས་ཀྱིས་ཕན་བྱེད་པ། །

དེ་ལ་དགྲ་བོ་ཐམས་ཅད་ཀྱང་། །ཐལ་མོ་སྦྱོར་བ་ཉིད་དུ་བྱེད། །

 

 

༈ དགྲ་བོ་ཟིལ་གནོན་འདོད་པ་ཡིས། །བདག་ཉིད་ཡོན་ཏན་གྱིས་བསྟོད་ཀྱི། །

གནོད་སེམས་ངན་པས་ཅི་ཞིག་བྱ། །དེས་ནི་བདག་གནོད་དགྲ་ལ་མིན། །

 

 

༈ མི་སྲུན་སྐྱེ་བོ་ཞི་བས་མིན། །དེ་དང་འཚམ་པའི་རྩུབ་པས་བསྟེན། །

བུ་ནི་མི་བསྒྲུབ་པ་དག་ལ། །ཕན་འདོད་ཕ་ཡིས་མི་བསྡིག་གམ། །

 

 

༈ ཇི་སྲིད་ལམ་ནི་མཐོང་བ་དང་། །ཇི་སྲིད་རྐང་པ་བརྟན་པ་དང་། །

ཇི་སྲིད་ཤེས་རབ་མ་ཉམས་པ། །དེ་སྲིད་རང་གི་ཕན་པ་གྱིས། །

 

 

༈ རྣམ་པ་ཀུན་དུ་རང་ཕན་སྤྱད་བྱ་ཡི། །འགྲོ་མང་ནང་དུ་གནས་པས་ཅི་ཞིག་བྱ། །

སྐྱེ་པོ་ཐམས་ཅད་ཡོངས་སུ་མགུ་འགྱུར་བ། །དེ་འདྲའི་ཐབས་ནི་གང་ཡང་ཡོད་མ་ཡིན། །

 

 

༈ གཞན་ལས་ཚོལ་ཞིང་ཟས་ཞིམ་འདོད། །སློང་མོས་འཚོ་ཞིང་ཁེངས་པ་ཆེ། །

བསྟན་བཅོས་ཤེས་མེད་རྩོད་པར་འདོད། །ཁྱོད་ཀྱི་དེ་གསུམ་་བཞད་གད་རྒྱུ། །

 

 

༈ ནགས་བསྲེགས་པ་ཡི་མེ་ལ་ནི། །རླུང་གིས་གྲོགས་སུ་འགྱུར་བ་ཡིན། །

དེ་ཉིད་མར་མེ་འཇིག་བྱེད་པས། །ཉམ་ཆུང་པ་ལ་བཤེས་ཡོད་མིན། །

 

 

༈ གཞན་ལ་གནོད་པ་མ་བྱས་དང་། །དམན་ལ་འདུད་པ་མ་བྱས་ཤིང་། །

དམ་པའི་ལམ་ནི་མ་སྤངས་གང་། །ཉུང་བ་དེ་ནི་མང་པོ་ཡིན། །

 

 

༈ ནད་ཀྱི་འཇིགས་པ་མ་བྱུང་ཞིང་། །དམ་པ་དག་དང་འགྲོགས་པར་བརྩོན། །

དམན་པའི་ཚིག་ནི་མ་སྨྲས་པའི། །ཉིན་གཅིག་ལོ་བརྒྱ་བས་མཆོག་ཡིན། །

 

 

༈ དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་བའི་ང་རྒྱལ་ལྡན། །

དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང་། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུད། །

 

 

༈ རིགས་རུས་དམའ་བའི་སེམས་ཅན་དག །ནོར་རམ་རིག་པ་རྙེད་གྱུར་ན། །

འགྲོ་བ་ཀུན་ལ་རྩྭ་སྙམ་སེམས། །པགས་པ་སྔོན་པོའི་ཝ་བཞིན་ནོ། །

 

 

༈ ནོར་རམ་རིག་པར་ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། །

གོ་འཕང་གཉིས་པོ་དེ་དག་གིས། །མཁས་པ་ཤིན་དུ་དུལ་བར་འགྱུར། །

 

 

༈ བོགས་མེད་ཚོང་དང་འཁོར་ལྡན་དག་ལ་འཚེ། །སློང་ཞིང་འགྱིང་ལ་ནོར་མེད་འདོད་ལ་དགའ། །

བུད་མེད་གཞོན་ལ་ཚིག་རྩུབ་སྨྲ་བ་སྟེ། །སྐྱེས་བུ་ལོག་པར་སྤྱོད་པ་དེ་ལྔའོ། །

 

 

༈ རྨ་བྱ་སོ་གའི་ཚ་བས་གདུངས་གྱུར་ཀྱང་། །མཁའ་དཀྱིལ་ཆར་གྱི་རྒྱུན་ལ་རེ་བླ་ཡི། །

རྫིང་བུ་རྙོག་པ་ཅན་གྱི་ཆུ་ངན་ལ། །དྲེགས་པས་བསྟོད་པའི་མགྲིན་པ་མ་གདུད་ཅིག །

 

 

༈ ཏི་ཏི་ར་ནི་ཟིལ་པ་ཡི། །ཐིགས་པས་སྲོག་ནི་འཛིན་བྱེད་ཀྱང་། །

བསླང་ན་གཏུགས་པའི་འཇིགས་པ་ཡིས། །བརྒྱ་བྱིན་ལ་ཡང་མི་སློང་ངོ་། །

 

 

༈ དེ་ཉིད་ཤེས་ན་སློབ་དཔོན་ཅི། །ནད་སོས་སྨན་པ་ག་ལ་དགོས། །

ཆུ་བོ་བརྒལ་ན་གྲུ་པས་ཅི། །ཆགས་བྲལ་བྱད་མས་ཅི་ཞིག་བྱ། །

 

 

༈ ངན་པ་ཇི་སྲིད་ཉམ་ཆུང་བ། །དེ་སྲིད་བར་དུ་རང་བཞིན་བཟང་། །

སྟོན་ཀ་ཡི་ནི་ཆུ་བོའི་ཆུ། །སྐྱེ་བོ་ཀུན་གྱིས་བགྲོད་པ་བླ། །

 

 

༈ གང་དུ་བྱུ་བས་མཛོད་པ་བྱེད། །བྱི་ལས་མར་ནི་བསྲུང་བ་དང་། །

ཁྭ་ཡིས་ཕྱག་ཚང་བྱེད་པ་ཡི། །དངོས་དེ་ལ་ནི་སྨོས་ཅི་དགོས། །

 

 

༈ གང་ན་ཞལ་ཏ་བྱེད་པ་མང་། །ཐམས་ཅད་མཁས་པར་ང་རྒྱལ་ཆེ། །

ཀུན་ཀྱང་གཙོ་བོ་བྱེད་འདོད་པ། །དེ་ཡི་ཚོགས་རྣམས་འཇིགས་པར་འགྱུར། །

 

 

༈ ཉིན་པར་འཁྲིག་དང་ཉིན་ཉལ་དང་། །ཆང་གསར་ཞོ་ནི་གཞོན་ནུ་འཐུང་། །

ཤ་སྐམ་བུད་མེད་རྒན་ཉལ་ཏེ། །འདི་དྲུག་ལུས་ཀྱི་སྟོབས་འཕྲོག་པའོ། །

 

 

༈ གང་ཞིག་ཁྲོ་ནའང་འཇིགས་མེད་ལ། །དགའ་ནའང་ཕན་འདོགས་མི་ནུས་པ། །

ཚར་གཅོད་བསྡུ་བ་མེད་འགྱུར་བའི། །དེ་ཁྲོས་པས་ནི་ཅི་བྱར་ཡོད། །

 

 

༈ ནད་དང་ཕངས་དུས་བྱུང་བ་དང་། །མུ་གེའི་ཚེ་དང་དགྲས་འཇིགས་དང་། །

རྒྱལ་པོའི་སྒོ་དང་གཤིན་རྗེའི་གནས། །དེ་རྣམས་ཀུན་གྱི་གཉེན་པོར་འགྱུར། །

 

 

༈ དགོས་པའི་དོན་དུ་འཇིག་རྟེན་སྒྲུབ། །དམ་པའི་དོན་དུ་དེ་དག་མིན། །

བེའུས་འོ་མ་ཟད་མཐོང་ནས། །བ་ནི་རིང་དུ་སྤང་བ་བཞིན། །

 

 

༈ སྡུག་པ་དང་བྲལ་རང་མེས་བརྙས་པ་དང་། །བུ་ལོན་མང་ཞིང་ངན་པ་དག་ལ་བརྟེན། །

དབུལ་པོར་མཐོང་ནས་མཛའ་བོས་སྤང་པ་སྟེ། །མེ་མ་ཡིན་པས་ལུས་སྲེག་དེ་ལྔའོ། །

 

 

༈ མི་མཐུན་ཆུང་ངུ་འཕེལ་བ་ལ། །མི་གང་ཞི་བར་མི་བྱེད་པ། །

སྦྲང་རྩིའི་ཐིགས་པ་འཛག་པ་དང་། །ཡུལ་འཁོར་འཇིག་པར་འགྱུར་བ་བཞིན། །

 

 

༈ གང་ཞིག་རིགས་ལྡན་དེ་བཞིན་བརྟེན་པ་དང་། །དམ་པ་ཕངས་ཀྱང་ཡོན་ཏན་གཏོང་མི་བྱེད། །

ཉི་མའི་རང་བཞིན་ཚ་བས་གདུངས་ཀྱང་ནི། །ཁ་བ་གྲང་པའི་རང་བཞིན་གཏོང་མི་བྱེད། །

 

 

༈ སྡིག་པ་ཟད་འདོད་བདེ་བར་གཤེགས་ལ་དད། །སྐལ་བ་ཟད་འདོད་སྐྱེ་བོ་ངན་དང་བསྟེན། །

རིགས་རྒྱུད་ཟད་འདོད་གླེན་ཞིང་ལྐུགས་པ་སྐྱེ། །འབྲུ་རྣམས་ཟད་འདོད་ཕོ་བའི་མེ་དྲོད་སྐྱེ། །

 

 

༈ འདོད་པས་ལོང་བས་སྡིག་མི་མཐོང་། །དམུས་ལོང་གིས་ནི་གཟུགས་མི་མཐོང་། །

དྲེགས་པ་ཡིས་ནི་སྐྱོན་མི་མཐོང་། །བདག་ལྟས་དེ་ཉིད་མི་མཐོང་ངོ་། །

 

 

༈ རྒྱལ་པོ་ཡུར་ཆུ་འཕྲི་ཤིང་དང་། །བུད་མེད་དམུས་ལོང་ལྔ་པོ་ནི། །

གཡོན་ཅན་བློ་ཡིས་ཇི་ལྟར་ཁྲིད། །ཁྲིད་རྣམས་གཞན་གྱི་དབང་དུ་གྱུར། །

 

 

༈ བདེ་བའི་རྗེས་ལ་སྡུག་བསྔལ་ཏེ། །སྡུག་བསྔལ་རྗེས་ལ་བདེ་བ་ཡིན། །

མི་རྣམས་ཀྱི་ནི་བདེ་སྡུག་དག །འཁོར་ལོ་བཞིན་དུ་འཁོར་བར་བྱེད། །

 

 

༈ མ་མཐོང་བ་དག་མདུན་དུ་ལྷགས། །སླར་ཡང་མ་མཐོང་བ་རུ་སོང་། །

ཁྱོད་ཀྱི་དེ་ཅི་ཁྱོད་ཀྱང་ཅི། །དེ་ལ་མྱ་ངན་སུ་ཞིག་བྱེད། །

 

 

༈ ཇི་ལྟ་ཇི་ལྟར་ཤིང་དག་ནི། །རྒྱ་མཚོ་ཆེ་ལ་མཉམ་འགྲོ་བ། །

དབའ་རླབས་ཀྱིས་ནི་སོ་སོར་ཕྱེ། །དེ་ལ་མྱ་ངན་སུ་ཞིག་བྱེད། །

 

 

༈ བློ་གྲོས་ཆེ་ལྡན་ཁྲོ་བས་ཤུགས་ལས་རྒྱལ། །སྐྱེ་བོ་ངན་པ་ཁྲོ་བས་མོད་ལ་ཕམ། །

ཕམ་པས་ཕམ་པར་བྱས་པའི་བློ་ངན་དག །བློ་ལྡན་དག་དང་ལྷན་ཅིག་ཅི་ཕྱིར་འགྲན། །

 

 

༈ ཕ་བོང་འབད་པ་ཆེན་པོ་ཡིས། །རི་ཡི་རྩེ་མོར་འདེགས་པར་ནུས། །

ཅུང་ཟད་ཙམ་གྱིས་དེ་སྐུར་བ། །རང་གི་སྐྱོན་ཡོན་དེ་དང་མཚུངས། །

 

 

༈ མི་གང་བྱ་བ་མ་ཡིན་པའི། །བྱ་བ་ལ་ནི་སྦྱོར་བྱེད་པ། །

དེས་ནི་ངེས་པར་ཕུང་འགྱུར་ཏེ། །ཁྱིའུ་འབྱིན་པའི་སྤྲེའུ་བཞིན། །

 

 

༈ རང་གི་ཕྱོགས་ནི་ཡོངས་སྤངས་ནས། །གཞན་གྱི་ཕྱོགས་ལ་དགའ་བ་གང་། །

དེ་ནི་ངེས་པར་བརླག་འགྱུར་ཏེ། །རྒྱལ་པོ་རབ་དམར་ཇི་བཞིན་ནོ། །

 

 

༈ མཁའ་ལ་སྐར་མཁན་དག་གིས་རྩིས་བྱས་ན། །ཟླ་བ་དང་ནི་སྐར་མའི་ལམ་རྣམས་ཤེས། །

ཁྱིམ་ན་མི་དང་ཁྱིམ་ཐབ་ལོག་པ་དག །སྣ་ཚོགས་སྤྱོད་པ་དེ་ནི་མཐོང་མ་གྱུར། །

 

 

༈ རྙོག་མེད་ཆུ་ནང་ཟླ་ཚེས་སྣང་གྱུར་པ། །པདྨའི་རྩ་བ་ལེན་པར་ཁྱོད་བྱེད་གྱུར། །

ངང་པ་ཆུ་དང་འོ་མ་འབྱེད་ཤེས་པའི། །ཁྱོད་ཀྱི་བློ་གྲོས་དེ་རིང་གང་དུ་སོང་། །

 

 

༈ མི་གང་བྱ་བ་ཆེན་པོ་གང་། །ཅུང་ཟད་བྱེད་པར་འདོད་ན་ཡང་། །

དེ་ནི་བསྒྲིམས་ནས་རབ་བྱ་སྟེ། །སེང་གེའི་ལས་གཅིག་ཡིན་པར་བཤད། །

 

 

༈ ཇི་ལྟར་རྒྱལ་སྲིད་བསྐྱང་བ་དང་། །བསྡོ་བའི་དགྲ་རྣམས་འདུལ་བ་དག །

འབངས་ལ་རེ་བ་མི་འཇོག་པར། །ཞལ་བཞུགས་ཚེ་ན་སྨྱུར་ཏེ་མཛོད། །

 

 

༈ སྙིང་དུ་སྡུག་པའམ་གཞན་གང་ཞེས། །སེམས་ཡང་པ་དག་རྩེ་བར་བྱེད། །

སྤྱོད་པ་རྒྱ་ཆེན་ལྡན་པ་དག །ས་ཡི་དཀྱིལ་འཁོར་ཐམས་ཅད་གཉེར། །

 

 

༈ རྟག་ཏུ་སྙན་ཚིག་སྨྲ་བ་ཡི། །རྒྱལ་པོས་སྐྱེ་དགུ་བྲིད་པར་སླ། །

ཕན་ཚིག་སྨན་དང་འདྲ་བ་དེ། །ཉན་པ་བས་ཀྱང་སྨྲ་བ་དཀོན། །

 

 

༈ གལ་ཏེ་ཆོས་དོན་རྟོགས་པ་ཡིས། །ཞལ་ཆེ་ལམ་སྲང་སྐྱོན་ན་ནི། །

འགྲོ་བ་བློ་ལྡན་གཅིག་གྱུར་ཀྱང་། །དེ་ལས་བདག་ནི་རྣམ་པར་རྒྱལ། །

 

 

༈ ནོར་མཉམ་ནུས་པ་མཉམ་པ་དང་། །གནད་ཤེས་འབད་རྩོལ་ཆེ་བ་ཡི། །

འཁོར་གྱིས་ངེས་པར་གནོད་འགྱུར་གྱི། །གང་དགྲས་མི་ཕུང་དེ་ཡིས་ཕུང་། །

 

 

༈ ཆུ་ཡི་ནང་ནས་མེ་འབར་ན། །མེ་དེ་གང་གིས་ཞི་བར་བྱེད། །

སྐྱོབ་པ་ལས་ནི་འཇིགས་པ་བྱུང་། །འཇིགས་པ་དེ་ལས་སུ་ཡིས་སྲུང་། །

 

 

༈ མ་བསྐུལ་མི་སྙན་དགྲ་སྟོན་ལ། །བསྐུལ་ནས་སྙན་པ་མི་སྒྲོགས་ལ། །

འཇིག་རྟེན་རྔ་ཟླུམ་དང་འདྲ་ལ། །དེ་ལྟར་བསྐུལ་ཞིང་སྒྲ་སྙན་སྒྲོགས། །

 

 

༈ ས་བདག་འདོད་ལ་ཆགས་པས་ཕན་དང་གནོད་པ་ཤེས་མི་འགྱུར། །

ཇི་ལྟར་རང་དགར་རང་སྤྱོད་མྱོས་པའི་གླང་ཆེན་བཞིན་དུ་སྤྱོད། །

 

 

དེ་འོག་འགྱོད་པས་རབ་གདུངས་ཉམ་ངའི་མྱ་ངན་གཡང་སར་ལྷུང་། །

དེ་ཡིས་འཁོར་ལ་ཉེས་པ་བགོད་བྱེད་རང་གི་སྐྱོན་མ་རིག །

 

 

༈ རྩོད་དུས་རྒྱལ་པོ་ནོར་ཚོགས་ཐོབ་པ་ལས། །སྲོག་ནི་སྲུང་གི་ནོར་ནི་གཏང་བར་བྱ། །

ཇི་ལྟར་ཤན་པས་ལུག་གི་བལ་བྲེགས་ནས། །སྲོག་ཐར་བྱས་པ་རྙེད་པ་ཆེ་བ་བཞིན། །

 

 

༈ རྩ་བ་བྲང་འགྲོ་རྩེ་མོ་མཁའ་ལྡིང་དང་། །ཡལ་ག་སྤྲེ་འཛེགས་མེ་ཏོག་བུང་བས་བསྐོར། །

གང་ཞིག་གདུག་པའི་སེམས་ཅན་གནས་བཅས་པ། །ཙན་དན་ཤིང་དེ་ལ་ནི་བསྙེན་དུ་མེད། །

 

 

༈ གང་གིས་ཐབས་ཀྱིས་ཕ་རོལ་གནོན། །ནུས་པས་མ་ཡིན་ཐབས་ཀྱིས་དེ། །

བྱ་རོག་གིས་ནི་གསེར་ཕྲེང་གི །སྦྲུལ་དག་གསད་པར་གྱུར་ལ་ལྟོས། །

 

 

༈ གང་ལ་བློ་ཡོད་དེ་སྟོབས་ལྡན། །བློ་མེད་སྟོབས་ཀྱིས་ཅི་ཞིག་བྱ། །

ཅི་ཞིག་སེང་གེ་སྟོབས་དང་ལྡན། །རི་བོང་གིས་ནི་སྲོག་དང་བྲལ། །

 

 

༈ བྱ་བའི་ཐབས་ཀྱིས་གྲོགས་བྱེད་ན། །བློ་ལྡན་དག་ལ་དྲི་བར་བྱ། །

ཕུན་སུམ་ཚོགས་པས་སྨོས་ཅི་དགོས། །ཕུང་གྱུར་ན་ཡང་མཛེས་པ་ཡིན། །

 

 

༈ ཡོན་ཏན་ཚུལ་སྤྱོད་རང་བཞིན་གསལ་བ་ཡིས། །སྐྱེ་བོ་ངན་པ་བཅོས་སུ་ག་ལ་རུང་། །

ཚ་ཞིང་དྲོད་ཆེ་རྩུབ་པས་བསྒྲུབས་པ་ཡི། །བད་ཀན་ནད་བཞིན་ཤིན་ཏུ་འཕེལ་བར་འགྱུར། །

 

 

༈ སྙིང་ལ་ཁོན་དུ་གཟུང་བྱ་ཡི། །དེ་ལ་ཚིག་གིས་མི་བསྐུལ་བར། །

དགྲ་བོའི་རྐང་པ་ནས་བཟུང་ཞིང་། །ཚིག་གི་མཚོན་ཆས་བསྣུན་པར་བྱ། །

 

 

༈ ཇི་སྲིད་འཇིགས་པ་མ་བྱུང་བ། །དེ་སྲིད་འཇིགས་ལ་འཇིགས་པར་བྱ། །

 

འཇིགས་པ་མངོན་དུ་བྱུང་བའི་ཚེ། །འཇིགས་མེད་ལྟ་བུར་གཞོམ་པར་བྱ། །

 

༈ བདེན་པ་ཞུགས་པར་གྱུར་པ་ལ། །སླུ་བྱེད་མཁས་པ་ཡིན་ནམ་ཅི། །

པང་པར་བརྟེན་ཏེ་ཉལ་བ་ལ། །གསོད་པ་དེ་ཅི་དཔའ་བོའམ། །

 

 

༈ གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །

གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །ཇེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། །

 

༈ རྟག་ཏུ་སེམས་ཅན་ཕན་དགའ་རྣམས། །རིན་ཆེན་སྒྲོན་ལྟར་མཆོག་ཡིན་ཏེ། །

སྣུམ་ལ་ལྟོས་པར་མི་བྱེད་ཅིང་། །སྣོད་དང་སྡོང་བུ་ལ་ལྟོས་མིན། །

 

 

༈ སྨན་པ་ཟས་ནི་མ་ཞུ་དང་། །རྒྱལ་པོ་བརྫུན་དུ་སྨྲ་བ་དང་། །

རིགས་ལྡན་སྡིག་པ་སྤྱོད་པ་སྟེ། །འདི་གསུམ་ཤིན་དུ་མི་རིགས་པའོ། །

 

༈ མཐུ་ཆེ་བ་དང་འགྲོགས་གྱུར་ན། །མཐོན་པོ་ཉིད་དུ་སུ་མི་འགྱུར། །

མེ་ཏོག་ཕྲེང་བར་འབྲེལ་པ་ཡི། །སྐུད་པ་མགོ་ལ་འདོགས་པར་བྱེད། །

 

 

༈ དུས་ལ་བབ་པར་སྟོན་པ་དང་། །གནས་སྐབས་བཅས་པར་སྨྲ་བ་དང་། །

ཤི་དུ་ངོ་མཚར་གྱུར་ལ་འགོད། །འཇིག་རྟེན་ཆེན་པོ་ཉིད་ཐོབ་འགྱུར། །

 

 

༈ བརྩོན་འགྲུས་བརྟུལ་ཕོད་བརྟན་པ་དང་། །སྟོབས་དང་བློ་གྲོས་ཕ་རོལ་གནོན། །

འབད་རྩོལ་ཡོན་ཏན་དྲུག་ལྡན་པ། །དེ་ལ་ལྷ་ཡང་འཇིགས་པ་སྐྱེ། །

 

 

༈ སྐྱོན་ཆད་དགྲ་བོ་ཕམ་པར་བྱས་པ་དག །མཛའ་བོར་འདོད་འོངས་པ་ལ་ཡིད་མ་བརྟན། །

བྲག་ཕུག་འུག་པའི་ཚོགས་ཀྱིས་གང་བ་ལ། །བྱ་རོག་གིས་ནི་མེ་བཏང་བསྲེགས་ལ་ལྟོས། །

 

 

༈ ཟ་དང་གཉིད་ལོག་འཇིགས་དང་འཁྲིག་པ་སྤྱོད། །མི་དང་ཕྱུགས་རྣམས་དེ་དག་མཉམ་པ་ཡིན། །

ཆོས་སྤྱོད་པ་ཡི་མི་རྣམས་ཁྱད་པར་འཕགས། །ཆོས་མི་ཤེས་ན་ཕྱུགས་དང་ཅི་མི་མཉམ། །

 

 

༈ གང་ཞིག་ཆོས་ལ་སྨོད་པ་རྣམས། །ཉི་མར་འགྲོ་དང་འོང་ན་ཡང་། །

དེ་ནི་མགར་བའི་སྦུད་པ་ཡིན། །དབུགས་འབྱིན་ཀྱང་ནི་གསོན་མ་ཡིན། །

 

 

༈ སངས་རྒྱས་མགོན་པོ་ཡོངས་སྤངས་ཏེ། །ལྷ་གཞན་ལ་ནི་ཕྱག་བྱེད་པ། །

བློ་ངན་གང་གཱའི་འགྲམ་དུ་ནི། །སྐོམ་ནས་ཁྲོན་པ་བྱེད་དང་མཚུངས། །

 

༈ ཡུལ་ནི་ཤིན་ཏུ་ཡུན་རིང་གནས་ཀྱང་ངེས་པ་ཁོ་ནར་འགྲོ་བར་འགྱུར། །

འབྲལ་ལ་ཁྱད་པར་ཅི་ཞིག་ཡོད་ལ་འགྲོ་བ་རང་ཉིད་སྡོད་མི་བྱེད། །

 

༈ དབང་མེད་འབྲལ་བས་ཡིད་ལ་ཡོངས་སུ་གདུང་བ་མཐའ་ཡས་སྐྱེད་པར་བྱེད། །

འདི་དག་རང་གིས་སྤོང་ན་ཞི་བའི་བདེ་བ་མཐའ་ཡས་འཐོབ་པར་འགྱུར། །

 

༈ འདོད་པ་ཡིད་འོང་ཡིན་པ་བདེ། །འབྱོར་པ་མཉམ་དགའ་ཡིན་མོད་ཀྱི། །

འོན་ཀྱང་འཚོ་བའི་འཇིག་རྟེན་འདི། །ནད་མེད་ཆང་འཐུང་ཁུར་པར་མཚུངས། །

 

༈ འགྲོ་བའི་དྲི་མ་ཆགས་པ་འདྲ་བ་མེད། །གཞན་ལ་གནོད་པ་ཕྲག་དོག་འདྲ་བ་མེད། །

མཛའ་བོ་སློང་མོ་པ་འདྲ་ཡོད་མིན་ཏེ། །གཏོང་དང་མཉམ་པའི་གཉེན་བཤེས་གང་ཡང་མེད། །

 

༈ ཤེས་རབ་དང་མཉམ་མིག་མེད་དེ། །རྨོངས་པ་དང་མཉམ་མུན་པ་མེད། །

ནད་དང་འདྲ་བའི་དགྲ་མེད་དེ། །འཆི་བ་དང་མཉམ་འཇིགས་པ་མེད། །

 

༈ དེ་བས་ཤིན་དུ་མི་བཟད་པའི། །འཆི་བ་ངེས་པར་འབྱུང་འགྱུར་བས། །

འདོད་པ་རྣམས་ལ་སེམས་བཟློག་ལ། །དམ་པའི་ཆོས་ལ་དགའ་བར་གྱིས། །

 

༈ གྲོགས་པོ་འདི་ན་ནོར་དེ་ཡོད་ལེགས་པས། །ཡིད་བཞིན་ནོར་ཁྱེད་རྡོར་འགྱུར་ནོར་མ་བྱེད། །

སྦུར་ལོང་རྒྱན་གྱི་དམ་པར་བྱེད་འགྱུར་བ། །དེར་ནི་འདི་འདྲའི་ནོར་བུ་འཇིག་རྟེན་ཕུང་། །

 

༈ གང་ཞིག་ས་སྟེང་འབྲུ་རྣམས་དང་། །གསེར་དང་ཕྱུགས་དང་ནད་མེད་རྣམས། །

དེ་དག་ཀུན་གྱིས་གཅིག་མི་ངོམས། །དེ་ལྟར་ཤེས་ནས་ཞི་བར་གྱིས། །

 

༈ འབད་པས་བསགས་པའི་ནོར་ལ་ནི། །ཡང་དང་ཡང་དུ་ཉུགས་པར་བྱེད། །

བཀྲེན་པས་བྱི་བ་ཇི་བཞིན་དུ། །ནོར་རྣམས་སྡུག་བསྔལ་ཁོ་ནར་ཟད། །

 

༈ འཇིག་རྟེན་འཚོ་བ་བརྟན་མ་ཡིན། །ནོར་དང་ལོངས་སྤྱོད་བརྟན་མ་ཡིན། །

བུ་དང་ཆུང་མ་བརྟན་མིན་གྱི། །ཆོས་དང་གྲགས་པ་སྙན་པ་བརྟན། །

 

༈ རྒྱལ་པོ་ནོར་སོགས་ངོམས་པ་མེད། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །

རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །འཇིག་རྟེན་སྡུག་ལ་བལྟས་མི་ངོམས། །

 

༈ མེ་ལ་ཤིང་གིས་ངོམས་པ་མེད། །བྱིས་པ་འདོད་པས་ངོམས་པ་མེད། །

ཚུལ་ཁྲིམས་དག་དང་དུལ་བ་དང་། །སེམས་ནི་དུལ་པར་གྱུར་པ་དང་། །

 

༈ གང་ཞིག་དྲང་པོར་ཞུགས་པ་དག །དེ་ལ་གནས་ན་ཅི་ཞིག་དགོས། །

ཆོག་ཤེས་དབང་ཕྱུག་ལ་གནས་ན། །སྐྱེ་བོ་ངན་པའི་ས་དང་རིང་། །

 

༈ ལོངས་སྤྱོད་འདོད་པའི་སྲེད་པས་བཅིང་། །གོམ་རེ་བརྙས་པ་ཐོབ་པར་འགྱུར། །

ལུས་ཞེས་བྱ་བ་སྐྱོན་ལྡན་འདི། །ཡོན་ཏན་ཆེན་པོ་གཅིག་ཡིན་ཏེ། །

 

གནས་སྐབས་གང་དང་གང་འཕྲད་པ། །དེ་དང་དེར་འགྲོ་གོ་ར་བ། །

 

༈ ནགས་ཀྱི་གླང་པོ་རྩྭ་ལོ་ཟ་ཡང་སྟོབས་དང་ལྡན། །སྦྲུལ་ནི་ཟས་སུ་རླུང་ཟར་གྱུར་ཀྱང་སྦེགས་པ་མེད། །

དྲང་སྲོང་རྩ་བ་འབྲས་བུ་ཙམ་གྱིས་དུས་འདས་བྱེད། །དེ་བས་ཁྲེལ་འཛེམ་ཆོག་ཤེས་ཁོ་ན་འབྱོར་པའི་མཆོག

 

༈ ཚོད་མ་དག་དང་རྡུལ་མེད་པའི། །ཆུ་ཡི་དགོན་པ་ག་ནའང་ཡོད། །

ཟླ་བ་ཐུན་མོང་མར་མེ་ཡིན། །འབྱོར་པ་དག་གིས་ཅི་ཞིག་བྱ། །

 

༈ ཆོག་ཤེས་ངེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། །

རྩྭ་དང་ལོ་མ་ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །

 

༈ ནགས་མཆོག་སྟག་དང་གླང་པོའི་གཙོས་བསྟེན་པར། །རྩ་ཡི་སྟན་བྱས་ཤིང་ཤུན་གོས་སུ་གྱོན། །

ཤིང་གི་འབྲས་བུ་ལ་སོགས་ཟས་ཟ་བའི། །ནོར་མེད་ཉེ་དུའི་ཚོགས་ནང་གསོན་པ་མིན། །

 

༈ བཟང་པོའམ་ནི་ངན་པ་ཡི། །སྦྱོར་བ་གང་ཡང་རུང་བ་ཡིས། །

ལུས་ནི་ཤིན་ཏུ་བསྲུང་བྱ་ཡི། །ནོར་ལ་ཆགས་པས་ཅི་ཞིག་བྱ། །

 

༈ བསོད་ནམས་ཆེན་པོའི་རིན་གྱིས་ནི། །ཁྱོད་ཀྱིས་ལུས་ཀྱི་གྲུ་ཉོས་པ། །

ཇི་སྲིད་ཆག་པར་མ་གྱུར་པར། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོང་། །

 

༈ ཇི་སྲིད་སྡུག་པའི་དུས་ཀྱི་ཟླ་རྒྱས་པ། །འཆི་བདག་གཟའ་ཆེན་འདི་ཡིས་མ་རྙེད་པ། །

དེ་སྲིད་བག་ཡོད་པར་ནི་གནས་བྱ་སྟེ། །རང་གི་བྱ་བ་དག་ནི་བྱ་བའི་རིགས། །

 

༈ གང་ཚེ་འདུ་ཤེས་བྲལ་ཞིང་མིག་མི་གཡོ། །སྐྱིགས་བུ་རྒྱུན་འབྱུང་དབུགས་མཐར་ཐུག་པས་སླེབས། །

མུན་པར་གཡང་ས་ཆེ་ཁྲིད་ལྟར་གྱུར་ན། །དེ་ཚེ་བུ་དང་ཆུང་མ་གཉེན་ཅིར་འོང་།

 

༈ སྙིང་རྗེས་གདུངས་པའི་ཡིད་དང་དབང་པོ་དུལ་ཞིང་སེམས་ནི་ཆོག་ཤེས་དག་ལ་དགའ་བ་དང་། །

ཆགས་བྲལ་མངོན་དགའི་སེམས་དང་ཤིང་དྲུང་དག་ན་ལྷུང་པའི་འབྲས་བུ་བཟའ་བའི་བྱ་བ་བྱེད། །

 

ལུས་རིང་ཤིང་ཤུན་གྱོན་ཞིང་རྒྱལ་བ་ཞེས་ནི་སྙན་པ་ལྟ་བུར་སྒྲ་སྒྲོགས་ལ། །

བཱ་རཱ་ཎཱ་སཱིར་གཤིན་རྗེའི་དབང་གྱུར་བཅོམ་པའི་ལུས་ཚིག་འདི་ནི་ནམ་ཞིག་སྤོང་བར་འགྱུར། །

 

༈ བསྟན་བཅོས་འཛིན་པས་ཐར་པ་ཡིན། །ལུས་དུབ་པས་ཀྱང་མ་ཡིན་ཏེ། །

ཤེས་རབ་ཀྱིས་ནི་སེམས་བཏུལ་ན། །ཐར་པ་ཐག་ཉེ་འདི་ན་ཡོད། །

 

༈ ཉེས་པའི་སྐྱོན་ནི་བྲེག་པར་གྱུས། །མགོ་བོ་བྲེག་པས་ཅི་ཞིག་བྱ། །

གང་ཞིག་ཡིད་ཀྱི་གོས་མེད་ན། །རས་ཀྱི་ཆོས་གོས་ཅི་ལ་ཕན། །

 

༈ སེམས་ཅན་རྣམས་ལ་གང་གི་ཚེམས། །སྙིང་རྗེས་བརླན་པར་གྱུར་བ་དག །

ཐར་དང་ཡེ་ཤེས་དེ་ཡིན་གྱི། །ཐལ་བ་རལ་པ་ཆོས་གོས་མིན། །

 

༈ གང་ཞིག་ལང་ཚོ་ལ་ཞི་བ། །དེ་ནི་ཞི་བར་བདག་གིས་ཤེས། །

ཁམས་རྣམས་ཡོངས་སུ་ཟད་པ་ན། །ཅི་ཡི་ཕྱིར་ན་ཞི་མི་འགྱུར། །

 

༈ མཛའ་བཤེས་ཉེ་དུ་དུར་ཁྲོད་དུ། །དུ་བ་འཐུལ་ནས་ལྡོག་པར་བྱེད། །

གང་ཞིག་རང་དང་ལྷན་ཅིག་འགྲོགས། །ལས་ཏེ་དེས་ན་དགེ་བ་སྤྱད། །

 

༈ གང་ཞིག་རབ་ཏུ་ཉོན་མོངས་དང་། །ཆོས་དང་འགལ་བར་བྱེད་པ་དང་། །

དགྲ་ལ་འདུད་པའི་ནོར་རྣམས་ནི། །གང་གི་ནོར་དུ་རུང་མ་ཡིན། །

 

༈ དམ་པ་ལེགས་སྤྱོད་ལ་སྲེད་ཤིན་ཏུ་བསྡམས་གྱུར་ཏེ། །ཀུན་དུའང་སྐྱེ་བོས་སྨོད་འཇིགས་རྟག་ཏུ་སྡུག་བསྔལ་གནས། །

གང་ཞིག་འཛེམ་མེད་ལོངས་སྤྱོད་དག་གུ་རྩ་རྩོལ་བ། །རིགས་དང་མི་རིགས་དཔྱོད་མེད་ཐ་མལ་སྐྱེ་བོ་སྐྱིད། །

 

༈ རིགས་དང་མི་རིགས་དཔྱོད་པའི་བློ་མེད་ཅིང་། །ཐོས་དང་སྡོམ་པ་མང་པོ་རྣམ་སྤངས་ནས། །

ལྟོ་བ་འགེངས་པ་ཙམ་ཞིག་འབའ་ཞིག་འདོད། །སྐྱེས་བུ་ཕྱུགས་དང་ཕྱུགས་ལ་ཁྱད་ཅི་ཡོད། །

 

༈ མཐོང་དང་མ་མཐོང་ཡོན་ཏན་གྱི། །འབྱུང་གནས་ཆེན་པོ་རིགས་པ་ཡིན། །

དེས་ན་དེ་བས་དོན་གཉེར་བས། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །

 

༈ བརྒྱ་ཡི་ནང་ནས་དཔའ་བོ་སྐྱེ། །སྟོང་གི་ནང་ནས་མཁས་པ་འབྱུང་། །

བརྒྱ་སྟོང་ལས་ནི་མཛངས་པ་སྟེ། །སྟོང་པ་སྐྱེའམ་མི་སྐྱེའམ་སྲིད། །

 

༈ མཁས་པས་རིག་པ་རྣམ་ཀུན་དུ། །ན་ཚོད་ཡོལ་ཡང་བསླབ་པར་བྱ། །

གལ་ཏེ་འདིར་འབྲས་མི་སྟེར་ཡང་། །སྐྱེ་བ་གཞན་དུ་རྙེད་པ་སླ། །

 

༈ སྐྲ་དཀར་གཉེར་མ་ལྷགས་དུས་སུའང་། །ཐོས་པ་བསགས་པ་བྱ་བ་སྟེ། །

གང་དུ་ཐོས་མང་འགྲོ་འགྱུར་བ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །

 

༈ རྒྱལ་པོ་དང་ནི་ཡོན་ཏན་ལྡན། །དེ་གཉིས་འདྲ་བ་མ་ཡིན་ཏེ། །

རྒྱལ་པོ་རང་གི་ཡུལ་ན་བཀུར། །ཡོན་ཏན་ལྡན་པ་ཀུན་དུ་བཀུར། །

 

༈ ཡོན་ཏན་ལྡན་པ་སྐྱོན་ཡོད་ཀྱང་། །ཡོན་ཏན་དགའ་རྣམས་སྐྱོ་མི་བྱེད། །

ཟླ་བ་རྙོག་པ་ཡོད་གྱུར་ཀྱང་། །བརྟན་རྣམས་དགའ་བས་ལྟ་བར་བྱེད། །

 

༈ ཡོན་ཏན་དང་འདྲ་ལུས་ཀྱི་རྒྱན་གཞན་མེད། །སེམས་ལས་དང་འདྲ་ལུས་ཀྱི་སྡུག་བསྔལ་མེད། །

བཟོད་པ་དང་འདྲ་ལུས་ཀྱི་སྲུང་མ་མེད། །གཏོང་བ་དང་མཉམ་གཉེན་ནི་གང་ན་མེད། །

 

༈ དམ་པ་རིང་ན་གནས་གྱུར་ཀྱང་། །ཡོན་ཏན་ཕོ་ཉ་ཉིད་བྱེད་དེ། །

ཀེ་ཏ་ཀ་ཡི་དྲི་བསྣམས་ནས། །བུང་བ་རང་ཉིད་འོང་བར་འགྱུར། །

 

༈ ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །

བ་ནི་འོ་མ་མེད་པ་ལ། །དྲིལ་བུ་བཏགས་ཀྱང་ཉོ་མི་འགྱུར། །

 

༈ དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །

ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །

 

༈ སྐར་མ་ཆེན་པོ་མང་དུ་ཤར་གྱུར་ཅིང་། །ས་ཡི་རྒྱན་གྱུར་ཟླ་བ་ཤར་ན་ཡང་། །

གང་དུ་ཉི་མ་ནུབ་ན་མཚན་མོར་འགྱུར། །ཉི་མ་མ་གཏོགས་ཤར་ནུབ་མིང་མི་འདོགས། །

 

༈ གང་ཞིག་ཤར་བར་གྱུར་ན་ནི། །མུན་པ་མེད་ཅིང་གཟི་ཅན་བྱེད། །

ཉི་མ་ཤར་བ་མཆོག་ཡིན་གྱི། །གཞན་རྣམས་ཤར་བས་ཅི་ཞིག་བྱ། །

 

༈ སྐྱེས་བུ་བྱ་བ་གང་ཡིན་གཅིག་བྱས་མཐར་ཕྱིན་པས། །སེམས་འཕགས་འགྱུར་ཏེ་མང་པོ་ཅི་ལ་དགོས། །

ཟླ་བ་རྒྱས་པས་ས་སྟེངས་གསལ་བ་བཞིན། །སྐར་མ་མང་པོའི་ཚོགས་ཀྱིས་ནུས་མ་ཡིན། །

 

༈ ཡོན་ཏན་སྐྱེས་པ་རང་ཁར་ལས། །རྫས་ནི་བསོད་ནམས་ཁར་ལས་པས། །

སྐྱེས་བུ་ལ་ནི་ཅི་ཕྱིར་སྨྲེ། །ཡོན་ཏན་འབད་པས་བསྒྲུབ་བྱ་ཡིན། །

 

༈ འབད་པའང་བདག་ཉིད་ལ་གནས་ན། །གཞན་དག་ཡོན་ཏན་ལྡན་ཞེས་ཏེ། །

དེ་ལྟར་གསོན་པ་སུ་ཡིས་བཟོད། །

 

༈ བསྟན་བཅོས་དོན་ནི་ཤེས་པའི་མི། །འདི་ན་ཞ་བོ་རྣམས་ལའང་མང་། །

རལ་གྲིའི་རྩེ་མོ་རྣོན་པོ་ཡིས། །དགྲ་ལས་རྒྱལ་བྱེད་དེ་རྙེད་དཀའ། །

 

༈ ཕྱུག་པོ་ཀླ་ཀློ་རྣམས་ལའང་ཡོད། །དཔའ་བོ་དུད་འགྲོ་རྣམས་ལའང་མང་། །

སྣ་ཚོགས་དོན་གྱི་གཏམ་སྨྲ་བའི། །དམ་པ་དག་ནི་ཀུན་དུ་དཀོན། །

 

 

༈ རི་བོ་ཀུན་ལ་ཙན་དན་མེད། །གླང་པོ་ཀུན་ལ་མུ་ཏིག་མེད། །

ཡང་དག་དོན་གྱི་གཏམ་སྨྲ་བའི། །མཁས་པའང་ཀུན་ན་ཡོད་མ་ཡིན། །

 

༈ ཡོན་ཏན་ཤེས་ལ་དེ་ཉིད་ཡོན་ཏན་འགྱུར། །ཡོན་ཏན་མེད་ན་དེ་ཉིད་སྐྱོན་དུ་འགྱུར། །

ཆུ་བོའི་ཆུ་ནི་ཤིན་ཏུ་སྐྱོན་མེད་པའང་། །རྒྱ་མཚོར་ཕྱིན་ན་བཏུང་དུ་མི་རུང་འགྱུར། །

 

༈ ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཡི། །ཡོན་ཏན་མེད་པ་ཡོན་ཏན་གྱིས་མི་མགུ། །

བུང་བ་ནགས་ནས་པདྨར་འོང་འགྱུར་གྱི། །སྦལ་བ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །

 

༈ མཁས་པ་རྣམས་ཀྱི་གྲགས་པ་ནི། །མཁས་པ་ཉིད་ཀྱི་ནང་དུ་འཁེལ། །

རིན་ཆེན་ཤེལ་ལ་རིན་ཆེན་དང་། །གཡུལ་ངོ་དག་ཏུ་དཔའ་བོ་བཞིན། །

 

༈ ངང་པ་ཁཱ་ཡི་ཚོགས་ནང་མཛེས་མ་ཡིན། །ཅང་ཤེས་བོང་བུའི་ཚོགས་ནང་མཛེས་མ་ཡིན། །

སེང་གེ་ཝ་ཡི་ཚོགས་ནང་མཛེས་མ་ཡིན། །མཁས་པ་བླུན་པོའི་ཚོགས་ནང་མཛེས་མ་ཡིན། །

 

༈ གང་ཞིག་ཆེན་པོས་སྤྱི་བོ་བཀུར། །དེ་ཉིད་དམན་པས་རྩྭ་སྙམ་སེམས། །

མཁས་པས་ཕྱག་བྱས་མཆོད་རྟེན་ནི། །ཁྭ་དག་སྟན་དུ་བྱེད་པ་ཡིན། །

 

༈ བདག་ལ་གྲངས་མེད་ཡོད་གྱུར་ཀྱང་། །གཞན་ལ་ཉུང་ཟད་ཡོད་པ་ཡི། །

ཡོན་ཏན་མེད་ལ་དམ་པ་དགའ། །སྤྱོད་པ་འདི་ནི་ངོ་མཚར་ཆེ། །

 

༈ ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཁྱེན། །

ས་གཞི་ཡི་ནི་ལྕི་བའི་ཚད། །མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིན། །

 

༈ གཞན་གྱིས་གཞན་དག་བསྒྲགས་ན་ནི། །མེད་པའང་ཡོན་ཏན་ཅན་དུ་འགྱུར། །

ཡོན་ཏན་རང་ཉིད་སྒྲོགས་པ་ནི། །བརྒྱ་བྱིན་ཡིན་ཡང་མི་བཙུན་འགྱུར། །

 

༈ གང་དུ་ཡོན་ཏན་ལྡན་མི་མཆོད། །མཁས་པ་དེ་རུ་ཅི་ཕྱིར་འགྲོ། །

གོས་མེད་གཅེར་བུའི་གྲོང་ཁྱེར་དུ། །ཁྲུས་མཁན་གྱིས་ནི་ཅི་ཞིག་བྱ། །

 

༈ ཀྱེ་མ་འཇིག་རྟེན་གླེན་པ་འདི། །རང་རྒྱུད་གྲུབ་པ་ཡོད་མིན་ཏེ། །

གཞན་གྱིས་བྱས་པའི་རྗེས་འབྲང་བས། །ཟངས་མའི་སྣོད་ནི་སྟོར་ནས་མེད། །

 

༈ བཞད་གད་མཁན་དང་མཁས་པ་གཉིས། །བླུན་ལ་བཞད་གད་བྱེད་པ་མཆོག །

བཞད་གད་མཁན་གྱིས་ནོར་རྙེད་ཀྱིས། །མཁས་ལ་ནོར་མེད་སྟོང་པར་འགྲོ། །

 

༈ སྣ་ཚོགས་དོན་ལྡན་གཏམ་རྒྱུད་ཀྱིས། །མཁས་པ་དུས་ནི་འདའ་བར་བྱེད། །

དབུལ་པོ་ཆོས་ཀྱིས་ཕོངས་གྱུར་པས། །གཉིད་ལོག་ན་ཡང་འཐབ་པར་བྱེད། །

 

༈ གང་ཞིག་མང་པོ་ཚོགས་པར་གྱུར་པ་ལས། །སྐྱེ་བོ་དམ་པའི་ཡོན་ཏན་སྟེན་མི་བྱེད། །

དེ་ནི་རང་གི་མ་ཡི་སྡུག་བསྔལ་གྱིས། །བསྐྱེད་དེ་སྐྱེས་པར་གྱུར་ཀྱང་ཅི་ཞིག་ཕན། །

 

༈ མཁས་པའི་ཚུལ་ནི་རིགས་པ་ཡིན། །ཁུ་བྱུག་ཚུལ་ནི་སྒྲ་སྙན་ཡིན། །

དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །བུད་མེད་ཚུལ་ནི་ཉོན་མོངས་ཡིན། །

 

༈ སྐར་རྩིས་དེ་བཞིན་གྲུབ་མཐའ་དང་། །མཁའ་ལྡིང་སྔགས་དང་སྔགས་སྨྲ་བ། །

དོན་གྱི་དེ་ཉིད་གཟུང་བྱ་ཡི། །སྒྲ་ལ་དཔྱད་པར་མི་བྱའོ། །

 

༈ གླེགས་བམ་ལ་བཞག་རིག་པ་དང་། །གཞན་ལ་ཚོལ་བའི་ནོར་དག་ནི། །

དགོས་པའི་དུས་ལ་བབ་པ་ན། །དེ་ནི་ནོར་མིན་རིག་པ་མིན། །

 

༈ བཟོ་སློབ་པ་ཡི་ཡོན་ཏན་ཀུན། །ཡོན་ཏན་འཚོ་བའི་རྒྱུ་ཙམ་ཡིན། །

འཁོར་བ་གཅོད་པའི་བློ་གྲོས་གང་། །ཅི་ཡི་ཕྱིར་ན་དེ་མིན་བྱིན། །

 

༈ མི་ནི་སུ་ལའང་མ་བརྟགས་པར། །གདམས་ངག་སྦྱིན་པར་མི་བྱ་སྟེ། །

སྤྲེའུ་ཙམ་གྱི་གནས་བཅས་དང་། །གནས་མེད་པར་ནི་བྱས་ལ་ལྟོས། །

 

༈ ཁ་ཅིག་སྨྲ་བ་ལྷུར་ལེན་ཏེ། །ཁ་ཅིག་མི་སྨྲ་དོན་ཡང་བསྒྲུབ། །

འདམ་བུ་མེ་ཏོག་འབྲས་བུ་མེད། །སྟར་ཀ་འབྲས་བུ་མེ་ཏོག་ལྡན། །

 

༈ ཀེ་ཏ་ཀ་ཡི་འབྲས་བུ་ནི། །ཆུ་རྣམས་དྭངས་བར་བྱེད་མོད་ཀྱི། །

དེ་ཡི་མིང་ཙམ་སྨོས་པ་ཡིས། །ཆུ་རྡུལ་དང་བར་མི་བྱེད་དོ། །

 

༈ གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །

ལག་ན་སྒྲོན་མ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །

 

༈ ཟླ་བ་ཡར་ངོ་མར་ངོ་ལྟར། །དམ་པ་དམ་མིན་བརྟེན་པ་ལས། །

ཡོན་ཏན་ཆུང་ངུའང་རྒྱས་འགྱུར་ཞིང་། །རྒྱ་ཆེན་པོ་ཡང་འགྲིབ་པར་འགྱུར། །

 

༈ མཁས་པས་དགྲ་བོར་གྱུར་པའང་བླའི། །མི་མཁས་པ་དང་མཛའ་བ་མིན། །

རྐུན་པོས་བྲམ་ཟེ་བསྲུངས་པ་དང་། །སྤྲེའུས་རྒྱལ་པོའི་མིག་བཅར་བཞིན། །

 

༈ མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་པར་སྨྲ་བ་དང་། །

འཆི་བ་ན་ཡང་འདུག་བླ་ཡི། །སྐྱེ་བོ་ངན་དང་རྒྱལ་སྲིད་མིན། །

 

༈ སྦྲུལ་གདུག་སྐྱེ་བོ་ངན་པ་དུག །སྦྲུལ་ལས་ལྷག་པར་སྐྱེ་ངན་དུག །

སྦྲུལ་གདུག་སྨན་དང་སྔགས་ཀྱིས་ཐུབ། །སྐྱེ་ངན་གདུག་པ་གང་གིས་ཞི། །

 

༈ སྐྱེ་བོ་ངན་པ་ཡོན་ཏན་བརྒྱ་ཡིས་ཕན་བཏགས་ཏེ། །དགའ་བར་གྱུར་ཀྱང་དེ་ནི་ཚིག་རྩུབ་སྨྲ་བར་བྱེད། །

གང་ཞིག་རིགས་ལྡན་དེ་བཞིན་བརྟན་པ་དང་། །བསྔགས་འོས་ཕོངས་ཀྱང་ཡོན་ཏན་གཏོང་མི་བྱེད། །

 

༈ རང་བཞིན་ངན་པའི་མི་དག་དང་། །སྲང་གི་མཚན་ཉིད་དག་དང་མཚུངས། །

ཅུང་ཟད་ཙམ་གྱིས་མཐོ་འགྱུར་ཞིང་། །ཅུང་ཟད་ཙམ་གྱིས་དམའ་བར་འགྱུར། །

 

༈ ཙན་དན་གླ་རྩི་ག་བུར་གྱིས་བྱུགས་ཀྱང་། །སྒོག་སྐྱའི་རང་བཞིན་དྲི་ང་མི་འདོར་ལྟར། །

རིགས་པའི་གཞུང་ལུགང་མང་པོ་རབ་བསླབས་ཀྱང་། །རང་བཞིན་ངན་པའི་མཚན་ཉིད་འདོར་མི་སྲིད། །

 

 

༈ དམ་པའི་བུ་ལ་གདོང་ན་པདྨ་མེད། །སྨད་འཚོང་བུ་ལ་ཀླད་ནས་རྭ་མ་སྐྱེས། །

ཇི་ལྟ་ཇི་ལྟར་ལོག་པར་བྱེད་གྱུར་པ། །དེ་ལྟ་དེ་ལྟར་ནལ་བུའི་མཚན་ཉིད་ཡིན། །

 

༈ ཁ་ནས་སྨྲས་པའི་ཚིག་གཞན་ལ། །ཡིད་ལ་སེམས་པའི་བསམ་པ་གཞན། །

ཀྱེ་མ་ཡོན་པོའི་བློ་གྲོས་ཅན། །འདི་ཡི་རང་བཞིན་སུ་ཡིས་སྤྲུལ། །

 

༈ འབད་པས་སྐྱོན་ནི་ལེན་པར་བྱེད། །ཡོན་ཏན་རྟག་ཏུ་སྤོང་བར་བྱེད། །

སྐྱོན་ལེན་ཡོན་ཏན་སྤོང་བ་ཡི། །སྐྱེ་བོ་ངན་པ་ཆུ་ཚགས་འདྲ། །

 

༈ སྐྱེ་བོ་ངན་པ་སུན་ཕྱུང་ན། །དམ་པ་ལ་ཡང་ཡིད་མི་རྟོན། །

བྱིས་པ་འོ་མས་ཁ་ཚིག་ན། །ཞོ་ལའང་ཕུ་ཡིས་འདེབས་ཤིང་འཐུང་། །

 

༈ མཚན་མོ་མཚོ་ནང་སྐར་མའི་གཟུགས་བརྙན་སྣང་བ་ལ། །ངང་པ་པདྨའི་རྩ་བར་འཁྲུལ་པས་སུན་ཕྱུང་བ། །

ཉིན་མོ་པད་རྩ་མངོན་སུམ་མཐོང་ཡང་ཟ་མི་བྱེད། །བརྫུན་སྨྲས་སུན་ཕྱུང་བདེན་པ་ལ་ཡང་དོགས་པ་སྐྱེ། །

 

༈ བུད་མེད་ཟས་ནི་ཉིས་འགྱུར་ཏེ། །དེ་ཡི་གཡོ་སྒྱུ་བཞི་འགྱུར་རོ། །

ངོ་ཚ་དག་ནི་དྲུག་འགྱུར་རོ། །འདོད་ཆགས་བརྒྱད་འགྱུར་ཞེས་བརྗོད་དོ། །

 

༈ སྦྱིན་པས་མ་ཡིན་རིམ་གྲོས་མིན། །མཆོད་པས་མ་ཡིན་བསྙེན་བཀུར་མིན། །

བརྟན་པས་མ་ཡིན་བརྩོན་པས་མིན། །ཀུན་ཏུ་མི་བཟད་བུད་མེད་ཡིན། །

 

༈ མཁའ་ལྡིང་དབང་པོས་ཁྱེར་བའི་ཚེ། །པད་དཀར་ཀླུ་ཡིས་སྨྲས་པ་ནི། །

གསང་ཚིག་བུད་མེད་ལ་སྨྲ་བ། །དེ་ཡི་སྲོག་ནི་དེ་ཟད་འགྱུར། །

 

༈ དོན་དང་ཆོས་ནི་རྣམ་པར་ཉམས་བྱེད་ཅིང་། །མཐོ་རིས་དག་དང་ཐར་པའི་གེགས་བྱེད་ལ། །

གནོད་པ་ཀུན་གྱི་རྩ་བ་ཉིད་གྱུར་པས། །དེ་བས་གཞན་གྱི་བུད་མེད་རྟག་ཏུ་སྤང་། །

 

༈ གང་གི་ཚིགས་བཅད་གཅིག་ཙམ་ཞིག །བླ་མས་སློས་མ་ལ་བྱིན་ན། །

གང་ཞིག་བཏང་ནས་ཤོག་བཏང་འགྱུར། །རྫས་དེ་ས་སྟེང་ཡོད་མ་ཡིན། །

 

༈ འདུ་འཛི་ཀུན་དུ་སྤང་བར་གྱིས། །གལ་ཏེ་དེ་སྤོང་མ་ནུས་ན། །

དམ་པ་དག་དང་འདྲེ་བར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། །

 

༈ འདོད་པ་ཀུན་དུ་སྤང་བར་གྱིས། །གལ་ཏེ་སྤོང་བར་མ་ནུས་ན། །

ཐར་པ་དག་ལ་འདོད་པར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། །

 

༈ ཕན་མེད་གཉེན་ཡང་གཞན་ཡིན་ཏེ། །ཕ་རོལ་ཡིན་ཡང་གང་ཕན་གཉེན། །

ལྷན་ཅིག་འབྱུང་བའི་ལུས་སོགས་ནད། །ཕན་བྱེད་དགོན་པའི་སྨན་བཞིན་ནོ། །

 

༈ འབད་པ་ཡིས་ནི་བཟུང་བ་ཡི། །བུམ་པ་ཡི་ནི་ཆུ་བྱེད་བཞིན། །

སྤྱི་བོ་ལ་ནི་བཀུར་བྱས་ན། །སྐྱེ་བོ་ངན་པ་ཁྲོ་བར་བྱེད། །

 

༈ གང་ཞིག་ཡིད་དང་རྗེས་མཐུན་པ། །རིང་ན་གནས་ཀྱང་ཉེ་བ་ཡིན། །

གང་ཞིག་ཡིད་ལ་བརྟན་མི་གནས། །དྲུང་ན་གནས་ཀྱང་རིང་བ་ཡིན། །

 

༈ དམ་པ་མིན་དང་ལྷན་ཅིག་གནས་གྱུར་ཀྱང་། །ཆུ་དང་པད་མོ་བཞིན་དུ་འདྲེས་མི་འགྱུར། །

དམ་པ་ཐག་རིང་དག་ཏུ་གནས་གྱུར་ཀྱང་། །ཟླ་བ་ཀུ་མུ་ད་ལྟར་དགའ་བར་བྱེད། །

 

༈ གལ་ཏེ་རྟག་ཏུ་མཛའ་འདོད་ན། །གསུམ་པོ་འདི་དག་མི་བྱ་སྟེ། །

རྒྱན་པོ་འགྱེད་དང་ནོར་འབྲེལ་དང་། །ལྐོག་ཏུ་ཆུང་མ་དང་སྨྲ་བའོ། །

 

༈ ཇི་ལྟར་རྭ་ལས་འོ་མ་འབྱུང་། །འདམ་བུ་མེ་ཏོག་སྦྲང་རྩི་འཛག །

གལ་ཏེ་བུད་མེད་བདེན་གྱུར་ན། །སྐམ་ས་ལས་ཀྱང་པདྨ་སྐྱེས། །

 

༈ བསོད་ནམས་ཡོངས་སུ་དམན་པའི་མིས། །ལོངས་སྤྱོད་ཐོབ་ཀྱང་སྤྱོད་མི་ཤེས། །

གངས་ཆེན་མཚོ་ལ་ཁྱི་བཞིན་དུ། །སྐོམ་ནའང་ལྕེ་ཡི་ལྡག་པར་བྱེད། །

 

༈ འཇིག་རྟེན་འདི་ན་ལས་བྱེད་པ། །གླ་མེད་ལམ་བརྒྱགས་ཁྱེར་མི་བཏུབ། །

སློང་བ་དམན་པ་མི་མངོན་པར། །ཕྱི་མའི་དུས་ན་བརྒྱ་འགྱུར་ཁྱེར། །

 

༈ རང་ནོར་སྤངས་ནས་འགྲོ་འགྱུར་བས། །སྐྱེས་བུ་སྦྱིན་པ་གཏོང་བར་བྱེད། །

ཤི་ནའང་ནོར་ནི་མི་འདོར་བས། །སྦྱིན་བྱེད་སེར་སྣ་ཅན་འདྲར་ཤེས། །

 

༈ སྦྱིན་ན་དབུལ་གྱུར་དོགས་པ་ཡིས། །བཀྲེན་པ་སྦྱིན་པ་གཏོང་མི་བྱེད། །

ངེས་པར་འཇིག་པ་དེ་ཉིད་ཀྱིས། །མཁས་པས་ནོར་ནི་གཏོང་བར་བྱེད། །

 

༈ ཟས་ལས་ཟན་གྱི་ཕྱེད་ཙམ་ཡང་། །སློང་བ་རྣམས་ལ་ཅིས་མི་སྟེར། །

འདོད་དང་རྗེས་མཐུན་འབྱོར་པ་ཡང་། །གང་གི་ཚེ་ན་འབྱུང་བ་འགྱུར། །

 

༈ ལས་ཀྱིས་འབྱོར་པ་མེད་ཀྱང་གདུང་བ་མི་སྐྱེད་ཀྱི། །འོན་ཀྱང་ཅི་འབྱོར་པ་ལ་སྦྱིན་པ་གཏང་བྱ་སྟེ། །

ལོ་མ་མེ་ཏོག་འབྲས་བུ་ཆུ་དང་སྨན་རྣམས་ནི། །ཐམས་ཅད་མཐའ་ཡས་བསྔོ་བའི་སྟོབས་ཀྱིས་མཐའ་ཡས་འགྱུར། །

 

༈ སྦྱིན་དང་སྤྱོད་པས་སྟོང་བ་ཡི། །ནོར་དེས་ནོར་བདག་ཡིན་ན་གོ། །

ནོར་དེ་ཉིད་ཀྱིས་བདག་ཀྱང་ནི། །ནོར་གྱི་བདག་པོ་ཅིས་མ་ཡིན། །

 

༈ ཡབ་གཅིག་འདི་ནི་ལས་ཀྱི་ས། །འདི་ནས་ཕ་རོལ་འབྲས་བུའི་ས། །

འདི་ནི་གང་ཞིག་བྱས་གྱུར་པ། །དེ་ཉིད་གཞན་དུ་ངེས་པར་སྤྱོད། །

 

༈ གཞན་འབྱོར་རིགས་དང་གཟུགས་དང་ནད་མེད་ཉིད། །མཐོང་ནས་འདིར་ནི་ཅི་ཕྱིར་གདུང་བ་བྱེད། །

གལ་ཏེ་འདི་ཀུན་ཁྱོད་འདོད་བསོད་ནམས་ཀྱི། །ས་བོན་ལས་ནི་འབྲས་འབྱུང་མ་ཐོས་སམ། །

 

༈ འབྱོར་པ་ཡོད་ཀྱང་གཏོང་མེད་ན། །ཉེ་བར་འཚོ་བས་ཅི་བྱར་ཡོད། །

ཀིམ་པ་ཀ་ཡི་འབྲས་བུ་ནི། །ཆག་ཀྱང་ལྟོགས་ལ་ཅི་བྱར་ཡོད། །

 

༈ གང་ཞིག་གཞན་ལ་གནོད་པ་མེད་པར་སྦྱིན་གཏོང་བ། །འདི་ཡི་ལོངས་སྤྱོད་སྣ་ཚོགས་ཆུ་ཡིས་མི་འཁྱེར་ཞིང་། །

མེ་ཡིས་མི་ཚུགས་རྐུན་པོ་རྣམས་ཀྱིས་འཕྲོག་མི་ནུས། །དེ་ཡི་འབྱོར་པ་ནམ་ཡང་རབ་ཉམས་མི་འགྱུར་རོ། །

 

༈ གང་ཞིག་དམྱལ་བའི་ནད་ལ་ནི། །གསོ་བ་དང་ནི་མི་བྱེད་པ། །

སྨན་མིད་གནས་སུ་སོང་ནས་ནི། །ནད་དང་བཅས་པས་ཅི་བྱར་ཡོད། །

 

༈ མི་སྲུན་སྐྱེ་བོ་ས་ཁུང་ལས་བྱུང་བས། །ཚིག་ནི་སྦྲུལ་གྱིས་སྐྱེ་བོ་དམ་པ་ཟིན། །

དུག་དེ་ཞི་བར་བྱེད་པའི་གཉེན་པོར་ཡང་། །ཤེས་རབ་བཟོད་པའི་སྨན་དག་བཏུང་བར་བྱ། །

 

༈ ཇི་སྲིད་འཚོ་བར་བསད་ཀྱང་ནི། །དགྲ་བོ་ཟད་པ་མི་འགྱུར་གྱི། །

དེ་ནི་དགྲ་བོ་ཉིད་གསོད་ཡིན། །

 

༈ མཐུ་ཆེན་བཅོས་སུ་མི་རུང་ལ། །བཟོད་པ་བྱར་ཡང་ཅི་ཞིག་ཡོད། །

དུལ་བ་ཞི་བའི་སྤྱོད་པ་ལ། །བཟོད་པར་བྱ་ཡང་ཅི་ཞིག་དགོས། །

 

༈ གནོད་བྱེད་འོས་པས་ཁྲོ་ཞེ་ན། །ཆོས་དོན་འདོད་དང་ཐར་པ་དག །

མངོན་སུམ་དུ་ནི་འཇིག་བྱེད་པའི། །ཁྲོ་ལ་ཁྱོད་ནི་ཅིས་མི་ཁྲོ། །

 

༈ གཞན་གྱི་འབྱོར་པ་དམ་པ་མཐོང་ནས་ནི། །གང་ཞིག་སེམས་འཁྲུག་པ་ནི་སྐྱེ་འགྱུར་བས། །

དོན་དེ་ཅུང་ཟད་རྙེད་པར་མི་འགྱུར་གྱི། །འགྲོ་དེ་རང་གི་བསོད་ནམས་འཇོམས་པར་བྱེད། །

 

༈ ཐམས་ཅད་ཆོས་ནི་མཉན་པར་བྱ། །ཐོས་ནས་རབ་ཏུ་གཟུང་བྱ་སྟེ། །

གང་ཞིག་བདག་ཉིད་མི་འདོད་པ། །དེ་དག་གཞན་ལ་མི་བྱའོ། །

 

༈ འཇིག་རྟེན་ཕ་རོལ་འགྲོ་བ་དག །ཤེས་པར་སྨྲ་ལ་སུ་ཞིག་མཁས། །

དེ་ནི་ཉམས་སུ་ལེན་པ་ན། །དྲང་སྲོང་རྣམས་ཀྱང་མཁས་པ་ཡིན། །

 

༈ འབྱོར་པ་གཡོ་ཞིང་ལང་ཚོ་ཡུད་ཀྱིས་འཇིག །སྲོག་ནི་གཤིན་རྗེའི་སོ་གཅིག་གནས་དང་མཚུངས། །

འོན་ཀྱང་འཇིག་རྟེན་ཕ་རོལ་སྒྲུབ་ལ་ལྷོད། །ཀྱེ་མ་མི་ཡི་སྤྱོད་པ་ངོ་མཚར་ཆེ། །

 

༈ བློ་གྲོས་བཟང་ཡང་ལེ་ལོ་ཡིས། །སྐྱེ་བ་མཐོན་པོར་མི་འགྱུར་ཏེ། །

ལག་རྩིས་ས་ལ་འབྲི་བ་ཡི། །ཕོ་ལོང་གཤེར་བ་དག་དང་མཚུངས། །

 

༈ གལ་ཏེ་འགྲོ་བ་འདི་ཀུན་གྱིས། །འཆི་བདག་སྤྱི་བོར་གནས་མཐོང་ན། །

ཟས་ཀྱང་ཡི་གར་མི་འོང་ན། །བྱ་བ་གཞན་ལྟ་སྨོས་ཅི་དགོས། །

 

༈ འདུས་བྱས་ཟིན་ཏམ་མ་ཟིན་ཅེས། །འཆི་བདག་སྡོད་བར་མི་འགྱུར་བས། །

སང་གི་བྱ་བ་དེ་རིང་བྱ། །ཕྱི་དྲོའི་བྱ་བ་སྔ་དྲོ་བྱ། །

 

༈ ཇི་སྲིད་ནད་མེད་ལོ་ཏོག་སྐྱེས་གྱུར་པ། །ནད་ཀྱི་སེར་བ་ཆེན་པོས་མ་བརླགས་ཤིང་། །

ཇི་སྲིད་བློ་ནི་བྱ་བའི་རྗེས་འཇུག་པ། །འདི་ནི་དམ་ཆོས་མཉན་པའི་དུས་ཡིན་ནོ། །

 

༈ བོང་བུ་ཕྱུགས་ལ་མེ་ཏོག་ཕྲེང་བ་ཅི། །དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོ་ཅི། །

 

ལོང་ལ་སྣང་དང་འོན་པ་དག་ལ་གླུ། །གླེན་པ་རྣམས་ལ་ཆོས་ཀྱིས་ཅི་ཞིག་བྱ། །

 

༈ ཇི་སྲིད་འདོད་ཆེན་མ་གྱུར་པར། །དེ་སྲིད་ཡོན་ཏན་ཆེ་ཉིད་ཡིན། །

འདོད་ཆེན་ཉིད་ལ་ཞུགས་གྱུར་ན། །ཡོན་ཏན་བཙུན་པར་ག་ལ་འགྱུར། །

 

༈ ཇི་སྲིད་སུ་ལའང་མི་སློང་པ། །དེ་སྲིད་དཀའ་ཐུབ་གཟི་བརྗིད་ཅན། །

དཔའ་ཞིང་ཤེས་ལྡན་རིགས་མཐོ་དག །སྐྱེས་བུ་ཞེས་ཀྱང་དེ་སྲིད་བརྗོད། །

 

༈ དང་པོའི་རྩོམ་པ་གང་ཡིན་པ། །འདི་ལྟར་ངོ་མཚར་ཆེ་བ་ཡིན། །

ཟོ་ཆུན་བཟོ་སྦྱར་གྱུར་པ་ནི། །བུད་མེད་ཀྱི་ཡང་དབང་དུ་འགྱུར། །

 

༈ དྲང་སྲོང་བུ་ནི་མྱུར་དུ་ཤི་ཡང་རུང་། །རྒྱལ་པོའི་བུ་ནི་ཡུན་རིང་གསོན་ཡང་རུང་། །

རྔོན་པའི་བུ་ནི་ཤིའམ་གསོན་མི་རུང་། །དམ་པའི་བུ་ནི་ཤིའམ་གསོན་ཡང་རུང་། །

 

༈ དེ་ནས་འབྱུང་བ་ལ་གནས་པའི། །མི་ཡི་བློ་ནི་འཕེལ་བྱའི་ཕྱིར། །

གང་གིས་བསྟན་བཅོས་ཤེས་གྱུར་པའི། །ལེགས་པར་བཤད་པ་བཤད་པར་བྱ། །

 

༈ ལེགས་པར་བཤད་པའི་རང་བཞིན་ཚིག །གང་ཡང་རུང་བ་བསག་པར་བྱ། །

ཚིག་གི་གནས་སྐབས་མཆོད་སྦྱིན་ལ། །ནོར་མེད་ཅི་ཞིག་སྟེར་བར་བྱེད། །

 

༈ རིག་པ་བསླབ་དང་དཔའ་བོ་དང་། །གང་ཡང་གཟུགས་བཟང་ལྡན་བུད་མེད། །

གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ནི་དཔལ་ཆེན་ཐོབ། །

 

༈ རིག་པར་ལྡན་དང་རྒྱལ་པོ་ཡི། །གང་དུའང་མཉམ་པ་མ་ཡིན་ཏེ། །

རྒྱལ་པོ་རང་གི་ཡུལ་ན་བཀུར། །རིགས་ལྡན་ཀུན་དུ་བཀུར་བར་འགྱུར། །

 

༈ གཟུགས་དང་ལང་ཚོས་ཕུན་ཚོགས་ཤིང་། །རིགས་མཐོ་རྣམས་ལས་སྐྱེས་གྱུར་ཀྱང་། །

རྒྱ་སྐྱེགས་ཤིང་གི་མེ་ཏོག་ལྟར། །རིག་དང་བྲལ་ན་མཛེས་མ་ཡིན། །

 

༈ ལུས་ཅན་རིག་དང་བྲལ་གྱུར་པ། །རིགས་ལྡན་ཡིན་ཡང་ཅི་ཞིག་དགོས། །

འཇིག་རྟེན་དུ་ནི་རིག་པས་མཆོག །རིག་པ་མེད་པས་རླག་པར་བྱེད། །

 

༈ བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །

བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །

 

༈ རིགས་དང་མཛའ་ཤེས་མེད་གྱུར་པའི། །མི་ནི་རྟག་ཏུ་སྡུག་བསྔལ་འགྱུར། །

རིགས་དང་མཛའ་ཤེས་ལྡན་གྱུར་པའི། །མིས་ནི་རྟག་ཏུ་དགའ་བ་འཐོབ། །

 

༈ རིགས་དང་ལྡན་པ་གཞན་ཡུལ་གང་། །སྙན་པར་སྨྲ་ལ་ཕ་རོལ་སུ། །

གནས་དང་ལྡན་པ་ཁུར་ལྕི་གང་། །བརྩོན་དང་ལྡན་ལ་ཐག་རིང་ཅི། །

 

༈ རྩོལ་བ་ཡི་ནི་གྲོགས་ཡོད་ལ། །རི་རྒྱལ་རྩེ་མོའང་མཐོ་བ་མིན། །

ས་ཡི་འོག་ཀྱང་དམའ་བ་མིན། །རྒྱ་མཚོས་ཆོད་པའང་ཕ་རོལ་མིན། །

 

༈ རིག་པ་གླེགས་བམ་ལ་བསླབས་ཀྱི། །བླ་མའི་ཐད་རྣམས་མ་བསླབས་པ། །

འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་དུ་མི་མཛེས་སོ། །

 

༈ བླ་མ་གང་ཞིག་ཡི་གེ་གཅིག །སྟེར་བ་ལ་ནི་བརྙས་བྱེད་པ། །

ཁྱི་ཡི་སྐྱེ་གནས་བརྒྱར་བརྒྱུད་ནས། །རིགས་ངན་དུ་ཡང་སྐྱེ་བར་འགྱུར། །

 

༈ གང་ཞིག་ལ་ནི་ཡི་གེ་གཅིག །བླ་མས་སློབ་མ་ལ་བྱིན་ན། །

གང་ཞིག་བཏང་ནས་ཤོག་གཏོང་བའི། །ནོར་ནི་ས་སྟེང་ཡོད་མ་ཡིན། །

 

༈ སྐྱེད་པར་བྱེད་དང་ལེགས་སློབ་དང་། །གང་ཞིག་རིག་པ་སྟེར་བ་དང་། །

ཟས་སྟེར་བ་དང་མི་འཇིགས་སྦྱིན། །ལྔ་པོ་འདི་དག་ཕ་རུ་བཤད། །

 

༈ རྒྱལ་པོ་བློན་པོའི་ཆུང་མ་དང་། །དེ་བཞིན་མཛའ་བོའི་ཆུང་མ་དང་། །

སྤུན་ཟླའི་ཆུང་མ་མ་ཉིད་དེ། །ལྔ་པོ་འདི་དག་མ་རུ་བཤད། །

 

༈ བླུན་པོ་རྣམས་ལ་གདམས་པ་ནི། །འཁྲུག་པར་འགྱུར་གྱི་ཞི་མི་འགྱུར། །

སྦྲུལ་ལ་འོ་མ་བླུད་པ་ནི། །དུག་འཕེལ་འགྱུར་བ་ཁོ་ནར་ཟད། །

 

༈ མངོན་སུམ་པ་ཡི་རྐང་གཉིས་ཕྱུགས། །བླུན་པོ་ཡོངས་སུ་སྤང་བར་བྱ། །

མ་མཐོང་ཚེར་མ་ཇི་ལྟ་བར། །ཚིག་གི་ཟུག་རྔུས་གནོད་པར་བྱེད། །

 

༈ བླུན་པོས་བླུན་པོ་མཐོང་གྱུར་ན། །ཙན་དན་བས་ཀྱང་བསིལ་བར་བྱེད། །

གལ་ཏེ་མཁས་པ་མཐོང་གྱུར་ན། །ཕ་གསོད་པ་ནི་ལྟ་བུར་སེམས། །

 

༈ སྐྱེ་བོ་ངན་ལ་ཕན་པ་དག །བྱས་ཀྱང་གང་ལའང་བྱས་མི་གཟོ། །

དམ་པ་ཅུང་ཟད་བཀུར་ན་ཡང་། །ཇི་སྲིད་འཚོ་བར་རང་དབང་འགྱུར། །

 

༈ བླུན་པོ་ཆུ་ཡི་རི་མོ་ལྟར། །གང་ཞིག་བྱས་པ་དེ་མྱུར་འཇིག །

དམ་པ་རྡོ་ཡི་རི་མོ་ལྟར། །ཤིན་ཏུ་ཆུང་ངུའང་བརྟན་པར་གནས། །

 

༈ སྐྱེ་བོ་ངན་པ་སྙན་སྨྲ་ཡང་། །འདི་ལ་ཡིད་བརྟན་རུང་མ་ཡིན། །

རྨ་བྱ་སྒྲ་སྙན་སྒྲོགས་ན་ཡང་། །ཟས་སུ་དུག་ཆེན་ཟ་བ་ཡིན། །

 

༈ ཨེ་མ་སྐྱེ་བོ་ངན་པ་དང་། །བད་ཀན་དག་གི་རང་བཞིན་མཚུངས། །

འཇམ་པོ་ཡིས་ནི་འཁྲུག་འགྱུར་ལ། །རྩུབ་པོ་ཡིས་ནི་ཞི་བར་འགྱུར། །

 

༈ སྐྱེ་བོ་ངན་དང་གསེར་དང་རྔ། །མི་སྲུན་རྟ་དང་བུད་མེད་དྲེགས། །

བརྡུངས་ནས་དུལ་བ་ཉིད་འགྱུར་གྱི། །དེ་དག་ལེགས་བྱས་སྣོད་མ་ཡིན། །

 

༈ སྐྱེ་བོ་ངན་དང་ལྷན་ཅིག་ཏུ། །དགྲར་གྱུར་མཛའ་བའང་མཛེས་མ་ཡིན། །

ཁྱིམ་ནི་རྩེ་བར་བྱེད་པའམ། །ལྷག་པའང་མཛེས་པར་འགྱུར་མ་ཡིན། །

 

༈ སྦྲུལ་བས་ཀྱང་ནི་མི་སྲུན་གདུག །སྦྲུལ་གདུག་སྨན་དང་སྔགས་ཀྱིས་ཞི། །

མི་སྲུན་ཅིས་ཀྱང་ཞི་མི་བྱེད། །མི་སྲུན་པ་ཡི་ཉེས་པ་ནི། །

 

ངོ་བོ་ཉིད་ཀྱིས་རྗེས་འཇུག་ལ། །གང་ཞིག་མི་སྲུན་དང་འདྲེས་དེ། །

མི་སྲུན་ལས་ཀྱང་མི་སྲུན་འགྱུར། །

 

༈ ཕ་ཡི་སྤྱོད་པ་མ་མཐོང་ཡང་། །བུ་ནི་རྗེས་སུ་འཇུག་བྱེད་དེ། །

ཀེ་ཏ་ཀ་ཡི་ཤིང་ལས་ནི། །སྐྱུ་རུ་ར་འབྲས་འབྱུང་མི་འགྱུར། །

 

༈ ཕ་དང་མ་དང་དེ་བཞིན་སྤུན། །ཆུང་མ་རྗེས་མཐུན་འཇུག་པ་རྣམས། །

དེ་ཡི་སྡིག་པ་བྱས་པ་གང་། །དེ་ནི་མི་དེས་བྱས་དང་མཚུངས། །

 

༈ ས་འདི་རྒྱ་མཚོ་ཆེན་པོ་དང་། །རི་བོར་བཅས་པ་ཁུར་མིན་གྱི། །

གང་ཞིག་བྱས་པ་མི་བཟོ་བ། །དེ་ནི་ཤིན་ཏུ་ཁུར་ལྕི་ཡིན། །

 

༈ ཚུལ་ཁྲིམས་ལྡན་དང་ལྷན་ཅིག་གནས། །འབྱུང་པོ་ཀུན་ལ་ཕན་པར་དགའ། །

གཤིན་རྗེ་འཇིགས་བྱེད་གང་ཡིན་པ། །དེ་ནི་མཁས་པས་རབ་ཏུ་བསྔགས། །

 

༈ མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་སྨྲ་ལྷན་ཅིག་ཏུ། །

བཙོན་རར་གནས་པའང་གནས་བླ་ཡི། །མི་སྲུན་ནང་གི་རྒྱལ་སྲིད་མིན། །

 

༈ དམ་པ་དག་དང་ལྷན་ཅིག་འདྲིས། །མཁས་དང་ལྷན་ཅིག་སྨྲ་བ་དང་། །

བརྐམ་མེད་ལྷན་ཅིག་མཛའ་བ་ཉིད། །བྱེད་པ་སྐྱོང་བར་མི་འགྱུར་རོ། །

 

༈ ཤིན་ཏུ་ཡུན་རིང་དུས་སུ་ཡང་། །གང་གི་འཇིག་རྟེན་འདི་དང་ནི། །

གཞན་དུ་སྡུག་བསྔལ་མི་ཐོབ་པའི། །བློ་ནི་ཆོས་མཐུན་ཉིད་དུ་བྱ། །

 

༈ སེམས་ནི་དགའ་བར་བྱེད་ན་ཡང་། །རྣམ་སྨིན་གནོད་བྱེད་ཅི་རུ་རུང་། །

གང་གི་ཁམས་ནི་འཁྲུག་བྱེད་པའི། །ཁ་ཟས་ཞིམ་པོའང་ཅི་རུ་རུང་། །

 

༈ གནོད་ཀྱང་ཕན་པར་འགྱུར་བ་ནི། །མཁས་པས་སྨིན་བཞིན་བཏུང་བྱ་སྟེ། །

འདི་ཡི་འབྲས་བུ་རྗེས་ཐོབ་པ། །མཚུངས་པ་མིད་པ་ཉིད་དུ་འགྱུར། །

 

༈ དོན་འདིར་རིགས་དང་ལྡན་པ་ཡིན། །རྒྱལ་པོས་བསྡུ་བ་བྱས་ན་ནི། །

ཐོག་མ་དབུས་དང་ཐ་མ་རུ། །དེ་ནི་གཞན་དུ་མི་འགྱུར་རོ། །

 

༈ རྒྱ་མཚོ་འཇིག་པའི་དུས་སུ་ནི། །གཞུང་ལས་རྒལ་བར་འགྱུར་ཞེས་གྲགས། །

དམ་པ་འཆི་ནའང་གཞུང་ལུགས་ལས། །ནམ་ཡང་འདའ་བར་མི་བྱེད་དོ། །

 

༈ ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་

ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་པ་རྫོགས་སོ། །

 

༈ ལོ་ཙཱ་བ་ཤཱི་ལེན་དྲ་བོ་དྷི་དང་། བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

 

བོད་ཀྱི་རིག་མཛོད་དྲ་བ་ལས་གཏུས།      ཆོག་མཆན་གནང་བར་ཐུགས་རྗེ་ཆེ།          རྩོམ་སྒྲིག་པ་དཀོན་མཆོག་དར་རྒྱས།

Be the first to comment

Leave a Reply

Your email address will not be published.


*