རྩོམ་པ་པོ། ཨ་འདུས་སྐལ་བཟང་རྒྱ་མཚོ།
གདོང་ཐོག་དང་། ངའི་འབྲེལ་བ།
ཉེ་ལམ་བོད་ཀྱི་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཞིག་གསར་ལམ་ཁག་ཏུ་ཐོན་སོང་། དེ་ནི་ར་ཇ་པུར་དཔལ་ས་སྐྱའི་གདན་སར་༧སྐྱབས་མགོན་༧ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་གིས་ས་སྐྱའི་བཀའ་འབུམ་གྱི་ལྗགས་ལུང་གྲུབ་ལ་ཉེ་བའི་སྐབས་དང་འཁེལ་བས། གྲོགས་པོ་ཤེས་ལྡན་པ་སྐོར་ཞིག་གིས་ཁོང་གི་མཛད་རྗེས་ལ་ཡིེ་རངས་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་རྩོམ་ཐུང་རེ་ཡང་རང་རང་གི་དྲ་སྟེང་དུ་སྤེལ་སོང་།
བདག་ལ་མཚོན་ན། མཁས་དབང་འདིའི་བརྩམས་ཆོས་དང་འབྲེལ་བ་ཐོག་མར་བྱུང་དུས་ནི། ད་ནས་ཡར་བརྩིས་པའི་མི་ལོ་བཅུ་གྲངས་ཀྱི་གོང་རོལ་ཞིག་སྟེ། ས་སྐྱ་མཐོ་སློབ་ཏུ་སློབ་གཉེར་བྱེད་སྐབས་ཁོང་གིས་མདོ་སྨད་པ་ཡོན་ཏན་རྒྱ་མཚོར་བྲིས་པའི་དབུ་མའི་སྐོར་གྱི་རྩོད་ཡིག་རིམ་པར་བྱུང་བ་དེ་དག་རེད། དུས་དེར་དཔེ་ཆ་དེ་དག་གིས་ང་ལ་གཏིང་ཟབ་པའི་བག་ཆགས་ཞིག་མ་ཐེབས་ནའང་། ཁོང་ནི་བོད་ཀྱི་ཐུན་མོང་དང་ཐུན་མོང་ཡིན་པའི་གཞུང་ལུགས་སྤྱིར་མཁྱེན་ཡོན་ཅན་ཞིག་ཡིན་པའི་ཤེས་རྟོགས་ཙམ་ཐོབ་མྱོང་། མ་ཟད་གོ་ཐོས་སུ་གདོང་ཐོག་རིན་པོ་ཆེས་ཀྱང་དགེ་ཆོས་ཇི་བཞིན་དབྱིན་ཡིག་ཟླ་དྲུག་རིང་ཁོང་དུ་ཆུབ་པ་རེད་ཅེས་ས་སྐྱའི་སློབ་གཉེར་བ་རྒན་གྲས་འགའི་ངག་ནས་གོ་མྱོང་བ་བདེན་ན། དམ་པ་ཁོང་གི་མེ་ལྟར་འབར་བའི་ཤེས་རབ་ལ་ཡིད་སྨོན་མི་འཆོར་མཁན་སུ་ཞིག་ཡོད་ཨང་།
ཁོ་བོ་ཆུང་དུས་བརྗེད་དུ་མེད་པ་ནི། རིན་པོ་ཆེ་སྐུ་དངོས་ཀྱིས་བརྩོན་པ་ཆེན་པོས་ཕྱག་བྲིས་གནང་བའི་གྲལ་མཉམ་ཞིང་མིག་ལ་མཛེས་པའི་ཡིག་གཟུགས་སྒྱུ་རྩལ་དེ་དག་རེད། སྐབས་དེའི་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་མཚོན་ན། ཡིག་གཟུགས་ཀྱི་ཆེད་དུ་ཡང་དུས་ཚོད་གང་འཚམས་རེ་གཏོང་བཞིན་པའི་དུས་ཡིན་པས། གདོང་ཐོག་རིན་པོ་ཆེའི་སོར་མོའི་འདུ་བྱེད་དང་དེའི་ཁྱད་ཡོན་ལ་ཧམ་སེམས་སྐྱེ་མྱོང་མཁན་མང་པོ་ཡོད། གོ་ཐོས་སུ་ཁུ་ནི་བླ་མ་བསྟན་པའི་རྒྱལ་མཚན་གྱིས་ཀྱང་གདོང་ཐོག་རིན་པོ་ཆེའི་ཡིག་གཟུགས་ལ་ཡི་རངས་བྱས་པའི་གསུང་རྒྱུན་ས་སྐྱའི་ཕྱོགས་ན་ཡོད།
ཕྱིས་སུ་ས་སྐྱ་མཐོ་སློབ་གཞུང་ངོས་ནས་མཁས་དབང་རཀ་ར་དང་། གདོང་ཐོག་རྣམ་གཉིས་ལ་ཇི་ལྟར་བསྐུལ་མ་ཞུས་པ་བཞིན། ཕྱི་ལོ་༢༠༠༣ ལོའི་དགུན་ངོགས་ཤིག་ལ་གདོང་ཐོག་རིན་པོ་ཆེ་ཡང་མཐོ་སློབ་ཏུ་ཟླ་གཅིག་ལྷག་བཞུགས།
དེའི་རིང་ང་ཚོའི་ཁོང་གི་ས་ནས་སི་ཏུའི་འགྲེལ་ཆེན་གྱི་བསྡུས་དོན་ལྟ་བུར་སོང་བའི་སུམ་འགྲེལ་ལྷག་བསམ་དཀར་པོ་དང་། སྙན་ངག་གི་ལེའུ་གཉིས་པའི་གལ་ཆེའི་དཔེ་བརྗོད་སོགས་རིག་གནས་ཀྱི་སྐོར་འགའ་རེར་སློབ་གཉེར་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། སྐབས་དེར་ཁོང་གིས་ང་ཚོར་རྩོམ་ཡིག་སྤེལ་སྟངས་ཀྱི་མིག་དཔེའི་ཆེད་ས་སྐྱ་མཐོ་སློབ་ལ་བསྔགས་པའི་ཀ་ཕྲེང་ཞིག་ཀྱང་མཛད་དེ་ཚོགས་སུ་བཀྲམས་པ་ངས་གསལ་པོར་དྲན་གྱི་འདུག ངས་ཀྱང་སྙན་ངག་སློབ་པའི་གོ་སྐབས་ཤིག་ལ་བརྩིས་ཏེ་ཆོས་རྗེ་པཎ་ལ་སྦྱར་བའི་དཔེ་རྒྱན་དང་། རྗེ་ཙོང་ཁ་པར་སྦྱར་བའི་གཟུགས་རྒྱན་གྱི་དཔེ་བརྗོད་ཆ་ཚང་རེ་ཡང་འབྲི་ཁུལ་བྱས་པ་ཡིན། སྐབས་དེར་རིན་པོ་ཆེ་དགུང་གྲངས་མཐོན་པོར་སོན་ཡོད་པས་ཁོང་གི་ས་ནས་དཔེ་ཁྲིད་ཞུས་རྗེས་ཁོང་གི་གཞུང་ལུགས་འཆད་སྟངས་ཀྱི་གསུང་སྒྲོས་དེ་རྩོམ་ཡིག་བྲིས་པ་ཇི་བཞིན་སྤུས་གཙང་ཞིག་མ་རེད་སྙམ་པ་ཡང་བྱུང་།
ད་དུང་བརྗེད་དཀའ་བའི་གནས་ཚུལ་གཞན་ཞིག་ནི། ཕྱི་ལོ་ ༢༠༠༧ ལོའི་ས་སྐྱའི་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་ས་སྐྱ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོ་གནས་མཆོག་ལུམྦུནཱིར་འཚོགས་སྐབས་རིན་པོ་ཆེ་ཡང་དེར་ཕེབས་འདུག འོན་ཀྱང་རིན་པོ་ཆེའི་བཞུགས་སྟེགས་བླ་སྤྲུལ་སྤྱིར་བཏང་གི་གྲས་སུ་ཡོད་པ་ལས། དམིགས་བསལ་སྐུ་མགྲོན་གྱི་གྲས་སུ་གདན་འདྲེན་ཞུ་མཁན་སུ་ཡང་བྱུང་མ་སོང་། མ་གཞི་ནས་མཁས་པ་དག་ནི་ནམ་ཡང་རྩོད་ལ་ཆགས་པ་ལྟ་བུའི་སྣང་ཚུལ་ཞིག་རྒྱ་བོད་གང་ན་ཡང་ཡོད་པས་དེར་ཧ་ལས་དགོས་དོན་ཆེར་མེད་ན་ཐང་མོད། བོད་ཕྱི་ནང་གང་སར་མཁས་དབང་གི་མིང་ཅན་གྱི་མི་སྣ་འདི་འདྲར་ས་སྐྱ་པའི་ཤེས་རིག་སློབ་གསོའི་ཁོར་ཡུག་ནས་ཀྱང་གདན་ཐོབ་དམིགས་བསལ་བ་ཞིག་མ་བྱིན་པ་དེར་ངས་ནམ་ཡང་བློ་འགྱོད་བྱེད་ཀྱི་ཡོད།
ཞིབ་ཏུ་བསམས་ཤིང་བསམ་ན། འདི་ནི་ང་ཚོ་བོད་རིགས་སྤྱི་ལ་ཡོད་པའི་ན་ཚ་ཞིག་སྟེ། མཐོ་ས་བླ་མ་སྤྲུལ་སྐུ་ནས། དམའ་ས་གྲྭ་རྐྱང་དཀྱུས་མའི་བར་རང་དང་འབྲེལ་ཡོད་ཀྱི་མི་དེའི་རྣམ་དཔྱོད་ལ་ཁྱད་གསོད་དང་། མཐོང་ཆུང་གནའ་ནས་ད་བར་བྱེད་མྱོང་བས་སོ། །སྐབས་དེར་ང་དང་གྲོགས་པོ་འགས་ཆོས་དུང་དཀར་པོ་སོགས་རྩོམ་རིག་དང་འབྲེལ་བའི་དཔེ་དེབ་འགའ་རེ་འཚོང་བཞིན་ཡོད། ཁོང་གིས་ངའི་དཔེ་ཆ་འདི་དག་ཁྱོད་ཀྱིས་བཙོངས་རོགས་ཞེས་གསུངས་བྱུང་བས། ངས་ཀྱང་སྤྲོ་བཞིན་དུ་དང་ལེན་བྱས་པ་ཡིན། དེ་ནི་རྒྱལ་རབས་དང་། རྩོད་ཡིག་ཁག སྡེ་གཞུང་རིན་པོ་ཆེའི་རྣམ་ཐར་དབྱིན་འགྱུར་མ། འཕན་པོ་ནཱལེཎྜའི་རྒྱུས་དབྱིན་ཡིག་ནས་བསྒྱུར་བ་བཅས་རེད། དཔེ་དེབ་དེ་དག་ཚོང་རིམ་བཞིན་དཔེ་རིན་དག་རིན་པོ་ཆེ་ལ་རྩིས་འབུལ་བེྱད་དུ་འགྲོ་གི་ཡོད། ང་ག་དུས་སོང་ཡང་ཁོང་ནི་ཡི་གེ་འབྲི་རྒྱུར་དབུ་འཁོར་ནས་ཡོད་དུས་ཤ་སྟག་རེད།
དབུ་འདར་འདར་དང་། ཕྱག་འཁྱུག་འཁྱུག་གིས་རང་གི་སེམས་ན་ཡོད་པའི་སྐད་ཆ་དག་ཤེས་རབ་ཀྱིས་བཙོ་སྦྱང་བྱས་ཏེ་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག་གི་འབྱུང་འགྱུར་ཆེད་བཤམ་རྒྱུར་བྲེལ་ནས་ཡོད་པའི་ཁོང་། སྐབས་དེར་གཟུགས་གཞིའི་གནས་བབ་ཀྱང་བདེ་རྒྱུ་མེད་ནའང་། ལན་རེར་མགུལ་ལ་པར་ལེན་འཕྲུལ་ཆས་རྙིང་པ་ཞིག་ཐོགས་ཏེ་སྟོད་སྒུར་སྒུར་གྱིས་སྨོན་ལམ་ཐབ་ཚང་དང་། གྲྭ་བཙུན་ཚོའི་སྡོད་གུར། ལུམྦུནཱིའི་ཚལ་སོགས་སུ་པར་ལེན་གྱི་བྱ་བ་ལ་སྤྲོ་སྣང་ཆེན་པོ་འཇུག་བཞིན་པ་ང་ཚོས་ཡང་ཡང་མཐོང་མྱོང་། མ་ཟད་ཉིན་ཞིག་རིན་པོ་ཆེ་དང་མཐོ་སློབ་ཀྱི་བླ་སྤྲུལ་ལྷན་ཚོགས་མཉམ་སྒྲོན་གྱི་སྐུ་པར་ཞིག་འདུག་པ་དེས་ང་ཡང་རིན་པོ་ཆེ་དང་ལྷན་དུ་པར་ཞིག་གདབ་དགོས་སྙམ་པ་དྲན་མོད། ད་ལོར་རིན་པོ་ཆེ་སྙུང་གཞིའི་རྐྱེན་པས་བདག་ལ་སྐལ་བ་དེ་བྱུང་མ་སོང་། སྐབས་དེར་ཁོང་གིས་དཔེ་ཆ་འདི་དག་ངས་དུས་ཚོད་མང་པོ་བཏང་སྟེ་བྲིས་པ་ཡིན་མོད། ཐོག་མར་པར་འདེབས་མཁན་མ་རྙེད། པར་བཏབ་རྗེས་འཇོག་ས་མ་རྙེད། ཐ་མར་དཔེ་རིན་སྒོས་ན་ཉོ་མཁན་མི་འདུག་ཅེས་གད་མོ་དང་བཅས་གསུང་གི་འདུག
བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་གི་ཁོར་ཡུག་ལ་ཕྱོགས་བསྡོམས་བྱས་པའི་བཀའ་མོལ་དེ་ནི་ཅིས་ཀྱང་མད་དེ། སྤྱིར་ང་ཚོའི་དུས་དེབ་ཉོ་མཁན་དཀོན་པའི་ཐོག་ང་ཚོའི་དུས་དེབ་དང་བསྡུར་ན། ཁོང་གི་གསུང་རྩོམ་ཉོ་མཁན་དེ་བས་ཀྱང་དཀོན་པོ་རེད། དེའི་རྒྱུ་མཚན་ནི། ཁོར་ཡུག་དེར་དཔེ་ཆ་དེ་དག་གི་བརྗོད་དོན་དང་འཚམས་པའི་བློ་གྲོས་ཀྱི་ན་ཚོད་ཉམས་སོང་བས་ཡིན་ནམ། ཡང་ན། ལོ་རྒྱུས་འཕོ་འགྱུར་གྱི་དཀྱོག་མཚམས་ནས་མི་རྣམས་ཀྱི་དགའ་ཕྱོགས་ལ་བསམ་ཡུལ་ལས་འདས་པའི་འགྱུར་བ་ཐེབས་སོང་བས་རེད་ཨང་། གང་ལྟར་གནས་བབ་དེ་འདྲ་ཞིག་གི་འོག་ནས་ང་ཚོ་ཆོས་དུང་དཀར་པོ་རྩོམ་སྒྲིག་ཁང་གིས་གདོང་ཐོག་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་ལེའུ་ཚན་ཞིག་ས་སྐྱའི་རྩོམ་རིག་དུས་དེབ་སྟེང་འགོད་རྒྱུའི་བསམ་ཚུལ་བྱུང་བ་བཞིན། ཕྱི་ལོ་ ༢༠༡༣ ལོའི་ཆོས་དུང་དཀར་པོ་སྤྱིའི་འདོན་ཐེངས་དགུ་པའི་སྟེང་རིན་པོ་སྐུ་ཚེའི་མཛད་རྣམ་ངོ་སྤྲོད་དང་། ཁོང་གི་གསུང་རྩོམ་ཇི་སྙེད་ཀྱི་དཀར་ཆགས་ཞིབ་མོར་བཀོད་དེ་དམ་པ་ཁོང་གིས་དུས་རབས་དང་མཐུན་པའི་ཤེས་རིག་འཚོལ་དཔྱོད་ཀྱི་སྙིང་སྟོབས་དང་། བདེན་པ་བརྩི་བའི་མི་གཤིས། རྣོ་ངར་ལྡན་པའི་རྩོད་སྒྲུབ་ཀྱི་ཤེས་རབ་བཅས་ལ་ཕྱོགས་ཡོངས་ནས་གུས་བཀུར་མཚོན་པ་བྱས་ཡོད་པས་དོ་སྣང་ཅན་ཚོས་དེར་གཟིགས་པར་ཞུ།
མདོར་ན་གདོང་ཐོག་ནི་སྐུ་དངོས་འཚོ་རུང་གསུང་ཅི་ཡང་འབྱོན་པའི་དེང་གི་སྤྲུལ་སྐུ་ཕལ་མོ་ཆེ་དང་གཏན་ནས་མི་མཚུངས་ལ། གདོང་ཐོག་ནི་ངག་ནས་བསམ་བློ་བ་ཡིན་ཁུལ་བྱས་ཀྱང་དོན་གྱིས་རང་དོན་ཤོར་བའི་མྱི་གླེན་པ་ཞིག་གཏན་ནས་མ་རེད། མདོར་ན། གདོང་ཐོག་རིན་པོ་ཆེས་རིག་པ་ནང་པར་འཆི་ཡང་བསླབ་དགོས་པའི་དམ་པ་གོང་མའི་མན་ངག་ལ་སྐུ་ཚེ་བསྟིམས་སོང་ལ། གདོང་ཐོག་རིན་པོ་ཆེས་བརྫུན་མ་ལན་བརྒྱར་བཟླས་ན་བདེན་པར་འཛིན་འགྲོ་བའི་ལོག་བཤད་པ་དག་གི་དམིགས་ཡུལ་ལ་རྒྱལ་ཁ་གཏན་ནས་གནང་མ་མྱོང་ཨང་།
མཐའ་དོན་ངས་གདོང་ཐོག་ད་དུང་ཡང་དྲན་ངེས་ལ། དྲན་སྟངས་ནི་འདི་ལྟར་ཡིན།
གདོང་ཐོག་དང་། བོད་རྫོང་སར་བཤད་གྲྭ།
གདོང་ཐོག་དང་། ཐུ་བྷོད་ཤེས་རིག
གདོདང་ཐོག་དང་། དབྱིན་ཡིག་ཚིག་མཛོད།
གདོང་ཐོག་དང་། ས་པཎ་བཤད་སྒྲུབ་གླིང་།
གདོང་ཐོག་དང་། མདོ་སྨད་པ་ཡོན་ཏན་རྒྱ་མཚོ།
གདོང་ཐོག་དང་། དོལ་རྒྱལ་ཚོགས་པ།
གདོང་ཐོག་དང་། རང་བཙན།
གདོང་ཐོག་དང་། ཁོང་གི་ཞབས་རྗེས།
བཅས་ཁོང་དང་འབྲེལ་ཡོད་ཀྱི་གནད་དོན་འགའི་ཐད་རང་གི་བསམ་ཚུལ་ཞིབ་ཙམ་འབྲི་རྒྱུ་འདོད་ཡོད་པ་བཅས། ད་ལམ་ཁ་བརྡ་དྲ་བ་རྩོམ་སྒྲིག་ཁང་གིས་འབྲེལ་ཡོད་རྣམས་པར་ཇི་ལྟར་བསྐུལ་མ་བྱས་དོན་ལྟར་རང་ངོས་ཁོང་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་དོན་དངོས་ཁག་ཅིག་ཟིན་ཐོ་ཞིག་གི་ཚབ་ཏུ་སྨིག་སྤྲིན་གྱིས་ཁེངས་པའི་གནས་མཆོག་རྡ་ས་ནས་མདོ་སྨད་པ་ཁང་ཟླ་སྲས་ཀྱིས་མགོ་བོ་ཉལ་ཐུལ་གྱིས་བཏུམས་ཏེ་དགུན་ཟླ་རིང་མོའི་གྲང་ངར་ལ་ངོ་རྒོལ་བྱེད་ཀྱིན་མཇུག་རྫོགས་པར་བྱས་སོ། །
Leave a Reply