དེ་རིང་དྲྭ་ལམ་ཁག་ཏུ། མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་(༡༩༣༤-༢༠༡༥) མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འདུག་པས། རིན་པོ་ཆེ་ཐེངས་ཁ་ཤས་ཞལ་མཇལ་མྱོང་བའི་ཆ་ནས་གཤམ་གསལ་རྗེས་དྲན་གྱི་རྩོམ་འདི་བྲིས་པ་ཡིན། གྲོགས་པོ་གཞན་ཚོས་ཀྱང་གཤམ་དུ་མཆན་བཀོད་དེ་ཁོང་གི་མཛད་པ་ཆ་ཚང་བར་མཛོད།
ཕྲན་ལ་གདོང་ཐོག་རིན་པོ་ཆེ་མ་མཇལ་གོང་། ཁོང་གིས་མཛད་པའི་དབྱིན་བོད་ཚིག་མཛོད་སྣང་བ་གསར་པ་ཞེས་པ་དེ་མཇལ། ཚིག་མཛོད་དེའི་ནང་། དབྱིན་ཇིའི་མ་ཚིག་དང་། དེའི་གོ་དོན་སྟོན་པའི་བོད་ཚིག དབྱིན་ཡིག་གི་སྒྲ་གདངས་སྒྲ་རྟགས་བཅས་ཡོད་པར་མ་ཟད། དབྱིན་ཇིའི་མིང་ཚིག་ཅིག་ནས་ཁྱད་ཚིག་དང་བྱ་ཚིག་ཏུ་འགྱུར་བ་འགྲོ་ཚུལ་སོགས་གསལ་པོ་ཡོད་པས། དབྱིན་ཡིག་ཐོག་མར་སྦྱོང་མཁན་ཚོར་ཕན་ཐོགས་ཧ་ཅང་ཆེ། ལྷག་པར་དུ་ཚིག་མཛོད་དེའི་ནང་བཀོད་པའི་བོད་ཚིག་མང་ཆེ་བ་བོད་རང་གི་གཞུང་ལུགས་ནས་བྱུང་བའི་ཐ་སྙད་དང་མཐུན་ཆེ་བས་ངས་གདེང་འཇོག་ཆེན་པོ་ཞུ་གི་ཡོད།
དེ་བཞིན་གདོང་ཐོག་རིན་པོ་ཆེས་༡༩༦༤ ལོར་བརྩམས་པའི་བསྟན་བཅོས་“དེང་དུས་དང་མཐུན་པའི་དབྱིན་སྐད་ཀྱི་སྒྲ་གཞུང་རིག་ལམ་གསལ་བའི་སྒྲོན་མེ་”ཞེས་པ་དེ་ནི། ཕལ་ཆེར་བོད་མི་ཞིག་གིས་དབྱིན་སྐད་ཀྱི་བརྡ་སྤྲོད་རྣམ་གཞག་སྐོར་ལ་བོད་སྐད་ནང་བརྩམས་པའི་བསྟན་བཅོས་ཐོག་མ་དེ་ཡིན་ཞིང་། བསྟན་བཅོས་དེའི་ས་བཅད་ཕྱེ་སྟངས་དང་གཞུང་བསྲིངས་སྟངས་སོགས་བོད་ཀྱི་སྲོལ་རྒྱུན་གྱི་བསྟན་བཅོས་རྩོམ་སྟངས་ལྟར་ཡིན་པ་གང་ཞིག་ལ། དབྱིན་སྐད་ཀྱི་བརྡ་སྤྲོད་གནད་འགག་རྣམས་བོད་སྐད་དུ་གོ་བདེར་བཀྲལ་བ་དང་། བེད་སྤྱོད་བྱེད་སྟངས་དབྱིན་ཡིག་གི་དཔེ་བརྗོད་དང་། དེའི་གོ་དོན་བོད་འགྱུར་དབུས་གཙང་གི་ཁ་སྐད་གཙོ་བོར་མཛད་པ་བཅས་ཡོད།
བསྟན་བཅོས་དེའི་རྩོམ་པར་དམ་བཅའ་བའི་སྐབས་ཁོང་གིས་“དེ་ལས་སྒྲ་ཡི་རིག་པའི་སྐོར། །ཀུན་ལ་སྦྱོང་བར་མ་ནུས་ཀྱང་། །གང་ཞིག་སྐྱེས་ཡུལ་རང་རིགས་དང་། །རྒྱལ་ཁམས་ཀུན་ཏུ་ཁྱབ་ཆེ་བའི། །སྒྲ་རིག་དག་ལ་བསླབ་པ་ནི། །དགོས་གནད་ཆེ་བར་ཡོངས་མཐོང་ནས། །འཛམ་གླིང་ཀུན་ཏུ་ཆེས་དར་བའི། །དབྱིན་སྐད་རྣམ་གཞག་ཅུང་ཟད་སྤེལ། །ཞེས་གསུངས་ཡོད། གོང་གསལ་ཚིག་མཛོད་དང་སྒྲ་གཞུང་གཉིས། བོད་ནས་རྒྱ་གར་དུ་ཕེབས་རྗེས་ཆ་རྐྱེན་ཤིན་ཏུ་ཞན་པའི་གནས་སྟངས་འོག་མཛད་པའི་ཆ་ནས་བལྟས་ན། དེ་གཉིས་ཀྱི་སྤུས་ཚད་ལ་ཧང་སངས་དགོས་པ་ཞིག་རེད།
གདོང་ཐོག་རིན་པོ་ཆེའི་གསུང་རྩོམ་གཞན་ཞིག་ནི། རྩོམ་བྲིས་སྣ་ཚོགས་ཕྱོགས་བསྡུས་ཨུཏྤལ་གཞོན་ནུའི་ཆུན་པོ་ཞེས་པ་དེ་ཡིན། དེབ་འདི་ཕྲན་རྡ་ས་མེག་ལོར་གྷན་ཇིའི་ཁྲོམ་གཞུང་མྱུལ་སྐབས་ཤིག་ལ། ཁྲོམ་སྲང་དུ་བཙོང་གི་འདུག་པ་ལག་ཏུ་ལེན་སྐབས། ཁོ་བོའི་དགེ་རྒན་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས། དེབ་འདི་ཉོ་འོས། གདོང་ཐོག་རིན་པོ་ཆེའི་སྙན་ངག་དང་ཡིག་གཟུགས་ལ་མཁས་པ་མང་པོས་བསྔགས་བརྗོད་ཞུ་གི་ཡོད་རེད་ཟེར་བས། ངས་ཀྱང་ཉོས་ཏེ་བཀླགས་པ་ཡིན། དཔེ་དེབ་དེ་ནི་གདོང་ཐོག་རིན་པོ་ཆེའི་དཔེ་དེབ་མང་ཆེ་བ་དང་འདྲ་བར་སུག་བྲིས་པར་མ་ཡིན་ཞིང་། ནང་དོན་ནི་ཆབ་ཤོག་དང་སྙན་ཚིག་སོགས་རྩོམ་ཡིག་ཐོར་བུ་མང་པོ་ཕྱོགས་གཅིག་ཏུ་བསྡེབས་པ་ཞིག་རེད་འདུག
༡༩༩༥ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས། བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་འདུ་ཐེངས་དང་པོ་དེ། བཞུགས་སྒར་རྡ་སར་སྐོང་སྐབས་ཕྲན་ཡང་མགྲོན་འབོད་བྱུང་བ་ལྟར་ཚོགས་བཅར་ཞུས། སྐབས་དེར་སུད་སི་ནས་མཁས་དབང་རཀ་ར་ཐུབ་བསྟན་ཆོས་དར་རིན་པོ་ཆེ་དང་། ཨ་རི་ནས་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། བཞུགས་སྒར་རྡ་ས་ནས་རིགས་སློབ་དབུ་དགེ་མཁས་དབང་བློ་བཟང་རྒྱ་མཚོ་སོགས་མཁས་དབང་བགྲེས་གྲས་མང་པོ་ཕེབས་འདུག་པས། དེ་དུས་གདོང་ཐོག་རིན་པོ་ཆེ་ཐོག་མར་མཇལ། འོན་ཀྱང་སྐབས་དེའི་ཚོགས་བཅར་བའི་ཁོངས་ཕྲན་གྱི་སློབ་གྲོགས་མགོན་སྐྱབས་དང་ཕྲན་གཉིས་ལོ་ན་ཆུང་ཤོས་གྲས་ཡིན་འདུག་པས། མཁས་དབང་བགྲེས་གྲས་ཚོའི་མདུན་དུ་འཚང་ནས་ཞལ་འདྲིས་གླེང་མོལ་ཞུ་བའི་སྤོབས་པ་ནི་མ་བྱུང་།
ཚོགས་ཐུན་གཅིག་གི་སྐབས་སུ། དབྱིན་སྐད་ཀྱི་མི་མིང་དང་ས་མིང་བོད་ཡིག་ནང་འབྲི་སྟངས་སྐོར་གླེང་སློང་བྱུང་སོང་ཞིང་། སྐབས་དེར་མང་ཆེ་བས་སྔགས་ཡིག་གི་འབྲི་སྟངས་རང་རྩ་འཛིན་བྱས་ན་ལེགས་པའི་བསམ་ཚུལ་གསུངས། ཕྲན་གྱིས་སྔགས་ཡིག་དེ་རྒྱ་གར་གྱི་སྐད་ནས་ས་མིང་མི་མིང་བསྒྱུར་སྐབས་བེད་སྤྱོད་བཏང་ན་ལེགས་ཀྱང་། སྐད་ཡིག་གཞན་དབྱིན་ཇི་ལྟ་བུ་ནས་བསྒྱུར་སྐབས་མི་ལེགས། སྔགས་ཡིག་ཀློག་ཤེས་མཁན་ཡང་ཧ་ཅང་ཉུང་ཚུལ་བསམ་འཆར་ཞུས་པར། དེ་གའི་མཇུག་ཏུ་གདོང་ཐོག་རིན་པོ་ཆེ་བཞེངས་ཏེ། ཕྲན་གྱི་བསམ་ཚུལ་ངོ་མ་གང་ཡིན་ཞིབ་ཆ་མཁྱེན་རྟོགས་མ་བྱུང་ཞེས་གསུངས་པ་དང་སྦྲགས་ཁོང་གི་དགོངས་ཚུལ་གསུངས་སོང་། དེ་གའི་མཇུག་ཏུ་ཚོགས་འདུའི་གཙོ་སྐྱོང་བས་ཆུང་ཚེ་རིང་གིས་འདིར་འཛོམས་བོད་ཀྱི་མཁས་དབང་ཚོས་སྔགས་ཀློག་ཤེས་ཀྱི་མ་རེད་ཅེས་མཐོང་ཆུང་བྱས་སོང་ཞེས་བཀའ་བཀྱོན་ཚ་ནན་ཞིག་ཚོགས་ཐོག་རང་ལ་གནང་སོང་སྟེ། ང་ནི་རང་གི་བསམ་ཚུལ་ཞུ་ཐུབ་པ་དེ་གས་ཡིད་ཚིམ་ནས་བསྡད།
བར་སྐབས་ཤིག་ནས་དོལ་རྒྱལ་གྱི་རྙོག་གྲ་དེ་ཤུགས་ཆེན་པོ་ཆགས་སྟབས། ཕྲན་གྱི་ངོས་ནས་ཀྱང་དེའི་སྐོར་གྱི་དཔེ་དེབ་འགའ་བཙལ་བས། གདོང་ཐོག་རིན་པོ་ཆེས་དོལ་རྒྱལ་སྐོར་ལ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་ལྷ་སྲུང་བསྟེན་ཕྱོགས་བཀའ་སློབ་ལ་རྒོལ་བའི་རྩོད་ཟློག་བདེན་གཏམ་ས་གཞི་འདར་བའི་འབྲུག་སྒྲ་ཞེས་པ་དང་། དགག་ལན་རྣོ་མྱུར་རིགས་པའི་རལ་གྲིའི་འཕྲུལ་འཁོར། འཇམ་མགོན་རྒྱལ་བའི་བསྟན་དགྲ་རྡུལ་དུ་རླག་བྱེད་ལུང་རིགས་གནམ་ལྕགས་ཐོག་མདའ། འཐད་པར་སྨྲ་བའི་གཏམ་མདོངས་མཐའ་སིམ་པའི་ཟློས་གར་བཅས་མཛད་ཡོད་པ་ཤེས། དེ་ཚོ་ཕལ་མོ་ཆེ་ནི་མདོ་སྨད་པ་ཡོན་ཏན་རྒྱ་མཚོར་དོལ་རྒྱལ་སྐོར་ལ་དགག་པ་མཛད་པའི་དགག་རྩོམ་རེད། དེ་མིན་གཞན་ཡང་ཡོད་སྲིད།
ཕྱི་ལོ་༢༠༠༢ ལོར་མཁས་དབང་ཁོང་གིས་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་དུས་འགྱུར་ལ་དཔྱད་པ་ཞེས་པའི་དཔེ་དེབ་གསར་དུ་བརྩམས་ཏེ་སྤེལ་བ་དང་སྟབས་བསྟུན། རྒྱ་གར་ནང་ཕེབས་སྐབས་ཤིག་ལ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་མཛོད་ཚོགས་ཁང་དུ་ཁོང་གདན་འདྲེན་ཞུས་ཏེ་གསུང་བཤད་གནང་སོང་། སྐབས་དེ་དུས་ཁོང་གིས་ལོ་རྒྱུས་དཔེ་དེབ་དེའི་ནང་དོན་སྤྱི་དང་། ལྷག་པར་རིན་པོ་ཆེས་གལ་ཆེར་དགོངས་པའི་དོན་གནད་ཁག་ཅིག་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་སོང་བའི་ཁོངས་ནས། རིན་པོ་ཆེས་གནའ་རབས་ཀྱི་ལོ་རྒྱུས་གསུང་སྐབས་ཀྱི་གཞི་འཛིན་སའི་རྒྱུ་ཆ་མང་པོ་ཞིག ཉེ་རབས་གཞོན་སྐྱེས་ཚོས་བྲིས་པའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་གསར་པ་རྣམས་རེད་འདུག་པས། དེ་ལ་ང་རང་དེ་ཙམ་མགུ་པོ་མ་བྱུང་།
ཕྱི་ལོ་༢༠༠༤ ལོར་རིན་པོ་ཆེའི་རང་རྣམ་“ཏྲེ་ཧོར་གདོང་སྤྲུལ་བསྟན་པའི་རྒྱལ་མཚན་འདིར་སྣང་ཡོ་ལང་ལོ་རྒྱུས་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་”ཞེས་པ་དེ་སྤེལ། ༢༠༡༠ ལོར། “བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱན་”ཞེས་པ་སྤེལ། དེ་མིན་བཙན་བྱོལ་ནང་གི་ཚགས་པར་དུས་དེབ་སོགས་སུ་ཁོང་གི་དགོངས་འཆར་སྤེལ་བ་འགའ་ཞིག་མཆིས།
མཁས་དབང་ཏྲེ་ཧོར་གདོང་ཐོག་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་ནི། བོད་ཀྱི་ནང་དོན་རིག་པ་དང་། སྐད་ཡིག རྩོམ་རིག་བཅས་ལ་བྱང་ཆུབ་པའི་མཁས་དབང་ཞིག་ཡིན་པར་མ་ཟད། དབྱིན་སྐད་དང་བོད་ཀྱི་ལོ་རྒྱུས་ལའང་མཁས་པ་ཞིག་རེད། རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཁས་པའི་མཛད་པ་བསྐྱངས་ཡོད་ཅིང་། ལྷག་པར་ཆོས་སྲིད་གང་ཐད་ལ་རང་ཉིད་ཀྱི་དགོངས་ཚུལ་གསུངས་རྒྱུར་འཇིགས་ཞུམ་མེད་པ་ཞིག་རེད།། །།
༼རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱི་ངོ་དེབ་ནས་དྲངས།༽
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།