༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་།
དངོས་གནས་བྱས་ན་དམྱལ་བ་དང་། ཡི་དྭགས། དུད་འགྲོ་ཟེར་བ་དེ་ཚོའི་སྡུག་བསྔལ་རེ་རེ་བཞིན་དུ་བརྟག་དཔྱད་མི་གཏོང་བར་ང་རང་ཚོ་མིའི་སྡུག་བསྔལ་རྐྱང་པ་ལ་བསམ་བློ་ཞིག་གཏོང་བཞག་པ་ཡིན་ན་ཡང་། དཔེ་མི་སྲིད་པའི་སྡུག་བསྔལ་ཆེན་པོ་ཞིག་རེད། སྡུག་བསྔལ་ཆེན་པོ་གཅིག་དེ་ག་རེ་ཆགས་ཀྱི་ཡོད་ཟེར་ན། ངེས་པ་རྩ་ནས་མེད་པ་དེ་རེད། དཔེར་ན། མི་ཚོས་མཁྱེན་བརྩེ་དབང་པོ་ལ་མཚམས་མཚམས་ལ་ཕྱག་ལས་འདྲ་རྒྱ་ཆེན་པོ་དེ་འདྲ་གནང་རན་དུས། ད་ང་ཚོ་གྲོས་མོལ་གནང་དགོས་མ་རེད་དམ། ཚོགས་འདུ་འཚོག་དགོས་མ་རེད་དམ་ཞེས་དེ་འདྲ་ཡར་ཞུས་ཡོད་ས་རེད། མཁྱེན་བརྩེ་དབང་པོས་ད་ཅི་འཚོགས། ང་རང་ཚོའི་མི་ཚེའི་ནང་ལ་གནས་ཚུལ་ཆེ་ཤོས་ཁག་གཉིས་ཡོད་རེད། གཅིག་སྐྱེ་བ་དེ་རེད། གཅིག་དེ་འཆི་བ་རེད། དེ་གཉིས་ཀྱང་རང་དབང་རྩ་ནས་མེད། ག་དུས་སྐྱེ། སུའི་ཕྲུ་གུ་ལ་སྐྱེ་གི་ཡོད་མེད། ཕ་ཡུལ་ག་པར་སྐྱེ་གི་ཡོད་མེད། ཁང་པ་གང་གི་ནང་དུ་སྐྱེ་གི་ཡོད་མེད། ཚོགས་འདུ་འཚོགས་ནས་སྐྱེ་འོང་རྒྱུ་མེད་རེད། དེ་ཡིན་དུས་རང་རང་སོ་སོས་ཕར་ཐག་བཅད་ན་དགའ་གི་མ་རེད་དམ་ཞེས་དེ་འདྲ་གསུངས་རེད་ཟེར།
ངེས་པ་རྩ་ནས་མེད་རེད། འཆི་བ་ལ་ངེས་པ་མེད་རེད། འཆི་བ་ཙམ་ཞིག་མ་རེད། དཔེར་ན་ད་ལྟ་ང་རང་ཚོས་བསམ་བློ་འདྲ་ཞིག་གཏོང་སྡོད་ཀྱི་ཡོད་ཀྱང་། སང་ཉིན་ག་རེ་གཏོང་གི་ཡོད་ཅི་ཤེས། དེ་རིང་དགའ་བའི་ཅ་ལག་དེ་ཚོར་སང་ཉིན་མི་དགའ་བ། དེ་རིང་གྲོགས་པོ་ཡིན་ན་སང་ཉིན་དགྲར་རེད་འགྲོ་བ། དེ་ལྟར་ངེས་པ་རྩ་ནས་མེད་རེད། བསམ་བློ་ཡག་པོ་ཞིག་བཏང་བཞག་ན་ང་ཚོའི་མི་ཚེ་འདི་ངེས་པ་རྩ་ནས་མེད་རེད། ཐག་གཅོད་ཐུབ་རྒྱུ་མེད་པ་དེ་དངོས་གནས་སྡུག་བསྔལ་གྱི་སྡུག་བསྔལ་ཆེ་ཤོས་ཤིག་རེད། དེ་ནས་དེའི་སྟེང་ལ་བྲེལ་ཕོངས། ང་ཚོ་མི་ལ་བྲེལ་ཕོངས་ཀྱི་སྡུག་བསྔལ་ཞེ་པོ་ཞིག་ཡོད་རེད། དེང་སང་བྲེལ་བ་མེད་ན་ལམ་འགྲོ་མེད་པ་ཞིག་ཏུ་བརྩིས་ནས་བྲེལ་བ་མེད་མཁན་ཚོས་ཡོད་མདོག་བྱེད་དགོས་པའི་དུས་སྐབས་ཤར་ཡོད་རེད། ང་ཚོའི་བླ་མ་ཚོ་བྲེལ་བ་ཡོད་ན། དཔེ་མི་སྲིད་པའི་མཛད་པ་འཕྲིན་ལས་ཡིན་ན་ཞིག་ཞེ་བོ་རྒྱས་འདུག་ཟེར། ཡིན་རྒྱུ་བྲེལ་བ་རང་རེད། དེ་ནས་ཕོངས་ཟེར་དུས་ཅིག་མེད་བསམ་གྱི་ཡོོད་ས་རེས། ག་ཚད་ཡོད་ནའང་འདི་ཡང་དགོས་ཀྱི་འདུག དེ་ཡང་དགོས་ཀྱི་འདུག ང་ལ་མེད། ང་ལ་ད་དུང་དེས་འགྲིག་མ་སོང་བསམ་བསམ་འདྲ་བོ་དེ་འདྲའི་བསམ་བློ་ཞིག་སླེབ་སྡོད་ཀྱི་ཡོད་རེད། དེ་ཚོར་བསམ་བློ་ཞིག་བཏང་བཞག་པ་ཡིན་ན། གཏན་གཏན་སྡུག་བསྔལ་ཆེན་པོ་ཡིན་ས་རེད། དེ་ཚོར་ཏོག་ཙམ་ཏོག་ཙམ་ཐུགས་བསམ་བཞེས་རོགས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།