བོད་མེ་བྱ་ལོའི་སྡེ་དགེ་བཤད་གྲྭའི་རྒྱུགས་ཆེན་ཁག་གི་རིམ་པ་ཁག

༢༠༡༧བོད་མེ་བྱ་ལོའི་ལོ་མཇུག་ཏུ་སྡེ་དགེ་ལྔ་རིག་བཤད་གྲྭ་བྱ་རྒོད་སྤུངས་རི་ཤེས་རབ་དགའ་ཚལ་གྱི་རྒྱུགས་ཆེན་ཁག་གི་རིམ་པ་བསྡུས་ཙམ་བཀོད་པ།

སྤྲད་རྒྱུའི་རྒྱུགས་ལ་རིམ་པ་གསུམ་སྟེ། བློ་རྒྱུགས། རྩོད་རྒྱུཊ། དྲིས་རྒྱུགས་བཅས་སོ། །
བློ་རྒྱུགས་ནི་ཆོས་མཚམས་གཅིག་བར་ཡུན་དུ་གཞུང་ཚན་རྩ་འགྲེལ་ཇི་ཙམ་བླངས་ཡོད་པ་དེ་ཡིན།
རྩོད་རྒྱུགས་ནི། སྐབས་བབ་སྦྱང་བྱའི་ཆོས་ཚན་གྱི་ཐད་ནས་མཁན་པོས་གང་དྲིལ་སྒྲོག་བྱས་འོང་བ་དེ་ནས་སོ།།
དྲིས་རྒྱུགས་ནི། འཛིན་གྲྭ་རེ་ལ་དྲི་བ་སུམ་བརྒྱ་ལྷག་རེ་ཡོད་པ་ལས། དེའི་ནང་གང་བསྒྲུགས་འོང་བའི་དྲི་བ་བཅུ་པོ་དེ་ཉིད་དོ།།
བསྐྱར་སྦྱང་གི་གོ་སྐབས་ཉིན་བཅུ་མ་ཟིན་ཙམ་རེ་ཡོད།

༼དང་པོ་བློ་རྒྱུགས་ཀྱི་རིམ་པ་ལ།༽

ལོ་རིམ་དང་པོ་རིག་གནས་འཛིན་གྲྭ་ནས།
སུམ་ཅུ་པའི་རྩ་བ། རྟགས་འཇུག་གི་རྩ་བ། ལེགས་བཤད་ལྗོན་དབང་། རྟགས་འཇུག་དཀའ་གནད་གསལ་མེ། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། སྔགས་བཀླགས་ཐབས། མངོན་བརྗོད་རྒྱ་མཚོ་ཆུ་ཐིགས། རྒྱལ་སྲས་ལག་ལེན་བཅས་བློ་ཐོག་བཏོན།

ལོ་རིམ་གཉིས་པ་འདུལ་བ་འཛིན་གྲྭས།
སོར་མདོ་དང་། གླེང་གཞི། ལྔ་བཅུ་པ་དང་། སུམ་བརྒྱ་པའི་རྩ་བ་བཅས་བློ་ཐོག་བཏོན།

ལོ་རིམ་གསུམ་པ་བསྡུས་གྲྭ་འཛིན་གྲྭས།
ས་སྐྱའི་བསྡུས་གྲྭའི་ནང་གི་མཚན་མཚོན་གྱི་སྐོར་དང་། སྤྱི་བྱེ་བྲག ། རྒྱུ་འབྲས་ཀྱི་རྣམ་བཞག ། བཤེས་པའི་སྤྲིངས་ཡིག རིགས་གཏེར་རབ་བྱེད་གསུམ་བཅས་བློ་ཐོག་བཏོན།

ལོ་རིམ་བཞི་པ་ཚད་མ་འཛིན་གྲྭ་འོག་མས།
བློ་གཏེར་རྟགས་རིགས་མགོ་ནས་མཇུག་གི་བར། རིགས་གཏེར་རབ་བྱེད་དང་པོ་ནས་བཅུ་གཅིག་གི་བར་དུ་བློ་ཐོག་བཏོན།

ལོ་རིམ་ལྔ་པ་ཚད་མ་འཛིན་གྲྭ་གོང་མས།
རིགས་གཏེར་གསལ་བྱེད་རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་གཉིས་བློ་ཐོག་བཏོན།

ལོ་རིམ་དྲུག་པ་དབུ་མ་འཛིན་གྲྭ་འོག་མས།
ལྟ་བ་ངན་སེལ་གྱི་སེམས་བསྐྱེད་དང་པོ་ནས་བདུན་པའི་བར་བློ་ཐོག་བཏོན།

ལོ་རིམ་བདུན་པ་དབུ་མ་འཛིན་གྲྭ་གོང་མས།
དབུ་མ་འཇུག་པའི་རྩ་བ་དང་། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག ཞིབ་མོ་རྣམ་འཐག་སྟེ་རིགས་ཚོགས་ལྔ་བཅས་བློ་ཐོག་བཏོན།

ལོ་རིམ་བརྒྱད་པ་ཤེར་ཕྱིན་འཛིན་གྲྭ་འོག་མས།
སྦས་དོན་རབ་གསལ་མགོ་ནས་མཇུག་གི་བར་དུ་བློ་ཐོག་བཏོན།

ལོ་རིམ་དགུ་པ་ཤེར་ཕྱིན་འཛིན་གྲྭ་གོང་མས།
མངོན་རྟོགས་རྒྱན་ཆ་ཚང་བློ་ཐོག་བཏོན།

ལོ་རིམ་བཅུ་པ་རྒྱུད་སྡེ་འཛིན་གྲྭ་འོག་མས།
ཀུན་རིག་ཆོ་ག བར་དོ་ངོ་སྤྲོད། ཆ་གསུམ་བཅས་བློ་ཐོག་བཏོན།

༼གཉིས་པ་རྩོད་རྒྱུགས་ཀྱི་རིམ་པའི་སྐོར་ལ།༽

ལོ་རིམ་དང་པོ་རིག་གནས་འཛིན་གྲྭས།
སུམ་ཅུ་པའི་གཞུང་ནང་གི་ཕྲད་དང་རྣམ་དབྱེའི་སྐོར་ནས་བརྩད།

ལོ་རིམ་གཉིས་པ་འདུལ་བ་འཛིན་གྲྭས།
འདུལ་བ་ལུང་རིགས་གཏེར་མཛོད་ཀྱི་གཞུང་གི་ནང་ཉམས་པ་དང་མ་ཆག་པ་དང་འབྲེལ་བའི་འཆབ་སེམས་ཀྱི་སྐོར་དང་། ཕམ་པ་འཆབ་སེམས་གྱི་སྐོར་ནས་བྱེ་མདོ། སྔ་རབས་པ་སོགས་ཀྱི་འདོད་ཚུལ་གྱི་ཁྱད་པའི་སྒོ་ནས་བརྩད།

ལོ་རིམ་གསུམ་པ་བསྡུས་གྲྭ་འཛིན་གྲྭས།
ས་སྐྱའི་བསྡུས་གཞུང་ནས་བཤད་པའི་རྒྱུ་འབྲས་ཀྱི་སྐོར་ནས་བརྩད།

ལོ་རིམ་བཞི་པ་ཚད་མ་འཛིན་གྲྭ་འོག་མས།
རང་ངེས་ཚད་མ་དང་གཞན་ངེས་ཚད་མ། ཚད་མ་དེ་དག་གི་གཞལ་བྱའི་དོན་ནམ་གཞལ་བྱའི་གཙོ་བོ་འཇོག་སྟངས་ཀྱི་སྐོར་ནས་བརྒལ་བརྟག་བྱས།

ལོ་རིམ་ལྔ་པ་ཚད་མ་འཛིན་གྲྭ་གོང་མས།
རྣམ་འགྲེལ་ལེའུ་དང་པོའི་ཡིད་ཆེས་ཀྱི་རྟགས་ཡང་དག་དེ་དེའི་སྐབས་ཀྱི་དངོས་སྟོབས་ཀྱི་རྟགས་ཡང་དག་དང་འགལ་མིན་སོགས་དང་། སྤྱིར་དབྱེ་སྒོ་གསུམ་པ་སྒྲུབ་བྱེད་ཀྱི་སྒོ་དབྱེ་བའི་གཏན་ཚིགས་གསུམ་པོ་གཞི་མཐུན་ཡོད་མེད་ཀྱི་སྐོར་ནས་བརྩད།

ལོ་རིམ་དྲུག་པ་དབུ་མ་འཛིན་གྲྭ་འོག་མས།
སྡེ་སྣོད་དང་གྲུབ་མཐའི་དབང་དུ་བྱས་པའི་ཐེག་ཆེན་དབུ་སེམས་གཉིས་ཀྱི་ཀུན་གཞི་འདོད་སྟངས་དང་། ཀུན་གཞི་དང་ཀུན་གཞི་རྣམ་ཤེས་བར་གྱི་ཁྱད་པར་སོགས་ཀྱི་ཐད་ནས་བརྩད།

ལོ་རིམ་བདུན་པ་དབུ་མ་འཛིན་གྲྭ་གོང་མས།
ཐལ་རང་གཉིས་ཀྱི་བར་ལ་གནས་ལུགས་གཏན་ལ་ཕབ་པའི་ཚེ། ཀུན་མཁྱེན་ཆེན་པོའི་དགོངས་པ་ལྟར་སྦྱོར་བ་བཀོད་སྟངས་ཀྱི་ཁྱད་པར་དྲུག་པོ་དེ་སངས་རྒྱས་བསྐྱང་དང་ལེགས་ལྡན་བྱེད་ཀྱི་བར་ལ་བྱུང་མིན་དང་། ཐལ་རང་གི་བར་ལ་གཞི་ལས་འབྲས་གསུམ་གྱི་ཁྱད་པར་འགྲོ་ཚུལ་སོགས་ཀྱི་སྒོ་ནས་བརྩད།

ལོ་རིམ་བརྒྱད་པ་ཤེར་ཕྱིན་འཛིན་གྲྭ་འོག་མས།
ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་ལ་ཐེག་པ་གསུམ་གྱི་རྟོགས་རིག་ཚང་མི་ཚང་སོགས་ཀྱི་སྐོར་ནས་བརྩད།

ལོ་རིམ་དགུ་པ་ཤེར་ཕྱིན་འཛིན་གྲྭ་གོང་མས།
ཀུན་མཁྱེན་གྱི་དགེ་འདུན་རབ་གསལ། ཐེག་ཆེན་བཀའ་སྒྲུབ་ཀྱི་བསྟན་བཅོས་ཡིན་མིན་སོགས་ཀྱི་སྐོར་ནས་བརྩད།

ལོ་རིམ་བཅུ་པ་རྒྱུད་སྡེ་འཛིན་གྲྭ་འོག་མས།
རྒྱུད་སྡེ་བཞིའམ་རྒྱུད་སྡེ་གོང་འོག་གི་ཉམས་ལེན་གཞི་མཐུན་ཡོད་མེད་སོགས་ཀྱི་སྐོར་ནས་བརྩད།
(མཆན། རྒྱུད་སྡེ་འཛིན་གྲྭ་གོང་མས་དམིགས་བསལ་རྒྱུགས་སྤྲོད་མཛད་མི་དགོས།)

བློ་རྒྱུགས་ཀྱི་རིམ་པ་ཁག་ཉིན་དཀར་གཙོ་བོ་སྤྲད་ཅིང་། སྤྲོད་ཡུན་ནི་རིང་བ་དག་ཆུ་ཚོད་གཉིས་ལྷག་དང་། ཐུང་བ་དག་ཆུ་ཚོད་རེ་ལ་མ་ཟིན་ཙམ་མདོར་ན་འདོན་རྒྱུ་མང་ཉུང་ལྟར་ཡིན་པ་ལས། དུས་ཚོད་ལ་ངེས་གཏན་མེད།
རྩོད་རྒྱུགས་ཀྱི་རིམ་པ་ཁག་མཚན་མོ་ཆུ་ཚོད་བཅུ་གཉིས་ལས་བརྒལ་བ་སོགས་དགོང་མོར་གཙོ་བོ་སྤྲད་ཅིང་། འཛིན་གྲྭ་རེ་ལ་ཆ་སྙོམས་སྐར་མ་བཞི་བཅུ་ཡས་མས་དང་། རིང་བ་དག་ཆུ་ཚོད་གཅིག་ལྷག་ཐོགས།

༼རིམ་པ་གསུམ་པ་དྲི་རྒྱུགས་ཀྱི་ངོ་སྤྲོད་རགས་བསྡུས།༽

ཐོག་མར་སློབ་མ་ཆ་ཚང་ལྷ་ཁང་ནང་དུ་ཡར་ཚོགས་ནས། རིག་གནས་འཛིན་གྲྭ་ནས་མགོ་བརྩམས་ཏེ། རིམ་བཞིན་དགེ་སྐོས་དག་གིས་ཞིབ་བཤེར་སྤུས་དག་རེ་བྱས་ཏེ། མར་ སློབ་གླིང་གི་ར་བའི་ནང་དུ་ཚང་མ་ཆབས་གཅིག་ཏུ་འཁོད་རྗེས། དགེ་སྐོས་དང་དགེ་རྒན་དག་གིས་བཤད་གྲྭ་གཞུང་གི་ཐམ་ག་ཅན་ཅན་གྱི་འབྲི་དེབ་རེ་དང་། སོ་སོའི་མིང་ཚབ་ཀྱི་ཨང་གྲངས་རེ། རྒྱུགས་ཆེན་དྲི་བ་བཅུ་རེ་ཅན་གྱི་ཤོག་ལྷེ་བཅས་བཀྱེས་ཟིན་རྗེས། མ་མཐའ་འམ་ཆེས་རིང་ན་ཁ་ཁུམ་སིམ་པོ་དང་ཞི་ལྷོད་ཀྱི་ངང་དུ་ཆུ་ཚོད་གཉིས་ཀྱི་རིང་ལ་དྲི་བར་ལན་འདེབས་པའི་གོ་སྐབས་སྤྲད་ཡོད།
དྲི་རྒྱུགས་ཀྱི་སྐབས་སུ། རྒྱུགས་ལེན་མཁན་གྱི་སློབ་དཔོན་ལ་ཚང་དགོས་པའི་དོན་ཚན་བཞི་ལས། ༡སློབ་མ་སུ་གང་ལ་ཡང་དྲིས་ལན་དང་འབྲེལ་བའི་གཏམ་དང་རྣམ་འགྱུར་བྱེད་མི་ཆོག་པ། ༢དྲི་རྒྱུགས་ལེན་ཚར་ནས་ཨང་རིམ་བྱིན་མ་ཚར་གྱི་བར་དུ་སུ་གང་ལ་ཡང་འབྲེལ་བ་གནང་མི་ཆོག ཁ་པར་སྒོ་རྒྱག་དགོས་པ། ༣དྲི་རྒྱུགས་ཞིབ་བཤེར་བྱེད་སྐབས་མ་མཐའ་ཡང་རིམ་པ་གསུམ་བྱེད་དགོས་ལ། དང་པོ་རགས་རིམ་ཙམ་གྱི་སྒོ་ནས་བྱེད་པ། གཉིས་པ་རིམ་པ་འབྲིང་ཙམ་གྱི་སྒོ་ནས་བྱེད་པ། གསུམ་པ་ཤིན་ཏུ་ཞིབ་པའི་སྒོ་ནས་བྱེད་པའོ།། ༤ཚད་གཞི་དང་པོ། ཞིབ་གཤེར་བྱེད་སྐབས་གཙོ་བོ་གཞུང་དོན་དང་མཐུན་མིན་ནམ་གནད་ལ་འཁེལ་མིན། ཚད་གཞི་གཉིས་པ། བརྡ་དང་ཐ་སྙད། ཕྲད་དང་རྣམ་དབྱེ། དུས་གསུམ་བྱ་བྱེད་ཀྱི་སྐོར་དག །སུམ་རྟགས་དག་གསུམ་ལྟར་འབྱོར་ཡོད་མེད། ཚད་གཞི་གསུམ་པ། དབུ་ཅན་དབུ་མེད་གང་བྲིས་ཀྱང་རང་གིས་གང་འདོད་ལྟར་ཆོག་མོད། ཡིག་གཟུགས་སྙོམས་མཛེས་གཙང་གསུམ་དུ་འབྲི་ཐོན་ཡོད་མེད་བཅས་སོ།།
ལེན་ཡུལ་གྱི་སློབ་མའི་ངོས་ནས་ཚང་དགོས་པའི་དོན་ཚན་བཞི་ལས། ༡ཁ་པར་དང་། འབྲི་ཤོག་སོགས་འཁུར་མི་ཆོག་པ། ༢ཕན་ཚུན་ལབ་གླེང་བྱེད་མི་ཆོག་པ། ༣སེིམས་ལྷོད་ལ་ཕབ་སྟེ་ཐོག་མར་རྒྱུགས་ཀྱི་དྲི་བ་གང་ཡིན་བརྟགས་ཏེ་དེ་རྗེས་དྲི་བ་བཅུ་ཆར་ལ་སོ་སོའི་ཤེས་འཇོན་དཔྱད་གསུམ་དང་འཚམས་པའི་ལན་འདེབས་དགོས་པ། ༤རང་གིས་གང་ཤེས་པའི་དྲིས་ལན་དེ་འབྲི་ཚར་མ་ཐག །རང་འགུལ་གྱིས་ཡར་ལངས་ཏེ་དྲིས་ལན་སྡུད་པ་པོའི་ལག་ཏུ་འཕྲོད་རྗེས། ཕྱི་རྒྱབ་བམ་རང་ཤག་ཏུ་འགྲོ་དགོས་པ་བཅས་སོ།།

མཇུག་མཐར། <ཡུལ་ཁ་བ་རི་པའི་བཅུ་ཕྲག་རིག་གཞུང་སྤྱི་བྱེ་ཀུན་ནས་ཕྱོགས་མཐའ་ཀུན་ཏུ་རྒྱལ་གྱུར་ཅིག་>ཅེས་ཤིས་སྨོན་ཡོད།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*