སྤྱི་ལོ་《2018》སྟེ་བོད་རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་བྱ་ལོ་ནས་ཡར་བརྩིས་པའི་སྤྱི་ལོ་《1182》སྟེ་བོད་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་གི་དཔྱིད་ཟླ་ར་བའི་ཉི་ཤུ་དྲུག་ལ། སྐྱེ་ཕྲེང་དུ་མ་ལ་ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས་ཏེ། རྒྱལ་དང་རྒྱལ་སྲས་ཀྱི་བཀའ་བསྲུངས་ཤིང་། འགྲོ་བ་རིགས་དྲུག་གི་དོན་མཛད་མྱོང་བའི་བུ་ཆུང་ཞིག་བོད་ཀྱི་རྡོ་རྗེ་གདན་གྱི་ལྟེ་བ་དཔལ་ལྡན་ས་སྐྱའི་ཉེ་འགྲམ་དུ་སྐུ་བལྟམས། ཉིན་དེར་ལུང་པ་ཆུང་ཆུང་ཞིག་འོད་ཀྱིས་བཀང་ཞིང་ས་གཞི་ཆེན་པོ་ཞིག་ཡོམ་ཡོམ་དུ་བསྒུལ། ནམ་མཁའ་གཡའ་དག་པ་ནས་མེ་ཏོག་གི་ཆར་བ་ཟིམ་ཟིམ་ཐོར་ཅིང་ལྷ་དང་ལྷ་མོ་རྣམས་ཀྱིས་བྲོ་གར་འཁྲབས། དེ་ལྟར་ངོ་མཚར་སྟོང་གིས་གཏམས་པའི་བུ་ཆུང་གི་ཡབ་ལ་དཔལ་ཆེན་འོད་པོ་འབོད་ཅིང་ཡུམ་ལ་ཉི་མ་ཁྲི་ལྕམ་བཏགས། ཁུ་བོ་ཤིན་ཏུ་མཁས་པ་གསུམ་ཡོད་ཀྱང་ཡིད་ཕངས་པ་ཞིག་ལ་གཅིག་ནི་སྔོན་ནས་གཤེགས་སུ་ཟིན། ཁུ་བོ་གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོས་བུ་ཆུང་མཇལ་མ་ཐག་ཐུགས་ཡིད་རབ་ཏུ་དགྱེས་ཏེ། མཚན་ལ་དཔལ་ལྡན་དོན་འགྲུབ་གསོལ། དམ་པ་ཁོང་ཡང་ཟླ་ཤས་མཚམས་ནས་སྐུ་ལུས་མ་སྤངས་པར་ཞིང་ཁམས་སུ་ཕེབས། དཔལ་ལྡན་དོན་འགྲུབ་ཁོང་ནི་བློ་རིག་ཧ་ཅང་རྣོ་ལ་བསམ་པ་རབ་ཏུ་དཀར་བའི་བུ་ཆུང་ཞིག་ཡིན། གོག་གོག་པོའི་དུས་སུའང་ས་རུ་ལཉྫ་དང་བྷ་ཊུའི་ཨ་ལི་ཀ་ལི་སོགས་བྲིས་ཏེ་ལེགས་སྦྱར་གྱི་སྐད་ཐོག་ནས་འདོན་ཞིང་བཀླགས་ཟིན་རྗེས་གཞན་གྱིས་བགོམ་པར་དོགས་ནས་ཕྱག་གིས་སེལ། ཁུ་བོ་གསུམ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། མ་ཟད་སྔགས་བྱང་གཉིས་ཀྱི་སྡོམ་པའང་མནོས་ཏེ་སུམ་ལྡན་རྡོ་རྗེ་འཛིན་པར་གྱུར། ལར་ཁོང་ནི་རིགས་རུས་མཐོ་ཞིང་ཐོབ་ཐང་མངའ་བའི་དཔོན་ཚང་གི་བུ་ཡིན་ཀྱང་རང་ཉིད་སློབ་བུ་ཞིག་གི་འདུ་ཤེས་བཟུང་སྟེ། ཕྱག་ལ་དཔེ་ཆ་ཞིག་དང་ཐུགས་སུ་རིག་གཞུང་ཞིག་ལས་མེད་པའི་དམ་པ་ཁོང་གིས་སྐྱེས་སྦྱངས་ཀྱི་ཤེས་རབ་ལ་བརྟེན་ཏེ། དགུང་ལོ་དགུ་པའི་སྟེང་ནས་སྒྲུབ་ཐབས་མཚོ་སྐྱེས་བློ་ཐོག་ནས་འཆད། བཅུ་གཅིག་སྟེང་ནས་བརྟག་གཉིས་འཆད། བཅུ་གཉིས་སྟེང་ནས་གུར་དང་སམ་བུ་ཊ་སོགས་འཆད། མདོར་ན་ཉིན་མོ་ཐོས་བསམ་གྱིས་དུས་ཡོལ་ཅིང་མཚན་མོ་བསྒོམ་ལ་གཞོལ། འཕགས་པ་འཇམ་དཔལ་དབྱངས་སྐྱེ་བ་དུ་མ་ལ་ཡིད་དམ་གྱི་ལྷ་རུ་བསྟེན་པས། འཇམ་དཔལ་དབྱངས་ཀྱིས་ཀྱང་ཞལ་གཟིགས་ལམ་སྟོན་དུས་རྒྱུན་མཛད། དེའི་ཕྱིར་མི་རྣམས་ཀྱིས་ཁོང་ནི་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་དུ་འབོད་ཀྱིན་ཡོད། མ་ཟད་ཁོང་ནི་འཇམ་དཔལ་དབྱངས་དང་སྒོ་ཀུན་ནས་མཚུངས་ཏེ། སྐུ་ཡི་གཟི་མདངས་དང་། ཐུགས་ཀྱི་བློ་གྲོས། ཞལ་གྱི་གསུང་དབྱངས་བཅས་སོ།།དགུང་ལོ་མཐོན་པོའི་སྐབས་སུའང་སྐུ་ལ་སྐྲ་དཀར་དང་གཉེར་མ་མེད་ཅིང་གཞོན་ཤར་གྱུར། ཐུགས་ཀྱང་རབ་ཏུ་རྣོ་སྟེ་བཟོ་དང་གསོ་བ། སྒྲ་དང་ཚད་མ། ནང་རིག་པ་སྟེ་གནས་ཆེན་ལྔ་དང་། སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར་དང་སྐར་རྩིས། ཟློས་གར་བཅས་རིག་པའི་གནས་བཅུ་ལན་རེ་ཟུང་རེ་ཙམ་གསན་པས་ཇི་ལྟ་བ་བཞིན་དུ་མཁྱེན། རྗེ་ཉིད་ཀྱི་ཞལ་ནས། སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང་།།མཁས་པ་མཁས་པའི་ཚོགས་ལ་སྔོན་སྦྱངས་པས།།ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་ན།།གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ།། ཞེས་པས་ཤེས་ནུས་སོ།།གསུང་ནི་སྙན་འཇེབས་ལྡན་པ་སྟེ། འཕགས་པའི་ཞལ་ནས། འདི་འདྲ་སྒྲོག་པར་བགྱིད་པའི་ངག།ཤེས་ལྡན་གང་གིས་ཐོས་དེ་ཡང་།།གཡེང་བ་གཞན་གྱིས་མི་གཡེང་བར།།རྩེ་གཅིག་འདུན་པར་གྱུར་པ་ནི།།དྲི་ཟའི་བུ་མོའི་དབྱངས་སྙན་དང་།།ཁུ་བྱུག་མྱོས་པའི་དབྱངས་ཀྱིས་ཀྱང་།།དཔེ་ཙམ་ཉིད་དུའང་མི་བཟོད་ན།།སྒྲ་གཞན་ཟིལ་གནོན་སྨོས་ཅི་དགོས།།གསུངས་འདུག་པས་སོ།།
ཡང་གཅིག་ཕལ་པའི་སྐད་ཆ་ལྟར་བཤད་ན། འཕགས་པ་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ། མགོན་པོ་བྱམས་པ། འཕགས་པ་ཀླུ་སྒྲུབ། བིར་ཝ་པ། ནག་པོ་པ། ཞི་བ་ལྷ་རྣམས་ཆོས་རྗེའི་བློ་གཅིག་སེམས་གཅིག་གི་གྲོགས་པོ་ཡིན་ཏེ། ཆོས་རྗེ་ཉིད་ཀྱིས་གདུལ་བྱའི་དོན་དུ་བསྙུང་བའི་ཚུལ་བསྟན་ཚེ། འཇམ་དཔལ་དབྱངས་དང་། བྱམས་པ་མགོན་པོ། ཞི་བ་ལྷ། འཕགས་པ་ཀླུ་སྒྲུབ་རྣམས་ཀྱིས་བསྙུང་གསོལ་མཛད་ཅིང་། བིར་ཝ་པ་དང་ནག་པོ་པ་གཉིས་ཀྱིས་བདུད་རྩི་བྱིན། སྤྱན་རས་གཟིགས་ཀྱི་ཕྱག་གིས་དབུ་ལ་བྱུགས། རྗེ་བཙུན་སྒྲོལ་མ་ནམ་མཁའི་མཐོངས་སུ་བྱོན་ཏེ་བྱིན་རླབས་བསྩལ་ཞེས་ལོ་རྒྱུས་སྨྲ་བ་ཀུན་ཀྱང་ཞལ་མཐུན་པར་སྣང་། ཡིན་ཀྱང་ངེས་ཏེ་མཐོ་དམན་བར་གསུམ་སུ་ཡིན་རུང་དེ་དང་ལྟ་སྤྱོད་མཐུན་པར་བྱུང་ཚེ་བློ་ཐུབ་ཀྱི་གྲོགས་ཤིག་འགྱུར་བ་ནི་རྟེན་འབྲེལ་གྱིས་བཞག་པའི་ཆོས་ཉིད་ཅིག་རེད། ཆོས་རྗེས་སྐུ་ཚེ་རིལ་བུ་ལ་ཁོང་ཅག་དང་ལྟ་གྲུབ་མཐུན་པར་མཛད་པ་རེད། རེད་དེ། “ཉིན་ཞིག་ལ་བོད་རྣམས་ཀྱིས་ཕྲག་དོག་གིས་རླུང་ནག་གཡུགས། ཞེ་སྡང་གིས་ཐལ་བ་བཏབ། ངན་སོང་གི་སྒོ་ཕྱེས། ཐར་བའི་སྒོ་བརྒྱབ། ལམ་ལོག་གི་ཟམ་པ་བཙུགས། རྨོངས་པའི་ཞྭ་མོ་གྱོན། ཤེས་རབ་ཀྱི་མིག་རྡོག་བརྟོལ་ཏེ་ཆོས་རྗེ་ལ་ཀླན་ཀ་འཚོལ་བས། ཆོས་རྗེས་བོད་ཀྱི་མཐུན་སྒྲིལ་ལ་གཟིགས་ཏེ་བཀའ་བསྡུ་བཞི་པ་གྲགས་པའི་སྡོམ་གསུམ་རབ་དབྱེ་མི་རྩོམ་པར་ཐུགས་ཐག་བཅད་པ་རེད།” “དེ་བྱམས་པ་དང་ཀླུ་སྒྲུབ་རྣམས་ཀྱིས་མཁྱེན་ཏེ། ཡུན་རིང་འདྲིས་པའི་གྲོགས་པོ་ས་སྐྱ་པཎྜི་ཏ་ལ་ཐུགས་མི་དགྱེས་པའི་རྣམ་འགྱུར་གྱིས་ཞལ་མ་གཟིགས་པར་རྒྱབ་བསྟན་ནས་རྗེས་ཕྱོགས་གྲོགས་པོ་མི་མཛད་པའི་སྟ་གོན་བཏབ་པ་རེད། ཆོས་རྗེས་ཀྱང་དེ་མཁྱེན་ཏེ་སྐུ་ཚེ་རིལ་བུའི་གྲོགས་བཟང་རྣམས་ཐུགས་མ་དགྱེས་ན་མི་རུང་།” མི་འདྲེ་རྣམས་མ་དགའ་ནའང་ཅི་བྱེད་མེད་དགོངས་ཏེ། སྔར་གྱི་མི་རྩོམ་པའི་དམ་བཅའ་ལ་འགྱོད་བཤགས་ཕུལ་ཅིང་སྡོམ་གསུམ་རབ་དབྱེ་བརྩམས་པ་རེད། དུས་དེ་ནས་བཟུང་སྟེ་སྔར་བཞིན་གྲོགས་པོ་རྣམས་ཀྱི་ལྟ་སྤྱོད་དང་ཆུ་ལ་ཆུ་ཐིམ་ལྟར་ངོ་བོ་དབྱེར་མེད་དུ་གྱུར་པར་བརྟེན། བོད་རྣམས་ཀྱིས་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་བཏགས། རྒྱ་གར་བ་རྣམས་ཀྱིས་གསུངས་ན་ཡིད་དམ་ལྷ་བསྒོམས་ཏེ་ལྷ་ཡི་ཞལ་གཟིགས་གནང་བར་ཡིན་ཅེས་གྲགས། ལར་རྒྱ་གར་བ་རྣམས་ཀྱིས་རྟོག་བཏགས་དང་ལྷ་སྒྲུང་ལ་ཡིད་རྟོན་མི་མཛད་པར་སོ་སོའི་ཐུན་མིན་གྱི་རྣམ་དཔྱོད་ལ་བརྟེན་ཏེ། ལོག་པ་བཀག་ཅིང་བདེན་པར་འཚོལ། ལྟ་བ་དང་སྤྱོད་པ་མི་གཅིག་ནའང་འགྲན་སེམས་དང་ཕྲག་དོག་མི་མཛད་པར་གཅིག་གིས་གཅིག་ལ་གུས་བཀུར་གནང་པར་བརྟེན། སློབ་གླིང་གཅིག་གི་ནང་དུ་ཡང་ཐེག་དམན་བྱེ་མདོ་གཉིས་དང་། ཐེག་ཆེན་དབུ་སེམས་གཉིས་ཏེ་ལྟ་གྲུབ་མི་གཅིག་པའི་གྲུབ་མཐའ་བཞི་བཙུགས། དེ་སྨྲ་བའི་སློབ་དཔོན་རྣམས་ནི་གངས་དཀར་པོ་ལ་ཉི་འོད་ཕོག་འདྲ་དུས་རྟག་ཏུ་ཞལ་འཛུམ་མདངས་ཀྱིས་གཏམས། ཐང་བདེ་མོ་ནས་ཆུ་བོ་འབབ་པ་ལྟར་སྐར་མ་དབུགས་ཆ་ཙམ་ལའང་འཆད་རྩོད་རྩོམ་གསུམ་གྱི་རྒྱུན་མ་བཅད་པར་བསྐྱངས་བར་བརྟེན། མུ་སྟེགས་ཀྱི་སྟོན་པ་དག་ལ་རྩོད་པ་མཛད་པའི་ཚེ་སྤྲིན་མཐུག་པོའི་གསེབ་ནས་ཐོག་སེར་འབབ་པ་བཞིན་དུ་ལུང་རིགས་ཀྱི་གློག་འོད་འཁྱུགས། བདེན་པའི་ངར་སྒྲ་བསྒྲགས། ཞི་བའི་ཐར་ལམ་བསྟན། སྙིང་རྗེའི་རང་མདངས་ཕྱུང་དུས། ད་གཟོད་ལྕགས་ལས་གྲུབ་པའི་མུ་སྟེགས་ཀྱི་སྙིང་ཁམས་ཀྱང་གསེར་ལ་མེ་རེག་པ་ལྟར་སྙི་བའི་རང་བཞིན་དུ་གྱུར་ཅིང་། མིག་ནས་མཆི་མ་གཡོས། ལུས་ནས་བ་སྤུ་ལྡངས་ཏེ་ནང་པར་ཞུགས་མཁན་ཅི་འདྲ་མང་པོ་ཞིག་རེད་ཨང་། དེས་ན་རྒྱ་གར་གྱི་ལུགས་དེ་བཟང་བར་སྣང་བས་དེ་ལྟར་བདག་གིས་ཀྱང་ཁས་ལེན་ནོ།།།།
Leave a Reply