བོད་ཕྱི་ནང་གཉིས་ལ་བཞུགས་པའི་རང་རིགས་སྤུན་ཟླ་སེར་སྐྱ་མཆོག་དམན་ཡོངས་ལ་བོད་ས་ཕོ་ཁྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་དང་བསྟུན་ནས་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡ་དང་། ལོ་གསར་པ་འདིའི་ནང་ཁྱེད་རྣམ་པ་ཚང་མ་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ་བཞིན་ཡོད། ང་རང་ཚོ་ལོ་སར་སྐབས་ལ་ཕན་ཚུན་གཅིག་གིས་གཅིག་ལ་བཀྲ་ཤིས་པའི་སྨོན་ཚིག་བརྗོད་ཡ་དང་། དེ་ནང་བཞིན་བདེ་སྐྱིད་ཕུན་སུམ་ཚོགས་པར་ཡོང་བའི་སྨོན་ལམ་རྒྱག་ཡ་དེ་དཔེ་གལ་ཆེན་པོ་ཡིན་པ་རེད། དེ་གང་ཡིན་ཞུས་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་དུས་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ལ་བརྟེན་ནས་བྱུང་བ་རེད། དེ་འདྲ་ཡིན་ཙང་ཤིས་པའི་སྨོན་ཚིག་བརྗོད་ཡ་དེ་གལ་ཆེན་པོ་ཞེ་དྲག་རེད་བཞག དེ་ཡིན་ན་ཡང་། ང་རང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་བདེ་སྡུག་ཚང་མ་རང་རང་གི་ལས་ལ་བརྟེན་ནས་འབྱུང་བ་རེད་ཅེས་གསུངས་ཡོད་རེད། དེ་འདྲ་ཡིན་དུས་གཙོ་བོ་དེ་རང་རང་སོ་སོས་ལས་དགེ་བ་སྒྲུབ་ཡ་དང་། སྡིག་པ་སྤངས་ཡ། ཚང་མ་ལ་སེམས་རྒྱུད་བཟང་པོ་བྱེད་ཡ་སོགས་བྱས་པ་ལ་བརྟེན་ནས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ལོ་གསར་པ་འདིའི་ནང་ཚང་མས་སྡིག་པའི་ཉེས་དམིགས་དགེ་བའི་ཕན་ཡོན་མཁྱེན་པའི་ཐོག་ནས་སྤངས་བླངས་ཚུལ་བཞིན་གནང་རོགས་གནོངས་ཟེར་ཞུ་ཡ་ཡིན། གལ་ཆེ་ཤོས་དེ་འགྲོ་བ་ལྷ་དང་བཅས་པའི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་ཀྱིན་ཡོད་རེད། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་མཁན་ཕྱོགས་དང་རིས་སུ་མ་ཆད་པའི་བླ་མ་དགེ་འདུན་པ་ཚོ་ཚང་མས་གལ་ཆེ་ཤོས་དམ་ཚིག་དང་སྡོམ་པ། སྲུང་སྡོམ་སོགས་མིག་འབྲས་བཞིན་སྲུང་དགོས་ཡ་དང་། དེ་ག་ནང་བཞིན། བསླབ་པ་སློབ་གཉེར་གནང་ཡ་ལ། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ནང་བཞིན་ཐོས་བསམ་སྒོམ་གསུམ་གོ་རིམ་བཞིན་བྱས་ནས་གང་ལྟར་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་ཕྱིའི་ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར། གཙོ་ཆེ་ཤོས་གཞུང་ལུགས་རྒྱ་ཆེན་ལ་སློབ་གཉེར་ལས་ཁུར་གནང་ནས། ཐོས་བསམ་དཔྱིས་ཕྱིན་པ་གནང་ནས། དེ་དག་གནང་བའི་འབྲས་བུ་ལ་སྒྲུབ་པ་ཉམས་ལེན་གནང་ནས། གང་ལྟར། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་དགོས་པ་གསུངས་པ་ནང་བཞིན་ཚང་མས་ཐུགས་མཐུན་གནང་ནས་ལོ་འདིའི་ནང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ནས་དར་ཞིང་རྒྱས་པར་ཡོང་བའི་ཐུགས་ཁུར་གནང་རོགས་ཞེས་ཞུ་ཡ་དང་། དེ་ག་ནང་བཞིན་མི་སྐྱ་ཕོ་མོ་ཚོ་ཡིན་ན་ཡང་ཆོས་ཟེར་ཡ་དེ་མི་ཚང་མས་རང་རང་སོ་སོས་སྒྲུབ་དགོས་ཀྱི་ཡོད་པ་རེད་མ་གཏོགས། གཞན་གཅིག་གིས་སྒྲུབ་ནས་རང་ལ་ཕན་ཐོགས་ཟེར་ཡ་དེ་ཁག་པོ་ཡིན་པ་རེད། དེ་རིང་ཁ་སང་སྔོན་མ་དང་མི་འདྲ་གཞི་རྩའི་ཤེས་ཡོན་ཡར་རྒྱས་ཞེ་བོ་ཕྱིན་པ་ཡིན་ཙང་། ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཀྱང་ཤིན་ཏུ་བཟང་དུ་ཕྱིན་ཡོད་རེད། དེ་འདྲ་ཡིན་དུས་གཙོ་ཆེ་ཤོས་སྐྱབས་གནས་དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་སོགས་པ་གང་ལྟར་ཆོས་ཀྱི་གནད་དོན་གཏིང་ཟབ་མོ་རྒྱ་ཆེན་པོ་དེ་དག་གང་ཐུབ་ཐུབ་ཀྱིས་རང་རང་གི་དབང་པོའི་སྒོ་དང་བསྟུན་ནས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་ཐུབ་པ་ཡིན་ན་ཞེ་དྲག་ཡག་པོ་ཡོང་གི་རེད། ཆོས་ཤེས་ནས་བྱེད་པ་དང་མ་ཤེས་ནས་དད་པ་གཙོ་བོར་བྱས་ནས་བྱེད་པ་གཉིས་ལ་ས་དང་གནམ་གྱི་ཁྱད་པར་ཡོད་རེད། བྱས་ཙང་དེ་འདྲ་བྱེད་ཐུབ་པ་ཡིན་ན་ང་རང་ཚོར་ད་ལན་ཐོབ་པའི་དལ་འབྱོར་གྱི་མི་ལུས་འདི་དོན་དང་ལྡན་པ་ཞིག་ཆགས་པ་རེད། དེ་འདྲ་ཡིན་དུས་ཚང་མས་ཐུགས་ཁུར་རྒྱ་མི་ཆུང་བ་བཞེས་རོགས་གནང་ཟེར་ཞུ་ཡ་ཡིན།
ང་ད་ལྟ་ཨ་མེ་རི་ཁ་ལ་ཡོད། གཞི་རྩའི་ཆ་ནས་ངར་གཟུགས་པོ་ཞེ་དྲག་ཡག་པོ་ཡོད། ཉེ་ཆར་རྟགས་དཔྱད་བྱས་པས་ཨེམ་ཆི་ཚོས་གཟུགས་པོ་ཞེ་དྲག་ཡག་པོ་འདུག་ཟེར་གྱིན་འདུག ཡིན་ན་ཡང་། ཁ་རྩང་དབྱར་ཁ་རྐང་པ་ཞེ་བོ་ན་ནས་ཡུན་རིང་པོ་འགོར་སོང་། ཡིན་ན་ཡང་། སྔོན་མ་དང་བསྡུར་ན་རྐང་པ་ན་རྒྱུ་དེའང་སྤྱི་བཏང་ཡག་པོ་དྲགས་ཡོད། སེང་སེང་འདྲ་བོ་དྲག་ཡ་མི་འདུག ད་ཕལ་ཆེར་ལོ་ནད་ཡིན་ས་རེད་བསམ་གྱིན་འདུག ཞེ་བོ་དྲག་ཡ་ཨེ་ཡོད་དེ་གང་ལྟར་ཡང་སྨན་བཅོས་ཀྱི་རྒྱུན་སྐྱོང་བྱེད་ཡ་དང་། གནམ་གཤིས་ཅུང་དྲོ་རུ་ཕྱིན་པ་ཡིན་དུས་ང་རང་ད་ལྟ་བསྡད་སའི་ཆོས་ཚོགས་འདི་ཉིད་གཙོ་བོར་གྱུར་པའི་ཨ་རིའི་ནང་ན་ཡོད་པའི་ང་རང་ཚོའི་ཆོས་ཚོགས་ཆེ་ཆུང་ཁག་ཏུ་ཆོས་འབྲེལ་སོགས་བྱེད་ནས་གནས་སྐབས་འགོར་ས་རེད། འདི་དག་ཚང་མ་གྲུབ་པ་དང་ཕར་རྒྱ་གར་ལ་རང་འཇགས་བྱེད་ནས་ལོག་ཡོང་ཡ་ཡིན། དེ་ནས་ཚང་མ་ཐུགས་བདེ་བོ་དང་སྤྲོ་པོ་གནང་རོགས་ཞེས་ཞུ་ཡ་ཡིན། ལོ་གསར་འདིའི་ནང་ཁྱེད་རྣམ་པ་ཚང་མ་ལ་ཕྱི་ནང་གི་འགལ་རྐྱེན་མཐའ་དག་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ། བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པའི་སྒོ་ནས་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།
འབོ་མི་འཁྱམ་གྱིས་ཡི་གེར་ཕབ།
རྩོམ་སྒྲིག་པ་གདོང་མཁན།
རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།