རྩོམ་པ་པོ། གདོང་མཁན་ནམ་ས་དཀར་མདའ་སྨྱུག
དེང་སང་ཚན་རྩལ་རིག་པའི་ལག་རྩལ་ཤུགས་ཆེར་འཕེལ་བའི་རླབས་རྒྱུན་དར་ཁྱབ་འགྲོ་བཞིན་པ་དང་འགྲོགས་ནས་མི་རྣམས་རང་བཞིན་གྱི་ཉེར་སྤྱོད་ཐབས་ཅད་དེང་རབས་ཀྱི་འཕྲུལ་ཆས་དབང་དུ་སོང་ཟིན། དེ་བཞིན་དུ་སྤྱི་ཚོགས་ཡར་རྒྱས་སུ་སོང་བ་དང་ལོངས་སྤྱོད་དར་བ་ཕྱིན་པས་རྐྱེན། ཞི་ལྷོད་དང་བདེ་སྐྱིད་ཀྱི་རང་བཞིན་མ་ཚོར་བ་དང་། ཡིད་ཆེས་རྟེན་ས་དང་ཕུགས་བསམ་སྙེག་པའི་རེ་བ། བླང་དོར་གྱི་བློ་མིག རང་གཞན་གྱི་གཅེས་པ་འོས་པའི་བརྩེ་དུང་། ཕན་ཚུན་བྱམས་བརྩེའི་བསམ་བློ་ཐམས་ཅད་འཕྲུལ་ཆས་ཀྱིས་དབང་བསྒྱུར་བ་ལས་རང་ཉིད་ཀྱིས་བསམ་བློའི་འཆར་སྒོ་ཆེར་ཤིན་ཏུ་རྗེས་སུ་ལུས། ཚན་རྩལ་རིག་པས་དབང་དུ་བསྒྱུར་བཞིན་པའི་སྐབས་འདིར་དེང་རབས་ཀྱི་ཤེས་ཡོན་པའི་མིང་ཁུར་བའི་མི་རྒས་ཐུབ་བསྟན་ཕུན་ཚོགས་མི་བུ་ཁ་ཤས་ཤིག་གིས་ནང་ཤེས་རྒྱུན་ཀྱིས་བསྡུས་པའི་སེམས་དང་སེམས་བྱུང་དག་གི་རང་བཞིན་དང་། བྱེད་ལས། འགྱུར་ལྡོག་བཅས་ཀྱི་རྒྱུ་འབྲས་ཀྱི་རྣམ་བཞག་དང་གཞུང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་ནང་བསྟན་མཚན་ཉིད་རིག་པའི་བསྟན་བཅོས་ལ་ཞིབ་འཇུག་གཏིང་ཟབ་དང་གནད་དོན་མ་གོ་ནས་རང་ཉིད་ཀྱིས་ཤེས་མདོག་དང་གོ་སྟོབས་ཡོད་མདོག་གིས་སུམ་རྟགས་ཀྱི་བརྡ་ཆད་དང་སྦྱོར་འགྲོས་ལ་བརྟེན་ནས་གཞུང་ལུགས་པ་དག་ལ་འགལ་བ་ལྟག་སྤྲོད་དང་འགལ་འདུ་རྒྱབ་བརྒལ་གྱི་ཕུང་པོས་འགག་སྒྲུབ་བགྱི་ཁུལ་བརྩོན་པ་འདིས། རང་ཉིད་མཚན་སྙན་དང་གོ་སར་དམིགས་ནས་བཤད་སྦྱོར་དང་མཁས་མདོག་ལས་མ་འདས།
གལ་སྲིད་གཏན་ཚིགས་རིག་པའི་ལམ་ནས་དགག་སྒྲུབ་གནང་ན་ལེགས་པོ་ཞུ་ཆོག་པ་རེད། རེད་དེ་ཧོལ་རྒྱུག་དང་མ་བརྟགས་མ་དཔྱད་པར་གང་བྱུང་ཧ་རེ་ཧོ་རེ་གནང་ནས་བསྡུས་རྭ་ཡིན་ན་ཚད་མ་རིག་པའི་བསྡུས་རྭ་ཡིན་དགོས་པའི་ཧོལ་བཤད་ཀྱི་ལྟར་སྣང་ཕུང་པོའི་ཚོགས་ལས་མ་འདས། བསྡུས་རྭའི་སློབ་ཚན་དང་བསྡུས་རྭའི་རྣམ་བཞག་དགོན་པ་དང་གྲྭ་ཚང་། བཤད་གྲྭ་དང་གདན་ས་ཁག་ལ་དགོས་དང་མི་དགོས། ཕན་ཐོགས་དང་མི་ཐོགས་ཡོད་མེད་དང་དགོས་པ་ཡོད་མེད། རྒྱ་བོད་ཀྱི་གཞུང་ལུགས་གང་དུ་ཡོད་མེད་བཅས་ཆོས་སྡེ་ཁག་གི་མཁན་པོ་ལས་སྣེ་པ་དག་དང་འདུལ་བ་འཛིན་པ་དག་གིས་གཏན་ཁེལ་པ་དང་ཐག་གཅོད་དགོས་ལས་སྐྱ་མི་གཅིག་གིས་ལྷ་ལུང་ལ་འདྲེ་ལག་གིས་བསམ་བློ་ཡོད་མདོག་གནང་དགོས་དོན་མེད། མཁན་པོ་ཚུལ་བློ་ཚང་གིས་བསྡུས་རྭའི་བཀའ་མོལ་ལ་དྲང་བདེན་དང་ངེས་བདེན་སོ་སོར་དབྱེ་བ་ཕྱེ་ནས་ཞིབ་འཇུག་དང་སྦྲགས་དགག་སྒྲུབ་གནང་དགོས་པ་ལས་ཁྱི་ཁར་ཁྱིས་སྐད་ངུ་ཟུག་རྒྱག་པ་ཅི་ལ་ཕན། དྲང་ངེས་དབྱེ་ཞིབ་མ་ཤེས་ན་སྟོན་པས་ཕ་དང་མ་ནི་བསད་བྱ་ཡིན་གསུངས་པ་འདིར་བདེན་རྫུན་དཀར་ནག་དང་བྱ་སྤྱོད་ལེགས་ཉེས་སོ་སོར་དབྱེ་ཞིབ་འཇུག་མི་ཤེས་པར་ཐལ་ཆེས། ཆོས་ལུགས་སོ་སོའི་གྲྭ་ཚང་དང་དགོན་སྡེ། བཤད་གྲྭ་དང་སྒྲུབ་གྲྭ། གཞུང་འཛིན་པ་དང་སློབ་གཉེར་པ་བཅས་ལ་རྟགས་སྦྱོར་འགྲོ་ཚུལ་དང་། རིག་པའི་སྤྱི་འགྲོས་དང་ མཚན་ཉིད་རིག་པའི་དོན་ལ་བརྡར་ཤ་གཅོད་ཚུལ། རྟགས་གསལ་གཏོང་སྟངས་དང་ཡིན་མིན་བདེན་རྫུན་གྱི་སྐོར་ལ་རྟགས་གསལ་རྣམ་བཞག ཐལ་ངག་ལ་ཡང་རྒོལ་བས་ཐལ་བ་འཕངས་ཚུལ་དང་ལན་འདེབས་ཚུལ་ལ་རྟགས་མ་གྲུབ་པ་དང༌། འགལ་བ་དང༌། མ་ངེས་པ་དང༌། འདོད་ལན་བཅས་ཡང་འདོད་ཚུལ་མི་འདྲ་བ་ཡོད་པར་མཁྱེན་དགོས། དེར་རང་ཉིད་ཀྱིས་གདེང་ཚོད་ཆེན་པོས་ཤེས་མདོག་བྱེད་ནས་དགག་སྒྲུབ་གནང་ན་ཅི་ལ་ཕན། དེ་ལས་རང་གནས་དང་ཉེ་འཁོར་ལ་ཡོད་པའི་སློབ་བུ་དག་ལ་བརྡ་དག་སྙན་གསུམ་དང་རང་རེའི་ཐུན་མོང་གི་སྲོལ་རྒྱུན་གྱི་རིག་གཞུང་དང་གོམས་གཤིས། བོད་པའི་སྔ་དུས་ཀྱི་ཡ་རབས་སྤྱོད་བཟང༌དང་ཚུལ་མཐུན། གཤིས་བཟང༌དང་སྲོལ་བཟང༌རྣམས་མ་ཉམས་པར་སློབ་མ་རྣམས་ཀྱི་རྒྱུད་ལ་ཤེས་ཐུབ་རྒྱུ་དེ་ནི་ཁྱེད་ཤེས་ཡོན་པ་ཞིག་གིས་འགན་ཁུར་དགོས་པ་མ་ཟད་བྱ་བའི་ལས་དོན་འདི་སྐོར་བསྒྲུབ་རྒྱུར་བློ་སེམས་བརྟན་པོ་དང་དམ་བཅའ་གཅིག་དགོས་པ་རེད།
རང་སྲོག་བློས་གཏོང་གིས་རང་མི་རིགས་ཀྱི་རིག་གཞུང་ལ་གཅེས་སྐྱོང་གནང་དགོས།
དེ་བཞིན་དུ་སུམ་རྟགས་ཀྱི་རྩ་བ་རྩོམ་པ་པོ་སུ་ཡིན་མིན་ལ་ཞིབ་འཇུག་གཏན་ཁེལ་མཐར་ཕྱིན་གནང་དགོས། དེ་མིན་གཞུང་ལུགས་དག་ལ་གསར་འགྲེལ་དང་ཡང་འགྲེལ། ཚིག་འགྲེལ་དང་ལོག་འགྲེལ་གནང་དགོས་དོན་ཡེ་ནས་མེད། རང་ཉིད་ཀྱི་གནས་བབས་ཀྱི་ངོ་བོ་ཇག་རྐུན་གྱི་ལག་པར་བརླག་སྟོར་མ་ཕྱིན་པ་གནང་རོགས་གནང་རྒྱུ་དང་རང་ཉིད་རྩོམ་དྲིའི་རང་ཚུགས་མ་ཤོར་བ་ཐོག་ནས་ཀ་ཁའི་དབྱངས་རོལ་མ་ཉམས་པ་གནང་རོགས་ཞུ་ན་འདོད།
༢༠༡༦/༡/༢༨ གདོང་མཁན་པས་ཀ་སྤུངས་ནས་དགོང་མོར་གང་དྲན་ཤར་མར་བྲིས་ཡིན་པས་བརྡ་དག་ལ་ཡིག་སྐྱོན་དང་མ་འགྲིག་ཡོད་ངེས་པས་དགོངས་ཚུལ་དང་དགག་སྒྲུབ་གནང་ན་ཆོག
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།