༧ རྗེ་ཙོང་ཁ་པའི་མཛད་རྣམ་འཁྲབ་སྟོན་ལས་འཕྲོས་པའི་འབེལ་གཏམ།


( ༡ སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས། ༢ དགེ་བཤེས་ངག་གི་དབང་ཕྱུག ༣ སྙན་ངག་པ་བེ་རི་མདའ་པ། ༤ སྒང་བ་བསྟན་པ་རྒྱལ་མཚན་བཅས་ལ་རྭ་ཐགས་གཅིག་གིས་མགུལ་སྐུད་འཁེལ་འཐག་གིས་འཆིང་བ་བྱས།)

རྩོམ་པ་པོ། —– མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།

རང་ཕྱོགས་སུ་ལྷག་ཏུ་ཆགས་པ་དང་། གཞན་ཕྱོགས་ལ་ལྷག་ཏུ་སྡང་བའི་གཞི་རྩའི་བསམ་བློ་འཆར་སྒོ་དེ་ཉིད་ཤེས་རབ་ཀྱི་བློ་རིག་ཡིན་ལུགས་ཀྱི་བློ་ཡིས་ཕར་གཞག་འཇོག་མ་གཏོགས་ཡུལ་རང་ངོས་ན་ཡེ་ནས་མི་གྲུབ་པའི་འཆར་སྣང་ཡོད་ཚད་མ་དང་གཅེས་འཛིན་ངེས་རྟོགས་ལས་མ་འདས་པར་འདོད་པའི་དགེ་བཤེས་མིང་ཅན་ཟུང་དང། སྙན་ངག་པ་ཟུང་གིས་མགྲིན་ངག་ལས་བྱུང་བའི་ཐལ་སྒྲ་དེ་ལྟར་སྣང་གི་བརྒལ་བརྟག་དང་ཡུལ་ཅན་རྟོག་པའི་སྣང་ཚུལ་འདིར་བདེན་སྒྲུབ་འཚོལ་རྟོགས་ཀྱིས་ལམ་ནས་དགག་སྒྲུབ་ཅུང་ཟད་ཐལ།
༧ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཛད་རྣམ་ཞིག་དེང་རབས་དང་མཐུན་པའི་དད་གཉེར་ཅན་སེམས་ཅན་གྲངས་མེད་ཀྱི་སྤྱན་ལམ་དུ་བསོད་ནམས་ཀྱི་ཞིང་སར་ཐར་པའི་ས་བོན་འཇོག་པའི་ཆེད་དུ་སྒྱུ་རྩལ་གྱི་ཁ་ཕྱོགས་ནས་གློག་བརྙན་འཁྲབ་སྟོན་ཞིག་ངོ་སྤྲོད་མི་ཉུང་བའི་ལམ་ནས་སྒྱུ་རྩལ། རྗེ་བདག་ཉིད་ཆེན་པོ་སྐུ་ཚེའི་བྱུང་རིམ། མཛད་འཕྲིན་ངོ་མཚར་ཅན། སློབ་སྦྱོང་གི་བརྒྱུད་རིམ་བཅས་རིན་ཐང་ལྡན་པའི་སྣང་ཚུལ་འཆར་བཀོད་འདིས་རི་བོ་དགེ་ལྡན་པ་དང་དད་གཉེར་ཅན་གྱི་ངོས་ལ་བསྔགས་པ་འོས་པ་ཞིག་ལས་ཁ་ར་བྱེད་དོན་མེད་སྙམ། འཁྲབ་སྟོན་དགོས་ན་ངེས་པར་དུ་ཕྱི་ནང་གསང་གསུམ་གྱི་མཛད་བྱེད་ཆ་ཚང་འཁྲབ་དགོས་པ་དང་ཙོང་ཁ་པ་ནང་བཞིན་གང་ཟག་གཅིག་དགོས་པའི་ངེས་པར་ཡེ་ནས་མེད། གངས་ཅན་པའི་སྐྱེས་བུའི་མཛད་སྤྱོད་དང་འཕྲིན་ལས་བྱུང་རིམ་གསལ་བརྗོད། མི་སྣ་རིན་ཐང་ཅན་ཚད་མཐོན་པོ་ཞིག་རྒྱས་བཤད་དང་སྤྲོས་བཤད་ཀྱི་ཁ་ཕྱོགས་ཀྱི་བརྒྱུད་དེ་འཛམ་གླིང་གི་མི་མང་ལ་བསམ་བློ་གསར་པའི་ཤུགས་རྐྱེན་ཐེབས་ཐབས་དང་སྤྱི་ཚོགས་སུ་མིག་དཔེ་འོས་པ་ཞིག་བྱེད་ན་འདོད་པ་རེད། བྱེད་འཆར་འདིར་འདོད་པ་ལག་ཏུ་མི་ཡོང་བ་དང་མི་འདོད་ཐོག་ཏུ་བབས་པ་ལྟ་བུའི་དགེ་བཤེས་ཆོ་ལོ་བ་ཟུང་གིས་འཁྲོ་འདུ་དང་ཆགས་སྡང་གི་སྣང་བ་དང་རང་ཤུགས་ཀྱིས་བྱེད་ལས་སུ་འགྱུར། འདོད་པ་མི་རྙེད་པ་དང་། མི་འདོད་པར་འཕྲད་པ་ལྟབུའི་རིགས་ཞེན་དང་རྨོངས་ཞེན་གྱིས་བདག་པོའི་ཕུང་ཚོགས་ལས་མ་འདས་སོ། འདི་འདྲ་བའི་འཁྲབ་སྟོན་གྱི་གློག་བརྙན་འདིར་བསྔགས་བརྗོད་དང་མོས་གུས་ལས། སྒེར་བཅོད་རིགས་ལུགས་པའི་ཐུགས་ཞེན་ཟབ་པའི་སྡང་བ་དང་། གྲུབ་མཐའི་ཕྱོགས་ཞེན་གྱི་མི་ཚེ་ཧྲིལ་བོར་འགྲན་སེམས་ཀྱི་འཐབ་རྩོད་ཁ་བའི་འཇིག་རྟེན་གྱི་གྲུ་ཟུར་ཀུན་ཏུ་དཀའ་ཐུབ་ཀྱི་སྦྱོར་བ་རྩ་བ་འཛུགས་ཐབས་ཀྱི་ཨུ་ཚུགས་ཆེན་པོས་ཆོས་བརྒྱུད་གཞན་ལ་མགོ་བོ་མ་བསྒུར་ཟེར་བ་དང་། ཚེ་སྲོག་གཏའ་མ་གཞག་རྒྱུ་ཡིན་ལུགས་ཀྱི་སྡིག་རའི་སྨྲེ་ངག་མགྲིན་ནས་ཐལ། དེ་བཞིན་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་དང་། བླ་སྤྲུལ་བར་གྱི་འཐབ་རྩོད། ཆོལ་ཁའི་དབྱེ་འབྱེད། ཡུལ་ལུང་བར་དཔུང་འཇུག སྡེ་གྲོང་བར་ས་རྩོད་ཆུ་རྩོད་སོགས་ལ་ཀུན་གཞིའི་གཏིང་རིམ་ཉར་ཞིང་དང་། དབང་ཡོད་པས་དབང་མེད་ལ་བཙན་བསྐུལ་ལས་མ་འདས་པར་ཚོར། མི་དང་མིའི་བར། བསམ་བློ་དང་བསམ་བློའི་བར། ཕན་ཚུན་བརྩིས་འཇོག་དང་ངེས་བསྟུན་རུང་བའི་མཉམ་གནས་དང་འདྲ་མཉམ། ཕྱོགས་ལྷུང་ཕྲག་དོག་གི་འདུ་ཤེས་དོར་ནས་དངོས་གནས་ཁོར་ཚུགས་བརྟན་ལ་དཀྱེལ་ཡངས་ཆེ་བ་ཞིག་གི་ལམ་ནས་འགྲོ་བ་མི་རིགས་འཕེལ་རིམ་དང་དེང་རབས་ཀྱི་བྱུང་རིམ་ལ་ཕྱིར་མིག་གཅིག་བལྟས་ནས་གོམ་པ་རེ་རེ་བཞིན་སྲ་ཞིང་བརྟན་པོ་ཞིག་སྤོ་དགོས་པར་སོམས། རང་ཉིད་ཀྱིས་དཔེ་ཁྲིད་ཀྱི་ལས་འགན་གཙོ་བོ་བརྩིས་ཏེ་སློབ་མ་ལེགས་སྐྱོང་དང་། མི་རིགས་ཀྱི་བདེ་སྡུག ཆོས་བརྒྱུད་དང་ཆོས་བརྒྱུད་བར་དུ་འཆམ་མཐུན། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ལེགས་འཛུགས་ཕྱིར་བསམ་གཞིགས་ཅི་ནུས་རེ་གཏོང་ཐབས་བརྩོན་དགོས་པའི་དུས་ལ་བབ། བོད་ཁ་བ་ཅན་གྱི་ཆོས་དང་རིག་གཞུང་གི་ཚེ་སྲོག་འགོག་མཚམས་ནས་བསྐྱར་དུ་གསོན་མི་ཡོང་ངམ་སྙམ་པའི་འདྲི་རྟགས་དང་འཆར་སྒོ། ཚོར་སྣང་ཕྲ་མོ་འདི་”ཆོས་ལུགས་འཆམ་མཐུན། “་དང་”མི་རིགས་མྱུར་སྐྱོབ་།” “རིག་གཞུང་གཅེས་འཛིན།”དང་”ཆོལ་ཁ་དབྱེ་མེད།”བཅས་ལ་འབད་དགོས་པ་ལས་རྨོངས་ཞེན་གྱི་འདུ་ཤེས་དང་འུར་སྒྲོགས་མ་གནང་ན་ལེགས་སོ་སྙམ།
ཁ་དྲོ་བཀྲ་ཤིས་པའི་སྨོན་ཚིག་དང་སྦྲགས་མགྲིན་ལག་ནས་ཐལ།
སྨྱུག་མིང་ས་དཀར་མདའ་སྨྱུག་གམ་གདོང་མཁན་པས། ༢༠༡༥/༡༡/༢༣ སྔ་དྲོར།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*