རྩོམ་པ་པོ། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས།།
ངུར་སྨྲིག་གར་གྱི་རོལ་བའི་ས་པཎ་དང་།།
ཚོགས་གཉིས་དངོས་གྲུབ་སྩོལ་མཛད་རྩ་བླ་མཆོག།
༧ སྐྱབས་གནས་དབྱེར་མེད་ཞབས་ཀྱི་པདྨོར་འདུད།།
ཐར་འདོད་བློ་གསལ་ཚུལ་མཐུན་དོན་གཉེར་ཅན།།
བཤད་སྒྲུབ་ཟུང་དུ་འཇུག་པའི་གདམས་པ་བགྱིས།།
མཚན་ལྡན་བཤེས་གཉེན་ཡང་དག་བསྟེན་པ་དང་།།
ཆོས་མཐུན་གྲོགས་ཀྱིས་བསྐྱངས་པའི་ལས་ལ་འབོད།།
གཞུང་ལུགས་ཀུན་ལ་ཐོས་བསམ་བྱས་པའི་དོན།།
རང་གཞན་གཉིས་ཕན་དོན་ལ་འཇུག་པ་དང་།།
ཉམས་ལེན་གནས་ལ་ཅུང་ཟད་བགྱི་བའི་ཚུལ།།
ལེགས་ཚོགས་ཞི་བདེའི་རྩ་བ་མདོ་ཙམ་སྤེལ།།
ཐར་པའི་ལམ་མཆོག་རྩ་བ་ངེས་འབྱུང་དང་།།
སྐྱབས་འགྲོའི་བསླབ་བྱའི་རྩ་བ་དད་པ་དང་།།
རང་གཞན་སེམས་བསྐྱེད་རྩ་བ་སྙིང་རྗེ་མཆོག།
མཆོག་གསུམ་བྱིན་རླབས་རྩ་བ་མོས་གུས་ཡིན།།
དངོས་གྲུབ་ཀུན་གྱི་རྩ་བ་དམ་ཚིག་བཅས།།
སྒྲུབ་ཚུགས་མཐའ་རུ་སྐྱེལ་ནས་ལེགས་པར་མཛད།།
དལ་རྟེན་བཟང་པོ་ཐོབ་པའི་དུས་བཟང་འདིར།།
དོན་མེད་རྣམ་གཡེངས་རང་ཉིད་མ་བསླུས་པར།།
དགེ་སྡིག་བླང་དོར་ཤེས་བྱའི་སྒྲུབ་པར་རིགས།།
རང་བློ་བག་ཡོད་དྲན་ཤེས་བརྟན་པོ་ཡིས།།
དད་དང་ཤེས་རབ་བརྩོན་འགྲུས་གྲོགས་དན་གྱིས།།
སྒོ་གསུམ་དགེ་བའི་ལས་ལ་བཀོལ་བར་དང་།།
ཉོན་རྨོངས་སྡིག་ལྟུང་ཕྲ་མོ་ཙམ་ཡང་སྤོང་།།
བསྟན་པའི་གཞི་མ་སོ་སོར་ཐར་པ་དང་།།
གཞན་ཕན་གཞི་སྒྲུབ་བྱང་ཆུབ་སེམས་སྡོམ་གཉིས།།
དངོས་གྲུབ་རྩ་བ་གསང་སྔགས་དམ་ཚིག་གསུམ།།
ཚུལ་བཞིན་བསྲུང་དང་བསྟན་པའི་ཉིང་ཁུ་ཡིན།།
དགེ་སྡུག་རྣམ་གྲོལ་ལམ་བཟང་འཇུག་ངོགས་སུ།།
བསྟན་འགྲོའི་དོན་ལ་བརྩོན་པའི་ཤེས་རབ་ཀྱིས།།
ལས་འབྲས་བླང་དོར་ཚུལ་བཞིན་དཔྱོད་པ་ནི།།
བདེ་ལེགས་གཞིའི་རྩ་མ་ནོར་གཅེས་པར་འཛིན།།
སྔོན་བྱོན་མཁས་གྲུབ་དམ་པའི་རྣམ་པ་ཐར།།
ཚུལ་གནས་ཐོས་བསམ་སྒོམ་གསུམ་རང་རྒྱུད་བཏུལ།།
གཞན་དོན་དགེ་བའི་ས་བོན་བག་ཆགས་ཀྱིས།།
བསྟན་འགྲོའི་གནས་ལ་བརྩོན་པ་རྒྱུན་ཆགས་མཛོད།།
མདོར་ན་ཐར་འདོད་རྩ་བ་དད་པ་དང་།།
མི་ཆོས་རྩ་བ་ཀུན་མཐུན་གཅེས་པ་ཡིན།།
ངང་ཚུལ་དྲང་པོར་སྨྲས་བའི་ལུགས་གཉིས་ཟུང་།།
ཐུབ་བསྟན་དོན་གཉེར་ཅན་ལ་མོས་པ་དང་།།
འདྲེན་པ་མཚུངས་མེད་སྐྱབས་གནས་དགོས་པའི་བཅུད།།
འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།
༢༠༡༥/༡༢/༡༡
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།