འཆད་ཁྲིད་པ། དཔལ་ས་སྐྱའི་མཁན་ཆེན་མཐུ་སྟོབ་སེངྒེ།
བརྗོད་བྱ། ནང་བསྟན་འཛིན་སྐྱོང་དགོས་པར་ཤེས་ལྡན་པ་གལ་ཆེ་ཚུལ་སྐོར།
དེ་རིང་ང་ཆེད་མངགས་འདིར་ཡོང་དོན་ནི་ཁྱེད་རྣམས་ཀྱི་ཡུན་རིང་གི་རེ་སྒུག་ལྟར་ཕན་ཐོགས་ཡོད་མེད་ལ་མ་ལྟོས་པར་ཀུན་སློང་རྣམ་པར་དག་ཁུལ་གྱི་སྒོ་ནས་ལེ་དབར་མང་པོའི་ས་བརྒལ་ཏེ་ཡོང་བ་ཡིན། ངས་ད་ལྟ་བལྟ་དུས་ཁྱེད་རྣམས་ཀྱིས་ང་ལ་བཅོས་མིན་གྱི་དད་པ་ཞིག་དང་། རེ་བ་མང་པོ་ཞིག་བཅངས་བཞིན་པའི་ཚོར་སྣང་ཞིག་སྦྱིན་བྱུང་། གནས་སྐབས་ཤིག་ཁྱེད་ཚོར་ངས་སྤྲོ་སྣང་ཞིག་སྦྱིན་ནུས་ཀྱང་ང་འདྲ་བའི་ཟོག་སྟོང་ཞིག་གིས་ཁྱེད་ཚོའི་ཕུགས་ཀྱི་རེ་བ་དེ་དག་ག་ལ་སྐོང་ནུས་ཏེ་ང་ཡང་འཁོར་བའི་འདུ་འཛིའི་ཁྲོད་ན་ཆོས་མིན་ཆོས་སུ་འཛིན་ནས་གཡེངས་བཞིན་ལྷག་ཡོད། དེ་ཡང་གཞན་ལ་ཁག་དཀྲི་ཅི་ཡོད་རང་ཉིད་འཇིག་རྟེན་ཆོས་བརྒྱད་ལ་དགའ་དྲགས་ཤིང་ལས་བསོད་དམན་པས་སྐྱོན་རེད། ང་ནི་ཐ་མལ་གྱི་གྲྭ་རྐྱང་གྱིག་༼སྒྱིད་༽ལུགས་ཅན་ཞིག་ཡིན་ཡང་། ངའི་མིང་འདི་ལ་བརྟེན་ནས་དད་མོས་དང་རེ་བ་བྱེད་མཁན་ཧ་ཅང་མང་། ཁྱེད་རྣམས་ཀྱིས་ཁོ་བོར་བཅོལ་བའི་རེ་བ་འདི་ཡང་སྟོང་ཟད་ལ་འགྲོ་རྒྱུ་ནི་ངས་གཏན་འཁེལ་བྱེད་ནས་བཤད་ཐུབ། གང་ལགས་ཤེ་ན་ངས་དག་ཞིང་ངོ་མ་ཞིག་ལྟ་ཞོག་མི་ཡུལ་གྱི་ལུས་སེམས་གཉིས་ཀྱི་བདེ་སྐྱིད་རྣལ་མ་ཞིག་ཀྱང་བསྐྲུན་ཐུབ་མེད། ནམ་ཡང་རྣམ་རྟོག་གྱི་ཞགས་པས་བཅིངས་ནས་ལུས་ཡོད། འོན་ཀྱང་ངའི་མི་ཚེ་འདིར་དོན་སྙིང་ཆེ་ཤོས་ཤིག་ནི་ཤིན་ཏུ་རྙེད་པར་དཀའ་བའི་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་དང་འདྲ་བ་མང་པོ་ཞིག་མཇལ་ཏེ་དེ་དག་སྐུ་དངོས་ལས་ཆེས་རིན་ཐང་བྲལ་བའི་བཀའ་སློབ་མང་པོ་ཞིག་ཐོབ་པ་ནི་དོན་སྙིང་ཆེ་ཤོས་ཞིག་ཡིན། ངས་ཚེ་ཕྱི་མར་ཕན་པའི་རེ་བ་ཉག་གཅིག་པོ་ནམ་ཡང་རང་གི་དགེ་བའི་བཤེས་གཉེན་ལ་བཅང་བའི་དད་ཞེན་དང་། དམ་ཚིག་ལ་བསྲེ་སླད་གཏན་ནས་མེད་ཅིང་ནམ་ཡང་དགེ་བའི་བཤེས་གཉེན་གྱི་བཀའ་སྒྲུབ་པ་ནི་ངས་ཡོན་ཏན་གྱི་ཆེ་ཤོས་ཡིན་བསམ་གྱི། ངས་གལ་ཏེ་རང་གི་ཡོན་ཏན་ཞིག་བསྒྲག་ནའང་དེ་ཁོ་ན་བསྒྲག་སྲིད། དེ་མིན་ང་ལ་ཉེས་སྐྱོན་འབའ་ཞིག་ལས་ཡོན་ཏན་ཞིག་ག་ཚོད་བརྩལ་ཀྱང་གཏན་ནས་རྙེད་མི་སྲིད། བྱས་ཙང་དེ་རིང་ངས་ཁྱེད་རྣམས་ཀྱི་རེ་བ་ལྟར་རང་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུངས་པའི་བཀའ་སློབ་གཞི་ལ་བཞག་ནས་རང་སེམས་འདུལ་རྒྱུ་ཆོས་ཀྱི་སྙིང་པོ་ཡིན་པའི་སྐོར་ལ་ཅུང་ཙམ་ཞུ་གི་ཡིན།
བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཤཱཀྱ་སེང་གེའི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་དང་། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བ་ནི་བདེ་བ་འདྲེན། །ཞེས་གསུངས་པ་བཞིན། འགྲོ་བ་མིའི་རིགས་ཀྱི་སྤུས་ཚད་ཡག་ཉེས་དང་། དོན་དམ་པའི་བདེ་སྐྱིད་ནི་གཙོ་བོ་གཞན་ལ་རག་མ་ལས་པར་རང་གི་སེམས་རྒྱུད་འདུལ་རྒྱུ་ཁོ་ན་ལ་རག་ལས་ཡོད་པ་རེད། རང་སེམས་འདུལ་དགོས་ན་དེའི་ཐབས་ལམ་ནི་དགེ་བའི་བཤེས་གཉེན་ཚད་ལྡན་ལས་སློབ་གསོ་ཐོབ་རྒྱུ་དེ་རེད། ད་ལྟ་ང་ཚོས་གུས་བསྐུར་ཞུ་འོས་པ་དང་སློབ་གསོ་ཞུ་འོས་པའི་སྐྱེས་བུ་དམ་པ་དཔེར་ན་ས་སྐྱ་པ་ལ་མཚོན་ན་རྗེ་བཙུན་གོང་མ་ལྔ། དགེ་ལུགས་པ་ལ་མཚོན་ན་རྗེ་ཡབ་སྲས་གསུམ། བཀའ་བརྒྱུད་པ་ལ་མར་མི་དྭགས་གསུམ། རྙིང་པ་ལ་མཁན་སློབ་ཆོས་གསུམ་སོགས་ཚང་མ་དགུང་ལོ་ཆུང་དུས་ནས་སློབ་སྦྱོང་ལ་སྦྱང་བརྩོན་གནང་བ་ཤ་སྟག་རེད།
༡༽སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་གི་ཆ་རྐྱེན་དང་། ༢༽ཕ་མ་བཟང་པོ་ཞིག་གིས་གསོ་སྐྱོང་། ༣༽དགེ་རྒན་བཟང་པོ་ཞིག་གིས་སློབ་སྟོན། ༤༽སློབ་གསོ་ཡག་པོ་ཞིག་གིས་ཐབས་ལམ་གྱི་ཁྲོད་ནས་འཁྲུངས་པ་ཤ་སྟག་རེད། དེས་ན་སྤྱིར་ང་ཚོ་འགྲོ་བ་མིའི་རིགས་སུ་གཏོགས་པ་ཚང་མས་སེམས་ཁམས་གསོ་བའི་སློབ་གསོ་མང་ཙམ་ཉན་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ། བྱེ་བྲག་ཏུ་མ་འོངས་པའི་རེ་བ་ཚང་མ་བཅོལ་སའི་སྤྱི་ཚོགས་ཁག་གི་བུ་ཕྲུག་དང་དགོན་པའི་ནང་གི་གྲྭ་ཆུང་རྣམས་ལའང་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་དང་གོ་སྐབས་ཡག་པོ་ཞིག་བསྐྲུན་རྒྱུ་དེ་ཚང་མས་ལས་ཀའི་ནང་ནས་གལ་ཆེ་ཤོས་སུ་བརྩི་དགོས།
ཕ་མ་ཁག་ཅིག་གིས་རང་གི་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་བསམ་བློ་མ་གཏང་བར་གནས་སྐབས་ཀྱི་ཟས་གོས་ཙམ་ལ་བསམ་སྟེ་སློབ་གྲྭར་མ་གཏང་བའམ་སློབ་གྲྭ་ནས་འཐེན་པ་སོགས་བྱེད་པ་ནི་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། ལྷག་པར་དགོན་པ་ཁག་ཅིག་གི་རྒན་འཁུར་བས་བསྟན་པའི་རྩ་བ་དགོན་པའི་གྲྭ་བཙུན་རྣམས་ལ་ལུང་རྟོགས་ཀྱི་བསྟན་པ་ངོ་མ་སྐྱོང་རྒྱུར་བཤད་སྒྲུབ་ཀྱི་ཆ་རྐྱེན་མ་བསྐྲུན་པར་བསྟན་པའི་ཡན་ལག་ཙམ་ལ་མཐོང་ཆེན་བྱེད་པ་ནི་ཡོངས་སུ་མ་འགྲིག་པ་ཞིག་རེད། མདོར་ན་ལས་རིགས་ག་རེ་ཡིན་ནའང་རྒྱུན་དུ་ཚང་མས་སློབ་གསོ་ལ་མཐོང་ཆེན་བྱེད་དགོས་པ་མ་ཟད་སློབ་གསོ་ག་རེ་གཏང་ནའང་ང་ཚོས་མེས་པོའི་སྲོལ་བཟང་གཞན་ཕན་དང་། ལྷག་བསམ། མཐུན་སྒྲིལ། རོགས་རམ། དྲང་བདེན། འབད་བརྩོན། སྡིག་སྤོང་དགེ་སྒྲུབ་བཅས་ཀྱི་སློབ་གསོ་དང་ཁ་མ་བྲལ་བ་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་རེད། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་སློབ་གསོ་མང་པོ་ཞིག་གསུངས་པ་ཐམས་ཅད་ཀྱང་དམིགས་ཡུལ་འགྲོ་བ་ཚང་མ་ཡག་པོ་ཞིག་དང་། གནས་སྐབས་ཀྱི་ཕན་པ་དང་། མཐར་ཐུག་བདེ་སྐྱིད་ཅིག་ཐོབ་ཡག་གི་ཐུགས་རེ་བཅངས་ཏེ་གསུངས་པ་ཤ་སྟག་རེད་ལ་དེ་དག་འཐོབ་ཡག་གི་ཆེད་དུ་སེམས་འདུལ་ཐབས་ཀྱང་སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་གསུངས་པ་ལྟར་སྒོ་གསུམ་གྱི་བྱ་སྤྱོད་ངན་པ་ཚང་མ་ལ་འགྱུར་བ་བཏང་ནས་བྱ་སྤྱོད་ཚང་མ་དགེ་བའི་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་པ་བྱེད་དགོས་པ་དང་ཆོག་ཤེས་པ་བྱེད་དགོས། དེ་ཡང་རང་ཉིད་ནས་མགོ་བཙུགས་ཏེ་སེམས་ལ་བཅོས་བསྒྱུར་བཏང་ཞིང་སེམས་དེ་དྭངས་གཙང་ལྷད་མེད་ཅིག་དང་ཆོག་ཤེས་ཤིག་ཏུ་གྱུར་ཚེ་ད་གཟོད་མི་ཚེ་དོན་དང་ལྡན་པ་ཞིག་དང་། བདེ་སྐྱིད་ཡང་དག་པ་ཞིག་ཡོང་རྒྱུ་ཡིན་པ་གཏན་འཁེལ་བརྒྱ་ཆ་བརྒྱ་ཡིན་གསུངས་པ་རེད།
དེ་འདྲ་མི་བྱེད་པར་བདེ་སྐྱིད་ཅིག་གཞན་ཕྱི་རོལ་ཁོ་ན་ནས་འཚོལ་སྙམ་ན་ནམ་ཡང་རྙེད་མི་སྲིད། དཔལ་འབྱོར་དང་ཆ་རྐྱེན་ཕུན་སུམ་ཚོགས་པོ་ག་ཚོད་ཡོད་ནའང་སེམས་ཁམས་གསོ་བའི་སློབ་གསོ་མ་ཐོབ་ན་ས་ཕྱོགས་གང་དུ་སོང་ཡང་བདེ་སྐྱིད་ཅིག་རྙེད་མི་ཐུབ། གོང་མ་བདག་ཁྲི་རིན་པོ་ཆེའི་བཀའ་སློབ་ཀྱི་ནང་ལའང་དཔེར་ན་ཟས་གོས་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཡོད་པའི་ལུང་པ་དེ་ཚོའི་ནང་ལ་ཡང་བདེ་སྐྱིད་མེད་པའི་མི་མང་པོ་མཐོང་རྒྱུ་ཡོད་པ་རེད་ཅེས་གསུངས་པ་ལྟར་རེད། དེས་ན་ནང་ཆོས་ཀྱི་སློབ་གསོའི་རིམ་པ་ལ་ཁྱིམ་པའི་རྟེན་ཅན་གྱི་ཆོས་བྱེད་སྟངས་ཤིག་དང་། རབ་བྱུང་བའི་རྟེན་ཅན་གྱི་ཆོས་བྱེད་སྟངས་ཤིག་སྟེ་གཉིས་སུ་ཕྱེ་ནས་གསུངས་པ་རེད།
རབ་བྱུང་བ་ཞིག་གིས་དགེ་ཚུལ་སློང་གི་སྡོམ་པ་ཡང་དག་བླངས་ཏེ་གཙོ་བོ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོབ་ཐབས་ལ་འབད་དགོས། དེ་ཡང་འགྲོ་བ་ཚང་མའི་ཁེ་ཕན་ལ་དམིགས་ཏེ་བྱམས་སྙིང་རྗེ་བྱང་སེམས་ཀྱི་ཀུན་སློང་གིས་བདག་ཅག་གི་སྟོན་པའི་གསུང་རབ་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་ཏེ་ཐོས་པའི་དོན་དེས་ཐོག་མར་རང་ཉིད་ཀྱི་སེམས་དེ་དྭངས་གཙང་ལྷད་མེད་ཅིག་བསྐྲུན་ནས་ད་གཟོད་རྒྱ་ཆེའི་དད་ལྡན་རྣམས་ལ་དོན་དམ་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་རྣམ་དག་དང་། དེ་དག་གི་དགེ་མཚན་དང་ཕན་ཡོན་རྣམས་སློབ་ཁྲིད་བྱེད་རྒྱུ་མ་ཟད་རྒྱུན་དུ་རང་གི་ལག་ལེན་རྣམ་དག་ལའང་འཁྱོལ་བ་བྱེད་རྒྱུ་དེ་རབ་བྱུང་བ་རྣམས་ཀྱིས་འོས་འགན་རེད། དེ་ཡང་ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང་། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཕྱིས་ནས་འདྲིས་པའི་དོན་ལ་བརྩོན་པས་བསྒོམ། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་གསུངས་པ་ལྟར་རེད།
ཁྱིམ་པ་ཞིག་གིས་ངོས་ནས་རབ་བྱུང་ན་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་སྤྱི་དང་བྱེ་བྲག་གི་བྱ་བ་ག་རེ་བྱེད་པ་ཡིན་ནའང་གཞན་ཕན་གྱི་སེམས་དང་ཁ་མ་བྲལ་བའི་ཐོག་དྲང་བདེན་དང་ཁྲིམས་མཐུན། ལྷག་པར་རང་གཤེད་སྤང་སྟེ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བློ་འགེལ། ཕན་ཚུན་བསམ་གཞིགས་བཅས་ཀྱི་ཐོག་ནས་རང་གིས་འོས་འགན་གྱི་བྱ་བ་སྒྲུབ་སྐབས་ཁ་ཞེ་གཉིས་མེད་བྱེད་ན་མཐར་འབྲས་བུ་ཡག་པོ་ཞིག་ཡོང་རྒྱུ་གཏན་འཁེལ་ནས་བཤད་ཆོག་གི་ཡོད་པ་རེད། འོན་ཀྱང་དེང་སྐབས་མི་མང་པོ་ཞིག་གིས་དེང་སང་གི་སྤྱི་ཚོགས་འདི་ལ་དྲང་བདེན་དང་གཞན་ཕན་བྱེད་ན་རང་སྡུག་རང་གིས་ཉོས་པ་རེད་སོགས་བརྗོད་མཁན་ཡང་མང་པོ་སྣང་། ལས་འབྲས་བསླུ་བ་མེད་པ་ཡིན་ཙང་བྱ་བ་ཡག་པོ་བྱས་ན་འབྲས་བུ་ཡག་པོ་ཡོང་བ་གཏན་འཁེལ་བྱས་ནས་བཤད་ཆོག་གི་ཡོད་པ་རེད། ཡང་རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་གསུངས་པ་བཞིན་ཆོས་དད་ཡོད་མེད་ལ་མ་ལྟོས་པའི་སྐྱེས་བུ་མང་པོ་ཞིག་གིས་ལམ་དེར་དངོས་སུ་ཕེབས་ནས་གསུངས་པ་མང་པོ་ཡོད་པ་རེད། མདོར་ན་འགྲོ་བ་ཚང་མ་བདེ་སྐྱིད་ཅིག་དོན་དུ་གཉེར་ནས་དེའི་ཆེད་དུ་བྱ་བ་སྒྲུབ་མཁན་རྐྱང་རྐྱང་ཡིན་པས་ཆོས་རྗེ་ས་པཎ་གྱིས། གོམ་གཅིག་འདོར་ཡང་བདེ་བ་འཚོལ་ཕྱིར་ཏེ། །ཚིག་གཅིག་སྨྲ་ཡང་བདེ་བ་འཚོལ་ཕྱིར་སྨྲ། །དགེ་བའི་ལས་ཀྱང་བདེ་བའི་སླད་དུ་བྱེད། །སྡིག་པའི་ལས་ཀྱང་བདེ་བའི་སླད་དུ་བྱེད། །ཅེས་གསུངས་པ་བཞིན་སྟོན་པ་ཤཱཀྱ་ཐུབ་པས་རྒྱལ་སྲིད་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའང་བདེ་སྐྱིད་ཀྱི་ཆེད་དུ་རེད།
དུས་རབས་ཉི་ཤུའི་ནང་ཨ་རིས་རྡུལ་ཕྲན་མཚོན་ཆས་འཇར་པན་གྱི་མི་ཁྲི་མང་པོ་ཞིག་བསད་པའང་བདེ་སྐྱིད་ཀྱི་ཆེད་རེད། དེང་སྐབས་རྒྱལ་ཁབ་མང་པོ་ཞིག་དམག་འཁྲུག་བྱེད་པའང་བདེ་སྐྱིད་ཀྱི་ཆེད་དུ་རེད། མི་ནག་ཚོགས་པས་མི་མང་པོ་ཞིག་བསད་པའང་བདེ་སྐྱིད་ཀྱིས་ཆེད་རེད། བླ་མ་ཚོས་ཁྲི་ཐོག་ནས་ཆོས་བཤད། དཔོན་པོ་ཚོས་ཁྲིམས་བཤད་པའང་བདེ་སྐྱིད་ཀྱི་ཆེད་དུ་རེད། ཚང་མ་བདེ་སྐྱིད་ཀྱི་ཆེད་དུ་འདྲ་ནའང་དེ་དག་ཚང་མས་བདེ་སྐྱིད་དེ་ཐོབ་པའི་ངེས་པ་ཡོད་པ་མ་རེད། གང་ལགས་ཤེ་ན་བདེ་སྐྱིད་བླ་མེད་ཅིག་བསྐྲུན་དགོས་ན་དེ་ཡི་རྒྱུ་སྡིག་སྤོང་དགེ་སྒྲུབ་ལ་འབད་དགོས། སྡིག་སྤོང་དགེ་སྒྲུབ་བྱེད་རྒྱུ་ཟེར་བ་དེ་ཡང་ང་ཚོ་ཆོས་པ་ཁོ་ནས་བྱེད་དགོས་པ་ཞིག་མ་ཡིན་པར་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་ཡིན་ཕྱིན་ཚང་མས་བྱེད་དགོས་ཡག་ཅིག་ཆགས་ཡོད་པ་རེད། དེ་གང་འདྲ་རེད་ཟེར་ན་འཇིག་རྟེན་འདི་ཚང་མ་རྒྱུ་འབྲས་ལ་བརྟེན་ནས་གྲུབ་པ་ཤ་སྟག་རེད། རྒྱུ་ག་ཚོད་གྱི་སྤུས་ཚད་ཡག་པ་ཡོད་ན་དེ་ཚོད་ཀྱི་འབྲས་བུ་ཡང་ཡག་པོ་ཞིག་ཡོང་གི་ཡོད་པ་རེད། དེས་ན་སྡིག་སྤོང་དགེ་སྒྲུབ་ཟེར་རྒྱུ་དེ་ཡང་བདེ་སྐྱིད་སྒྲུབ་བྱེད་ཀྱི་རྒྱུ་སྤུས་ཚད་ཡག་ཤོས་དེ་ཆགས་བསྡད་ཡོད་པ་རེད། དེས་ན་རྒྱུ་དང་འབྲས་བུ་ངོས་འཛིན་ཐོབ་ཡག་གི་ཆེད་དུ་རྒྱུ་འབྲས་ཀྱི་སྐོར་ལ་སློབ་སྦྱོང་དང་བསམ་གཞིགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བདག་ཅག་གི་སྟོན་པ་བླ་ན་མེད་པ་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུ་འབྲས་ཀྱི་སྐོར་ལ་བདེན་པ་བཞིར་ཕྱེ་ནས་ཧ་ཅང་གསལ་པོ་དང་རྒྱས་པོ་གསུངས་ཡོད་པ་རེད་ལ་ལྷག་པར་དུ་ལས་དང་པོ་བ་རྣམས་ལ་བདེན་པ་བཞི་རི་མོའི་ལམ་ནས་སྟོན་ཏེ་སྲིད་པའི་འཁོར་ལོ་ཞེས་པའི་དཔེ་རིས་དེ་ཡང་གསུངས་པ་རེད། སྲིད་པ་འཁོར་ལོའི་དཔེ་རིས་འདི་ཉིད་དང་ཐོག་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པའི་བཀའ་བཞིན་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ན་ལ་སྐྱེས་ལན་འབུལ་བྱེད་དུ་བྲིས་པ་ཞིག་རེད། དེ་ལ་སྟོན་པས།
དང་པོ་སྡུག་བསྔལ་ཤེས་པར་བྱ་གསུངས་པ་རེད། དེ་ཡང་སྡུག་བསྔལ་ཡོད་ས་དེ་འགྲོ་བ་རིགས་དྲུག་རེད། དེ་སྲིད་པ་འཁོར་ལོའི་བར་དེར་དུམ་བུ་དྲུག་ཏུ་བཀྲལ་ཏེ་སྟེང་དུ་མི་དང་ལྷ། ལྷ་མ་ཡིན་གསུམ་དང་། འོག་ཏུ་དམྱལ་བ། ཡི་དྭགས། དུད་འགྲོ་བཅས་དྲུག་བྲིས་ཡོད་པ་རེད། དེ་དག་གི་སྡུག་བསྔལ་བདེན་པ་དེ་མཚོན་པ་རེད། དེ་དག་ལ་སྡུག་བསྔལ་ག་རེ་ཡོད་པ་རེད་ཟེར་ན། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། འདོད་པའི་ལྷ་ལ་འཆི་འཕོ་བའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་བཅས་ཡོད་པ་རེད། དེའི་ནང་ནས་ད་ལྟ་ང་ཚོས་ཤེས་རྟོགས་གཙོ་བོ་བྱ་རྒྱུ་ནི་དངོས་སུ་ང་ཚོ་ལ་མཐོང་བཞིན་པའི་དུད་འགྲོའི་སྡུག་བསྔལ་དང་མིའི་སྡུག་བསྔལ་གཉིས་པོ་དེ་ལ་བསམ་གཞིགས་ཡག་པོ་བྱས་ཏེ་སྡུག་བསྔལ་ངོས་འཛིན་ཐུབ་པ་བྱེད་དགོས་པ་རེད། དཔེར་ན་དུད་འགྲོའི་སྡུག་བསྔལ་ལ་རྒྱ་མཚོའི་ནང་ན་གནས་པའི་དུད་འགྲོ་རྣམས་ཆེ་ཆུང་ཕན་ཚུན་ཟ་རེས་དང་འཐབ་རྩོད་སོགས་ཀྱི་སྡུག་བསྔལ། ཁ་ཐོར་བ་རྣམས་ལའང་བཀོལ་སྤྱད་སོགས་ཀྱི་སྡུག་བསྔལ། མི་རྣམས་ལ་འདོད་པ་བརྩལ་ཀྱང་མི་འགྲུབ་པ། མི་འདོད་པ་ཐོག་ཏུ་འབབ་པ་སོགས་ཀྱི་མཐོ་དཔོན་པོ་ནས་དམའ་སྤྲང་པོ་ཡན་ཆད་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ང་ཚོས་ད་ལྟ་མྱོང་བཞིན་པ་རེད། སྡུག་བསྔལ་ཡོད་པ་ཤེས་ནས་ད་གཟོད་སྡུག་བསྔལ་དེ་དག་མེད་པ་བཟོ་འདོད་ཀྱི་བློ་སྐྱེ་ཐུབ་པ་བྱེད་དགོས་པ་རེད།
དེ་མེད་པ་བཟོ་ཐབས་ནི། སངས་རྒྱས་ཀྱིས་ཀུན་འབྱུང་སྤངས་པར་བྱ་ཞེས་གསུངས་པ་རེད། སྡུག་བསྔལ་གྱི་རྒྱུ་གང་ཡིན་བརྩལ་ཏེ་རྒྱུ་དེ་ངོས་འཛིན་ནས་དེ་སྤང་དགོས་རྒྱུ་བསྟན་པ་རེད། དེ་ཡི་རྒྱུ་ནི་ཀུན་འབྱུང་ལས་དང་ཉོན་མོངས་པ་གཉིས་རེད། དེ་ནི་སྲིད་པའི་འཁོར་ལོའི་རི་མོའི་དབུས་སུ་ཕག་པའི་ཁ་ནས་བྱ་དང་སྦྲུལ་གཉིས་ཐོན་ཡོང་བ་ལྟ་བུ་བྲིས་ཡོད་པ་རེད། ཕག་གི་གཏི་མུག་མཚོན་པ་དང་། བྱ་ཡི་འདོད་ཆགས་དང་། སྦྲུལ་གྱི་ཞེ་སྡང་བཅས་མཚོན་པ་རེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ཀུན་སློང་ལ་བརྟེན་ནས་སྡིག་པའི་ལས་བསགས་པས་འཁོར་བའི་སྡུག་བསྔལ་ཚང་མ་བྱུང་བ་རེད། སྡུག་བསྔལ་རྣམས་རྒྱུ་ཀུན་འབྱུང་ལས་བྱུང་བ་ཤེས་ན་སྡུག་ཀུན་མེད་པ་བཟོ་བའི་བློ་སྐྱེས་ཐུབ་པ་བྱེད་དགོས་པ་རེད།
དེ་ལ་སངས་རྒྱས་ཀྱིས་འགོག་པ་མངོན་དུ་བྱེད་གསུངས་པ་རེད། དེ་ཡིས་སྡུག་བསྔལ་ཀུན་འབྱུང་སྤང་པའི་བདེ་སྐྱིད་བསྟན་པ་རེད། འགོག་པ་མངོན་དུ་བྱེད་པ་ལ་ཐབས་ལམ་ཡང་དག་ཅིག་ལ་རྟེན་དགོས་པས་སངས་རྒྱས་ཀྱི་ལམ་སྒོམ་པར་བྱ་གསུངས་པ་རེད། དེས་ན་བདེན་པ་བཞི་ཡི་སྒོ་ནས་རྒྱུ་འབྲས་ཀྱི་རྣམ་གཞག་ཞིབ་མོར་གསུངས་པ་འདི་རྣམས་ལ་སློབ་སྦྱོང་དང་ཉམས་ལེན་བྱས་ན་རང་གཞན་ཚང་མར་ཕན་ཐོགས་ཆེན་པོ་བསྐྲུན་ཐུབ་ཀྱི་རེད། དབང་ཆ་ཆེན་པོ་དང་། རྒྱུ་ཕྱུག་པོ། གཟུགས་མཛེས་པོ། མཐུ་རྩལ་ཆེན་པོ་ག་ཚོད་ཡོད་ནའང་ལས་རྒྱུ་འབྲས་ལ་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད། དགེ་སྡིག་ལ་བརྟེན་ནས་འབྲས་བུ་བདེ་སྡུག་བྱུང་བ་ནི་དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་ཡིན་པས། ལུང་ལས་ཀྱང་། ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་ངེས་པར་གྱུར། །ཞེས་གསུངས་པ་ལྟར་རེད། ལས་འབྲས་ལ་ཡིད་ཆེས་ཡག་པོ་སྐྱེས་ན་བྱ་བ་ག་རེ་བྱེད་ནའང་ཕྱི་ནང་ངོ་ལྐོག་མེད་པ་བྱེད་ཐུབ་ཅིང་བྱ་བ་བཟང་པོ་རྐྱང་རྐྱང་བྱེད་འདོད་ཀྱི་མོས་པ་མ་ཟད་རྒྱུན་དུ་བྱ་བ་བཟང་པོ་ཁོ་ན་ལ་འཇུག་ཐུབ་པའི་དགེ་ཚན་ལྡན་ཡོད་པ་རེད།
ལས་འབྲས་ལ་ཡིད་ཆེས་མེད་ན་གང་ལའང་མི་སྐྲག་པས་ལས་ངན་ཚབ་ཆེན་གསོག་པ་ལ་བྲེལ། དེས་ན་བདེ་སྐྱིད་དོན་གཉེར་གྱི་གང་ཟག་ཚང་མས་ཕྱོགས་ལྷུང་མེད་པར་བརྟག་དཔྱད་ཡག་པོ་བཏང་ནས་དེ་ཐོབ་བྱེད་ཀྱི་རྒྱུ་དེ་ངོས་བཟུང་ཐུབ་པ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་པ་རེད་ལ། དེ་ཡི་ཆེད་དུ་སློབ་སྦྱོང་མང་ཙམ་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་རེད།།
ཅེས་པའི་བཀའ་སློབ་འདི་ནི་༧མཁན་ཆེན་དཔག་བསམ་ལྗོན་ཤིང་གི་གྲིབ་བསིལ་དུ་འཚོ་བའི་སྐལ་བཟང་ཅན་མཁྱེན་རབ་ཐོགས་མེད་དུ་འབོད་པས་བོད་རྒྱལ་ལོ་༢༡༤༢ལོའི་མཆོ་སྤྲུལ་ཟླ་བའི་ཡར་ཚེས་དགེ་བར་མགོན་པོ་མཆོག་དཔལ་ས་སྐྱའི་མི་འཇིགས་གདོང་ལྔའི་ཁྲི་ལ་ཞབས་ཟུང་མངོན་པར་འཁོད་སྟེ་ལྷ་ཁང་༧མཁན་ཆེན་ཁྲི་རབས་ཀྱི་མཚན་སྙན་བཞེས་པའི་སྐལ་བཟང་རྫོགས་ལྡན་གྱི་ཉིན་མོར་དཔལ་ཚར་པའི་གདན་ས་གོང་མང་མཁར་ཐུབ་བསྟན་དགེ་འཕེལ་དབེན་གནས་དགའ་ཚལ་གླིང་དུ་གློག་རྡུལ་ཡིག་ཆར་ཕབས་པའི་དགེ་བས་མ་གྱུར་འགྲོ་བ་ཐམས་ཅད་མགོན་པོ་གང་ཉིད་ཀྱི་གསུང་གི་བདུད་རྩིར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག།
༈ མཇུག་ཏུ་ཞུ་བར་༧མཁན་ཆེན་དམ་པའི་བཀའ་སློབ་ད་དུང་ཡི་གེར་མ་ཁོད་པ་མང་པོ་ཡོད་མོད་ད་རེས་འདིར་བཀོད་ཐུབ་མ་སོང་བས་རྗེས་སུ་བཀོད་རྒྱུ་ལགས་པས་དཔྱད་གཞིའི་ཡིག་ཆ་ཡོད་ན་འདིར་མཁོ་འདོན་གནང་རྒྱུ་བཀའ་དྲིན་མ་ཆུང་ཞེས་ཞུ་བ་ལགས།།
འདི་བགྱིས་དགེ་བ་རབས་དཀར་དྲི་མེད་འདིས།།
རྒྱལ་བའི་བསྟན་དང་དེ་འཛིན་ཞབས་བརྟན་ཅིང་།།
ཡངས་པའི་རྒྱལ་ཁམས་ཀུན་ལ་ཞི་བདེ་ཡིས།།
དམ་པ་ཆོས་ཀྱི་བསྟན་པ་རྒྱས་གྱུར་ཅིག།
པར་གཞི་སྒེར་བདག་ཅེས་པའི་དབང་མི་དགོས།།བརྒྱུད་བསྐུར་མང་ཙམ་གནང་ན་དགེ་བ་ཡིན།།
དགེ་ལེགས་འཕེལ། དཔལ་ཚར་གདན་ས་གོང་མང་མཁར་ཐུབ་བསྟན་དགེ་འཕེལ་དགོན་ཞི་བདེའི་ཆབ་རྒྱུན་རྩོམ་སྒྲིག་ཁང་ནས་པར་གཞི་བསྒྲིགས།།
Leave a Reply