ཁུང་ཙིའི་སློབ་གསོ་གསེད་ཞོར་གུས་ལུགས་དང་བྲན་གཤིས་ཀྱི་ཧེ་བག་གླེང་བ།
དེང་གི་རྒྱ་ནག་པ་དག་གིས་ཁུང་ཙིའི་བསམ་བློ་ནི་ཡང་བསྐྱར་གྱེན་དུ་སློང་དགོས་ངེས་ཀྱི་དཔེ་ཆ་ཞིག་གམ། ཡང་ན་བསྟན་པ་ཡང་དར་དུ་གཏོང་དགོས་ངེས་ཀྱི་བསམ་བློ་ཞིག་ཏུ་བཟུང་ཡོད་ཅིང་། ཁོ་པ་ཚོས་ཁུང་ཙིའི་བསམ་བློ་ཡར་ལངས་བྱེད་དུ་འཇུག་ཆེད་གང་སར་ཁུང་ཙིའི་བསམ་བློ་ཡི་རིན་ཐང་ཤ་ཐང་ཆད་ཆད་དུ་སྒྲོག་ཅིང་སྤེལ་མགོ་རྩོམ་གྱིན་འདུག དམངས་གཙོ་ནི་ནུབ་ཕྱོགས་ཀྱི་ཐོན་རྫས་ཙམ་རེད་ཅེས་དམངས་གཙོ་སྒོག་འགོག་བྱེད་མཁན་དག་གིས། དམངས་གཙོ་ཡི་ཚབ་མཚོན་ཞིག་ཤར་ཕྱོགས་ལ་ཡོད་པའི་ངོམ་ཆོས་སུའང་རློམ་གྱིན་ཡོད་པ་འདྲ།
སྤྱིར་བཤད་ན་བོད་ཀྱི་སྔོན་བྱོན་མཁས་པ་དག་གི་ཞལ་སྒྲོས་ལ་བལྟས་ན་ཁུང་ཙིས་བཤད་པའི་གུས་སྲོལ་དང་ཀུན་སྤྱོད་སོགས་ནི་གླེང་རིན་མེད་པ་ཞིག་ཡིན་ཞིང་། དེ་དང་དེ་མཚུངས་ཀྱི་ལེགས་བཤད་དག་ནི་གལ་ཏེ་མཁོ་རུ་མཆིས་ན་ལྷུན་པོར་བརྩིགས་ཏེ་ཡོད་པས“རྒྱ་མཚོ་གམ་དུ་བཞག་ནས། གོ་གྱོང་མཆིལ་མས་སྦངས”བའི་བརྟུལ་ཞུགས་ནི་དེ་ལས་ཀྱང་བརྟེན་མི་དགོས་པར་ངེས། མ་ཟད་ཁུང་ཙིའི་སློབ་གསོ་ཡི་དམིགས་འབེན་དང་། སློབ་གསོ་ཡི་ནང་སྙིང་དག་ཞིབ་ཏུ་བྲུས་ན་དེ་དག་དང་བསྡུར་ཐབས་ལྟ་ག་ལ་སྟེ། ཕྱིན་ལོག་གི་ཆ་ཡང་ཤིན་ཏུ་མང་པོ་ཞིག་མཐོང་དུ་མཆིས་པས་འདིར་དེ་ཡི་སྐོར་ཕྲན་ཙམ་གླེང་ན།
གཅིག གུས་སྲོལ་གྱི་དམིགས་ཡུལ།
“ཁུང་ཙིའི་ཀུན་སྤྱོད་སློབ་གསོ་སོགས་ཀྱི་མཐར་ཐུག་གི་དམིགས་ཡུལ་ཅི་ཞིག་ཡིན་ནམ།” དྲི་བ་འདི་ནི་ཁུང་ཙིའི་སློབ་གསོ་གླེང་སློང་བྱེད་སྐབས་དཔྱོད་པ་དང་ལྡན་པའི་སྐྱེས་བུ་དག་ལ་རང་ཤུགས་སུ་འབྱུང་ངེས་ཀྱི་དྲི་བ་ཞིག་རེད། དྲིས་ལན་འདི་གང་ནས་སྙེད་དགོས་ཤེ་ན། དེ་ནི་ཁུང་ཙི་རང་ཉིད་ཀྱི་གསུང་སྒྲོས་ལས་འཚོལ་ཐུབ་སྟེ། ཧྥན་ཁྲི་ཡིས་ཞིང་ལས་སྐོར་གྱི་དྲི་བ་ཞིག་བཀོད་པར་ཁུང་ཙིས་དེ་ལ་རྣམ་འགྱུར་བཟུང་སྟངས་དང་སྐད་ཆ་ཤོད་སྟངས་དེས་གསལ་བཤད་གཏོང་ཐུབ། དེ་ཡང་འདི་ལྟར། ཉིན་ཞིག་ཞིང་ལས་ལ་སྤྲོ་བའི་སློབ་བུ་ཧྥན་ཁྲི་ཡིས་ཁུང་ཙི་ལ“ཇི་ལྟར་ཞིང་ལས་གཉེར་དགོས་པ་རེད”ཅེས་དྲིས་པར། ཁུང་ཙི་མ་དགའ་བའི་ངང་ནས“ང་ཞིང་པའི་འགྲན་ཡ་མིན”ཞེས་ལན་བཏབ། ཧྥན་ཁྲིས་ཡང་བསྐྱར“འོ་ན་ཇི་ལྟར་ཚོད་མ་འདེབས་དགོས་པ་རེད”ཟེར་དུས། ཁུང་ཙིས་ཡང་བསྐྱར“བདག་གིས་སྔོ་ཚོད་པར་མི་དོ”ཞེས་བཤད། ཧྥན་ཁྲི་ངོ་ཚ་དང་བཅས་ཕྱིར་འཁོར་དགོས་བྱུང་། ཁུང་ཙིས་ཧྥན་ཁྲི་ཡི་རྒྱབ་ཕྱོགས་སུ་བལྟས་ཏེ་ཧ་ཅང་མཐོང་ཆུང་གི་ཉམ་དང་བཅས། “ཧྥན་ཁྲི་ཁྱོད་དངོས་གནས་བློ་དམན་རེད་ཨང་། དྲེགས་པས་གུས་ལུགས་བསྟེན་ན་འབངས་ཀྱིས་མི་བཀུར་བར་བྱེད་མི་ཕོད། དྲེགས་པས་བདེན་ལུགས་བསྟེན་ན་འབངས་རྣམས་འགལ་མི་ཕོད། དྲེགས་པས་ཡིད་རྟོན་ལ་གཙིགས་ཆེན་བྱས་ན་འབངས་ཀྱིས་དྲང་བཤད་མི་བྱེད་ག་ལ་སྲིད། གལ་ཏེ་འདི་ལྟར་བྱེད་ཐུབ་ཚེ་ཕྱོགས་བཞིའི་འབངས་མིས་རང་གི་བྱིས་པ་འཁུར་ནས་ཁྱོད་ལ་སྐྱབས་འཇུག་ཞུ་བས་རང་ཉིད་ཀྱིས་ཞིང་ལས་གཉེར་ག་ལ་དགོས”ཞེས་བཤད། གོང་གི་གཏམ་རྒྱུད་འདི་ཡི་སྟེང་ནས་ང་ཚོས་ཁུང་ཙི་ཡི་སློབ་གསོའི་དམིགས་ཡུལ་མཐོང་ཐུབ་པར་འདོད་པ་དེ་བཞིན་ཏེ། དེ་ནི་ཁུང་ཙིའི་སློབ་གསོ་ཡིས་མི་སེར་ལ་དབང་བསྒྱུར་མཁན་ཞིག་སྐྱེད་སྲིང་བྱེད་ཀྱིན་ཡོད་པ་ལས། མི་སེར་ཕལ་བ་དག་གམ། སྤྱིར་བཏང་གི་མི་ཞིག་སྐྱེད་སྲིང་བྱེད་ཀྱིན་མེད་པ་དེ་རེད། དེ་བས་ཁུང་ཙིའི་སློབ་གསོ་ཡོད་ཚད་ཕྱོགས་གཉིས་སུ་བསྡུ་ཐུབ་པ་འདྲ་སྟེ། གཅིག མི་ཆེན་གོང་མ་དག་གིས་ཀུན་སྤྱོད་དམ་ཚུལ་འཆོས་དང་འདྲ་བའི་རྣམ་པ་དེས་མི་སེམས་འགུག་ཅིང་དབང་དུ་བྱེད་ཐབས་ཤིག་དང་། གཉིས། མི་སེར་དཀྱུས་མ་དག་ལ་གུས་ལུགས་དང་ཀུན་སྤྱོད་ཀྱི་སློབ་གསོ་བཏང་སྟེ་གང་འདོད་དུ་བཀོལ་རུང་བའི་གཡུང་མོ་ལུག་ལྟ་བུ་ཞིག་སྐྱེད་སྲིང་བྱེད་པ་དེའོ། དེ་ཡི་སྒྲུབ་བྱེད་དུ་ཁུང་ཙི་རང་ཉིད་ཀྱི་སྐད་ཆ་ཞིག་ཡང་བསྐྱར་དྲངས་ན་འདི་ལྟར། “མི་རྣམས་ཀུན་སྤྱོད་ཀྱིས་སྐྱོང་ཞིང་། གུས་ལུགས་ཀྱི་གཅུན་ཚེ་དེ་རྣམས་ངོ་ཚ་དང་ལྡན་པར་མ་ཟད། སེམས་བག་ལྷོད་ཅིང་དུལ་བར་འགྱུར་རོ། དེ་དདབང་དུ་བསྡུ་བར་སླ”ཞེས་བཤད་ཡོད། ཁུང་ཙི་ཡི་སྐད་ཆ་དུམ་ཚན་འདི་ཡི་སྟེང་ནས་ཁུང་ཙིའི་སློབ་གསོས་ནི་དྲག་པོ་དང་རྣམ་པ་མི་འདྲ་བའི་མི་རྣམས་དབང་བསྒྱུར་བྱེད་སྟངས་ཤིག་བསྟན་ཀྱིན་ཡོད་པ་ལས་གཞན་གང་ཡང་མིན་པ་དེའོ། །
དེ་འདྲའི་བྲན་གཤིས་འདྲེས་མའི་ཀུན་སྤྱོད་སློབ་གསོ་སོགས་སྤེལ་སླད་ཆི་རྒྱལ་ཁབ་དང་། བེ་རྒྱལ་ཁབ་སོགས་སུ་སོང་སྟེ་དཀའ་ལས་མང་ཙམ་བརྒྱབས་ཀྱང་ཁུང་ཙི་རང་ཉིད་འཚོ་གནས་སྐབས་ནུས་པ་གང་ཡང་ཐོན་མ་ནུས། དེ་ནས་ལོ་བརྒྱ་ཕྲག་འགའི་རྗེས་སུ་རྒྱ་ནག་པོའི་མི་རིགས་དག་རྒྱལ་ཁབ་གཅིག་ཏུ་གྱུར་ཞིང་། དེ་དུས་རྒྱལ་པོ་དག་ལ་མི་སེར་རྣམས་དབང་སྒྱུར་བྱེད་ཀྱི་ལག་ཆ་ཞིག་མཁོ་བཞིན་ཡོད་པས་དེ་ལ་དེ་མཐུན་གྱི་ཁུང་ཙིའི་སློབ་གསོ་ཚུར་ལེན་བྱས་ཏེ། ཁུང་ཙི་ཚད་མའི་སྐྱེས་བུ་དང་། ཁུང་ཙིའི་གསུང་ཚད་ཐུབ་ཀྱི་གཞུང་དུ་བཀུར་བར་བྱས། དེ་ལྟར་མུ་ནས་མུ་རུ་སོང་སྟེ་མཐར་ཁུང་ཙི་མི་ནས་ལྷ་རུ་བསྒྱུར་ཞིང་། དེ་ཡི་ལྷ་ཁང་ཀྱང་མང་དུ་བཞེངས་ཡོད་པར་གྲགས་ལ། བོད་པ་དག་གིས་ཀྱང“ཀོང་ཙེ་འཕྲུལ་གྱིས་རྒྱལ་པོ་དང་། །”ཞེས་གནའ་ནས་ད་ལྟའི་བར་སྐད་གསང་མཐོན་པོས་དབྱངས་སུ་གྱེར་ཏེ་རྒྱང་འབོད་བྱེད་ཀྱིན་ཡོད་སྐད། འདས་པའི་ལོ་རྒྱུས་ལས་བྱུང་བ་ཇི་བཞིན་ད་ལྟའི་ལྷ་མེད་སྨྲ་བའི་རྒྱ་ནག་གཞུང་གིས་ཀྱང་ད་ནི་དམིགས་ཡུལ་གང་ཞིག་གི་སླད་དུ་ཁུང་ཙི་ལྷ་རུ་བསྒྱུར་ཞིང་། ཉིང་དགོས་ཅི་ཞིག་གི་ཆེད་དུ་ཁུང་ཙི་དཀོན་མཆོག་ཏུ་བཀུར་ཏེ་ལྷ་མེད་སྨྲ་བའི་རིང་ལུགས་ལ་མཇུག་སྡོམ་རྒྱག་རྩིས་ཡོད་པ་འདྲ།
གཉིས། ཟུར་ཁ་མི་མཉམ་པའི་གུས་སྲོལ།
སྤྱི་རིགས་ནས་བཤད་ན་ཁུང་ཙིས་མི་མཆོག་དམན་ཀུན་ལ་ཡང་དག་པའི་ཀུན་སྤྱོད་དང་གུས་ལུགས་ཤིག་ཡོད་དགོས་པར་འདོད་ཀྱིན་ཡོད་མོད། འོན་ཀྱང་ཁོས་ལྟ་སྟངས་ལ་མི་ཆེན་དང་སྤྱིར་བཏང་གི་མི་གཉིས་ལ་ཡོད་དགོས་པའི་ཀུན་སྤྱོད་དང་གུས་ལུགས་དེ་གཏན་ནས་འདྲ་བ་མ་ཡིན་ལ། དེ་གཉིས་ནི་མཐར་གཏུགས་ན་དབང་སྒྱུར་བ་པོ་དང་དབང་བསྒྱུར་བྱ་གཉིས་ལ་ཡོད་དགོས་པའི་ཀུན་སྤྱོད་དང་གུས་ལུགས་ཀྱི་ཧེ་བག་དེ་རེད།
དེ་ཡང་ཇི་ལྟར་ན། མི་ཆེན་དག་གིས་གུས་ལུགས་བསྟེན་ཚུལ་ནི་གོང་དུ་ཁུང་ཙི་རང་ཉིད་ཀྱིས་ཧྥན་ཁྲི་ལ་ “དྲེགས་པས་གུས་ལུགས་བསྟེན་ན་འབངས་ཀྱིས་མི་བཀུར་བར་བྱེད་མི་ཕོད།” ཅེས་བཤད་པ་ལྟར་འབངས་རྣམས་འདུལ་ཐབས་ཤིག་རེད་ལ། “མིང་ཚུལ་དང་མཐུན་དགོས”པ་ལས་གཞན་ཀུན་སྤྱོད་དང་གུས་ལུགས་རང་གི་ངོ་བོ་ནི་མི་སེར་དག་རང་གི་དམན་པར་བལྟས་ཏེ། གསོས་ཁྱི་ལྟར་མགོ་ལ་བྱིལ་བྱིལ་བྱེད་པ་དང་། ཐོད་པ་གཏུགས་པ། ངག་ནས“སྙིང་མ་རྗེ”དང“ཉམ་ཆུང་ཁྱོད་བདག་གིས་གཅེས་པར་བསྐྱང”ཞེས་རྗོད་པ་སོགས་གཅེས་ཚུལ་འདྲ་ལ་སྐབས་རེར་མཐོང་ཆུང་དུའང་འགྲོ་སྲིད་པ་དེ་ནི་ཁུང་ཙིས་མི་ཆེན་ལ་ཡོད་དགོས་པར་བཤད་པའི་གུས་ལུགས་རེད། འདི་ནི་ང་ཚོའི་མི་ཆེན་འགའ་ཞིག་བྱེད་སྟངས་དང་གཅིག་པ་རེད། ཁུང་ཙིའི་ལུགས་ལ་མི་སེར་དག་གིས་གུས་ལུགས་བྱེད་སྟངས་ནི་དེ་ལས་ལྡོག་པ་སྟེ། ཁུང་ཙི་རང་གི་སྐད་ཆའི་བབ་དང་བསྟུན་ཏེ་བཤད་ན“གཉོམ་པོས་གུས་ལུགས་བསྟེན་ན་རྒྱལ་བོས་བྱམས་པས་སྐྱོང་ངེས”ཞེས་པ་སྟེ། དེ་ཡང་གུས་ལུགས་རང་གི་ངོ་བོ་མི་ཆེན་དང་རྒྱལ་བོའི་མདུན་ནས་མགོ་དུད་ཅིང་ལུས་སྒུར་བ་དང་། ངག་མི་འཁྲོལ་ཞིང་དབུགས་ཀྱིས་ཀྱང་འདང་དཀའ་བར་གྱུར་བ་ལྟ་བུ་དགོས་པར་བསྟན་ཡོད་ལ། བྲན་གཤིས་འདྲ་ལ་ཀུན་སྤྱོད་དུའང་སྒྲོག་རུང་བའི་སྤྱོད་པ་འདི་དག་ཁུང་ཙིས་བཤད་པའི་སྤྱིར་བཏང་གི་མི་སེར་རྣམས་ལ་དགོས་པའི་གུས་ལུགས་དང་ཀུན་སྤྱོད་རེད། དེ་བས་ཁུང་ཙིའི་སློབ་གསོ་ནི་ཟུར་ཁ་མི་མཉམ་པའི་དཔེ་དེབ་ཅིག་སྟེ། དེ་ཡི་ཟུར་ག་གཅིག་ནྰ་ཕོ་ལོན་གྱི་རལ་གྲི་དང་དམག་དཔུང་ཡིན་པའི་དབང་དུ་བཏང་ན། ཟུར་གཞན་གཅིག་ནི་མི་སེར་དག་གི་འཇིགས་སྔངས་དང་སྐྱབས་གསོལ་དེ་རེད།
གསུམ། ཁུང་ཙི་རང་ཉིད་ཀྱི་དྲེགས་ཉམས་དང་བྲན་གཤིས།
གོང་དུ་ཁོ་བོས་ཁུང་ཙིའི་སློབ་གསོ་ནི་ངོས་མི་མཉམ་པའི་ཟུར་ཁ་གཉིས་ཅན་ཞིག་རེད་ཅེས་བཤད་པ་ཡིན་ལ། དེ་ཡང་ཟུར་གཅིག་དྲེགས་ཉམས་ཅན་གྱི“གོང་མ་དག་གི་ཚུལ་འཆོས”དང་། ཕྱོགས་གཞན་ཞིག་ནི་ཉམ་ཆུང“མི་སེར་དག་གི་བྲན་གཤིས”དེ་རེད། དེ་ཡི་རྣམ་གཞག་ཕྱོགས་ཙམ་ཞིག་ཁུང་ཙི་རང་ཉིད་ཀྱི་གསུང་སྒྲོས་དག་ཁུངས་སུ་བྱས་ཏེ་གོང་དུ་བཤད་ཟིན་མོད། ད་དུང་དེ་ཙམ་གྱིས་ཀྱང་བརྡ་འཕྲོད་པར་མ་གྱུར་ན་ཁུང་ཙི་རང་ཉིད་ཀྱི་གཤིས་སུ་གྲུབ་པའི་རྣམ་པ་དེས་གསལ་བོར་ཤོད་ནུས།
དེ་ཡང་ཁུང་ཙིས་རང་གི་གོང་མ་རྒྱལ་བོ་སོགས་དང་འཕྲད་ཚེ་ཀུན་སྤྱོད་གང་འདྲ་ཞིག་བསྟེན་གྱིན་ཡོད་དམ་ཞེ་ན། དེ་ནི་ཁུང་ཙི་རྒྱལ་བོའི་ཕོ་བྲང་དུ་འགྲོ་བའི་ཀུན་སྤྱོད་དེས་ཤེས་ནུས་ཏེ། དེ་ཡང《ཁུང་ཙིའི་གསུང་སྒྲོས》ལས་འདི་ལྟར། “ཁུང་ཙི་ཕོ་བྲང་གི་སྒོ་ཆེན་ནས་འཛུལ་དུས་གུས་ཞུམ་བྱེད་པ་ནི་རང་ཉིད་སྡོད་ས་མེད་པ་དང་མཚུངས་སོ། །འགྲེང་ན་སྒོ་དཀྱིལ་དུ་མི་འགྲེང་བ་དང་། འགྲོ་ཚེ་སྒོའི་མ་ཐེམ་ལ་མི་བརྫིའོ། །རྒྱལ་བོའི་དྲུང་ནས་འགྲོ་ཚེ་བཞིན་ལ་གཟབ་བག་ལྡན་ཞིང་གོམ་པ་མྱུར་མོར་སྤོ་ལ་གཏམ་སྨྲ་ཚེ་དབུགས་མི་འདང་བ་དང་མཚུངས་སོ། །སྨད་གོས་ཡར་ལ་བཏེགས་ཏེ་གོང་མའི་ཚོམས་སུ་འགྲོ་ཞིང་བག་ཡོད་གཟབ་ནན་སྒོས་དབུགས་ཁོག་ལ་བསྐྱིལ་ཏེ་འབྱིན་རྔུབས་མི་བྱེད་པ་བཞིན་ནོ། །” ཞེས་བྲིས་འདུག བྲན་གཤིས་འབུར་དུ་དོད་པའི་ཁོའི་རྣམ་འགྱུར་འདི་ནི་ཁོས་གོང་མ་དག་ལ་གུས་ལུགས་བྱེད་སྟངས་ཡིན་ལ། འདིས་ནི་ཁུང་ཙི་མི་ཆེན་གྱི་མདུན་ནས་མི་ག་འདྲ་ཞིག་ཡིན་ཀྱང་གསལ་བོར་རྟོགས་ནུས་ཏེ། དེ་ནི་སྐྲག་སྣང་གི་ཁྲོད་རང་ཉིད་འབོར་ཞིང་གོང་མས་གང་བཤད་ལ་ལགས་སོ་ལས་གང་ཡང་ཟེར་མི་སྤོབས་པ་དེ་འདྲ་ཞིག་མ་ཡིན་གྲང་། དེ་ཡང་ཡིན་ཏེ། རྒྱལ་བོའི་མདུན་ནས“དབུགས་མི་འདངས་”བ་དང“འབྱིན་རྔུབས་མི་བྱེད་པ”ལྟ་བུར་ངེས་པ་དེས་ངག་ཀྱང་ཇི་བཞིན་འཁྲོལ་མི་སྲིད་པས། དེ་འདྲའི་བྲན་གཤིས་ལྡན་པའི་རྣམ་པ་དེ་མཐོང་ཚེ་ཁུང་ཙི་ནི་ཁུང་ཙི་ཙམ་སྟེ། མི་ཆེན་གྱི་སྔུན་ན་སྤྲེའུ་དང་མཚུངས་པའི་དེང་གི་བྲན་གཤིས་ལྡན་པའི་མི་འགའ་རེའི་རང་བཞིན་དང་ཀུན་ནས་མཚུངས་པ་མ་ཡིན་ནམ་སྙམ། །འོན་ཀྱང་བྲན་གཤིས་སམ་ཡང་ན་བཀས་བཀོད་བརྒྱུད་འཛིན་ལ་ལོབ་པའི་སྤྱི་ཚོགས་དག་ཏུ་ནི་འདི་འདྲའི་བྱ་སྤྱོད་དག་ཁྱད་ཆོས་ཤིག་ཏུའང་བགྲང་བར་ངེས། དེ་ནི་ཁུང་ཙིའི་བཤད་པའི་སློབ་གསོ་ཡི་གསོན་དཔེ་ངོ་མ་དེ་ཡིན།
འོ་ན་ཁུང་ཙིས་རང་ལས་དམན་པ་ལ་བསྟན་པའི་ཀུན་སྤྱོད་དེ་གང་འདྲ་ཞིག་ཡིན་ནམ། དེ་ནི་ཁུང་ཙིས་རང་གི་སློབ་མ་ཧྥན་ཁྲི་ཡིས་ཞིང་ལས་སྐོར་གྱི་དྲི་བ་བྱེད་སྐབས་མཐོང་ཆུང་དང་ཁྱད་གསོད་བྱས་པའི་རྣམ་པ་དེ་དང་། ཙིལུའུས་གལ་ཏེ་རང་ལ་རྒྱལ་ཁབ་ཅིག་སྐྱོང་དུ་བཅུག་ཚེ་ཡང་དག་པར་སྐྱོང་ནུས་ཚུལ་བཤད་ཚེ་དེ་ལ་ཁྲེལ་འཛུམ་བྱས་ཤིང་། ཙིན་ཏིན་གྱིས་ཁྱེད་ཙིལུའུ་ལ་ཁྲེལ་འཛུམ་བྱེད་དོན་ཅི་ཡིན་དྲིས་ཚེ་དེ་ལ་གུས་ལུགས་མི་འདུག་ཅེས། ཙིལུའུ་ཡིས་ཁུང་ཙི་རང་ལ་བྲན་གཤིས་ཚང་བའི་གུས་ལུགས་མ་བྱས་པ་རྒྱུ་མཚན་དུ་བྱས་ཏེ་་ཁྲེལ་འཛུམ་བྱས་པ་སོགས་ལ་བལྟས་ན། རྐྱེན་དང་འཕྲད་ཚེ་ཁུང་ཙི་རང་གིས་རྒྱུན་དུ་ཤོད་ཀྱིན་པའི་གུས་ལུགས་ཞེས་པ་དེ་རང་སྟེང་ན་འཛོམ་པ་ལྟ་ག་ལ་སྟེ། དེ་ཡི་ལྡོག་ཕྱོགས་སུ་གྱུར་ཡོད་དེའོ། །དེ་ལྟ་མ་ཡིན་ན་ཙིལུའུས་ཁོ་བོ་ལ་རྒྱལ་ཁབ་ཅིག་སྐྱོང་དུ་བཅུག་ཚེ་ལོ་གསུམ་ནས་ཡང་དག་པར་སྐྱོང་ནུས་ཚུལ་བཤད་སྐབས་ཁྲེལ་འཛུམ་བྱས་པ་དང་། ཁུང་ཙི་རང་གིས་གལ་ཏེ་ཁོ་བོ་ལ་རྒྱལ་སྲིད་ཅིག་སྐྱོང་དུ་བཅུག་ཚེ་ལོ་གཅིག་ཙམ་ནས་ལེགས་པར་སྐྱོང་ནུས་ཚུལ་བསྟན་པ་དེ་ཁྱད་ཆོས་ཤིག་ཏུ་འགྲོ་ཚུལ་ག་ལ་ཡོད་ཨང་།(འདི་དག་ཁུང་ཙིའི་ལོ་རྒྱུས་དང་གསུང་སྒྲོས་སོགས་སུ་གསལ། )
ཁུང་ཙིས་གོང་མ་དག་གི་མདུན་ནས་བྲན་གཤིས་ཅན་གྱི་གུས་ལུགས་བསྟེན་པ་ནི་རྒྱུན་ལྡན་གྱི་ཀུན་སྤྱོད་ཅིག་སྟེ། དེ་ནི་ཁོས་སློབ་གསོ་ཡི་ཐོག་མཐའ་ཀུན་ཏུ་འབངས་རྣམས་རྒྱལ་བློན་སོགས་རང་གི་གོང་མ་དག་ལ་བློ་དཀར་དགོས་ཚུལ་དང་། དེ་ལ་གུས་བརྩི་བྱེད་དགོས་ཚུལ། དེ་ཡི་ཁ་ལེན་ཚིག་རྩི་བྱེད་དགོས་ལུགས་སོགས་མང་དུ་བཤད་ཡོད་པ་དེ་རེད། འོན་ཀྱང་ཕྱི་མ་ནི་རྐྱེན་དང་འཕྲད་ཚེ་ནང་རྟགས་ཕྱིར་མངོན་པ་ཙམ་ལས་གཞན་དུ་ཁུང་ཙི་རང་གིས་རྒྱུན་དུ་ཚུལ་འཆོས་ལྟ་བུའི“དྲེགས་ཉམས་ཅན་གྱི་གུས་ལུགས”དེ་བརྟེན་གྱིན་ཡོད་པ་འདྲ།
རྩོམ་ཁུངས། བཙན་པོ་ཚང་། http://www.tsanpo.com/forum/10827.html
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།