དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན།

དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།

རྩོམ་པ་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།

དེ་ཡང་ཆུ་ཚོད་བཟོ་ན། ཕྱེད་བཅས་འཁོར་ལོའི་ཆུ་ཚོད་ཞེས་པ་ཁྱིམ་བཅོ་བརྒྱད་ཀྱི་ཆུ་ཚོད་ལ་བརྒྱ་སོ་ལྔ་པ་བཅོ་བརྒྱད་དེ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་ཡོད་ལ། དེ་ལས་ཟླ་རྐང་འགྲོས་བཞིའི་མྱུར་རྐང་ཉེར་ལྔ་པ་ཕྲག་བཞི་སྟེ་བརྒྱ་དང་། གཟའི་ཆུ་ཚོད་བདུན་གྱིས་སྦྱངས་པའི་ལྷག་མ་ལ་ཉིས་སྟོང་སུམ་བརྒྱ་ཉེར་གསུམ་བྱུང་བ། སྔར་གྱི་ལོ་བརྒྱའི་འཕོ་ཞག་གམ་ཉི་ཟླའི་ཞག་དང་གྲངས་མཚུངས་པར་འབྱུང་བ་དེ་རྣམས་ཀྱང་ཤེས་རབ་གཡས་རྒྱུ་དང་ཐབས་གཡོན་རྒྱུ་གཉིས་སྡུད་བསྐྱེད་ཀྱི་དབྱེ་བས་འཆི་རླུང་གིས་ཟོས་པས་སོ། །བཞི་པ་ནི། མི་མཉམ་ཟླ་བ་ལ་འཆི་ཞག་སོ་གསུམ་ཡོད་པ་བཞིན་དུ་ཉི་མས་རྩ་བརྒྱད་པ་སོགས་གཅོད་པ་ལ་ཡང་འཚོ་ཞག་དང་མ་འདྲེས་པའི་འཆི་ཞག་སོ་གསུམ། དབུ་མ་དུས་འཆི་ལ་ཡང་རྒྱུ་ཞག་སོ་གསུམ་གྱི་བར་དུ་བརྒྱུས་པས་དཀྱིལ་འཁོར་དང་ཡོན་ཏན་རྣམས་འདོར་བས་ན་དམན་པ་ཟླ་བ་དང་། བར་པ་ཉི་མ་དང་གསལ་བྱེད་ལྷག་པའི་སྒྲ་གཅན་གྱི་འཆི་བ་གསུམ་ལ་རིམ་པ་བཞིན་དུ་སྡེ་པ་དབྱངས་བཅས་དང་དབྱངས་རྐྱང་པ་དང་གསལ་བྱེད་རྐྱང་པ་རྣམས་འཆར་ཞིང་ཞག་སུམ་ཅུ་གཉིས་དང་ཉིན་ཞག་གཅིག་གིས་རི་བོང་ཅན་དང་བཅས་པས་ཉི་མས་རྩ་གཅད་པ། མཐར་ཞག་སུམ་ཅུ་དང་། མཚན་མོ་གསུམ་གྱིས་རྡོ་རྗེ་གསུམ་དང་བཅས་པའི་ཕུང་སོགས་འདོར་བར་གསུངས་སོ། །གསུམ་པ་འཇིག་ཚུལ་དངོས་ལ་འཆི་བའི་ཉིན་ཞག་ལ་སྲོག་དབུ་མར་ཞུགས་ཏེ། དུས་ཀྱི་རླུང་མུན་པ་ཅན་གྱིས་མནན་ཏེ། དང་པོར་ལྟེ་བའི་ས་ཁམས་ཡོན་ཏན་ལྔའི་རང་བཞིན་དོར་ནས་ས་ཁམས་ཆད། དེ་ནས་སྙིང་མགྲིན་དཔྲལ་གཙུག་ཏུ་ཆུ་མེ་རླུང་མཁའ་ཡོན་ཏན་བཞི་གསུམ་གཉིས་གཅིག་གི་རང་བཞིན་དོར་ནས་ཆུ་མེ་རླུང་མཁའི་ཁམས་ཆད་པ་ནི། སྟེང་དུ་ཟླ་བའི་ཡོན་ཏན་ལྔ་འདོར་བའོ། །དེ་ནས་ལྟེ་བའི་ལུས་ཀྱི་ཐིག་ལེའི་ཆོས་ཀྱི་ཐུར་སེལ་དོར་བས་སང་བའི་གནས་སྐབས་ཟད་པར་བྱེད། དེ་བཞིན་དུ་གསང་ནོར་དུ་ངག་དང་ཡིད་ཀྱིས་དོར་བས་རྨི་གཉིད་སད་ལ་དེ་དང་དུས་མཉམ་དུ་སྟེང་གི་རྡུལ་རྣམས་ཀྱང་སྲོག་གིས་བཞི་འདོར་བ་ནི་འོག་ཏུ་ཉི་མའི་ཡོན་ཏན་གསུམ་འདོར་བའོ། །མཐར་རྡུལ་གྱི་ཟླ་བ་ཕབ་ནས་འཕོ་བའི་དུས་སུ་ཡེ་ཤེས་ཀྱི་ཁམས་འདོར་ཞིང་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཁུ་བ་འོག་དང་རྡུལ་སྟེང་དུ་དོར་བས་བཞི་པའི་གནས་སྐབས་རྣམས་ཆད་པ་ན་འཆི་བའི་སྲིད་པ་མངོན་དུ་གྱུར་པ་སྟེ་མངལ་སྐྱེས་ཀྱི་ལུས་འཇིག་པའི་ཚུལ་གྱིས་མཐའ་ནི་དེ་ལྟ་བུ་ཡིན་ལ། འཇིག་པ་བརྩམ་པ་ནི་མངལ་མགོ་ནས་བགྲངས་པའི་ཟླ་བ་བཅུ་གསུམ་གྱི་མཇུག་ནས་རྩ་ཕྲན་གཉིས་གཉིས་ཆད་པ་སོགས་ནས་ཚུགས་ལ་དུས་མིན་དུ་འཆི་བ་ལ་ནི་ཇི་སྐད་དུ་བཤད་པའི་རླུང་གི་རྒྱུ་ཚུལ་ལོག་པས་རྩ་ཁམས་འདོར་བ་ཡིན་པས་ན། རྩ་རླུང་ཐིག་ལེ་ལ་གཅེས་སྤྲས་སུ་བྱས་ཏེ་གནས་པ་མི་ཉམས་པ་དང་། ཉམས་པ་གསོ་བའི་ཐབས་ལ་འབད་པར་རིགས་པ་ཡིན་ནོ། །འདིར་སྨྲས་པ། སྒྲུབ་གཞི་རྡོ་རྗེ་ལུས་ཀྱི་གནས་ཚུལ་ཤེས། །སྒྲུབ་འབྲས་རྡོ་རྗེ་འཆང་གི་གོ་འཕང་འདོད། །སྒྲུབ་ཚུལ་རྡོ་རྗེ་ཐེག་ལས་གཞན་མེད་ན། །སྒྲུབ་བྱེད་རྡོ་རྗེའི་རྣལ་འབྱོར་ཅིས་མི་བསྒོམ། །ད་ནི་འཇིག་པའི་བསྲུང་བ་ལ་ལུས་ཉམས་པ་དང་། སེམས་ཉམས་པ་བསྲུང་བའོ། །དང་པོ་ལ། རང་གི་དང་། གཞན་གྱི་བསྲུང་བའོ། །དང་པོ་ལ་བསྲུང་དགོས་པར་བསྟན། ཇི་ལྟར་བསྲུང་བའི་ཐབས། སྲུང་བའི་ཆ་རྐྱེན་གཞན་བཤད་པའོ། །དང་པོ་ནི། ལུས་མ་བསྲུངས་ན་དངོས་གྲུབ་གཉིས་ཀ་མི་འགྲུབ་པས་བསྲུང་དགོས་པར་ནན་གྱིས་གསུངས་པས་ལུས་ཆུད་ཟོས་སུ་གཏོང་བ་ལ་ཡ་མི་ང་བ་དག་ནི་རྡོ་རྗེ་ཐེག་པ་ལས་རྒྱབ་ཀྱིས་ཕྱོགས་པའོ། །བསྒྲུབ་བྱ་དངོས་གྲུབ་གཉིས་ཀྱི་ལམ་གྱི་གཙོ་བོ་ནི། སྦྱོར་བ་ཡན་ལག་དྲུག་པ་ཡིན་པར་སྐབས་འདིར་གསུངས་པས་སེམས་འདུལ་བ་ཙམ་དང་བསྐྱེད་རིམ་ཙམ་གྱིས་འགྲུབ་པར་སེམས་པ་སྤངས་ཏེ་རྡོ་རྗེའི་རྣལ་འབྱོར་ལ་གཙོ་བོར་བྱའོ། །གཉིས་པ་ལ་རླུང་སྦྱོར་གྱིས་དང་། སྨན་སྦྱོར་གྱིས་བསྲུང་བའི། དང་པོ་ལ། འཆི་བ་བླུ་བའི་དང་། ནད་ཞི་བའི་དང་། བསྙེན་པ་མ་སོང་བའི་རླུང་སྦྱོར་ཏེ་གསུམ་དང་། ཞར་ལ་སྲོག་རྩོལ་གྱི་ཚད་ངེས་སོགས་སོ། །དང་པོ་ནི། སྟེང་དུ་སྲོག་འཛིན་གྱིས་ཟླ་བའི་ཡོན་ཏན་དྲི་གཟུགས་རོ་རེག་སྒྲའི་རང་བཞིན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རླུང་རྣམས་ལྟེ་སྙིང་མགྲིན་དཔྲལ་གཙུག་ཏོར་ནས་རིམ་གྱིས་ལུགས་འབྱུང་དུ་ཕྱིར་འབྱུང་ཞིང་ལུགས་ལྡོག་ཏུ་ནང་དུ་སྡུད་ལ། འོག་ཏུ་ཐུར་སེལ་གྱིས་ཉི་མའི་ཡོན་ཏན་སྙིང་རྡུལ་མུན་པའི་རང་བཞིན་ལུས་ངག་སེམས་ཀྱི་རླུང་རྣམས་ལྟེ་གསང་ནོར་བུ་ནས་རིམ་གྱིས་དེ་བཞིན་དུ་བྱེད་པས། སྲོག་ཐུར་ཕྱིར་འབྱུང་བས་འཆི་བའི་རྒྱུ་དང་ནང་དུ་སྡུད་པས་མི་འཆི་བའི་རྒྱུ་བྱེད་པས་ན། སངས་རྒྱས་དང་ལྷ་མོ་འོག་གི་བཤང་གཅི། འཇིགས་མེད་དང་ལག་པའི་པདྨོ་སྟེང་གི་ཉི་ཟླའི་རྒྱུ་བ་རྣམས་སྒྲུབ་ལེར་བཤད་པའི་རྣལ་འབྱོར་གྱིས་བུམ་པ་ཅན་དུ་བྱས་ཏེ་ནང་དུ་བསྡུས་ན། སྐྲ་དང་སེན་མོའི་མཐར་ཐུག་པའི་རྩ་ཆད་པ་དང་བསྐེམས་པ་ཐམས་ཅད་རིམ་གྱིས་གང་ནས་ལེགས་པར་སོས་ཏེ་འཆི་བ་བླུས་པར་འགྱུར་ཏེ་མན་ངག་གཞན་དུ་གསལ་ལོ། །གཉིས་པ་ནད་སྤྱི་དང་། བྱེ་བྲག་མཛེ་ནད་ཞི་བའི་རླུང་སྦྱོར་རོ། །དང་པོ་ནི། ལྟེ་བའི་རེ་བཞི་དང་གསང་གནས་ཕྱི་སྐོར་གྱི་བཅུ་དྲུག་སྟེ་རྩ་བརྒྱད་ཅུས་རླུང་གི་ནད་དང་། སྙིང་མགྲིན་གྱི་བཞི་བཅུས་མཁྲིས་པའི་དང་། དཔྲལ་གཙུག་གི་ཉི་ཤུས་བད་ཀན་གྱི་དང་། གསང་བའི་བར་སྐོར་བཅུས་འདུས་པ་དང་། རིམས་ཀྱི་ནད་བསྐྱེད་ལ། གསང་གནས་ཀྱི་ནང་སྐོར་དྲུག་གིས་འཆི་བ་བསྐྱེད་པས་ན། སྲོག་རང་སོར་བཞག་སྟེ་ཐུར་སེལ་ནན་གྱིས་བསྐུམ་པས་རླུང་ནད་དང་ལྡོག་པས་བད་ཀན་དང་། གཉིས་ཀ་ཆ་མཉམ་དུ་ཕྱིར་བུས་ནས་ཕྱིའི་རླུང་ཤཱི་ཏ་ནང་དུ་རྔུབས་པས་མཁྲིས་པ་དང་། ལྟེ་བར་ཁ་སྦྱར་བུམ་པ་ཅན་གྱི་འདུས་རིམ་འཕྲོག་པར་ངེས་པས་འབད་པར་བྱའོ། །ལྟེ་བའི་ཁ་སྦྱོར་ཅུང་ཟད་ཕབ་ནས་བརྐྱངས་པས་རྨུ་ཆུ་དང་སྐྲན་གཞང་འབྲུམ་དང་། དབུགས་མི་བདེ་བ་དང་། ལུད་པ་དང་། གློ་བའི་ནད་དང་། མ་ཞུ་བ་རྣམས་སེལ་ལ། དེ་ལ་གནས་བཞིན་དུ་ཉི་མའི་འཆི་ལྟས་ཅན་གྱིས་ནུ་མ་གཡས་དང་། ཟླ་བའི་འཆི་ལྟས་ཅན་གྱིས་གཡོན་གྱི་རྩ་མཆན་ཁུང་སོ་སོས་མནན་པས་འཆི་ལྟས་གཉིས་སེལ་ལོ། །དེ་ལ་གནས་བཞིན་པས་རྡོ་རྗེ་སྐྱིལ་ཀྲུང་གི་མཐེ་བོང་གཉིས་ལག་པ་རྒྱབ་ཏུ་བསྣོལ་ནས་བཟུང་ན་མཁྲིས་པས་བསྐྱེད་པའི་རྒྱབ་ཀྱི་ནད་དང་། སྤྱི་བོ་ས་ལ་བཙུགས་ཤིང་རྐང་པ་སྟེང་དུ་བསྣོལ་བས་བད་ཀན་དང་། གན་རྒྱལ་དུ་གནས་ནས་ལྟོ་བ་ལག་མཐིལ་དུ་བཟུང་ན་མ་ཞུ་བ་སེལ་ལོ། །གཉིས་པ་ནི་བུམ་པ་ཅན་གྱིས་ཐིག་ལེ་འཛིན་པར་ནུས་པ་ན་ཀུན་སྤངས་སམ་འབྱོར་ལྡན་གྱི་ལས་རྒྱ་གང་རུང་གིས་བྱང་སེམས་ནོར་བུར་བབ་སྟེ་བདེ་བ་བསྒོམས་ནས་སླར་ལྡོག་སྟེ་ལུས་ལ་སྐྱོན་མེད་དུ་བཀྲམ་པས་མཛེ་ནད་མཐའ་དག་སེལ་ཞིང་རྒས་པ་དང་སྐྲ་དཀར་གཉེར་མ་སོགས་ཀྱང་སེལ་ལ། གསུམ་པ་ནི་རྫོགས་རིམ་གྱི་བསྙེན་པ་མཐར་མ་ཕྱིན་པ་རྣམས་ཀྱི་སྦོགས་ཆོག་བོགས་འདོན་དང་གེགས་སེལ་ཡང་འདི་ཉིད་ཡིན་ཞིང་། དེ་ཡང་ལམ་དང་སེམས་ནི་རབ་ཏུ་གྲོགས་ལས་སོ། །ཞེས་པ་སྟོང་པ་དང་སྦྱར་ཏེ་ནན་ཏུ་བསྒོམ་པས་སོ། །སྲོག་རྩོལ་གྱི་ཚད་ངེས་ནི། ལས་དང་པོ་པས་བུམ་པ་ཅན་ལ་སོགས་པའི་རླུང་སྦྱོར་རྣམས་ཟུག་མི་བསྐྱེད་ཙམ་དུ་དལ་བུས་གོམས་སུ་གཞུག་པར་བྱའོ། །ཧ་ཅང་འབད་དྲགས་ན་འཆི་བར་འགྱུར་ཞིང་། རྣལ་འབྱོར་ལ་སྐུར་འདེབས་འབྱུང་བར་ཡང་འགྱུར་རོ། །གཉིས་པ་ལ་ཀུན་སྤངས་ཀྱི་དང་། བཅུད་ལེན་སྣ་ཚོགས་ཀྱི་དང་། ནད་མང་ཞི་བ་དང་། དངུལ་ཆུའི་བཅུད་ལེན་གྱི་སྨན་སྦྱོར་རོ། །དང་པོ་ནི། རང་གི་ལུས་ལ་ཡོད་པའི་སྨན་གྱི་ནད་སོ་སོ་འཆོས་པ་སྟེ། ཐོ་རངས་ཁ་མ་བཀྲུས་པའི་སོའི་དྲི་མ་སྲིན་མཛུབ་ཀྱིས་བླངས་ནས་མིག་ལ་བྱུགས་པས་མིག་ནད་སེལ་ཞིང་མི་བསྐྱོད་པ་ཅུང་ཟད་དྲོ་བས་ཁ་ནད་དང་། སོ་ནད་དང་། གྲང་མོ་ཐོ་རངས་སྣ་ནས་རྔུབས་པས་མགོ་ནད། མཚན་མོ་རྣ་བར་བླུགས་པས་དེའི་ནད་དང་། གྲང་མོ་མིག་ཏུ་བླུགས་པས་དེའི་ནད། གྲང་མོ་ཚ་བ་གསུམ་དང་བསྲེས་པས་འབྱུང་པོས་གཟེར་བའི་ནད་སེལ་ལོ། །གཉིས་པ་ལ། ནང་གི་བཤང་གཅི་ཁུ་ཁྲག་རྐང་མར་ཕྱིའི་སེར་མུ་ཟི་དང་། བྷྲིང་གི་ར་ཙ་ཟེར་བ་བ་ཤ་ཀ་འདྲ་བའི་སྔོ་ཞིག་བལ་པོར་སྐྱེ་བ་བོད་ན་ཕྱོགས་མཐུན་ར་མོ་ཤག་གི་ཁུ་བ་དང་། དངུལ་ཆུ་དང་། ལྷང་ཚེར་ནག་པོ་དང་། འབྲས་བུ་གསུམ་རྣམས་ཏེ་ཕྱི་ནང་སྦྱར་བའི་དང་པོ་གཉིས་ཆ་གཅིག ལྔ་པ་བཞི་གསུམ། བཞི་པ་ཕྱེད། གསུམ་པ་བཞི་ཆ་རྣམས་ཕྱོགས་གཅིག་ཏུ་སྦྱར་བ། གཉིས་པས་ལན་བདུན་གྱི་བར་དུ་སྒོངས་པའི་རིལ་བུ་གསེར་ཞོ་དོ་རེའི་ཚད་ཙམ་ཞིག་རེ་ལ་སྦང་མར་དང་ལྷན་ཅིག་ཟོས་ན་ཟླ་བ་དྲུག་ནས་ལུས་སྟོབས་དང་ཚེ་འཕེལ་བ་ནི་བདུད་རྩི་ལྔའི་དང་། བུད་མེད་ཀྱི་རྡུལ་དང་ར་མོ་ཤག་གི་ཁུ་བ་སྲོག་དབུ་མར་གཞུག་པའི་བསམ་གཏན་དང་བཅས་པས་སྣ་ནས་རྔུབས་ན་ཟླ་བ་དྲུག་ནས་ལུས་ཀྱི་སྲིན་བུ་དང་སྐྲ་དཀར་སོགས་སེལ་བ་མེ་ཏོག་རྔུབ་པའི་དང་། ཤ་ལྔ་སྦྲང་དང་བསྲེས་པ་ཟོས་པས་ནད་མཐའ་དག་སེལ་བ། སྒྲོན་མ་ལྔའི་བཅུད་ལེན་རྣམས་སོ། །གསུམ་པ་ལ། རླུང་མཁྲིས་བད་ཀན་རྣམས་ལ་རིམ་པ་བཞིན་དུ། སྤྱིར་རོ་དྲུག་ལས་ལན་ཚྭ་དང་སྐྱུར་པོ་གཉིས། མངར་བ་དང་བསྐ་བ་གཉིས། ཁ་བ་དང་ཚ་བ་གཉིས་ཀྱིས་ཕན་ལ། རྒྱམ་ཚྭ་དང་བཅས་པའི་རྔ་མོའི་དང་། ཀ་ར་དང་བཅས་པའི་མ་ཧེའི་དང་། ཚ་བ་གསུམ་དང་བ་ར་ས་པའི་རའི་འོ་མ་རྣམས་ཀྱིས་ཀྱང་ཕན་པ་རླུང་ནད་སོགས་ཞི་བའི་སྨན་སྦྱོར། འདིར་ཁུ་བ་ཐམས་ཅད་རྫས་ཀྱི་བརྒྱད་འགྱུར་བྱས་ནས་བཞི་ཆར་སོང་སོང་རྐོལ་བ་ནི་ཀུན་ལ་སྦྱར་ཏེ། ཛཱ་ཏིའི་འདབ་མ་ཆུ་གཙང་ལ་དང་། ཚ་བ་གསུམ་དང་ལན་ཚྭ་རའི་གཅིན་དང་ཚད་མཉམ་པོར་སྦྱོར་བའི་ཏིལ་མར་ལ་དང་། ན་ག་གེ་སར་དང་གུར་གུམ། མར་དང་ལྡན་པའི་བ་ལང་གི་འོ་མ་ལ་སྦྱར་བ་རྣམས་ཀྱིས་རིམ་པ་བཞིན་ཁ། སོའི་དང་། རྣ་བའི་དང་། སྣའི་ནད་འཇོམས་ཤིང་། ཀརྐོ་ཊི་དང་ལང་ག་ལི་དང་། ཨིཎྜ་ནི་རྣམས་མཁན་པ་འབྲུ་མེད་དང་། ཤོག་ཤིང་དང་། ཏིག་ཏ་དེ་རྣམས་བོང་བུའི་ཆུ་དང་སྦྱར་ནས་བྱུགས་པས་འབྲས་ཀྱི་ཕྲེང་བ་གང་ལའང་ཕན་ཞིང་འདི་ལ་མར་རྙིང་ཚྭ་དང་བཅས་པའི་དུག་ས་དང་། ཉི་མའི་ཤིང་གི་འོ་མ་བྱུགས་པས་ཀྱང་ངོ་། །ཀཎྜ་ཀ་རིའི་དུ་བ་སོག་མའི་སྦུབས་ལྟ་བུ་ལ་དྲངས་ནས་བདུགས་པས་སོ་སྲིན་འཇོམས་སོ། །རྒྱས་པར་སྨན་གྱི་བསྟན་བཅོས་ལ་ཞལ་འཕངས་མཛད་དོ། །སྡིག་པའི་ནད་འབྲུམ་ནད་སེལ་བ་ནི། སྐྱ་ནད་ཀྱི་དུས་སུ་མུན་ཁང་དུ་ཞུགས་ཏེ། མཉམ་པའི་སྟོབས་ཀྱིས་འགྲེང་ལ་ལག་པ་གཉིས་ཐུར་དུ་དཔྱངས་ཏེ་སྙིང་གར་པད་ཟླའི་གདན་ལ་སྣ་ཚོགས་ཡུམ་དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་ཅན་གཡས་མཆོག་སྦྱིན་དང་གཡོན་པད་དཀར་བསྣམས་ཤིང་རྒྱན་གྱིས་བརྒྱན་པ་བསྒོམས་ནས་བུམ་པ་ཅན་བཟུང་སྟེ་ལུས་འགྱེལ་འགྱེལ་གྱི་བར་དུ་བསྒོམས་ཤིང་རླུང་སྦྱོར་བྱས་པ་ཚ་བ་ལས་གྲོལ་གྲོལ་གྱི་བར་དུ་བྱའོ། སྨན་ནི་སྲན་ཆུང་བཏགས་པ་ཆུ་གྲང་ལ་དང་ཐར་པས་ཤི་བའི་ཐོད་པ་བརྡར་བ་རང་གི་དྲི་ཆུ་ལ་སྦྱར་བ་འཐུང་ངོ་། །སྔགས་ནི། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཱ་བཛྲ་ཀཎྜི་ཀཎྜ་ཀཱནྣཱ་ཤ་ཡ་ནཱ་ཤ་ཡ་མ་མ་ཤནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནད་པས་བཟླ་ཞིང་སྨན་པ་སོགས་ཀྱིས་ནི་མ་མའི་གནས་སུ་བསྲུང་བྱའི་མིང་བཅུག་པ་བཟླས་ནས་སྨན་ལ་བཏབ་སྟེ་བཏང་། སྲུང་བ་བྱེད་ནའང་ཡི་གེར་བྲིས་པ་ལ་སྣ་ཚོགས་ཡུམ་གྱི་སྐུར་བསྒོམས་ཏེ་ཞུ་བར་བསམ་པའི་རབ་གནས་བྱས་ནས་སྲད་བུ་དམར་པོའི་བསྲུང་སྐུད་དང་བཅས་པ་གདགས་ལ། གཞན་ཡང་ཧ་ཅང་ཆར་ཆེས། ཆར་ཆུང་པ་ལ་སོགས་པའི་ཡམས་དང་རིམས་ཐམས་ཅད་ལ་བཛྲ་ཀཱཎྜི་ཀཱ་ན་གྱི་གནས་སུ་སྤེལ་ཚིག་སོ་སོར་སྦྱར་བས་འགྲུབ་སྟེ། ཆར་ཆེས་ན་ཝརྵ་བ་ཧུ། ཆུང་ན་ཝརྵ་ཀིཉྩི་ད། རིམས་ལ་སརྦ་ཛྭ་ར་སོགས་སོ། །རྒྱ་བལ་ལྟ་བུའི་ཚད་པ་ཞི་བར་འདོད་ན། མཉམ་པ་དྷཱ་ཏྲི་ཞེས་པ་ཀྱུ་རུ་རའི་ཕྱེ་མ། དྷཱ་ནྱ་ནི་ཀུ་སྟུཾ་བུ་རུའཾ་འུ་སུ། ཏིནྟི་རི་བ་ལུའི་ཕྱེ་མ་རྣམས་ཆ་མཉམ་བྱས་ལ། ཉི་ཟླའི་འོད་ཀྱི་ཆུ་གཙང་མ་དྲི་མ་མེད་པ་རྫས་ཀྱི་བརྒྱད་འགྱུར་སྔར་ལྟར་སྐོལ་བའི་ཁུ་བ་ཀ་ར་དང་། བསྲེས་པ་ཐོ་རངས་གསུམ་ལ་སོགས་པར་བཏུངས་པས་སེལ་ལོ། །བཞི་པ་ནི། ཞོ་གང་དོ་ཙམ་གྱི་གསེར་ལྗང་བརྡུངས་སུ་བྱས་པ་ལེགས་པར་བཅོས་ཏེ། མུ་ཟི་དང་སྟར་བུ་སོགས་ཀྱི་སྐྱུར་པོ་བསྲེས་པ་དང་ལྷན་ཅིག་གཏུན་དུ་ལེགས་པར་བཏགས་ཏེ་གཡའ་དང་ཁུ་བ་དལ་བུས་བཞུར་ནས་ལེགས་པར་བཏུལ་བའི་གསེར་བཏུལ་མ་ཞིག་བྱའོ། །དེ་ནས་ལེགས་པར་བཏུལ་པའི་ཟངས་དང་། རྡོ་ཁབ་ལེན་བཞུ་བའི་ལྕགས་དང་། ལྷང་ཚེར་ནག་པོ་སྐྱུར་པོའི་རྫས་ཀྱིས་སྦངས་ཤིང་བརྡུངས་ཏེ་ལེགས་པར་བཏུལ་བ་དང་། རྡོ་མདུང་རྩེ་ལྟ་བུ་ལྕགས་རྣོན་པོ་སྟེ་བཞི་པོ་འདི་ཆ་སོ་སོར་མཉམ་པ་རྣམས་བསྡོམས་ནས་གསེར་དང་ལྗིད་མཉམ་པར་བྱས་པ་དང་སྔར་གྱི་གསེར་བསྡོམས་པའི་གོང་བུ་གསེར་ཟིལ་གྱི་རྡོའི་ཕྱེ་མས་ལེགས་པར་བཏབ་པ་ཀོང་བུ་བཟང་པོར་བླུག་སྟེ། སོལ་མེས་ཡུན་རིང་དུ་བཞུ་སྟེ་གསེར་ལས་གཞན་པ་རྣམས་ཚིག་ནས་ཟད་ཟད་ཀྱི་བར་དུའོ། །དེ་ནས་དེའི་ཉིས་འགྱུར་གྱི་དངུལ་ཆུ། སོ་ཕག་གི་ཕྱེ་མ་དང་། མཆུ་ར་དང་། བ་ཚྭ་དང་། ལན་ཚྭ་དང་། དུག་དང་། མུ་ཟི་དང་། སྟར་བུ་དང་། མི་རྟ་བ་ལང་གི་དྲི་ཆུ་རྣམས་དང་སྦྱར་བས་ཉི་མ་བཅུར་བཀྲུ་བ་དང་། རྡོ་གཞོང་དུ་དེ་རྣམས་ཀྱི་དུག་གིས་བདུག་པ་དང་། གླ་ཧེལ་ལྟ་བུ་ལ་ལན་བདུན་བཙིར་བ་རྣམས་ཀྱིས་ལེགས་པར་སྦྱངས་པའི་དངུལ་ཆུ་དང་གསེར་གཉིས་ལྷན་ཅིག་གོང་བུར་བྱས་པ་དེ་ཉིད་བའི་ཕྱུར་ཁུ་ཤིན་ཏུ་དྭངས་པར་བླུག་ལ། འཁར་མེན་གྱི་སྣོད་དམ་ཁྲོ་དཀར་བཟང་པོར་སྐོལ་བར་བྱ་སྟེ། དུ་བ་ཕྱེད་སྐམས་ཀྱི་བར་དུའོ། །དེ་ནས་གོང་བུ་བྱུང་ནས་ཀ་ར་བཟང་པོ་གོང་བུའི་ཉིས་འགྱུར་ཅུང་མེད་དང་བསྲེས་པ་ལ། ཕོ་བ་རིས་ཕྱེ་མ་ཀ་རའི་བཞི་ཆ་ཡང་བསྲེས་པ་ལས་རིལ་བུ་གང་འཚམས་བྱས་ནས་ཐོ་རངས་ཟས་དང་བྲལ་བའི་དུས་སུ་ཟོས་པས་ཟླ་བ་དྲུག་ན་སྐྲ་དཀར་དང་གཉེར་མ་སོས་ནས་ལྷའི་ལུས་དང་འཆི་མེད་ཐོབ་བོ། །
རྩོམ་ཁུངས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་གི་འཕྲིན་སྟེགས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*