ན་མོ་ཨརྱ་ལོ་ཀེ་ཤྭ་ར་ཡ། །ཐུགས་རྗེས་གཟིགས་ཤིག་འཇིག་རྟེན་དབང་ཕྱུག་ཞབས། །མགོན་སྐྱབས་མཛོད་ཅིག་རྗེ་བཙུན་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག་ཐུགས་རྗེའི་གཏེར། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །སྒྲོལ་བའི་དེད་དཔོན་མཛོད་ཅིག་སྤྱན་རས་གཟིགས། །མི་ཤེས་གཏི་མུག་མུན་པ་འཐིབས་ཙ་ན། །གསལ་བའི་སྒྲོན་མེ་མཛོད་ཅིག་སྤྱན་རས་གཟིགས། །དགྲ་ལ་ཞེ་སྡང་མེ་ལྟར་འབར་ཙ་ན། །ཞི་བའི་ཆུ་རྒྱུན་མཛོད་ཅིག་སྤྱན་རས་གཟིགས། །གཉེན་ལ་འདོད་ཆགས་ཆུ་ལྟར་འཁྲུག་ཙ་ན། །གནས་ལུགས་རྟོགས་པར་མཛོད་ཅིག་སྤྱན་རས་གཟིགས། །ནོར་ལ་སེར་སྣའི་མདུད་པས་བཅིངས་ཙ་ན། །གཏོང་བའི་གཉེར་བ་མཛོད་ཅིག་སྤྱན་རས་གཟིགས། །འཆི་ཁར་འཚེར་ཞིང་འཇིགས་པས་སྐྲག་ཙ་ན། །ཞལ་སྟོན་སེམས་གསོ་མཛོད་ཅིག་སྤྱན་རས་གཟིགས། །གཅིག་པོར་བར་དོའི་འཕྲང་ལ་འགྲོ་ཙ་ན། །མཇལ་བའི་མངོན་ཤེས་མཛོད་ཅིག་སྤྱན་རས་གཟིགས། །མ་ངེས་སྐྱེ་གནས་འཚོལ་ཞིང་འཁྱམས་ཙ་ན། །དག་པའི་ཞིང་དུ་སྐྱོལ་ཅིག་སྤྱན་རས་གཟིགས། །མངལ་སྒོ་ལས་ཀྱི་སྡུག་བསྔལ་བྱུང་ཙ་ན། །འོད་ཀྱི་གུར་ཁང་ཕུབ་ཅིག་སྤྱན་རས་གཟིགས།།མི་སེམས་བྱིས་པའི་ལུས་སུ་གྱུར་པའི་ཚེ། །གྲོགས་མཆོག་བཤེས་གཉེན་མཛོད་ཅིག་སྤྱན་རས་གཟིགས། །རྟག་ཏུ་སྤྱི་བོར་བསྒོམས་ཞིང་གསོལ་འདེབས་ན། །རྩ་བའི་བླ་མ་མཛོད་ཅིག་སྤྱན་རས་གཟིགས། །སྙིང་ཁའི་པདྨོར་བསྒོམས་ཞིང་མཆོད་བསྟོད་ན། །ཡི་དམ་ལྷ་ཚོགས་མཛོད་ཅིག་སྤྱན་རས་གཟིགས། །ཕྱི་ནང་རྐྱེན་ངན་བར་ཆད་བྱུང་ཙ་ན། །ཞི་བའི་ཆོས་སྐྱོངས་མཛོད་ཅིག་སྤྱན་རས་གཟིགས། །བཀྲེས་སྐོམ་ནོར་གྱིས་དབུལ་བའི་སེམས་སྡུག་ཚེ། །ཅི་འདོད་དངོས་གྲུབ་སྩོལ་ཅིག་སྤྱན་རས་གཟིགས། །ལྷང་ལྷང་ཡི་གེ་དྲུག་མའི་གསོལ་འདེབས་ན།།རྒྱུན་དུ་ཐུགས་རྗེས་གཟིགས་ཤིག་སྤྱན་ར་གཟིགས། །དགེ་བ་འདི་ཡིས་སངས་རྒྱས་གོ་འཕང་དེ། །མྱུར་དུ་ཐོབ་པར་མཛོད་ཅིག་སྤྱན་རས་གཟིགས། །ཐུགས་རྗེ་མངའ་བདག་འཕགས་པ་སྤྱན་རས་གཟིགས། །ལས་ངན་སྡུག་བསྔལ་ཅན་ལ་དགོངས་སུ་གསོལ། །བདག་སོགས་མི་ལུས་རིན་ཆེན་ཐོབ་གྱུར་ཀྱང༌། །སྒོ་གསུམ་བག་མེད་འདམ་དུ་སོང་བའི་མཐུས། །ཕ་མ་སེམས་ཅན་མང་པོ་སྲོག་དང་བྲལ། །གཞན་གྱི་ནོར་འཕྲོག་འདོད་ལོག་འདམ་དུ་བྱིང༌། །རྫུན་དང་ཕྲ་མ་ངག་འཁྱལ་ཚིག་རྩུབ་དང༌། །བརྣབ་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི།།རྣམ་མང་སྡིག་པའི་ལས་རྣམས་གང་བགྱིས་པ། །ནོང་ངོ་འགྱོད་དོ་འཕགས་པ་སྤྱན་རས་གཟིགས། །སྡིག་པ་མ་ལུས་དག་པར་བྱིན་གྱིས་རློབས། །དགེ་བ་འདི་ཡི་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྤྱན་རས་གཟིགས་དབང་འགྲོ་དྲུག་ཡོངས་ལ་གཟིགས། །ཐུགས་རྗེ་ཆེན་པོའི་སྙིང་རྗེ་རྒྱུན་མི་འཆད། །འཇིག་རྟེན་དབང་ཕྱུག་འགྲོ་བ་ཡོངས་ཀྱི་མགོན། །འགྲོ་བའི་སྐྱབས་གནས་མཆོག་གི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ། །འདི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མ་ནི་བཀའ་འབུམ་ལས་འཕྱུང་བའོ། །
ཀློག་གྲངས། 7,658
Leave a Reply