ཆང་གི་ཉེས་དམིགས་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

རྩོམ་པ་པོ། དཀོན་མཆོག་བློ་བརྟན།

༧ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།
སྙིགས་མའི་དུས་འདིར་རང་གཞན་གཉིས་ཕུང་གི་བཏུང་ངན་ཆང་གི་ཉེས་དམིགས་ཅུང་ཟད་བརྗོད་པ་ལ། ཐོག་མར་ཆང་གི་འབྱུང་ཁུངས་ལ་བསམ་པ། ནང་ཆོས་གཞུང་ལུགས་ལས་མྱོས་བྱེད་ཆང་གི་ཉེས་དམིགས་བརྗོད་པ། གསོ་རིག་གི་གཞུང་ལས་བཤད་ཚུལ། ཚན་རིག་དང་དེང་གི་གནས་ཚུལ་བརྗོད་པ། དེ་དག་གི་གྲུབ་དོན་དང་མཇུག་བསྡུ་བ་ལྔ་ལས།
དང་པོ་ནི། ཆང་ཞེས་བྱ་བའི་སྨྱོ་ཆུ་འདི་ནི། སྔོན་རྒྱ་མཚོ་བསྲུབས་པ་ལས་ལྷ་མོ་མཛེས་སྡུག་མཐོང་ཚད་ཆགས་པས་མྱོས་ནས་བརྒྱལ་འགྲོ་བ་ཞིག་བྱུང་བ་ཚང་བའི་དུག་ཆུང་གི་ལྷ་མོ་དེ་མེ་ཏོག་དཀར་པོ་འདབ་མ་ལྔ་བར་གྱུར་པ་ནི་ཆང་རྩི་མེ་ཏོག་ཅེས་ཆན་ལ་བཏབ་ནས་ཆང་དུ་ལངས་པར་བྱེད་པ་འདི་ཡིན། དེ་ལས་ཆང་ནི་རྩི་ཟེར་བའི་ཕབས་འདི་འཆོས་པ་ཡིན་པས་ཆང་འཐུང་ན་ཉེས་པ་ཆེན་པོ་ཡོད་པའི་རྒྱུ་མཚན་ཀྱང་འདི་ལ་བརྟེན་ནས་མཛེས་པའི་ལྷ་མོས་ངན་སེམས་འཁྱེར་བ་སོགས་ལས་བྱུང་བ་ཡིན།

གཉིས་པ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྲོག་གི་ཕྱིར་ཡང་འཐུང་མི་ཆོག་པར་མདོ་སྔགས་གཉིས་ཀའི་སྐབས་སུ་གསུང་མང་དུ་གསུངས་ལ་དེ་ཡང་མདོ་དྲན་པ་ཉེར་བཞག་ལས། ཆང་ནི་དུག་གི་མཆོག་ཡིན་ཏེ། །ཆང་འཐུང་བ་ལ་བསྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར། །གང་གིས་རྟག་ཏུ་ཆང་བསྟེན་པ། དེ་ཡིས་བློ་ནི་མི་བརྟན་ཞིང། །བློ་གཡོ་བ་ལས་ཆོས་མེད་དེ། །དེ་ལྟ་བས་ནི་ཆང་སྤོངས་ཤིག །ཉམས་བྱེད་ནང་ན་ཉམས་མཆོག་ནི། །ཆང་ཞེས་མཁས་པས་རྣམས་ཀྱིས་བཤད། །དེ་ལྟ་བས་ན་དུག་ལྟ་བུའི། །ཆང་འཐུང་བ་ནི་རྣམ་པར་སྤོངས། །ཆང་གིས་འདོད་ཆགས་སྐྱེད་བྱེད་ཅིང། དེ་བཞིན་ཁྲོ་དང་གཏི་མུག་དག །ཡང་དང་ཡང་དུ་སྐྱེད་བྱེད་པས། དེ་ལྟ་བས་ནས་ན་ཆང་སྤོངས་ཤིག །ཞེས་སོགས་ཆང་འཐུང་བའི་ཉེས་དམིགས་སུམ་ཅུ་སོ་དྲུག་ཡོད་པས་ཆང་འཐུང་བ་དུད་འགྲོས་ཀྱང་སྨད་པར་བྱེད་ན་གཞན་གྱིས་སྨོས་མི་དགོས་པར་གསུངས།
རྒྱུད་རྡོ་རྗེ་རྩེ་མོ་ལས། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་རྣམ་པར་སྤང་བར་བྱ། ཞེས་དང་འདུལ་བ་ལུང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ། སྦྱིན་མཁན་དེ་ཡི་འཁོར་དུ་སྐྱེ། ཞེས་དང་།སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་དང་།མདོ་ལས། ཆང་འཐུང་བ་ནི་ཚ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ། དེར་ལྟུང་བའི་སེམས་ཅན་རྣམས་ནི་ལོ་སྟོང་ཕྲག་མང་པོར་འཚོད་པར་འགྱུར། དེ་ནས་ཕྱིར་ཕྱུངས་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་བརྒྱུགས་པར་བྱེད། །གང་དུ་ཡང་འགྲོ་ས་མེད་པར་ཡང་དང་ཡང་དུ་སྐྱེ་བར་བྱེད་དོ། དེར་དམྱལ་བའི་སྲུང་མ་རྣམས་ཀྱི་མཆིལ་བས་ཉ་འདོན་པ་ལྟར། ལྕགས་བསྲེགས་ཀྱི་ས་གཞི་ལ་འདེབས་པར་བྱེད་དོ་ཞེས་གསུངས།
འདུལ་བ་མདོ་རྩ་ལས། ང་ལ་སྟོན་པའོ་ཞེས་ཁས་འཆེ་བ་རྣམས་ཀྱིས། ཆང་ནི་རྩ་མཆོག་རྩེ་མོས་ཀྱང་བཏུང་བར་མི་བྱ་བར་གསུངས་པ་དང།
དགྲ་བཅོམ་པ་ས་གའི་ལྷས་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། འབྲུ་འམ་བཅོས་པའི་ཆང་དག་ནི། །ཀུ་ཤའི་རྩེ་མོ་ཙམ་ཡང་སྤང། འདི་དག་འཐུང་ངམ་སྟེར་ན་ཡང། །གཉིས་ཀ་བག་མེད་ཁང་ཆེན་ཡིན། ཁ་ཡི་ནང་ལ་མཁུར་ཕུག་ཏུ། །བསྲེས་པ་ཙམ་ལ་ཉེས་པ་མེད། །སྨན་པའི་ངག་གིས་འཐུང་བ་ནི། །སྲོག་ལ་བབ་ཀྱང་འདོད་མི་བྱ། །རྩ་བ་སྡོང་བུ་མེ་ཏོག་འབྲས། །འདབ་མ་ཡང་ནི་མྱོས་བྱེད་དང་། །ཕབས་དང་ཟན་ཆང་བསྲེས་པ་དག །ཟོས་ན་འགལ་ཚབས་ཅན་ཅན་དུ་འགྱུར་ཞེས་སོགས་མང་ངོ་། སློབ་དཔོན་ཤཱཀྱ་འོད་ཀྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་ཀྱང། འབྲས་བུ་ལ་སོགས་ཁུ་བ་བཅོས་པ་ནི། །བཅོས་ཆང་རྒུན་ཆང་བུ་རམ་ཆང་འདྲར་བསྟན། །ཆན་བཏགས་མནན་པར་བྱས་པ་སྦྱར་བའི་ཆང་། །མྱོས་འགྱུར་རྩ་མཆོག་གིས་ཀྱང་བཏུང་མི་བྱ། །སྦྱར་བའི་ཆང་དང་བཅོས་ཆང་གཉིས་འདིར་བསྟན། །དེ་ཀོ་ཏྲ་བ་ལ་སོགས་བཟློག་ཕྱིར་རོ། །མྱོར་འགྱུར་སྨོས་པ་མ་རེད་ཉམས་པ་ཡིན། །བག་མེད་སྨོས་པས་སྤོང་བའི་རྒྱུ་ཡིན་ནོ། །གལ་ཏེ་སྐོལ་དང་དེ་ཡི་ཁ་དོག་ཙམ། །མཐུན་པའམ་མྱོས་པར་འགྱུར་བའི་ཁུ་བ་ཡི། །དངོས་པོ་མ་རེད་ཉམས་འཐུང་ཉེས་མེད་དེ། །འདི་ལྟར་འདིར་ནི་མྱོས་འགྱུར་སྤང་བྱ་ཡིན་ཞེས་སོགས་མང་དུ་གསུངས། འོད་ལྡན་ལས། བཅོས་པའི་ཆང་གི་སྙིགས་མ་ནི་ནུར་རྩི་ཡིན་ལ། སྦྱར་བའི་ཆང་གི་སྙིགས་མ་ནི་སྦང་མ་ཡིན་ནོ། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། བཅས་པའི་ཁ་ན་མཐོ་བ། མྱོས་འགྱུར་ལས་གཞན་སྲུང་ཕྱིར་རོ། ཞེས་དང་། དེའི་རང་འགྲེལ་ལས་ཅིའི་ཕྱིར་མྱོས་པར་འགྱུར་བ་ཁོ་ན་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ཞེ་ན། གཞན་བསྲུང་ཕྱིར་རོ། མྱོས་པར་འགྱུར་བ་འཐུངས་ན་ཡན་ལག་གཞན་དང་གཞན་དག་ཀྱང་མི་བསྲུང་བར་འགྱུར་རོ། གང་མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ནོ། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་པར་འགྱུར་བ་འཐུང་བ་མ་གནང་ངོ་། འདི་སྐད་དུ་དགེ་སློང་དག་ང་སྟོན་པ་ཡིན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ་ཞེས་གསུངས་ཏེ། དེའི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་མངོན་ནོ། ཆོས་མངོན་པ་བ་རྣམས་ན་རེ། ནད་པ་རྣམས་ལ་བཅས་པའི་ཁ་ན་མ་ཐོ་བ་སྤྱིར་བསྟན་མོད་ཀྱི། ཡང་མྱོས་པར་འགྱུར་བའི་དྲོད་མ་ངེས་པར་ཐལ་བར་འགྱུར་བ་ཡོངས་སུ་སྤང་པའི་ཕྱིར་མྱོས་པར་འགྱུར་བ་དམིགས་ཀྱིས་བསྟན་ཏེ། དེ་ཉིད་ཀྱི་ཕྱིར་རྩྭའི་རྩེ་མོས་འཐུང་བ་བཀག་པ་ཡིན་ནོ། ཞེས་སོགས་གསུངས་ལ། ཧ་ཅང་ཀུན་ཏུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི་དེའི་ཞོར་ལ་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་འཇུག་པས་ངན་སོང་པའི་ལས་འཕེན་པའམ་འཇུག་པ་ཐོབ་པའི་ཕྱིར་རོ། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་གྱུར་པ་བག་མེད་པའི་གནས་ཞེས་བྱ་བ་ཡང་སྨོས་པ་སོགས་མང་ངོ་། ཇོ་བོའི་ཞལ་ནས། ཁྱེད་བོད་ཆང་འཐུང་སྟེ་མཆི། དེ་ཙམ་གྱི་དམྱལ་བར་འགྲོ། ཞེས་དང་། ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་ཞལ་སྔ་ནས། སྨན་པའི་ངག་གིས་ནད་ལ་ཕན་ཞེས་སྨྲ་ན་འཐུང་ངམ་ཞེ་ན། སྨན་པའི་ངག་གིས་འཐུང་ཞེས་བསྐུལ་ཡང་འཐུང་བར་ནི་སྲོག་ལ་བབ་ཀྱང་འདོད་པར་མི་བྱའོ། དྲི་མེད་འོད་དུ་ཆང་ལྔ་གསུངས་ཏེ། སྦྲང་རྩི་ལས་བྱུང་བ་སྦྲང་ཆང། བུ་རམ་གྱི་ཆང། འབྲས་ཆང། ཤིང་ལས་བྱུང་བའི་ཆང། དེ་ལས་གཞན་པའི་ཆང་ཞེས་པ་རྣམས་སོ། སྦྱར་བའི་ཆང་ནི། ཨ་རུ་ར་དང་བུ་རམ་སོགས་གསར་དུ་འདུས་པ་ལས་བྱུང་བ་འབྲུའི་ཆང་བཅོས་པའི་ཆང་སོགས་ནང་པ་ལ་ཡང་བཀག་གོ  རྗེ་བདག་ཉིད་ཆེན་པོས་ཀྱང། ཆང་འཐུང་བ་ཕུང་ཁྲོལ་ཏེ་ཉེས་དམིགས་ཀུན་གྱི་རྩ་བར་གསུངས་པ་ནི་རྣལ་འབྱོར་གྱི་རྒྱུད་ཁོ་ན་མ་ཡིན་གྱི་བླ་མེད་དང་ཐུན་མོང་བ་ཡིན་ཏེ། བླ་མེད་ཀྱི་དཀྱིལ་ཆོག་ཚད་ལྡན་དུ་མར་རྒྱུད་རྡོ་རྗེ་རྩེ་མོ་ནས་འབྱུང་བ་ལྟར་གསུངས་པའི་ཕྱིར་རོ།། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི། ཆང་གིས་འདོད་ཆགས་བསྐྱེད་བྱེད་ཅིང་། །དེ་བཞིན་ཁྲོ་དང་གཏི་མུག་དག །ཡང་དང་ཡང་དུ་བསྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཅེས་དང།

གསུམ་པ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་བོད་ཀྱི་མཁས་པ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་དཔལ་ལྡན་རྒྱུད་བཞི་ལས།  ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། །དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ།།ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག །ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། ཞེས་དང་། གཞན་ཡང་གསོ་རིག་གི་ཁྱབ་ཁོངས་ནང་ནས་ཆང་ཚད་མེད་བཏུང་བས། ཆང་བཅུད་ཤིན་ཏུ་མང་པོ་ཁྲག་རྒྱུན་གྱི་ནང་དུ་ཞུགས་ནས། དེས་ཀླད་ཆེན་གྱི་ནང་གི་དབང་རྩའི་ཕྲ་ཕུང་མང་པོ་གསོད་པར་བྱེད་པ་དང། ཡུན་རིང་པོར་དེ་ལྟར་གྱུར་ན་དྲན་འཛིན་གྱི་ནུས་པ་ཤོར་ནས། བརྗེད་ངད་ཅན་དུ་འགྱུར་འགྲོ་བ་དང། མཆིན་པ་ཚོན་པོའི་ནད་དང། མཆིན་པ་མཁྲེགས་འགྱུར་སོགས་མཆིན་ནད་སྣ་ཚོགས་སློང་བར་བྱེད། གནས་ཚུལ་ཚབས་ཆེ་ན་མཆིན་པ་སྤོ་འཛུགས་བྱས་པ་ཁོ་ནས་ཚེ་སྲོག་གི་རྒྱུན་གནས་ཐུབ་ཙམ་བྱེད་ཞེས་གསུངས་ཡོད་པས། ཚེ་སྲོག་ལ་འཇིགས་སྐུལ་ཚབ་ཆེན་བྱེད་པ་ཡིན།

བཞི་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་ཞིང་སྒྲིག་འཛུགས་དང་འཛམ་གླིང་འབྲུ་རིགས་འཆར་གཞིའི་སྤྱི་ཁྱབ་ཁང་གིས་༢༠༠༩ལོར་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས། འཛམ་བུ་གླིང་ཡོངས་ཀྱི་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་དེ་དུང་ཕྱུར་༡༠,༢ཀྱི་ཐོག་གི་ཟིན་ཐོ་གསར་པ་སླེབས་ཡོད་པར་གསལ་བསྒྲགས་བྱས་ཡོད། དེ་ཉིད་བཤད་སྟངས་གཞན་ཞིག་བྱས་ན། འཛམ་བུའི་གླིང་འདི་ནས་མི་དྲུག་རེའི་ནང་ནས་ཉུང་མཐར་ཡང་མི་གཅིག་ནི་ཟས་བཟའ་རྒྱུ་མི་རྙེད་པའི་མི་ཡིན་ཞིང་། དེ་དག་གིས་ཉིན་རེ་བཞིན་དུ་ཁམ་ཟས་མི་རྙེད་པའི་རྒྱུ་མཚན་གྱིས་ཚེ་ཡི་རྒྱུན་གནས་ཐུབ་མིན་གྱི་གནད་དོན་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་ཅེས་པའི་དོན་ཡིན། 2016ལོའི་ཀྲུང་གོའི་དམངས་སྡོད་ཀྱི་ཞལ་ཟས་ཕྱོགས་སྟོན་ལས་འོས་སྦྱོར་ལྟར་ན། དར་མའི་ཆང་འཐུང་ཚད་སྐྱེས་པའི་ཉིན་གཅིག་གི་ཆང་འཐུང་ཚད་ལས་ཁེ་25ལས་བརྒལ་མི་རུང་བ་དང། བུད་མེད་ཀྱི་ཆང་ཁེ་15ལས་བརྒལ་ཚེ་དེ་ལ་རྟེན་ནས་ནད་ཚབ་ཧ་ཅང་ཆེ་བ་སོགས་བཤད་། གསོ་རིག་ཞིབ་འཇུག་པ་ལྟར་ན། ཨ་རགས་དང་ཆང་གིས་རྒྱུན་དུ་རང་གི་དབང་པོ་ལ་གནོད་ཚབས་ཆེ་བ་དང། ནད་རིགས་དྲུག་བཅུ་ལྷག་ཙམ་ཡང་སློང་བར་བཤད་འདུག མ་ཟད་ལོ་ལྟར་མི་ཁྲི་བརྒྱ་བཅུ་ཐམ་པ་༼༨༠༽འཆང་འཐུང་ནས་སྐྲན་ནད་འབྱུང་བ། སྐྲན་ནད་ཀྱི་ནད་རིགས་ཡོངས་སུ་རྫོགས་པ་ལ་ཡང་ཆང་གི་ཧ་ཅང་གནོད་ཚབས་ཆེན་པོ་ཡོད་ལུགས་དང། ཆང་བཅུད་ཀྱི་མཆིན་པའི་ཕྲ་ཕུང་གི་དུག་གཤིས་ནུས་དང། དུས་ཡུན་རིང་པོར་ཆང་འཐུང་ཚད་མང་ན་མཆིན་པའི་ཕྲ་ཕུ་ཤི་བ་དང་རྨ་ཤུལ་མང་པོ་བྱུང་ནས། མཐའ་མར་མཆིན་པ་སྲ་འགྱུར་དབང་གིས་རྒྱུན་ལྡན་གྱི་བྱེད་ལས་མི་ནུས་པ་སོགས་ཀྱི་རྐྱེན་ཡང་རེད་འདུག ཆང་དང་ཨ་རགས་སོགས་ཀྱི་གནོད་ཚབ་ལ་བརྟེན་ནས་རུས་པ་སོབ་སོབ་ཀྱི་ཉེན་ཁའི་རྒྱུ་རྐྱེན་དུ་འགྲ་ོབ་དང། རུས་རྫས་ནང་གི་འདུས་རྫས་ཇེ་ཉུང་དུ་འགྲོ་བ་ལུས་ཀྱི་སྟོབས་ཤུགས་སོགས་ཉམས་པ་ཡང་བྱེད། ཐེངས་གཅིག་ཆང་སོགས་སྤྱོད་པ་མང་བས་སྙིང་ཁྲག་འགག་པ་སྙིང་ཤུགས་ཆད་པ་སོགས་ཀྱི་ཚབས་ཆེའི་སྙིང་འགྲོས་རྒྱུན་ཤོར་སོགས་ཀྱི་ཉེན་ཁ་ལས་ཚེ་སྲོགས་ཉེན་ཁ་ཧ་ཅང་ཆེ་བ་སོགས་མང་།

ལྔ་པ། འགྲོ་མིའི་རིགས་ཀྱི་བཏུང་བ་ཀུན་གྱི་ནང་ནས་མྱོས་པར་བྱེད་པའི་ཆང་འདི་མནའ་ནས་དེང་གི་བར་དུ་མི་རྣམས་ཀྱིས་སེམས་ཁུར་ཧ་ཅང་ཆེ་བ་བྱེད་ས་ཞིག་ཏུ་གྱུར་ཡོད། དེང་གི་དུས་སུ་ནི་འཆང་འཐུང་ན་སྤྱོད་ངན་སྣ་ཚོགས་སྒྲུབ་འོང་བ་ནི་ས་ཆེན་པོ་འདིའི་ཐོག་ཏུ་མ་བགྲོས་གཅིག་མཐུན་དུ་གྱུར་འདུག དེ་ཡང་མཐོང་ཆོས་སུ་འགྱུར་དང་འགྱུར་བཞིན་པ་དཔེར་ན། ཆང་གིས་བཟི་ནས་སྨྱོན་པ་ལྟར་གྱུར་ནས། འདོད་ཆགས་སོགས་དང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཞིང། མི་གསོད་པ་མེ་རྒྱག་པ་རྫུན་དང་ཕྲ་མ་འདོད་ལོག་སོགས་འཇིག་རྟེན་འདི་ཡི་ཐོག་གི་བྱ་ངན་སྣ་ཚོགས་སྤྱོད་པ། བཟང་ཚང་ཁ་འཐོར་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་དང། ཡུལ་མི་ཁྱིམ་མཚེས་ཀུན་དགྲ་བོ་ཉིད་དུ་འགྱུར་བའི་རྒྱུ་རྐྱེན་ཡང་མྱོས་བྱེད་ཆང་དེ་ཉིད་ལས་གཞན་ཅི། མི་རྣམས་ཀྱི་རྒྱུད་ལྡན་གྱི་འཚོ་བ་ལ་དོན་མེད་ཀྱི་རྐྱེན་མང་པོ་བཟོ་བ། ཐ་ན་རང་གི་ཚེ་སྲོག་ཀྱང་ཤོར་ལ་ཉེ་བར་མ་ཟད་དཔལ་འབྱོར་ལ་དོན་མེད་པའི་གྱོང་གུད་ཚབས་ཆེན་བཟོས་པ། ལྷག་ཏུ་དེང་སང་སྤྱི་ཚོགས་སུ་ཧ་ཅང་དམན་པ་ཉིད་དུ་བརྩེ་བ། ཆང་འཐུང་ནས་རླངས་འཁོར་སོགས་ཉེས་སྐྱོན་ལས་གནོད་ཚབས་ཆེན་པོ་ཡོད་པ་དེ་ཡང་ང་ཚོས་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་པ་འདིའོ། རྒྱུ་མཚན་དེ་ཉིད་ཀྱིས་ཕྱིར་ཆོས་ལུགས་དང་འཇིག་རྟེན་རྒྱལ་ཁབ་ཁྲིམས་ལུགས་སོགས་ལས་ཆང་གི་ཚོད་འཛིན་བྱེད་པ་དེ་ཡང་རང་ཉིད་ཀྱི་འཕྲོད་བསྟེན་དང་བདེ་འཇགས་ཁྲིམས་འགལ་གྱི་བྱ་བ་སྣ་ཚོགས་སྔོན་འགོག་དང་སྤྱི་ཚོགས་ཀྱི་ཞི་བདེ་དང་འཆམ་མཐུན་ལ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པར་སྨོས་མ་དགོས་པ་རེད་འདུག

རང་གཞན་གཉིས་ཕུང་མྱོས་བྱེད་ཆང་གི་རིགས། །འདི་ཕྱི་གང་ལ་ཅུང་ཙམ་མི་ཕན་པས།།
གཅེས་པའི་ཚེ་སྲོག་འཇོམས་པའི་དུག་ངན་འདི། །ནམ་ཡང་དེ་དང་བྲལ་བ་གྱུར་པར་སྨོན།།

ཅེས་སོ་ནམ་ལོ་གསར་གྱི་ལེགས་སྐྱེས་སུ་ས་འཁྱམ་པ་དཀོན་མཆོག་བློ་བརྟན་ནས་གནམ་ལོ་གསར་པའི་ཚེས་༢ལ་ཡོངས་སུ་རྫོགས་པར་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་སྨོན་ནོ།

ཡོངས་ཁུངས་ཀུན་ཕན་གླིང་འཕྲིན་སྟེགས། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*