ཤ་བཟའ་རུང་མིན་དཔལ་ལྡན་ས་སྐྱ་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཇི་ལྟར་བཞེད་པའི་ཚུལ།
མ་ལུས་བདེ་བ་འབྱུང་བའི་གནས།།
སྙིང་རྗེ་ཆེ་ལ་ཕྱག་འཚལ་ནས། །
ཕ་མར་གྱུར་པའི་སེམས་ཅན་གྱི། །
ཤ་བཟའ་རུང་མིན་མདོ་ཙམ་འགོད། །
དེང་དུས་རང་རེའི་སྐྱ་སེར་སྤྱི་དང་བྱེ་བྲག་དགེ་བཤེས། མཁན་པོ། བླ་སྤྲུལ་སོགས་མཐོ་དམའ་བར་གསུམ་ལ་ཤ་བཟའ་རུང་མི་རུང་གི་ཐད་ལ་བཤད་པ་སྣ་ཚོགས་ཤིག་འདུག དེ་ལ་མ་བརྟགས་མ་དཔྱད་པར་འདི་བདེན་འདི་མི་བདེན་ཞེས་རང་དགར་ཁ་ཚོད་གཅོད་དཀའ་མོད། གཙོ་བོ་ལུང་གོང་འོག་ལ་དཔྱད་བསྡུར་དང༌། རིགས་པས་ཞིབ་ཏུ་བརྟགས་ན་དེར་ཐག་མི་ཆོད་པའང་ཆེར་མེད་སྙམ། དེའང་ལུང་ནི། ཕྱོགས་རེ་ཙམ་རྒྱུ་མཚན་དུ་བྱས་ནས་འདི་ཁོ་ན་ཡིན་ཞེས་ཐག་གཅོད་མི་སྔ་བར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ལས། གང་གསུངས་ཕན་ཚུན་ཞིབ་ཏུ་བསྡུར་ནས་གཟོད་བཤད་པ་དང༌། རིགས་པ་ནི། ནང་པ་སངས་རྒྱས་པའི་བསྟན་པ་འདི་འཚེ་མེད་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ཡིན་པས་གཙོ་བོ་ཤ་ཟོས་ན་སེམས་ཅན་གཞན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་ཡོད་མེད་ལ་བརྟགས་རྒྱུ་ལས་གཞན་མེད་དོ། །སྐབས་སུ་བབས་པ་དཔལ་ལྡན་ས་སྐྱ་བའི་བཞེད་པ་ནི། སྤྱིར་ས་སྐྱ་བ་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་བགྲང་གིས་མི་ལོངས་པ་ཞིག་བཞུགས་པ་དེ་ཐམས་ཅད་ཀྱི་དགོངས་པ་མཐའ་གཅིག་ཏུ་འདི་ཡིན་
ཞེས་ང་ལྟ་བུ་ཞིག་གིས་ཁ་ཚོད་གཅོད་ག་ལ་ནུས་མོད། དཔལ་ལྡན་ས་སྐྱ་བའི་གནའ་དེང་གི་བསྟན་པའི་གཙུག་རྒྱན་དང་སྲོག་ཤིང་ལྟ་བུ་འགའི་བཞེད་པ་བརྗོད་ན་དེས་མཚོན་ཐུབ་པས་འདིར་ཅུང་ཟད་བརྗོད་ན། འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་བཞེད་པ་ནི། སྡོམ་གསུམ་རབ་དབྱེ་ལས། ཉན་ཐོས་རྣམ་གསུམ་དག་པའི་ཤ །བཟའ་རུང་གལ་ཏེ་མི་ཟ་ན། །ལྷས་བྱིན་གྱི་ནི་བརྟུལ་ཞུགས་འགྱུར། །ཐེག་པ་ཆེ་ལས་ཤ་རྣམས་བཀག །ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །
Leave a Reply