རྩོམ་པ་པོ། སྒོ་ཤེས་རབ་རྒྱ་མཚོ།
སྤྱིར་བཏང་། བོད་ཁ་བ་གངས་ཅན་ལ་མཚོན་ན། སྔར་གྱི་ལོ་རྒྱུས་སྟེང་དམག་གི་སྟོབས་ཆེས་ཆེར་རྒྱས་མྱོང་བས། དམག་དོན་སྐོར་གྱི་རིག་གནས་ཀྱང་ཅུང་ཟད་དར་ཡོད་ངེས། དེ་བཞིན་བཟའ་བཏུང་མཁོ་སྒྲུབ་ཀྱི་རིག་གནས་དང་། རང་གི་དགོས་མཁོ་བསྐང་ནུས་པའི་བཟོ་ལས་ལག་རྩལ་སོགས་ཀྱང་ཕྲན་བུ་ཕྲན་བུ་རེ་དར་ཡོད་འདུག འོན་ཀྱང་བར་སྐབས་ནས་ལོ་རྒྱུས་ལ་འགྱུར་བ་ཕྱིན་ཏེ། རིམ་གྱིས་བོད་མིའི་འདུ་ཤེས་འཛིན་ཚུལ་དང་། བསམ་བློའི་རྩ་བ་ནང་པའི་ཆོས་ལ་ཐུག་ཅིང་། ནང་ཆོས་ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན་པས། རྒྱ་གར་གྱི་གཞུང་མང་པོ་བོད་དུ་བྱུང་དོན་ཡང་དེ་རེད།
དེ་ལ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པ་ཁོང་ཅག་ནི་ཐོབ་ཐང་མི་འདྲ་བ་གཉིས་འཛིན་མཁན་ཡིན་ཏེ། ཕྱོགས་གཅིག་ནས་ནང་པའི་ཆོས་ཀྱི་རྗེས་སུ་ཞུགས་པའི་དགེ་སློང་ཤ་སྟག་རེད། ཕྱོགས་གཞན་ཞིག་ནས་བལྟས་ཚེ། མཚན་ཉིད་རིག་པའི་མཁས་དབང་འབའ་ཞིག་ཡིན་པས། ཁོང་རྣམས་ནི་ཁ་བཏོན་བཟླས་བརྗོད་ཁོ་ན་གནང་ནས་བཞུགས་པའི་བླ་རྒན་རང་ག་བ་ཙམ་རེ་ཁྱོན་ནས་མིན་པར། འཛམ་གླིང་གི་མཚན་ཉིད་རིག་པའི་མཁས་པ་ཚོའི་གྲལ་དུ་བཞག་ཀྱང་། གདན་ཐོབ་ཡོད་ངེས་པའི་མཁས་པ་ཤེས་རབ་ཅན་ཤ་སྟག་ཏུ་སྙམ།
ཤེས་རབ་ཀྱི་རིག་པའམ་མཚན་ཉིད་དཔྱོད་པའི་རིག་པའི་མགོ་ཁུངས་དེད་ཚེ། འཛམ་གླིང་ཤར་ནུབ་ཀྱི་ལུང་པ་གཉིས་ལ་ཐུག་ཡོད་པར་བཤད་ཀྱི་འདུག་སྟེ། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་མགོ་ཁུངས་ནི་གནའ་བོའི་གྷི་རི་སི་ལ་ཐུག་པས། ད་ལྟའི་ནུབ་ཕྱོགས་ཀྱི་དཔལ་ཡོན་ནི་རིག་གནས་ཀྱི་ཆུ་བོ་ཆེན་པོ་གསུམ་འདུས་པ་ལས་བྱུང་བར་སྨྲ་ཡི་ཡོད་ཚོད་དེ། གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་དང་གཅིག གནའ་བོའི་རོ་མའི་དམག་ཁྲིམས་དང་གཉིས། ཡེ་ཤུའི་ཆོས་ལུགས་དང་གསུམ་སྟེ།འདི་གསུམ་པོ་འདུས་པ་ལས་དེང་གི་ནུབ་ཕྱོགས་ཀྱི་དཔལ་ཡོན་འཁྲུངས་པར་སྨྲ་ཡི་འདུག
དེ་ལྟར་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་འབྱུང་ཁུངས་གནའ་བོའི་གྷི་རི་སིར་ཐུག་ཡོད་པ་ཇི་བཞིན། ཤར་ཕྱོགས་ཀྱི་མཚན་ཉིད་རིག་པའི་འབྱུང་ཁུངས་སམ། ཡང་ན་ཤར་ཕྱོགས་སུ་མཚན་ཉིད་རིག་པར་བྱས་རྗེས་ཆེས་ཆེ་བའི་ལུང་པ་ཞིག་ཡོད་པ་ནི་གནའ་བོའི་རྒྱ་གར་ཡིན་པའང་དངོས་ཡོད་གནས་ཚུལ་ཞིག་རེད། དེ་ཡང་ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པའི་གྲུབ་མཐའ་ནི། གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་སྤྱིའི་ལོ་རྒྱུས་ངོས་ནས་བལྟས་ན་བྱུང་འཕྱི་བ་ཞིག་ཡིན་གྱི། སྔ་རབས་ཀྱི་གྲུབ་མཐའི་གྲས་མ་ཡིན་ཏེ། 《མདོ》རུ་སངས་རྒྱས་ཀྱིས་ཆོ་འཕྲུལ་གྱི་མཛད་པ་བསྟན་ཚུལ་གསུངས་པའི་སྐབས་སོགས་ལ་བལྟས་ན། སྟོན་པ་སངས་རྒྱས་རང་གི་སྐུ་དུས་ནས་རྒྱང་འཕེན་པ་སོགས་ཡོད་པ་གསལ་པོ་ཡིན་ལ། འཇིག་རྟེན་བཀོད་པ་པོ་འདོད་པའི་གྲུབ་མཐའ་ནི་དེའི་སྔར་ནས་མང་དུ་དར་བས། སངས་རྒྱས་ཆོས་ལུགས་ནི་རྒྱ་གར་དུ་བྱུང་བའི་གྲུབ་མཐའ་ཕྱི་མ་ཞིག་ཏུ་བརྩི་རུང་། དེ་བས་སངས་རྒྱས་ཆོས་ལུགས་པའི་མཚན་ཉིད་རིག་པའི་ལྟ་གྲུབ་དང་། མཚན་ཉིད་རིག་པའི་དཔྱད་ཐབས།མཚན་ཉིད་རིག་པའི་གྲུབ་དོན་སོགས་གང་གི་ཐད་ནས་ཀྱང་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་ཉིང་བཅུད་དུ་གྱུར་ཡོད་ཅེས་སྨྲ་རུང་ཐལ་མི་ཆེ་བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད།
དེའི་ཕྱིར་ན་རང་ཅག་བོད་ལ་གནའ་ནས་དར་ཏེ་དུས་ད་ལྟའི་བར་དུ་རྒྱུན་བསྐྱངས་ཤིང་སྐྱོང་བཞིན་པའི་རིག་གནས་འདི་ཉིད་ནི། ལྐུགས་པའི་རིག་གནས་དང་། རྨོངས་པའི་ལམ་སྲོལ། སྦྱངས་རིན་ཁྱོན་ནས་མེད་པ་ཞིག་གཏན་ནས་མིན། འཛམ་བུ་གླིང་འདིའི་མཚན་ཉིད་རིག་པའི་མ་ཡུམ་ལྟ་བུའི་ལུང་པ་ཆེན་པོ་གཉིས་ཀྱི་ནང་ཚན། ཤར་ཕྱོགས་རྒྱ་གར་གྱི་མཚན་ཉིད་རིག་པའི་ཉིང་བཅུད་ལྟ་བུ་དེ་དུས་ད་ལྟའི་བར་དུ་ངེད་ཅག་བོད་ལ་དར་ཅིང་གནས་ཡོད་པས། བོད་ཀྱི་སྐད་ཡིག་དང་། བོད་ཀྱི་རིག་གནས་འཚོ་གནས་ཐུབ་མིན་གྱི་དོན་སྙིང་ཡང་བོད་མི་རིགས་གཅིག་པུའི་ཁེ་ཕན་གྱི་ར་བ་ལས་བརྒལ་ཡོད་དེ། འཛམ་གླིང་སྤྱིའི་ཤེས་རིག་དཔལ་ཡོན་གྱི་ཆུ་བོ་ཆེན་པོ་ཞིག་གི་རྒྱུན་ནི་བོད་ཀྱི་སྐད་ཡིག་ནང་དུ་མ་ཉམས་པར་ཡོད་པས་ན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་རྒྱུ་ནི་དེའི་ངོས་ནས་བསམས་ཀྱང་ཧ་ཅང་གལ་ཆེའོ། །
རྒྱན་དྲུག་མཆོག་གཉིས་ནི་ཁྱེད་རྣམ་པ་ཚང་མས་མཁྱེན་གསལ་ལྟར། ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་ལ་མཆོག་གཉིས་ཟེར་ཞིང་།རྒྱན་དྲུག་ནི་སྲོལ་གཏོད་པ་པོ་གསུམ་དང་། དགོངས་པ་འགྲེལ་མཁན་གསུམ་ཡིན་ཏེ། ཀླུ་སྒྲུབ་ནི་མཐའ་བྲལ་དབུ་མའི་གྲུབ་མཐའི་སྲོལ་གཏོད་པ་པོ་དང་། འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་མཁན་རྣམས་ཀྱི་གཙོ་བོ་ཡིན་པ་རེད། དེ་བཞིན་དུ་ཐོགས་མེད་ནི་ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྨྲ་བའི་སེམས་ཙམ་པའི་ཤིང་རྟའི་སྲོལ་གཏོད་པ་པོ་དང་།དབྱིག་གཉེན་ནི་དེའི་དགོངས་པ་འགྲེལ་མཁན་ལྟ་བུར་གྱུར་ཡོད། ཡང་དེ་བཞིན་དུ་ཕྱོགས་གླང་ནི་ནང་པའི་གཏན་ཚིགས་རིག་པའི་སྲོལ་གཏོད་པ་པོ་དང་། ཆོས་ཀྱི་གྲགས་པ་ནི་དེའི་དགོངས་པ་འགྲེལ་མཁན་གྱི་གཙོ་བོ་རེད།
དེ་ལྟར་སྲོལ་གཏོད་པ་པོ་གསུམ་དང་། དགོངས་པ་འགྲེལ་མཁན་གསུམ་བཅས་ལ་རྒྱན་དྲུག་ཟེར་ཞིང་། དགོངས་པ་འགྲེལ་ཚུལ་དེ་ཡང་བསྐྱར་ཟློས་ཡང་ཟློས་བྱས་པ་ལྟ་བུ་མ་ཡིན་ཏེ། ཁྱེད་རྣམ་པས་ཀྱང་མཁྱེན་གསལ་ལྟར། དཔེར་ན། 《ཚད་མ་རྣམ་འགྲེལ》ནི《ཚད་མ་ཀུན་བཏུས》ཀྱི་དགོངས་འགྲེལ་ཡིན་ཡང་། དེ་གཉིས་བསྡུར་ཏེ་བལྟས་ན།《རྣམ་འགྲེལ》ནི《ཀུན་བཏུས》བསྐྱར་པར་བྱས་པ་ལྟ་བུ་ཞིག་གཏན་ནས་མིན་པར་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཡོད་པ་དེ་རེད།
རྒྱན་དྲུག་མཆོག་གཉིས་ཞེས་པའི་བརྩི་སྲོལ་འདི་སྔོན་རྒྱ་གར་དུ་གྲགས་པ་ཞིག་གམ། ཡང་ན་བོད་པའི་བརྩི་ལུགས་ཤིག་ཡིན་མིན་གྱི་གསལ་ཁ་ནི་དཔྱད་གཞི་ཚད་ལྡན་ལས་ངས་མ་མཐོང་། རེད་མདའ་པའི《མཁའ་མཉམ་མ》རུ་རྒྱན་དྲུག་མཆོག་གཉིས་ཞེས་བགྲངས་ཡོད་ཀྱི། རྒྱ་གཞུང་གང་ནས་ཀྱང་གྲངས་དེ་མ་མཐོང་མོད། རང་ཉིད་ལྟ་རྒྱ་ཆུང་བའི་སྐྱོན་ཡིན་ཡང་སྲིད།
དེང་སང་བླ་མ་བདག་ཉིད་ཆེན་པོ་མཆོག་གིས་དཔལ་ནཱལེནྡྲའི་པཎ་ཆེན་བཅུ་བདུན་ཞེས་བགྲང་གི་འདུག་ཅིང་། རྒྱུ་མཚན་ནི་བོད་དུ་འགྱུར་བའི《བསྟན་འགྱུར》ལ་གཟིགས་ཚེ། དེའི་ནང་ན་རྒྱ་གར་གྱི་པཎྜི་ཏ་མང་པོའི་གསུང་རྩོམ་ཡོད་མོད། དེ་ཐམས་ཅད་ལས་བོད་ལ་བཀའ་དྲིན་ཆེ་ཤོས་ཟེར་ནའང་འདྲ། བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་རིས་སུ་མ་མཆིས་པའི་མཁས་གྲུབ་རྣམས་ཀྱིས་སློབ་གཉེར་གནང་ས་གཙོ་བོ་ནི། པཎྜི་ཏ་བཅུ་བདུན་པོ་དེ་དག་གི་གསུང་ཡིན་ཕྱིར་ཁོང་རྣམ་པ་ནི་བོད་པའི་ནང་བསྟན་གྱི་ཁུངས་གཏུག་ས་རུ་གྱུར་ཡོད་པར་དགོངས་ནས། དཔལ་ནཱལེནྡྲའི་པཎ་ཆེན་བཅུ་བདུན་ཞེས་གྲངས་མཛད་པ་ཡིན་ཚོད་དེ། དེ་ནི་ཁོང་གིས་གསར་དུ་སྲོལ་བཏོད་པའི་བརྩི་སྟངས་ཤིག་རེད།
《སྐྱེས་ཆེན་གྱི་བཞུད་ལམ》
Leave a Reply