ཨ་གཏེར་རིན་པོ་ཆེ་མཆོག་གིས་ཞལ་ཆེམས།

ས་སྐྱ་༸གོང་མ་རིན་པོ་ཆེའི་སྐུ་གོང་མ་གཏེར་ཆེན་ཨ་པཾ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་གླིང་པའི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།

ཨ་ཧོཿ
བདག་གི་སྔོན་གྱི་ལས་དང་སྨོན་ལམ་གྱིས།།
ས་སྐྱའི་བླ་མ་ལྷ་སྲུང་བཅས་པ་ཡིས།།
ཐུགས་དམ་གནད་ནས་བསྐུལ་བའི་དོན་ཇི་བཞིན།།
འདི་སྣང་གཞན་དུ་འཕོ་བའི་དུས་ལ་བབས།།

འཆི་བར་དབང་ཐོབ་དུས་ཆེན་ཚེས་བཅུར་འཕོ།།
སྐྱེ་བར་དབང་ཐོས་ས་སྐྱ་གོང་དུ་འགྲོ།།
འཇུག་པར་དབང་ཐོབ་ལྷ་རིགས་འཁོན་གྱི་གདུང་།།
སྨོན་ལམ་དབང་ཐོབ་རིགས་ཆོས་ཉམས་པ་གསོ།།

འཆི་མེད་རྡོ་རྗེའི་སྐུར་འགྲུབ་པདྨ་འབྱུང་།།
ཐུགས་བསྐྱེད་བདེན་པས་བྱ་འམ་སྤྲེལ་གྱི་ལོར།།
མཚན་དཔེའི་འོད་ཀྱི་འཇིག་རྟེན་མཛེས་བྱེད་ཅིང་།།
སྐུ་ཚེའི་གེགས་སེལ་ཕྱི་མའི་བཞེད་དོན་འགྲུབ།།

ཁྱད་པར་ཚེ་སྦྱིན་འཁོར་ལོའི་རིམ་གཉིས་དང་།།
གཏུམ་ཆེན་གུ་རུ་དྲག་པོའི་རིགས་སྔགས་ལ།།
བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི།།
འཕྲིན་ལས་མདེའུ་སྦྱར་བར་ཆད་མཐའ་དག་སེལ།།

བཅུ་གྲངས་བཞི་བདུན་སྔོན་ལས་རླུང་གི་ཤུགས།།
གསུམ་ཕྲེང་བཞི་དགྲ་ནང་སེལ་དམ་སྲིའི་འཕྲུལ།།
བཅུ་ཚན་དྲུག་བདུན་འབྱུང་བཞིའི་གཡོ་འཁྲུགས་ལ།།
རང་གཏེར་ཟབ་མོའི་ཐུགས་དམ་མཐིལ་ཕྱིན་ན།།

དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་པ་དང་།།
རྒྱལ་བསྟན་ཡོངས་ཀྱི་སྤྱི་དཔལ་ཨེ་མ་ཧོ།།
སྐབས་རེར་མི་མཐུན་རྐྱེན་ཁར་ཤོར་འདྲ་ལ།།
དོན་དུ་ལས་ཀྱི་རྣམ་སྨིན་ལྷག་མ་སྦྱང་།།

དེ་ནས་རྔ་ཡབ་དཔལ་རིར་པདྨའི་དྲུང་།།
གསང་ཆེན་སྙིང་པོའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས།།
སྤྱིར་ན་དུས་ངན་སྙིགས་མ་བར་ཆད་མང་།།
ཁྱད་པར་བོད་ཀྱི་བསོད་ནམས་ཉམས་པ་ཡི།།

ས་བསྟན་དར་རྒུད་ཤིན་ཏུ་བཟློག་དཀའ་ཡང་།།
ཉམས་པའི་བཅུ་ཆ་རྡོ་རྗེའི་སྟན་དུ་སྦྱོར།།
ང་ལ་དད་དང་མོས་པ་གང་སུ་དག།
མི་རིང་གཙང་བརྒྱུད་དབུས་འགྱུར་འཆང་ཆེན་པོར།།

སླར་ཡང་ཆོས་ཀྱི་བདུད་རྩིས་འཚོ་བ་ཡི།།
དབུགས་འབྱིན་ཚིག་ལ་བསླུ་མེད་མནའ་ཡིས་བཏབ།།
རྩོད་མེད་ཡིན་ཕྱིར་ཀུན་ལ་ཁྱབ་པར་སྤེལ།།
འཆུགས་མེད་ཡི་གེར་རིན་ཆེན་ཕྱག་རྒྱས་མནན།།
ས་མ་ཡ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*