ལྔ་རིག་སྨྲ་བ་རྗེ་བཙུན་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ཀྱི་རྣམ་ཐར་ཤིན་ཏུ་བསྡུས་ཏེ་བརྗོད་པ་དད་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།
རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས།
འཇམ༵་དབྱངས༵་མཁྱེན༵་པའི་དཀྱིལ་འཁོར་སྨིན་པ་ལས།། རབ༵་འབྱམས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། ། མཐའ༵་ཡས༵་འགྲོ་བ་འདྲེན་པའི་དཔའ་མངའ་བ། །
འདྲེན་མཆོག་རྗེ་བཙུན་བླ་མའི་ཞབས་ལ་འདུད།། དེ་ལ་ལྔ་རིག་སྨྲ་བའི་དབང་ཕྱུག་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ནི། བྱང་འབྲོག་གི་སའི་ཆ་ཡིད་ལྷུང་ཞེས་ཡུལ་གྱི་དགེ་མཚན་མཐའ་དག་མ་ཚང་བ་མེད་པའི་གནས་སུ་སྨུག་པོ་གདོང་གི་རྒྱུད་པ་ལྷ་ཆོས་རྒྱུན་མི་ཆད་པར་བསྐྱངས་ཤིང་།རིགས་རུས་ཁྱད་དུ་འཕགས་པའི་ཡག་ཤུལ་ཚང་གི་ཁྱིམ་དུ་གྲུབ་མཆོག་ངག་དབང་རིན་ཆེན་གྱི་སྐུ་ཚ།ཤར་བླ་མ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱི་དབོན་རིགས་སུ་ཡབ་ཡག་ཤུལ་རྟ་མགྲིན་དང་། ཡུམ་དུང་སྨན་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ལོར་སྐུ་བལྟམས།དགུང་གྲངས་བདུན་པར་ཡིད་ལྷུང་ལྷ་རྒྱལ་སྲང་བདེ་ཆེན་མཁའ་སྤྱོད་གླིང་གི་ཚོགས་ལ་ཞུགས་ཏེ།དགོན་དཔོན་བླ་མ་ཚུལ་ཁྲིམས་ཆོས་འཕེལ་ལས་རྒྱུན་གྱི་བྱ་བ་ཆོས་སྤྱོད་ནས་བརྩམས་ཏེ་ཆོ་གའི་ཕྱག་བཞེས་འདོན་སྟངས་གདང་དབྱངས་སོགས་ཐུགས་འཛིན་མཛད་པས་རིག་པ་ཕུལ་དུ་ཕྱིན།ཆུང་ནས་སེམས་ཅན་ལ་སྙིང་བརྩེ་དང་། ཆོས་ལ་དཀའ་སྤྱད་བཟོད་པ་སོགས་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ་ཞིང་།རྫིའུར་བྱོན་སྐབས་འུར་རྡོའི་སྟེང་རྡོ་རྡེའུ་བཞག་ནས་བསམ་པ་ལྷུན་འགྲུབ་བསོགས་མཛད་ཅེས་བླ་མ་པད་ལུ་ནས་གསུངས།བཅུ་གསུམ་པར་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་བསྙེན་ཏེ།དགེ་བསྙེན་གྱི་སྡོམ་པ་དང་། ཐེག་ཆེན་བྱང་ཆུབ་སེམས་སྡོམ་སོགས་གདམས་ཟབ་མང་དུ་བཞེས་ཤིང་།མཚན་གྱི་ཅོད་པན་དུ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ཞེས་གསོལ། ཉེར་གསུམ་སྟེང་ངོར་ཨེ་ཝཾ་རྡོ་རྗེའི་ཕོ་བྲང་ཆེན་པོར་གྲྭ་སར་ཕེབས་ཏེ།ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་ལས། ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་ཞིག་གིས་ཀུན་ནས་བསླངས་ཏེ་རབ་ཏུ་བྱུང་ནས་བསྙེན་པ་རྫོགས་པ་དང་།གསུང་ངག་ལམ་འབྲས་ཚོགས་བཤད་ཀྱི་སྨིན་གྲོལ་སོགས་སྡོམ་པ་གསུམ་གྱི་ཆོས་བཀའ་རྒྱ་ཆེར་མནོས།ཕན་བདེ་མཁན་པོ་དཔལ་ལྡན་བློ་གྲོས་རྒྱལ་མཚན་ལས། སྒྲུབ་ཐབས་ཀུན་བཏུས་ཁ་སྐོང་དང་བཅས་པ་དང་།ཕན་བདེ་མཁན་པོ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས། ལམ་འབྲས་སློབ་བཤད། སྒྲུབ་ཐབས་ཀུན་བཏུས།ངོར་དཀྱིལ་བདུན་གྱི་དབང་ཆེན་དང་། གཤིན་རྗེའི་གཤེད་དམར་ནག་འཇིགས་གསུམ་གྱི་དབང་། མགོན་པོ་ཆེ་ཆུང་གི་སྨིན་གྲོལ་སོགས་གསན་པར་མཛད། རྡོ་རྗེ་འཛིན་པ་གནུབ་ཟོག་ཡོན་ཏན་ཕུན་ཚོགས་དང་། མི་ཕམ་རྣམ་རྒྱལ་རྒྱ་མཚོ།འཇམ་མགོན་བླ་མ་བློ་གཏེར་དབང་པོ་དང་། ཆོས་རྗེ་མཁྱེན་རབ་རྒྱ་མཚོ། གཅེན་པོ་མཁས་གྲུབ་བློ་གྲོས་རྒྱལ་མཚན་སོགས་དམ་པ་དུ་མའི་ཞབས་པད་བསྟེན་ནས།མདོ་ཕྱོགས་བཀའ་པོད་ཆེན་པོ་ལྔ་དང་།སྔགས་ཕྱོགས་རྒྱུད་སྡེ་བཞི་དང་བཅས་པའི་རྒྱ་བོད་ཀྱི་གཞུང་ཆེན་མང་བོར་དཔེ་གཟིགས་དོགས་གཅོད་རྒྱ་ཆེར་མཛད་ཅིང་དགོངས་དོན་བྱང་ཆུབ་པར་གནང་བས་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོའི་གོ་འཕང་བརྙེས།ཐུན་མོང་བའི་རིག་གནས་སུམ་རྟགས་དག་གསུམ་དང་། སྒྲ། སྙན་ངག། སྡེབ་སྦྱོར། སྨན། སྐར་རྩིས་དང་ནག་རྩིས།ས་དཔྱད་སོགས་ཀྱང་དཔྱིས་ཕྱིན་པར་གསན་བཞེས་གནང་ནས་ཐུགས་སུ་ཆུད་པར་མཛད། སྡེ་དགེའི་ལ་སེ་སྟེང་དུ་ཐར་རྩེ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་བློ་གཏེར་དབང་པོས་ཐོག་བབས་སུ་རྗེ་འདི་ལ་ཆོས་གཏམ་ཞིག་གྱིས་ཞེས་བཀའ་ཕེབས་པ་ན།ཁྲོམ་ཆེན་ཚོགས་པའི་དབུས་སུ་ཆོས་གཏམ་རྒྱས་ལ་ངོ་མཚར་བ་ཞིག་མཛད་པས། མཁས་པ་རྣམས་ཀྱི་ཐུགས་འཕྲོག་སྟེ་འ་འི་མཁས་པ་ཟེར་ན་དེ་འདྲ་རེད་དགོངས་པ་བྱུང་བ་གསུངས།མཁས་པའི་སྙན་གྲགས་ཀྱིས་ཕྱོགས་ཀུན་ཁྱབ་སྟེ་ཨ་མདོ་སོགས་ས་ཐག་རིང་ཐུང་དུ་མ་ནས་མཁས་པ་རྣམས་རྗེ་འདིའི་དྲུང་དུ་གཞུང་ལུགས་ལ་ཞུན་མཐར་བཅད་པ་དང་།རྩོད་པ་བྱེད་དུ་ཕེབས་འདུག་གསུངས། ཁུ་བོ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱི་སྒྲུབ་ཁང་མཁའ་སྤྱོད་ཡང་རྩེའི་དབེན་རི་སོགས་སུ་བཞུགས་ཏེ།ཕྱག་རྡོར་དང་། ཀྱེ་རྡོར། མཁའ་སྤྱོད། འཇིགས་བྱེད། སྒྲོལ་དཀར།མགོན་པོ་ཆེ་ཆུང་སོགས་ལྷ་ཚོགས་རབ་འབྱམས་ཀྱི་བསྙེན་སྒྲུབ་ཚད་དུ་བསྐྱལ།ཉེར་ལྔ་པར་དགོན་གྱི་བསྟན་བདག་ཏུ་མངའ་གསོལ་ཏེ་བགྲང་གཞི་ལྔའི་རིང་ལ་དགོན་དཔོན་དང་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་གཅིག་ཆོག་ཏུ་མཛད།སྡེ་དགེའི་ཆོས་རྒྱལ་ཆེན་པོའི་བཀའ་བསྩལ་གཙུག་ཏུ་མཆོད་དེ་ཞེ་གཅིག་པར་དགོན་ཆེན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོའི་ནུབ་བླ་མའི་ལས་ཁུར་བདག་ཏུ་བཞེས་ཏེ།དགོན་དེའི་ཀུན་རིག་དང་།དུང་སྒྲུབ། དམར་ཆེན་གཏོར་བཟློག་སོགས་སྒྲུབ་མཆོད་ཁག་གི་རྡོར་སློབ་དང་། ཆོས་རྒྱལ་ཡབ་སྲས་ཀྱི་སྐུའི་སྲུང་བ་པ་ལོ་ནས་ལོ་བསྟུད་དེ་མཛད།གཞན་ཡང་སྡེ་དགེའི་དཔོན་མགོ་བཞི་པ་ཡིད་ལྷུང་ལྷ་རུའི་དཔོན་མགོན་པོ་དབང་རྒྱལ་གྱིས་དབུའི་མཆོད་གནས་སུ་བཀུར་ཏེ་ཡུལ་ལྷ་གེ་མཛོ་གཉན་པོའི་བསང་མཆོད་ཀྱི་བླ་མ་དང་།ལྷ་རྒྱལ་སྲང་གི་མཁན་པོ་བཅས་ལོ་གྲངས་དུ་མར་གནང་མཛད་འདུག མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་བཀའ་ལྟར་རྫོང་སར་དགོན་དུ་ཕེབས་སྟེ།རིན་པོ་ཆེ་དབུས་བླ་གྲྭ་དགེ་འདུན་བཅས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་བཀའ་ཆོས་རྒྱ་ཆེར་བསྩལ།འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་རྗེ་འདི་ལ་རྣམ་ཐར་གསོལ་འདེབས་དང་། འདས་རྗེས་མྱུར་བྱོན་གསོལ་འདེབས་སོགས་མཛད།དགུང་ལོ་ལྔ་བཅུ་པ་ས་ཕག་ལོར་འབྲི་ནུབ་རབ་བརྟན་དགོན་པས་དབྱར་གནས་གསར་བཙུགས་ཀྱི་མཁན་པོར་ཆེད་དུ་གདན་འདྲེན་ཞུས་ཏེ་ལོ་དེར་དབྱར་གནས་པའི་མཁན་པོ་མཛད་དེ།འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གཙང་མའི་རྒྱུན་བཙུགས་པ་དང་། དོན་ཚན་བཀྲ་ཤིས་པའི་རྟགས་ཀྱི་གྲངས་དང་ལྡན་པའི་བཅའ་ཡིག་གསར་དུ་བརྩམས།གཞན་ཡང་དགོན་ཡན་ལག་འབའ་ཆུང་དགོན་པ་དང་། ལྡན་ར་ཅོ་དགོན། ཤུག་ར་དགོན། སྒ་ལེན་དགོན། འཁོར་མདོ་དགོན།ཧོར་གླང་སྣ་དགོན། ལྕགས་ར་དགོན། རྫ་སེང་འགྱིང་དགོན། ཨ་མདོ་དྷཱིཿཕུ་སོགས་སུའང་ཕེབས་ནས་དབང་བསྐུར་ཆོས་འཆད་ཀྱིས་རེ་འདོད་ཚུལ་བཞིན་དུ་བསྐངས།ཀུན་མཁྱེན་དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་སྤར་དུ་བཞེངས་ནས་སྤར་ཁང་དུ་ཕུལ་བ་དང་། ལྷ་རྒྱལ་དགོན་དུ་རྗེ་བཙུན་གོང་མ་རྣམ་ལྔའི་སྐུ་རྒྱ་ནག་ལི་མ་ལས་གྲུབ་པ་བརྟན་འཇོགས་གནང་བ་སོགས་རྣམ་དཀར་བསོད་ནམས་ཀྱི་དགེ་ཚོགས་རླབས་ཆེན་བསྒྲུབས།རྒྱུན་དུ་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལས་གཡེལ་བ་མེད་པས་རིམ་གཉིས་ཀྱི་དྲོད་ཚད་མངོན་དུ་གྱུར་ཅིང་།དངོས་ཉམས་རྨི་ལམ་ཅི་རིགས་པར་ཡི་དམ་དགྱེས་པ་རྡོ་རྗེ་དང་། རྡོ་རྗེ་རྣལ་འབྱོར་མ། རྗེ་བཙུན་འཇམ་དཔལ་དབྱངས།སློབ་དཔོན་པདྨ་འབྱུང་གནས། མགོན་པོ་ཡིད་བཞིན་ནོར་བུ་སོགས་ཡི་དམ་གྱི་ལྷ་དུ་མའི་དགྱེས་ཞལ་མཇལ་ཅིང་།རྡོ་རྗེའི་ཆོས་སྲུང་རྣམས་བྲན་ལྟར་དུ་འཁོལ། དོན་གཉེར་གྱི་གདུལ་བྱ་རྣམས་ལ་རྒྱུན་དུ་སུམ་རྟགས་དག་གསུམ་དང་།ཀཱ་ཙན་དབྱངས་གསུམ། སྡེབ་སྦྱོར། སྙན་ངགས་དཔྱད། རྩིས་སྐར་ནག དབུ་མ་དང་སྡོམ་གསུམ་སོགས་རིག་གཞུང་གི་བཤད་པ་ཞིབ་མོར་གནང་སྟེ་རྗེས་སུ་བཟུང་།གསང་བདག་རྡོ་རྗེ་འཆང་གིས་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བཞི་པ་བསྐོར་ཚེ།ལི་ཐང་བེ་ཚང་ཆོས་རྗེ་དང་། མཁན་པོ་བསམ་གཏན་བློ་གྲོས། མཁས་དབང་མཁྱེན་རབ་མཐའ་ཡས་འདི་གསུམ་གྱིས་དབང་ཁྲིད་མང་པོའི་ཞབས་འདེགས་ཞུས་པ་དང་།མཆོག་སྤྲུལ་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་ལ་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་རྫོགས་བསྩལ་བ་དང་།རྒྱུན་དུའང་ངོར་དཀྱིལ་བདུན་དང་། དུས་འཁོར། གཤིན་རྗེའི་གཤེད་དམར་ནག་འཇིགས་གསུམ། ཕུར་པ།མགོན་པོ་ཆེ་ཆུང་སོགས་ཀྱི་བཀའ་ཆོས་དུ་མ་ཞུ་བ་པོ་སོ་སོའི་ངོར་གསུངས་པ་སོགས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་སྨིན་གྲོལ་མན་ངག་ལུང་བཅས་ཀྱི་གདམས་པ་མང་པོ་གནང་སྟེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད།གསུང་ལས་སྐྱེས་པའི་སློབ་ཚོགས་ཀྱང་། སྡེ་དགེའི་ཆོས་རྒྱལ་ཡབ་སྲས་དང་། ངོར་ཕན་བདེ་མཁན་པོ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན།འཇམ་དབྱངས་ཆོས་ཀྱི་བློ་གྲོས། ངག་དབང་བསམ་གཏན་བློ་གྲོས། སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་མམ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན།གནས་ལྔ་རིག་པ་ས་སྒང་དབོན་པོ། སྐུ་ཚ་པད་ལུའམ་མཁན་པོ་བསོད་ནམས་མཆོག་གྲུབ། རབ་བརྟན་མཁན་པོ་ནམ་མཁའ་རྒྱལ་མཚན།རབ་བརྟན་ངག་དབང་བསྟན་འཛིན། རྒྱལ་མཚན་བླ་མ་ཆོས་གྲགས་རྒྱ་མཚོ། ཨ་འཛི་བླ་མ་ནོར་བུ་དབང་རྒྱལ།གནུབས་བླ་མ་ཡེ་ཤེས་བཟང་པོ། ལྷ་རྒྱལ་བླ་མ་དགེ་འདུན་ཡར་འཕེལ། ཕྱིས་བྱོན་གྱི་ས་ཕུར་གྱང་གསུམ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་ཚོགས་བརྒྱ་ཕྲག་མང་པོ་བྱོན་ཏེ་འཕྲིན་ལས་ཀྱི་རྒྱུན་བསྐྱངས།ཆོས་སྐྱོང་དྲག་བསྐུལ་གནམ་ལྕགས་འབར་བའི་མཚོན་ཆའི་ཉེར་མཁོ་འཕྲིན་ལས་མྱུར་དུ་འགྲུབ་པའི་གློག་ཞབས་དགྲ་བགེགས་ང་རོ་འཇོམས་པའི་འབྲུག་སྒྲ་དང་།བརྟགས་སྒྲིལ་བྱེད་ཚུལ་ཀུན་གསལ་མེ་ལོང་། ཀུན་རིག་དབང་བཤད། རིས་མེད་ཆོས་རྒྱུད་ཁག་ནས་ལོངས་སུ་དཔྱོད་བཞིན་པ་གནམ་སྒོ་ས་སྒོ་བཅོས་ཐབས་དང་།ས་བསླང་སྒམ་ཆིངས་སོགས་ཀྱི་སྔོན་འགྲོ། སྒམ་ཆིངས་བཞག་ཐབས། ས་བསླང་། ས་བདག་འཁྲུག་བཅོས།རོ་ལམ་གསེར་སྐྱེམས། དུར་རྫོང་སྒོ་དབྱེ་འབྱུང་ལྔའི་སྨྲང་དང་བཅས་པ། བཀྲ་གཡང་འགུགས་པའི་ལག་ལེན།སྤོམ་གཏའ་རྒྱས་པའི་ལག་ལེན་གསལ་བར་བཀོད་པ། སྒྲོལ་མའི་བསང་། ཀླུང་རྟ་འབུལ་ཐབས། ལྷུན་འགྲུབ་སྟེང་གི་གནས་བདག་རྣམས་ཀྱི་བསང་།གཉན་འདོང་དང་། གནས་བདག་ལྷ་མོ་གཉིས་ཀྱི་བསང་དང་། གསེར་སྐྱེམས་བཅས་ཤླཽ་ཀ་རེ་ཅན། དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་གྱི་སྤར་བྱང་ཚིགས་བཅད་ཉེར་བདུན་ཅན་སོགས་སྤར་བྱང་མང་པོ།རབ་བརྟན་དགོན་གྱི་དབྱར་གནས་བཅའ་ཡིག་སོགས་ཚིག་དང་བརྗོད་དོན་ཤིན་ཏུ་ལེགས་པའི་གསུང་རྩོམ་བསྟན་བཅོས་ཀྱི་རིགས་དུ་མ་རྗེས་འཇུག་དད་པའི་གསོས་སུ་བཞགསྐུ་ཚེ་རིལ་པོར་མཁས་ཚུལ་གསུམ་གྱིས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་ནས་མཐར་ཕྱིན་ཅིང་།དེ་ནས་དགུང་གྲངས་དོན་དྲུག་བཞེས་པ་མེ་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ལ་ལྷུན་འགྲུབ་སྟེང་ཤར་པ་ཀླུ་ལྡིང་བླ་བྲང་དུ་དག་པའི་སྣང་བ་ཁོ་ནས་འདའ་བཞིན་དུ་འདའ་ཁའི་རྣལ་འབྱོར་ཟབ་མོའི་ལམ་ནས་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་སོ།།དེའི་ཚེ་ཕྱི་ནང་གི་ངོ་མཚར་བའི་ལྟས་མང་ཞིང་། དད་ལྡན་རྣམས་ཀྱི་རྟེན་དུ་གདུང་ཞུགས་ལ་ཕུལ་བས་རིང་བསྲེལ་ཀྱང་མང་པོ་བྱོན་པར་གྱུར་ཏོ།།
རྗེ་བཙུན་བླ་མར་དད་པ་འཕེལ་བའི་རྟེན།།
མཚུངས་མེད་བླ་མའི་རྣམ་ཐར་ཅུང་ཟད་ཙམ།།
འདི་ཡིས་བླ་མའི་རྣམ་ཐར་ཟིན་པ་དང་།།
རང་རིག་བླ་མ་མཇལ་བའི་རྒྱུར་གྱུར་ཅིག།
ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་རྣམ་ཐར་གསོལ་འདེབས་དང་།ཟིན་བྲིས་འགའ་ལ་གཞིར་བྱས་ཏེ་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་ཀྱིས་བྲིས་པ་འགྲོ་བ་འགའ་ལ་ཕན་ཐོགས་པ་གྱུར་ཅིགགཅེན་པོ་བླ་མ་བློ་གྲོས་རྒྱལ་མཚན་ལ་མགོན་པོའི་བླ་མའི་རྣལ་འབྱོར་དང་། ཞིང་སྐྱོང་སྟོབས་འཕྲོག་དབང་པོའི་གསང་སྒྲུབ་ཀྱི་བརྒྱུད་འདེབས།རྡོ་རྗེ་རྣལ་འབྱོར་མའི་མན་ངག་གི་སྒོ་ནས་རྡོར་སྦྱང་ནད་ཐམས་ཅད་ལ་ཕན་པ། གཙུག་ལག་གསེར་རྩིས་ལས་ཁྱུ་མཆོག་བརྟགས་པའི་འབྲས་རྩིས།རྡོ་རྗེ་བྲག་རྫོང་མ་ལས་ཁྱད་པར་ཐུན་མོང་དང་ཐུན་མིན་གྱི་མདེའུ་ཁ་གདགས་པ། གཞི་བདག་སྤྱི་བསང་།ས་བདག་འཁྲུགས་བཅོས། ཆུང་དུར་གྱི་ལག་ལེན། དཀར་རྩི་འདེབས་པའི་ལག་ལེན། ཧོར་ཕྱག་བསྒྲོན་བསྐུལ་སོགས་གསུང་རྩོམ་མང་པོ་བཞུགས།
Leave a Reply