བཅོམ་ལྡན་འདས་ཀྱིས་རབ་བྱུང་བ་ནི་དོན་ཉུང་བ་བྱ་བ་ཉུང་བ་སྤོང་སྒོམ་ལ་བརྩོན་པ་ལྷུར་ལེན་པ་ཞིག་ཡིན་དགོས་པར་གསུངས་ཡོད། དེ་ཡང་དོན་ཉུང་བྱ་ཉུང་ནི་ཚེ་འདིའི་ལྟོ་གོས་གཏམ་སྙན་གྱིས་མཚོན་འཇིག་རྟེན་ཁྱིམ་པའི་དོན་དུ་གཉེར་བྱ་དང་། རང་དོན་དུ་འཁོར་བའི་ཕྱོགས་ཀྱི་ལས་ཀ་བསྙུང་དགོས་པར་གསུངས་པ་ལས་གཞན་དོན་དང་ཐར་བའི་བྱ་བ་བསྙུང་དགོས་པར་གསུངས་པ་མིན། དེའི་ཕྱིར་ན་རབ་བྱུང་བ་ནི་ཐོས་བསམ་སྤོང་སྒོམ་གྱི་ངང་ནས་མི་ཚེ་ཆོས་ལ་སྐྱེལ་མཁན་ཞིག་ཡིན་དགོས་ཤིང་། ཁྱིམ་པ་ལས་རབ་ཏུ་བྱུང་བའམ་རབ་ཏུ་གྱུར་བ་ཞིག་ཀྱང་ཡིན་དགོས། འོན་ཀྱང་དེ་ཡང་སུ་གཅིག་གིས་སྒེར་གཅོད་ཀྱིས་དབང་བཀོལ་མིན་པར་མི་སོ་སོའི་ཁེ་དབང་ཡིན་པ་དེ་ཤེས་དགོས། ཁྱེད་ཅག་གིས་ཁྱིམ་པ་ལས་རབ་ཏུ་གྱུར་སྟངས་དབང་དང་གོ་ས། ཁེ་དང་གྲགས་པ། རྒྱུ་དང་ལོངས་སྤྱོད་སོགས་ཀྱི་སྟེང་ནས་འཇོག་རྒྱུ་ཡིན་ཚེ་དེ་ནི་རབ་བྱུང་བ་ཞིག་ལ་ཚང་མི་འོས་པའི་ཆ་རྐྱེན་ཡིན་པས་དངོས་སྨྲ་བའི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་གསུམ་དོན་གཞན་ཞིག་དྲུད་འོང་བ་དང་ཆེས་མཚུངས་པར་འགྱུར་ལ། ཕྱི་རོལ་གྲངས་ཅན་སོགས་ཀྱིས་ཕུང་པོ་ལས་དོན་གཞན་པའི་རྟག་དངོས་ཀྱི་གང་ཟག་ངོས་འཛིན་ཁུལ་བྱས་པ་དང་ཡང་ཅིས་མི་མཚུངས། དཔེ་གཞན་ཞིག་གིས་གསལ་བོར་བཤད་ན་ཁྱེད་ཅག་གིས་རབ་བྱུང་བ་ངོས་འཛིན་སྟངས་དེ་ནི་རྒྱ་ཁྱི་མགོ་གཟེངས་ཤིག་ལ་སེང་གེ་ཞེས་སུ་བཏགས་པ་ཙམ་ཡིན་པས་དེས་ནམ་ཡང་སེང་གེའི་ཞལ་སྐྱིན་བྱེད་མི་ཐུབ། དེ་ལྟར་ཡིན་ཡང་ཁྱེད་ཅག་གིས་རབ་བྱུང་བ་ངོས་འཛིན་སྐབས་སྐྱོན་ཀུན་ཟད་ཅིང་། ཡོན་ཏན་ཀུན་ལྡན་པ་ཞིག་ལ་འདོད་ན་དེ་ཡང་ཚད་གཞི་མཐོ་དྲགས་པས་ཁྱེད་ཅག་གི་འདུ་ཤེས་དེ་དྲང་ཐད་ན་མེད་པར་ཕྱོགས་གཅིག་ཏུ་ལྷུང་བ་ཡིན་པས་ད་དུང་ཁྱེད་ཀྱིས་གྲྭ་བ་དང་གྲྭ་གཟུགས་ཀྱི་དབྱེ་བ་ཁོར་མེད། རྒྱུ་མཚན་ངས་ཁྱེད་ཅག་ལ་ཁ་གསལ་གྱི་ལན་ཞིག་འདེབས། གྲྭ་བ་ཞེས་པ་ནི་ཁྱིམ་ལས་ཟུར་དུ་བུད་ཅིང་ཁྱིམ་པའི་བྱ་སྤྱོད་ཀུན་དོར་ཏེ་ཐར་བའི་གྲོང་ཁྱེར་སྙེག་མཁན་ཞིག་ཡིན་པས་དགོན་པ་ག་གེ་མོ་དང་། མཁན་པོ་ཆེ་གེ་མོ་ཞིག་གི་དྲུང་ནས་སྐྱ་ཆས་དོར་ཞིང་གཟན་ཤམ་གྱིས་གཅུད་པ་ཙམ་གྱིས་དུག་གསུམ་དབྱིངས་སུ་རང་ཡལ་དུ་བུད་འགྲོ་བ་ཞིག་གཏན་ནས་མིན་ཏེ། དཔེར་ན་ཁྱིམ་པ་ཚོས་དང་པོར་ཁྱིམ་གཞི་གསར་འཛུགས་དང་། དེ་ནས་རིམ་གྱིས་སོན་འདེབས་ཕྱུགས་འཚོ། ཚོང་ལས་ཙག་ཙིག་ལས་བརྩམས་ནས་ཕྱུག་བདག་ཆགས་པ་བཞིན་ཐོག་མར་ཚེ་འདི་སྣང་ལ་ཞེན་ལོག་སྐྱེ་ཐབས་ལ་འབད་པ་ནས་རིམ་གྱིས་ངེས་འབྱུང་གིས་རྨང་བཏིང་སྟེ་ཐར་འདོད་ཤུགས་དྲག་ཅིག་བྱུང་། བསམ་བློ་དེའི་རྒྱུན་བསྲིངས་པའི་ཐོག་ནས་བརྩོན་པ་བྱས་ཏེ་རང་དོན་གཙོ་བོར་གཉེར་བས་རང་ཉིད་གྲོལ་ཙམ་དང་གཞན་དོན་གཙོ་བོར་གཉེར་བས་ས་བཅུ་ལམ་ལྔ་རིམ་བགྲོད་ཀྱིས་མཐར་མི་གནས་པའི་མྱང་འདས་སྟེ། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་དགོས་སྟབས་ལམ་དེ་དག་ལ་ངལ་བ་བྱེད་པའི་དུས་ཀྱི་རབ་བྱུང་བ་ཀུན་པོས་ནི་སྐྱོན་ཀུན་ཟད་པའི་ཆེད་དུ་འབད་པའི་སྐབས་ཡིན་སྟབས། སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་ལྡན་པ་ཞིག་ཡིན་ས་མི་འགྲོ། དེ་ལྟར་འབད་ནས་སྐྱོན་ཀུན་ཟད་པའི་གྲྭ་བའང་མེད་པ་མིན་ཏེ། གྲྭ་བའི་ཡ་མཐའ་བཤད་ན་༧བདག་ཅག་གི་སྟོན་མཆོག་ཐུབ་པའི་དབང་པོ་དགེ་སློང་༧ཤཱཀྱ་ཐུབ་པ་དང་། འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་ཐམས་ཅད་མཁྱེན་པ་མཆོག་ལྟ་བུའང་ཡོད་ལ། ཡི་གེ་འདི་འབྲི་བ་པོ་བདག་ལྟ་བུའི་ལས་ཉོན་གྱི་སྨུག་ལོང་ནང་ན་གར་འགྲོ་འདིར་འགྲོ་མེད་པའི་ཕྱོགས་སླད་ཀྱི་མགྲོན་པོ་ལྟ་བུ་ཡང་ཤིན་ཏུ་མང་པོ་ཡོད། འདིའི་གནས་ཚུལ་འདི་མ་ཤེས་པའི་རྐྱེན་གྱིས་དེང་སང་གྲྭ་བར་སྐྱོན་བརྗོད་ཀྱི་ཆར་བ་ནམ་མཁའ་ན་འབབ་བཞིན་ཡོད་ལ། གྲྭ་བར་སྡང་སྡིགས་ཀྱི་ཐོག་འབྲུག་བར་སྣང་ན་གྲག་གིན་ཡོད། དབྱེ་ཞིབ་ཅུང་ཟད་བྱོས་དང་དེ་ནི་སྐྱོན་ལྟ་བ་པོ་རང་ཉིད་ཀྱིས་གྲྭ་བ་དང་གྲྭ་གཟུགས་ཀྱི་དབྱེ་བ་མ་ཁོར་བའི་སྟེང་ནས་གནད་དོན་དེ་འབྱུང་བཞིན་ཡོད་པ་གསལ་བོར་ཤེས་ཐུབ། དེ་བས་ན་ད་ནི་ཁྱེད་ཅག་ཤེས་དགོས་པ་གཅིག་ནི་གྲྭ་བ་ངོས་ཟིན་དགོས་པ་དེ་རེད། གྲྭ་བ་ཁྱིམ་པ་ལས་རབ་ཏུ་གྱུར་བའམ་རབ་ཏུ་བྱུང་སྟངས་དེ་གྲྭ་བའི་སྒོ་གསུམ་ཀུན་སྤྱོད་ལ་བཟང་ཕྱོགས་ནས་བློ་གཟུ་བོར་གནས་པའི་ངང་ནས་ལྟོས་དང་། ཚུལ་ཁྲིམས་རྣམ་དག་གིས་གཞི་བཟུང་སྟེ། ཐོས་བསམ་སྤོང་སྒོམ་སོགས་ཀྱིས་མཚོན་ཀུན་སྤྱོད་ལེགས་པའི་ཕྱོགས་ན་ཡོད་པ་རྣམས་རེ་ཞིག་ཉོན་མོངས་པ་དང་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པ་ཡིན་ཡང་གྲྭ་བའི་གྲས་ལ་བཞག་ཆོག དུག་གསུམ་འཆིང་བ་ཀུན་ལྡན་ཡིན་ཡང་རབ་བྱུང་བ་མི་ཞིག་ཡིན་པའི་ངོས་ནས་ཁྱེད་ཅག་གིས་བརྩི་བཀུར་བྱ་འོས་ལ་བྱ་དགོས་པ་ཞིག་ཀྱང་ཡིན་མོད་དད་པ་ཡང་དག་གིས་མགོ་འབུལ་ལོས་འབུལ་བྱ་དགོས་དོན་མེད་ལ་གལ་སྲིད་བྱས་ནའང་ཁྱེད་ཉིད་སྐྱོབ་མི་ཐུབ་པས་སྐྱབས་གནས་ཡང་དག་མིན་པའི་གྲྭ་བའང་གང་བསྡད་ཡོད་ལ་གྲྭ་གཟུགས་ནི་དེ་ལས་ཀྱང་ངོ་།། ཁྱེད་ཅག་དེ་ལས་ལྡོག་སྟེ་གྲྭ་བ་དང་གྲྭ་གཟུགས་གང་ཡིན་ཡང་རིག་ཚད་ལ་མིག་ཟུང་བཙུམས་དང་། ཡང་ན་རིག་ཚད་ལ་སྡང་ཟུག་སྐྱེ་བ་གཉིས་ཀ་ཕྱོགས་སུ་ལྷུང་བ་འབའ་ཞིག་གོ།དྲང་མོར་བཤད་ན་གྲྭ་བ་ཡིན་མིན་གོས་ཀྱིས་འབྱེད་པ་དང་། ཡང་ན་དབང་གོ་ཐོབ་མཚན་སྙན་གྲགས་རྒྱུ་ནོམ་རྫས་གནས་མལ་རྫིག་མིན་གྱིས་འབྱེད་ན་གྲྭ་བ་ངོ་མ་དེ་ཁྱེད་ཅག་གིས་རྙེད་མི་སྲིད་ལ། གྲྭ་གཟུགས་འགའ་རེའི་བྱ་སྤྱོད་ཀྱིས་རང་གིས་གྲྭ་བར་ལྟ་བའི་མིག་དབང་ཡོངས་སུ་རིབ་འགྲོ། ངས་གོང་དུ་བཤད་པ་ལྟར་གྲྭ་བ་སྐྱོན་ཀུན་ཟད་དུ་བལྟས་ནའང་ཁྱེད་ཅག་གིས་གྲྭ་བ་ནམ་ཡང་མི་རྙེད་ལ་གྲྭ་བ་སྐྱོན་གྱི་ཕུང་པོ་ཁོ་ནར་བལྟས་ནའང་གྲྭ་བ་ཁྱེད་ཅག་གིས་མི་རྙེེད། མཚམས་འདིར་ངེད་ཅག་གི་སེམས་ལ་ང་ཚོས་གྲྭ་བ་རྙེད་དགོས་དོན་མེད་ལ་རབ་བྱུང་བའི་གོ་དོན་ཤེས་དགོས་དོན་ཡང་མེད། དེ་ནི་ཁོང་ཚོ་རང་ཉིད་ཀྱི་དོན་དག་ཅིག་རེད་བསམ་སྲིད། དེ་ནི་ཁྱེད་ཅག་གིས་རང་གི་ཉིན་རེའི་འཚོ་བར་འགན་མ་ཁུར་བའི་སྐད་ཆ་ཞིག་ཡིན། རྒྱུ་མཚན་ཁ་རྩང་དེ་རིང་ཁྱེད་ཅག་གིས་གྲྭ་བ་རྙེད་རྒྱུ་ནི་ཁྱེད་ཅག་གི་འཚོ་གནས་ཀྱི་འགག་རྩ་ངོ་མ་ཞིག་ཏུ་གྱུར་ཡོད་ལ། ཁྱེད་ཅག་གི་འཇིགས་རུང་རྨོངས་དད་དེ་གཞོམ་པའི་ཐབས་ལམ་གཅིག་པུ་དེ་ཡང་ཡིན། རྒྱུ་མཚན་ཁྱེད་ཅག་གིས་གྲྭ་བ་མ་རྙེད་བར་དུ་ཁྱེད་ཅག་ལ་མགོ་གཡོགས་མགོ་སྐོར་གཏོང་མཁན་གྱི་གྲྭ་གཟུགས་རྒྱུན་མི་འཆད་ལ་ལྷག་པར་མི་ཆོས་བླ་མའི་རྫུན་བཤད་མཁན་གྱི་སྤྲུལ་གཟུགས་ཀྱང་གྲངས་མེད་འབྱུང་ངེས། ཁྱེད་ཀྱིས་གྲྭ་བ་ངོས་ཟིན་ཚེ་ག་གཟོད་སྤྲུལ་སྐུ་ནི་དེ་ལས་ཀྱང་ངོས་འཛིན་སྟབས་བདེ་རུ་སོང་ཡོད། རྒྱུ་མཚན་སྤྲུལ་སྐུ་དག་ནི་གྲྭ་བས་ཀྱང་གོང་བཀུར་བྱེད་དགོས་པར་ལྟོས་དང་གྲྭ་བ་ལས་སྒོ་གསུམ་ཀུན་སྤྱོད་ལ་ནག་ནོག་གི་དྲི་མ་མེད་པ་ཞིག་མིན་ན་སྤྲུལ་སྐུ་རྫུན་མ་ཡིན་པའི་རྟགས་མཚན་ལྷང་ལ་བུད་པ་ཡིན། བར་སྐབས་འདིར་ཁྱེད་ཅག་ལ་དོགས་པ་ཆེ་ཞིག་འབྱུང་རྒྱུ་ཡིན་པ་ནི་སྤྲུལ་སྐུ་ལའང་གྲྭ་བ་དང་འདྲ་བར་བཟང་ངན་གཉིས་དགར་ན་ཅིའི་ཕྱིར་མི་ཆོག་བསམ་པ་དེ་རེད། དེ་ནི་གཏན་ནས་མི་ཆོག རྒྱུ་མཚན་སྤྲུལ་སྐུ་ནི་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་ལྡན་པའི་སངས་རྒྱས་ཤིག་བསམ་བཞིན་དུ་བསྟན་པ་དང་འགྲོ་བའི་དོན་ལ་སྲིད་པ་བཟུང་པའི་ཚུལ་དུ་བྱོན་པ་ཡིན་པས་དེ་ལ་ངན་པ་ཞིག་ཡོད་མི་སྲིད། དེའི་ཕྱིར་ཁྱེད་ཀྱིས་སྤྲུལ་སྐུ་དག་ལ་གཟུ་བོར་གནས་པའི་བློས་དཔྱོད་དང་སྤྲུལ་སྐུ་གང་ཞིག་གིས་བསྟན་པ་དང་འགྲོ་བ་སེམས་ཅན་ལ་གནོད་པའི་ལས་ཀ་ཆེ་ཞིག་ལྟ་ཅི་སྨོས། གལ་སྲིད་ལས་ཀ་མ་རུང་བ་ཕྲ་མོ་ཙམ་བྱས་ཚེའང་ཁྱེད་ཀྱིས་སྤྲུལ་སྐུར་ལྟ་བའི་འདུ་ཤེས་ལ་འགྱུར་བ་བཏང་ཆོག གུང་ཐང་བསྟན་པའི་སྒྲོན་མེས་སྤྲུལ་སྐུ་བསྟན་དོན་དུ་བྱོན་ན་བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས་གསུངས་པ་དེ་ནི་སྤྲུལ་སྐུ་ངོས་འཛིན་གྱི་གསུང་གོ་སླ་མོ་ཞིག་ཡིན། བསྟན་པ་འགྲོ་བ་ལ་ཕན་པ་ཅི་ཡང་མེད་ཅིང་སྤྲུལ་གཟུགས་ཀྱིས་སྤྲུལ་སྐུའི་གོ་སར་འགྱིངས་ཏེ་དད་ལྡན་དག་གི་ཤ་ཟོས་ཤིང་ཁྲག་འཐུང་མཁན་དག་ནི་ཁྱེད་ཅག་གི་སེམས་ཀྱི་ཁང་བཟང་ནས་རྒྱང་འཕུད་གཏོང་དགོས། དེ་ལྟར་གྲྭ་བ་དང་གྲྭ་གཟུགས་ཀྱི་ཁྱད་པར། སྤྲུལ་སྐུ་དང་སྤྲུལ་གཟུགས་ཀྱི་ཁྱད་པར་ཡག་པོ་ཞིག་ཁོར་དང་ཆོས་ཕྱོགས་ནས་ཁྱེད་ཅག་གི་དད་པ་གཙང་མ་ཞིག་དང་དད་ཡུལ་རྣམ་དག་ཅིག་རྙེད་ཐུབ་ལ། འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་རང་གི་འཚོ་བ་ཆུད་ཟོས་དང་རང་ཉིད་མི་ངན་གྱི་གཡོ་འོག་ཏུ་ཚུད་མི་དགོས་པར་རང་ཉིད་ཀྱིས་འཚོ་བ་བཅའ་དག་ཅིག་རོལ་ཐུབ་སྙམ།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply