༄༅། ཀུན་མཁྱེན་གོ་རམས་པའི་འཁྲུངས་ཡུལ་གང་ཡིན་བཤད་པ།
སྨར་འཐོར་རླུང་།
༢༠༡༨/༠༣/༠༧
སྤྱིར་བཏང་དེ་རིང་ཁ་སང་བདེན་པའི་གཤིས་ག་རེ་ཡིན་མིན་ལ་མ་ལྟོས་པར། ཕོ་ཤེད་ཆེ་ཆུང་གིས་ཁ་གང་མགྱོགས་དང་ལག་གང་བདེ་བྱས་ནས་ཆོས་སྲིད་ཀྱི་བྱུང་རབས་དང་། བླ་མའི་རྣམ་ཐར། ཐ་ན་རང་ཉིད་ཀྱི་ལོ་རྒྱུས་ཡན་ཆོད་རྫུན་བཟོ་བྱེད་བཞིན་ཡོད། དེ་འདྲའི་གནས་སྐབས་སུ་དམ་པ་དག་ནི་བླུན་པོའི་རྩོད་གྲོགས་མིན་པས་ཞལ་བཙུམས་ནས་བཞུགས་ཡོད། བླུན་པོ་ང་འདྲ་བ་ཚོས་ནི་འགྲན་རྩོད་བྱེད་ཀྱིན་པའི་སྐབས་རེད། དེའི་ནང་ནས་ཀྱང་འགའ་རེ་ལ་ནི་རྒྱུ་མཚན་དང་ཁུངས་ལུང་གང་ཡང་མེད་ཀྱང་བསྟན་བཤིག་དྭང་བླངས་པའི་ཟོལ་དུ་རྒྱུ་བཞིན་ཡོད།
ཀུན་མཁྱེན་གོ་རམས་པའི་འཁྲུངས་ཡུལ་ངོས་འཛིན་གྱི་ཐད་ནས་ཀྱང་འགའ་རེས་ཡར་འཐེན་མར་འཐེན་བྱེད་ཀྱིན་པ་མངོན་གསལ་རེད། དེས་ན་གཙོ་བོ་ག་རེ་བཤད་མིན་ལ་མི་ལྟ་བར་ག་རེ་ཡིན་མིན་ཀུན་མཁྱེན་ཁོང་རང་ཉིད་ཀྱི་དངོས་དང་བརྒྱུད་པའི་སློབ་མ་དག་གིས་མཛད་གནང་བའི་རྣམ་ཐར་ཁག་ཅིག་གཞིར་འཛིན་ནས་བཤད་ན།
དང་པོ་ཀུན་མཁྱེན་རང་ཉིད་ཀྱི་དངོས་སློབ་དང་རྒྱལ་ཚབ་ཡིན་པ་ཀོང་སྟོན་དབང་ཕྱུག་གྲུབ་པས་མཛད་པའི་རྣམ་ཐར་ལས་འཁྲུངས་ཡུལ་ངོས་འཛིན་དུས་< འབོམ་ལ་སྟེང་འབོམ་ལུང་མདའ་ > ཞེས་བྲིས་ཡོད། འབོམ་ལ་སྟེང་འབོམ་ལུང་མདའ་ཟེར་བ་ནི་དེང་སྐབས་སྨར་ཁམས་རྫོང་གིས་ཤར་ཕྱོགས་འབོམ་ཟེར་བའི་ལུང་པ་དེ་ཡིན། སྤྱིར་འབོམ་ལུང་མདའ་ཟེར་བའི་གྲོང་པ་ཞིག་འབོམ་པའི་ས་རང་ནས་མིན་པ་རྒྱལ་སྐག་སྡེ་ཁག་ཕྱེད་གསུམ་ཞེས་གྲགས་པའི་ནང་ཚན་ལྷ་མདུན་རྣམ་པ་སྣང་མཛད་དང་ཐག་ཉེ་ས་ཞིག་ཏུ་ཡོད་ཀྱང་ཀུན་མཁྱེན་གྱི་འཁྲུངས་ས་དེ་ནས་མིན། འབོམ་ཟེར་བའི་ལུང་པ་དེ་ལ་འབོམ་སྟོད་འབུམ་སྨད་ཅེས་སུ་བཤད་རྒྱུ་ཡོད་པ་ལས་སྐབས་འདིའི་འབོམ་ལུང་མདའ་ཟེར་བ་ནི་འབོམ་སྨད་ཅེས་པའི་དོན་ཡོན། ང་ཚོའི་ཡུལ་སྐད་དུ་ཡང་སྐབས་རེར་མདའ་དང་སྨད་དོན་གཅིག་ཏུ་གོ་ཆོག ། དཔེར་ན་ལུང་པའི་མདའ་དང་ལུང་པའི་སྨད་ལྟ་བུ་དོན་གཅིག་ཏུ་གོ་ཡོང་། ཡང་རྣམ་ཐར་གྱི་འཇུག་ཏུ་སློབ་མ་སུ་དང་སུ་ཡོད་མེད་བཤད་པའི་སྐབས་སུ། འབོམ་ཡུལ་དུ་སྐུའི་་གཅུང་པོ་ལེགས་པ་རྒྱལ་མཚན། བྲག་དེའུ་མཁན་པོ་དཔོན་པོ་འཇམ་དབྱངས་དཔལ་ཞེས་གསུངས་ལ། བྲག་དེའུ་དགོན་པ་ནི་མདོ་ཁམས་འབོམ་གྱི་ཡུལ་དུ་དུས་ད་ལྟ་ཡང་ཡོད། མངོན་པའི་ང་རྒྱལ་ཅན་གྱི་དགེ་བཤེས་འགའ་རེས་བཤད་པའི་ཀུན་མཁྱེན་གྱི་འཁྲུངས་ཡུལ་འབོམ་གྱི་ཡུལ་ཟེར་བ་ནི་གང་དུ་ཡོད་སྟོན་དགོས་ལ། དེ་ཡང་འབྲོག་མཚེར་ལྟ་བུ་ཞིག་ནི་མིན་ངེས། མདོ་ཁམས་འབོམ་གྱི་ཡུལ་ཟེར་དུས་འབྲོག་མཚེར་ཙམ་ཞིག་ཏུ་གོ་རྒྱུ་ཨེ་ཡོད་ན། སྨར་ཁམས་རྫོང་གི་ཤར་ཕྱོགས་འབོམ་གྱི་ཡུལ་ནི། གཏམ་དཔེར། འབོམ་ཉིན་འགྲོ་ཉིན་འདུག་ཟེར་སྲོལ་ཡོད། དེའི་དོན་ནི་འབོམ་སྟོད་ནས་འབོམ་སྨད་བར་འགྲོ་ན་ཉི་མ་གཅིག་འགོར་ཞེས་པའི་དོན་ཡིན།
གཉིས་པ་ར་དབོན་ཡོན་ཏན་འབྱུང་གནས་ཀྱིས་མཛད་པའི་རྣམ་ཐར་ལས་< མདོ་ཁམས་སྨར་ཁམས་སྒང་གི་རྒྱུད་འབོམ་བྱ་བའི་སའི་ཐིག་ལེ་གོ་བོ་ལ་སྟེང་གི་ཡུལ་ > མདོ་ཁམས་སྒང་དྲུག་གི་ནང་ཚན་སྨར་ཁམས་སྒང་གི་ཁོངས་འབོམ་བྱ་བའི་སར་གོ་བོ་ཞེས་པའི་ཡུལ་ཅེས་སྨར་ཁམས་དང་། འབོམ། གོ་བོ་ཟེར་བའི་ས་མིང་ཆ་ཚང་དེང་སྐབས་ཀྱང་མི་ཉམས་པར་ཡོད། ཤེས་འདོད་པ་དག་སྨར་ཁམས་རྫོང་ནས་སྤང་མདའ། ལྷ་མདུན། རྒྱལ་འབྲོག་བཅས་བགྲོད་ན་འབོམ་གྱི་ཡུལ་ལ་འབྱོར། ཡང་ན་འབའ་ཐང་ནས་གྲུ་པ་ཆུ་ཁ། སྟར་ག་སྟེང། ཁམས་མཛེས་ཁ་བཅས་བགྲོད་ན་འབོམ་ལ་འབྱོར་ངེས། འབོམ་ཆུ་འགོ་འཇུག་ན་བྲག་དེའུ་དགོན་ཞེས་པའི་ས་སྐྱ་དགོན་པ་ཞིག་དང་། ཉྭ་འགོ་དགོན་ཞེས་པའི་རི་བོ་དགེ་ལྡན་པའི་དགོན་པ་གཅིག་བཅས་གཉིས་ཡོད། སྔ་མ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བཞེངས་པར་གྲགས་ཤིང་དུས་ཕྱིས་སུ་བྱོན་པའི་ཀུན་མཁྱེན་ཆེན་པོ་སོགས་མཁས་པ་མང་པོའི་གདན་ས་ཡིན།
གསུམ་པ་དགའ་གདུང་བ་རིན་ཆེན་དཔལ་བཟང་གིས་མཛད་པའི་རྣམ་ཐར་ལས་< མདོ་ཁམས་སྒང་གསུམ་གྱི་ནང་ནས་ཟལ་མོ་སྒང་། སྨར་ཁམས་ཀྱི་སའི་ཆ་འབོམ་པ་ཞེས་བྱ་བའི་ཡུལ་དུ་ཡབ་ཞང་སྐྱབས་དང་། ཡུམ་རྒྱལ་བ་དམན་ཞེས་བྱ་བའི་སྲས་སུ་ས་མོ་བྱའི་ལོ་ལ་ངོ་མཚར་གྱི་ལྟས་ཁྱད་པར་ཅན་དུ་མ་དང་བཅས་དཔལ་ཆེན་གོ་བོ་བྱ་བའི་རིགས་སུ་སྐུ་འཁྲུངས་ > ཞེས་གསུངས། རྣམ་ཐར་ཐམས་ཅད་ཀྱི་ནང་ནས་ཅུང་ཁ་གསལ་ཤོས་ཅན་ནི་འདི་ཉིད་རེད། དེ་ཡང་འབོམ་པ་ཟེར་བ་ནི་སྤྱིར་བཏང་འབོམ་ཡུལ་གྱི་གང་ཟག་ལྟ་བུ་ཞིག་ཏུ་གོ་དགོས་ནའང་། སྐབས་འདི་གང་ཟག་ཙམ་ཏུ་མིན་པར་ཡུལ་ཁོ་རང་ལ་གོ་ཆོག ། དཔེར་ན་སྡེ་བ་ཁག་གི་མིང་བགྲང་པའི་སྐབས་སུ། རྒྱལ་སྐག་འགོ་ཤོད། རྒྱལ་འབྲོག ། འབོམ་པ། རྒྱ་སྣེ་སྟེང་སོགས་ད་བར་དེ་ག་རང་ཡོངས་གྲགས་ཡིན། མ་ཚད་ཟལ་མོ་སྒང་གི་ཁོངས་གཏོགས་སྨར་ཁམས་ཀྱི་སའི་ཆ་ཟེར་བ་ནི་འཁྲུལ་འགྲོ་ས་གང་ཡང་མེད་པའི་སྐད་ཆ་བཀག་རྒྱ་ཅན་ཞིག་རེད། སྨར་ཁམས་སྒང་ཟེར་བ་དེ་ལ་འགྲེལ་བཤད་འདྲ་མི་འདྲ་བྱས་ཚར་ནའང་སྨར་ཁམས་ཀྱི་སའི་ཆ་ཟེར་བ་དེར་འགྲེལ་བཤད་ཅི་ཞིག་བྱ་རྒྱུ་ཡོད་སོམས་ཤིག ། ད་རུང་རྒྱུ་མཚན་གཞན་ཞིག་ནི། ཁོང་གིས་སློབ་མའི་གྲལ་ལ་སྨར་ཁམས་པ་མང་པོ་ཞིག་ཡོད་པ་དེས་ཀྱང་གནས་ལུགས་ཤིག་ངོ་སྤྲོད་བྱེད་ཀྱི་ཡོད། དཔེར་ན་བཀའ་བཅུ་བ་ཚུལ་ཁྲིམས་འོད་ཟེར། བྲག་དེའུ་མཁན་པོ་འཇམ་དབྱངས་དཔལ་སོགས་ཡིན། དེ་བཞིན་དུ་སྐབས་དེར་ཁོང་དང་སྨར་ཁམས་པ་གྲགས་པ་བཟང་པོ་གཉིས་འབྲེལ་བ་ཇི་ལྟར་བྱུང་ཡོད་མེད་ད་ཡོད་ཀྱི་རྣམ་ཐར་ཁག་ལས་ཞིབ་ཕྲ་མེད་ནའང་། ཁོང་གིས་གྲགས་བཟང་གི་མདུན་ནས་རྣམ་འགྲེལ་སོགས་ཚད་མའི་ཆོས་སྐོར་གསན་ཡོད་པ་ཤེས་ཐུབ།
ཅེས་པ་འདི་ནི་ཤར་སྨར་ཁམས་ཀྱི་ཡུལ་དུས་སྐྱེས་པའི་སྟག་ལྗོངས་པ་འཆི་མེད་ཀྱིས་ཡུ་རོབ་ཀྱི་གླིང་ནས་ཀུན་མཁྱེན་ཆེན་པོའི་འདས་མཆོད་ཉིན་བྲིས་ཤིང་སྤེལ་བར་དགེའོ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།