ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ཀ ༽

༼ཀ༽༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམས་རྣམ་པར་བཤད་ནས་རང་གཞན་གྱི་གྲུབ་པའི་མཐའ་རྣམ་པར་དབྱེ་བ་ལུང་རིགས་ཀྱི་རོལ་མཚོ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ཆོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམས་རྣམ་པར་བཤད་ནས། རང་དང་གཞན་གྱི་གྲུབ་པའི་མཐའ་རྣམ་པར་དབྱེ་བ། ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ། གང་སྐུ་མཐོང་བའི་མོད་ལ་དབང་པོས་ཀྱང༌། །ཞབས་ཟུང་ཚངས་པའི་གནས་སུ་ལེན་བྱེད་ཅིང༌། །ཁྱོད་གསུང་སྤྲོ་བའི་ཐོག་མར་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་གྱིས་བསྔགས་པའི་འཕྲེང་མཛེས་ཕུལ། །རྣམ་གྲོལ་རོ་བརྒྱའི་སྦྲང་རྩི་གཤིན་པོས་ངེས་པར་སིམ་པའི་སྙན་གྲགས་གཏམ་གྱི་རོལ་མོ་ཡིས་ནི་ཡིད་ཀྱི་ཤིང་རྟ་ངེས་པར་དྲངས་པའི་དོན་མཐུན་དེ་ཀུན་ཉིད་ཀྱི་ཞབས་སེན་དམར་འོད་འཛིན་པ་དེ་ནི་དེ་དེའི་རེ་བ་སྐོང་བས་ཡིན་ནོ་གཞི་ཀུན་མཁྱེན་པའི་གྲུ་ཆེན་གང་དེ་ཁྱོད་ཀྱིས་ངེས་པར་བཟུང༌། །ཆོས་དབྱིངས་ཞི་བའི་ནགས་ཀྱི་ལང་ཚོ་གསར་པའི་མཛེས་པ་བཏང་ནས་སྲིད་པའི་མཚོ་ལ་ངེས་པར་སྲེད་པའི་བརྩེ་ཆེན་དེ་ཀུན་ཁྱོད་ཞབས་ཁོ་ནའི་སྦྲང་རྩི་འཐུང་བ་དེ་ནི་དེ་དེའི་ཡིད་ཀྱི་ཀུན་དགའ་སྤེལ་བས་ཡིན་ནོ་ལམ་གསུམ་མཁྱེན་པའི་སྙིང་རྗེའི་བ་དན་དཀར་པོ་དེ་ཡང་ཉིད་ཀྱིས་ངེས་པར་བརྐྱང༌། །གང་ཞིག་གང་གང་ལ་དགའི་སྣ་ཚོགས་ཆོས་ཀྱི་རྔ་དབྱངས་འཇམ་པོའི་ཟློས་གར་མཁན་དེས་གང་དང་འཚམས་པའི་ཆོས་ཀྱི་རྣམ་གྲོལ་སྟོན་པ་དེ་ནི་རྣམ་ཀུན་མཁྱེན་པའི་སྒྱུ་འཕྲུལ་མཁན་དེའི་རྣམ་འཕྲུལ་ཡིན་ནོ་རྣམ་མང་ཆོས་ཀྱི་སྒོ་བརྒྱ་ཕྱེ་བའི་ཡིད་བཞིན་རིན་ཆེན་དེ་ནི་ཁྱོད་གཅིག་ཁོ་ནས་རིགས་པར་བཟུང༌། །དེ་ཕྱིར་མཁྱེན་བཟང་རྣམ་གསུམ་གང་ཁྱོད་ཁོ་ན་ཉིད་ལ་ངེས་པར་མངའ་བའི་སྟོན་པ་དེ་ལ་ཚངས་དང་དབང་པོས་སྙིང་ནས་འདུད་ཅིང་ཕྱོགས་བཅུའི་རྒྱལ་བས་བསྟོད་ཅིང་བཀུར་བའི་དབྱངས་ཀྱི་པད་དཀར་འཕྲེང་མཛེས་ཀུན་ནས་ཀུན་དུ་ཕུལ་བ་ཡིན་ནོ་བདག་ཀྱང་རྙོག་བྲལ་དངོས་པོ་ཀུན་གྱིས་ངེས་པར་ཕྱག་བགྱིའོ། །སྐྱེ་མེད་གསུམ་ལ་ཐོས་བསམ་གོམས་པའི་བློས། །རྣམ་པར་སྦྱངས་པའི་རྣལ་འབྱོར་རྣམ་བཞི་ཡིས། །སྐུ་གསུམ་འཕྲིན་ལས་གསལ་བའི་ཉི་མ་ནི། །ངེས་བསྐྲུན་རྒྱལ་བའི་ཡུམ་ཁྱོད་མཆོད་པར་འོས། །མཁྱེན་གསུམ་ཆུ་གཏེར་རྣམ་བཞིའི་ཁྲིར་འཁོད་ནས། །རྣལ་འབྱོར་རིན་ཆེན་རྣམ་བཞིའི་མདངས་གསལ་ཞིང༌། །སྐུ་གསུམ་འཕྲིན་ལས་གོང་ནས་གོང་བརྩེགས་པའི། །བྱམས་མགོན་ཆོས་ཀྱི་ལྷུན་པོ་བསྔགས་པར་འོས། །ཇི་བཞིན་གཟིགས་ལ་འཕགས་པའི་ཐུགས་མངའ་ཞིང༌། །གང་བློ་ཇི་སྙེད་འཆད་ལ་ཐོགས་མེད་པ། །རྒྱལ་བས་ལུང་བསྟན་ས་གསུམ་དབང་ཕྱུག་ཆེ། །གང་དེས་མི་ཕམ་ཞལ་གྱི་བདུད་རྩི་རྙེད། །ལྷའི་བླ་དང་དབྱིག་གི་སྙིང་པོས་ཀྱང༌། །མ་ཤེས་རིག་པའི་གནས་རྣམས་མཐར་ཕྱིན་ནས། །ཐེག་ཆེན་ཆོས་ཀྱི་བཤེས་གཉེན་མཚུངས་མེད་པ། །ཁྱོད་ཀྱིས་བྱམས་པའི་ཆོས་ཀྱི་སྒོ་མང་ཕྱེ། །འཕགས་པའི་བློ་ཡིས་མཐོང་བའི་སྤང་བྱ་ལས། །རྣམ་གྲོལ་གཙུག་ལག་ཁང་ཆེན་དུ་མའི་བདག །སྡེ་པ་མང་པོའི་ཆོས་ཀྱི་མཛོད་བཟུང་བ། །ཉིད་ཀྱིས་ཤེར་ཕྱིན་དབུ་མའི་ལམ་དུ་བཀྲལ། །ཟབ་མོའི་དོན་གང་རྣམ་པར་ངེས་པ་ཡིས། །དངོས་པོར་སྨྲ་བའི་ལྟ་བ་ལས་གྲོལ་ནས། །སྡེ་སྣོད་མང་པོའི་དོན་མཁྱེན་གང་ཁྱོད་ཀྱིས། །འཕགས་པས་ཕྱེ་བའི་ལམ་ཆེན་དེ་ཉིད་བཟུང༌། །ཐེག་པ་མཆོག་དང་དམན་པའི་ཆོས་དེ་ཀུན། །ཤེས་རབ་ཕ་རོལ་ཕྱིན་པའི་ཆོས་ཚུལ་གྱི། །སྡེ་མཚན་ཉིད་དུ་བསྡུད་པའི་བློ་གྲོས་ཀྱིས། །ཟབ་མོའི་དོན་ལ་འཇིགས་མེད་སྤོབས་པ་ཐོབ། །ཆོས་ཀུན་སྤྲོས་བྲལ་རྟོགས་པའི་ཤེས་རབ་ཀྱིས། །མཚན་མར་འཛིན་པའི་རྟོག་པ་ཀུན་དུལ་ནས། །ཉན་ཐོས་སྡེ་པའི་ཆོས་ཀྱང་ཤེར་ཕྱིན་ལ། །ཚུལ་བཞིན་འཇུག་པའི་ལམ་དུ་ཁྱོད་ཀྱིས་གཟིགས། །རྣམ་པར་བཏགས་དང་ཀུན་ཏུ་བཏགས་པའི་ཆོས། །མཐའ་དག་སྒྱུ་མའི་སྣང་བར་གཟིགས་གྱུར་ནས། །རྣམ་རིག་བརྫུན་པར་རྟོགས་པའི་མཛད་པ་ཅན། །གང་དེས་ཚུལ་གཉིས་ཤིང་རྟའི་ལམ་ཆེན་བཟུང༌། །དངོས་པོར་སྨྲ་བའི་གླང་ཆེན་མ་དུལ་བ། །མང་པོའི་སྤོབས་པ་འཕྲོག་ལ་འཇིགས་མེད་པའི། །ཆོས་ཀྱི་སེང་གེ་འཕྲིན་ལས་བཟང་པོའི་ཞབས། །ཐུབ་བསྟན་གངས་རིའི་ངོས་ལ་འཇིགས་མེད་རྒྱ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །འཇམ་པའི་དབྱངས་ཀྱིས་ཁྱེད་ལ་ལེགས་འདོམས་པས། །ཤིང་རྟའི་སྲོལ་ཆེན་འབྱེད་པ་ཁྱོད་ཀྱི་ཞབས། །བློ་ཆེན་མང་པོའི་གཙུག་གི་བསྟེན་བྱར་གྱུར། །ཡོན་པོའི་ཆོས་ལ་ནམ་ཡང་མི་གཟིགས་ཤིང༌། །དྲང་པོའི་ལམ་ལ་ནན་ཏན་དུ་མ་ཡིས། །ཡོངས་ཀྱི་དགེ་བའི་བཤེས་སུ་མངའ་གསོལ་བས། །འཕོངས་དང་མགོན་མེད་ཀུན་གྱི་གཉེན་དུ་གྱུར། །གང་གི་རིན་དུ་ཅི་གཞལ་ཀུན་བཟོད་པའི། །ཐེག་ཆེན་ཆོས་ཀྱི་བང་མཛོད་དེ་བཟུང་ནས། །བཤད་སྲོལ་བཟང་པོའི་བརྒྱུད་པ་འཛིན་མཛད་པ། །པཎ་ཆེན་དེ་ཡིས་བྱམས་པའི་ཆོས་མང་བསྡུས། །ཤར་ཕྱོགས་བཤད་སྲོལ་རི་བོའི་ཕྲག་པ་ལ། །མདོ་དང་རྒྱན་གྱི་ཟླ་བ་བཞུགས་གསོལ་ནས། །འཕྲིན་ལས་བཟང་པོའི་འོད་དཀར་སྤྲོ་མཛད་དེས། །མདོ་གཞུང་ཀུནྡའི་བཞིན་མདངས་གསལ་བར་བྱས། །ཐུགས་བསྐྱེད་གངས་རིའི་མགུལ་ན་ཞབས་བརྟན་ཅིང༌། །ཐུབ་བསྟན་ནགས་ཀྱི་ལྗོངས་སུ་བློ་བཟང་སྐྱོང༌། །གཞུང་ལུགས་འབུམ་ཕྲག་གསུམ་གྱི་རལ་པ་ཡི། །ཁུར་འཆང་ཁྱོད་ཀྱིས་གངས་རིའི་ཁྲོད་འདི་བསྐྱངས། །ཁ་བ་ཅན་ལྗོངས་ཐེག་གསུམ་བསྟན་པའི་བདག །རྒྱལ་བས་ལུང་བསྟན་འཇིག་རྟེན་གསུམ་གྱི་མིག །བློ་བཟང་དཔྱོད་ལྡན་འཕྲིན་ལས་བཟང་པོ་ཡིས། །གང་དེས་རྒྱན་གྱི་བཤད་སྲོལ་དང་པོར་མཛད། །འདྲེ་ཡི་རིགས་འཁྲུངས་ཤེས་བྱ་ཇི་སྙེད་པ། །རབ་འབྱམས་སྟོན་པ་དམ་ཆོས་མངོན་པ་ཡི། །ཤིང་རྟའི་ཁྲི་ལ་མདོ་དང་རྒྱན་གཞུང་གི །གཟི་འོད་འབར་མཛད་གང་དེས་སྲོལ་དེ་བཟུང༌། །རྒྱལ་ཡུམ་དྲུག་དང་རྒྱན་དང་དེ་འགྲེལ་བཅས། །གསུང་ལ་བྱང་ཤིང་ཐུགས་ལ་ཆུབ་གྱུར་པས། །ཡེ་ཤེས་འོད་ཀྱིས་དེ་འགྲེལ་མང་མཛད་ནས། །ཤེར་ཕྱིན་བསྟན་པ་འཛིན་མཛད་ཨར་གྱི་མཚན། །གཞོན་ནུའི་དུས་སུ་འདུལ་བའི་གཞུང་ལུགས་ཀུན། །ལེགས་པར་སྦྱངས་ནས་ཚུལ་ཁྲིམས་རྒྱལ་མཚན་རྩེར། །ཤེར་ཕྱིན་བསྟན་པའི་ནོར་བུ་འཛིན་མཛད་འདིས། །དེས་མཛད་བཤད་སྲོལ་དེ་དག་རྗེས་སུ་བསྐྱངས། །ཤེས་རབ་ཆེན་པོས་རྒྱལ་ཡུམ་འབུམ་པ་དང༌། །ལྔ་སྟོང་ལྷག་པའི་ཤེར་ཕྱིན་ཁྲི་ཕྲག་གཉིས། །རྒྱན་དང་སྦྱར་ནས་འཆད་ལ་ཟླ་མེད་པ། །གང་དེས་བརྒྱད་སྟོང་འགྲེལ་པའི་རྣམ་བཤད་མཛད། །བྱང་ཆུབ་མཆོག་རབ་དམ་པར་ཐུགས་བསྐྱེད་ནས། །འབུམ་ཕྲག་བློ་གསལ་དུ་མའི་མགོན་གྱུར་པ། །བརྩེ་ཆེན་དེ་ཡིས་དོན་གསལ་འགྲེལ་པ་ལ། །ལྷག་པར་རྩལ་དུ་སྟོན་པའི་བཤད་པ་མཛད། །རྗེ་བཙུན་འཇམ་པའི་རྡོ་རྗེའི་གསུང་གྲུབ་པས། །མཁྱེན་པའི་དབང་ཕྱུག་གསུང་རབ་ཀུན་གྱི་མཛོད། །མཐར་འཛིན་འཁྲུལ་པ་དབྱིངས་སུ་ཞིག་གྱུར་པ། །གང་དེས་ཤེར་ཕྱིན་བཤད་པ་མ་ལུས་བསྡུས། །བློ་གྲོས་ལང་ཚོ་དར་བའི་མཁྱེན་རབ་དང༌། །མ་ལུས་འགྲོ་བ་སྐྱོང་བའི་བརྩེ་བ་དང༌། །མཚན་འཛིན་བྲལ་བའི་ཚུལ་ཁྲིམས་རྣམ་གསུམ་གྱིས། །བསྟན་པའི་རྒྱན་གྱུར་བཟོད་པ་རིང་མོའི་ཞབས། །བརྩོན་འགྲུས་རྟ་བརྒྱས་འཁྲིད་པའི་ཁ་ལོ་པས། །ཡོན་ཏན་ལུགས་བརྒྱ་ལྡན་པའི་ཁྲིར་བཞག་ནས། །ཤེས་རབ་ཤུགས་བརྒྱ་ལྡན་པའི་རྡོ་རྗེ་ཡིས། །ཉོན་མོངས་གཡུལ་བརྒྱ་འགྱེད་པ་རྩད་ནས་ཕྱུང༌། །རིན་ཐང་མ་ཉམས་ཤེར་ཕྱིན་ཟབ་མོའི་ཆོས། །ཚངས་དང་དབང་པོ་ཡིས་ཀྱང་རྟག་མཆོད་པ། །ཆེ་བའི་ཆེ་མཆོག་མང་པོའི་གཙུག་རྒྱན་དེ། །ཆོས་ཀྱི་དེད་དཔོན་འགའ་ལ་ཁྱོད་ཀྱིས་གཏད། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཉེར་གཟིགས་ནས། །རྟག་ཏུ་བསྟན་པ་འབའ་ཞིག་དགོངས་གྱུར་པའི། །འཆད་རྩོད་རྩོམ་པའི་དཔའ་བོ་འཇིགས་མེད་དེས། །སེང་གེ་ཇི་བཞིན་ལོག་སྨྲའི་སྤོབས་པ་འཕྲོག །ཆོས་དང་ཆོས་མིན་ཕྱེད་པའི་མཁྱེན་པ་ཡིས། །རྟག་ཏུ་བདེན་པ་འབའ་ཞིག་གསུང་མཛད་པ། །ཚད་མའི་སྐྱེས་བུར་གྲགས་པ་ཁྱོད་གཅིག་གིས། །ཐུབ་བསྟན་བསོད་ནམས་ཆོས་འདིའི་མགོན་དང་བཅས། །འཇིག་རྟེན་ཁམས་ཀྱི་རིན་ཐང་ཀུན་བཟོད་པའི། །བློ་ཆེན་ཁྱོད་ཀྱི་རྣམ་དཔྱོད་མིག་ཡངས་པོས། །ཐམས་ཅད་མཁྱེན་པའི་གཟིགས་པ་དེ་གྲུབ་པ། །ཀུན་མཁྱེན་གཉིས་པ་གངས་ཅན་ཁྲོད་དུ་འཁྲུངས། །དེ་སྲས་དམ་པ་མཁས་བཙུན་དྷརྨ་ཤྲཱི། །ལུང་དང་རིགས་པའི་དབང་ཕྱུག་ལུང་མང་པོ། །གནས་ལྔ་མཁྱེན་པའི་པཎ་ཆེན་སྒྲ་ཚད་པ། །ཡོངས་འཛིན་རྣམ་གསུམ་བསྟན་པའི་དཔལ་དུ་ཤར། །སངས་རྒྱས་སྲས་དང་བཅས་པའི་ཡུམ་གཅིག་པུ། །ཇི་བཞིན་འཆད་མཁས་ཁྱོད་ལས་གཞན་ན་གང༌། །ནང་རིག་སྡེ་སྣོད་ཀུན་དང་རིགས་པའི་གཞུང༌། །ཁྱོད་བློའི་རྒྱ་མཚོར་བསྡུས་པ་བསྟན་པའི་དཔལ། །ཤཱཀྱའི་སྲས་ཀྱི་བསྟན་པའི་རྒྱལ་མཚན་ནི། །སྲིད་པའི་རྩེ་དང་མཉམ་པར་ཁྱོད་ཀྱིས་བསྒྲེངས། །དཔལ་ལྡན་འཕྲིན་ལས་བཟང་པོའི་གདུགས་དཀར་གྱིས། །ས་གསུམ་ཉེ་བར་ཁེབས་པས་ཐུབ་བསྟན་བཟུང༌། །དེ་དག་ཀུན་གྱི་བརྒྱུད་པའི་ལེགས་བཤད་ནི། །དོན་ཡོད་མཁྱེན་པའི་རྒྱ་མཚོར་ངལ་བསོ་བས། །དཔལ་ལྡན་འཕྲིན་ལས་ཆུ་ཆེན་བཞི་འབེབས་པའི། །བརྩེ་ཆེན་དགེ་བའི་བཤེས་དེས་མགོན་མཛོད་ཅིག །རྒྱལ་ཡུམ་རྒྱན་དང་དེ་འགྲེལ་དང་བཅས་པའི། །རྣམ་རྒྱལ་ཆོས་ཀྱི་སྒོ་བརྒྱ་ཕྱེ་བ་དེར། །ཕྱིས་བྱུང་འཁྱོག་པོའི་ལམ་གྱིས་ག་ལ་བགྲོད། །སྔོན་རབ་རྒན་པོའི་ལམ་སྲོལ་དེ་དབྱེ་བྱ། །དེ་ལ་འདིར། གང་བཤད་པར་བྱ་བའི་ཆོས་ནི། མངོན་པར་རྟོགས་པའི་རྒྱན་འཕགས་སེང་གཉིས་ཀྱིས་རྣམ་པར་ཕྱེ་བའི་འགྲེལ་པ་དང་བཅས་པའོ། །གང་གིས་འཆད་པ་ནི། ཚད་མར་གྱུར་པའི་ལུང་དང༌། གཞུང་དང་མཐུན་པའི་རིགས་པས་སོ། །ཇི་ལྟར་འཆད་པ་ནི། རྒྱ་བོད་ཀྱི་བཤད་སྲོལ་གཞན་མང་པོའི་རྣམ་པར་གཡེང་བ་སྤངས་ནས། རྒྱན་གྱི་དགོངས་པ་འཕགས་སེང་གིས་བཀྲལ་བ་བཞིན་འཆད་པའི་ཚུལ་ལ། རང་གཞན་གྱི་ལུགས་མི་མཐུན་པ་དག་གི་དམིགས་བསལ་སོ་སོར་ཕྱེད་པར་བྱས་པའི་སྒོ་ནས་སོ། །དེ་ལྟར་འཆད་པ་ལ་གཉིས་ཏེ། རྒྱན་གྱི་བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་དགོད་པའོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་འཆའ་བའོ། །དང་པོ་ནི། སློབ་དཔོན་བདག་ཉིད་ཆེན་པོས་འགྲེལ་པ་མཛད་པའི་ཐོག་མར། ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་པ་ལ། །གུས་ཕྱག་འཚལ་ཞེས་པས་བསྟན་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བཤད་པར་དམ་འཆའ་བ་དངོས་དང༌། དེ་ཉིད་སྒྲུབ་པའོ། །དང་པོ་ནི། དེ་ལྟར་ཕྱག་འཚལ་བ་ལ་དགོས་པ་ཅི་ཞིག་ཡོད་སྙམ་ན། ཇི་སྐད་དུ། དེའི་རྒྱན་ཚིག་ལེའུར་བྱས་པ་དག །ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར་ཞེས་པས་བསྟན་པ་ཡིན་ནོ། །གཉིས་པ་ནི། འོ་ན་སློབ་དཔོན་བཟང་པོའི་ཞབས་ཀྱིས་དེ་ལྟར་དབྱེ་ནུས་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལ་གསུམ་སྟེ། དེས་ཡུམ་གྱི་ཚིག་དོན་རྙེད་པའི་ཕྱོགས་ཆོས་བསྒྲུབ་པ་དང༌། དེ་རྙེད་པ་ན་དབྱེ་རིགས་པའི་ཁྱབ་པ་བསྒྲུབ་པ་དང༌། དེ་ལྟར་ན་མདོ་དང་རྒྱན་རྣམ་པར་དབྱེ་བའི་དམ་བཅའ་བཞག་པའོ། །དང་པོ་ལ་གཉིས་ཏེ། དེས་དེའི་དོན་རྙེད་པར་སྒྲུབ་པ་དང༌། ཚིག་རྙེད་པར་སྒྲུབ་བྱེད་ཀྱི་རིགས་པ་འོག་ནས་བྱུང་བ་འདིར་ལེན་པའོ། །དང་པོ་ལ་གཉིས་ཏེ། མཁས་པ་སྔ་མས་ཡུམ་དོན་ཇི་ལྟར་བཀྲལ་བའི་ཚུལ། དེ་ལ་རྟེན་ནས་རང་གིས་ཡུམ་དོན་ཇི་ལྟར་རྙེད་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་ཡུམ་གྱི་དགོངས་པ་རྣམ་པར་རིག་པ་ཙམ་དུ་རྙེད་པའི་ཚུལ་དང༌། འཕགས་པ་གྲོལ་སྡེ་རྗེས་འབྲང་དང་བཅས་པས་དབུ་མར་རྙེད་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །ཞེས་པ་ནས། ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་པའི་བར་གྱིས་འཆད་པ་ཡིན་ནོ། །སྐབས་འདི་དག་ཏུ། བསྟན་འཆོས་ཆེན་པོ་ཞེས་པ་མངོན་པར་རྟོགས་པའི་རྒྱན་ཡིན་ནོ་ཞེས་ལོ་ཙཱ་བ་ཆེན་པོ་བཞེད་ལ། མཁས་པ་གཞན་དག་ནི་སྐུ་མཆེད་གཉིས་ཀྱིས་མདོ་དང་རྒྱན་མ་སྦྱར་བར་བཞེད་དོ། །གཉིས་པ་ནི། ཇི་སྐད་དུ། འཕགས་པའི་ཁོངས་སུ་གཏོགས་པ་ཡི། །ཞེས་པ་ནས། རང་དང་རྗེས་མཐུན་རྣམ་བཤད་བྱས། །ཞེས་པའི་བར་གྱིས་འཆད་པ་ཡིན་ལ། སྐབས་འདིར་དབུ་མ་ཞེས་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་ལ་དགོངས་པ་མ་ཡིན་ཏེ། སྐུ་མཆེད་གཉིས་ཀྱིས་ཀྱང་འདིའི་དགོངས་པ་རྣམ་རིག་དུ་བཀྲལ་བའི་ཚེ་ཡང་དབུ་མར་མི་བཞེད་པ་ནི་མ་ཡིན་པས་སོ། །བསྟན་འཆོས་མཐའ་དག་ཅེས་པ་རྒྱན་ལ་མཛད་པར་ནི་ལོ་ཙཱ་བ་ཆེན་པོ་བཞེད་པ་ཡིན་ལ། གཞན་དག་ནི་ཡུམ་གྱི་མདོ་ལ་བཞེད་ལ། དེ་མ་རྙེད་པའི་ཚུལ་ལ་ཡང༌། ཡུམ་གསུམ་ཅར་དང་སྦྱོར་མ་ཤེས་པའི་ཚུལ་ལ་འཆད་པ་དང༌། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལེའུ་བརྒྱད་མ་དང་མཐུན་པར་མ་རྙེད་པའི་དོན་ལ་འཆད་པའི་ལུགས་གཉིས་ཡོད་དོ། །ལོ་ཙཱ་བ་ནི། འདིས་བསྟན་འཆོས་ཀྱི་བརྗོད་བྱའི་དོན་རྫོགས་པར་མ་རྙེད་པ་ཡིན་གྱི། ཚིག་མ་རྙེད་པ་ནི་མ་ཡིན་ཏེ། འདིས་འཕགས་པའི་འགྲེལ་པ་དང་མཐུན་པར་འཆད་པས་སོ་ཞེས་གསུང་ངོ༌། །གཉིས་པ་ནི། དེ་ལྟར་མཁས་པས་སྣང་བྱས་ཤིང༌། །ཞེས་པ་ནས། རྙེད་པ་གང་དེ་ཡ་མཚན་ནོ། །ཞེས་པའི་བར་གྱིས་འཆད་པ་ཡིན་ནོ། །འདིར་འགའ་ཞིག་ཁོ་ནས་མ་རྙེད། ཅེས་པའི་དོན་ནི་གཉིས་ཏེ། དོན་མ་རྙེད་པ་དང༌། ཚིག་མ་རྙེད་པའོ། །དང་པོ་ནི། ཐོགས་མེད་སྐུ་མཆེད་ཀྱིས་འགྲེལ་ཚུལ་དེ་ཡིན་ལ། གཉིས་པ་ནི། གྲོལ་སྡེ་རྣམ་པ་གཉིས་ཀྱི་ཀྱང་ངོ༌། །བསྟན་འཆོས་མཐའ་དག་འདི་དེ་ལྟར། །རྙེད་པ་ཞེས་བྱ་བའི་དོན་ཡང་གཉིས་ཏེ། དོན་རྙེད་པ་དང༌། ཚིག་རྙེད་པའོ། །དང་པོ་ནི། འཕགས་པ་གྲོལ་སྡེའི་དགོངས་པ་ཇི་ལྟ་བ་དེ་ཉིད་འཐད་པར་ཞལ་གྱིས་བཞེས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། སློབ་དཔོན་རང་ཉིད་ལ་སངས་རྒྱས་ཀྱི་བྱིན་རླབས་ཞུགས་པའི་དབང་གིས་རྙེད་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་དབང་གིས་རྙེད། ཅེས་འབྱུང་བས་སོ། །གཉིས་པ་ཚིག་རྙེད་པར་སྒྲུབ་བྱེད་ཀྱི་རིགས་པ་ནི། འོ་ན་བསྟན་འཆོས་འདི་ཡུམ་གསུམ་ཆར་གྱི་རྒྱན་ཡིན་པར་གང་ལས་རྟོགས་ཤེ་ན། ཡུམ་གསུམ་པོ་འདི་ཚིག་གི་སྒོ་ནས་རྒྱས་བསྡུས་སུ་ཕྱེ་བ་ཡིན་གྱི། སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་ཚུལ་ལ་རྒྱས་བསྡུས་ཀྱི་དབྱེ་བ་མེད་པའི་རྒྱུ་མཚན་གྱིས་སོ། །ཞེས་འཆད་པ་ནི། ཇི་སྐད་དུ། ལ་ལ་ལས་དོན་གཞན་ལས་ཚིག །ཅེས་སོགས་གསུངས་པ་ཡིན་ནོ། །དེ་ལ་ཁྱད་པར་མེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ལ་ཁྱད་པར་ཡོད་ན། ཡུམ་བསྡུས་པ་བརྒྱད་སྟོང་པས་ཡུམ་གཞན་གཉིས་ཀྱི་བརྗོད་བྱ་མངོན་རྟོགས་ཀྱི་རིམ་པ་མཐའ་དག་མ་བསྡུས་པར་འགྱུར་རོ། །ཞེས་འཆད་པ་ནི། ཇི་སྐད་དུ། དེ་ལྟ་མིན་ན་ཐམས་ཅད་ཀྱིས། །རིམ་པ་ལེགས་པར་བསྡུས་མ་ཡིན། །ཞེས་གསུངས་སོ། །དེས་དེ་བསྡུས་པའི་རྒྱུ་མཚན་ཡང༌། ཇི་སྐད་དུ། སློབ་དཔོན་ཕྱོགས་ཀྱི་གླང་པོས། བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདི་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་བརྗོད་དེ་ཉིད། །ཅེས་པའི་ལུང་ཁུངས་སུ་མཛད་པ་དེ་སློབ་དཔོན་འདིའི་དགོངས་པའོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། མདོ་དང་རྒྱན་གྱི་ཚིག་དོན་ཇི་ལྟ་བ་བཞིན་རྙེད་པ་ན། དེ་དབྱེ་བར་རིགས་པས་ཁྱབ་པ་ཡིན་ཏེ། རྣམ་བཤད་མཛད་པ་པོ་གཞན་གྱིས་མ་རྙེད་པའི་དོན་རྙེད་པའི་ཕྱིར་དང༌། རྙེད་པ་དེ་ཡང་སངས་རྒྱས་ཀྱི་བྱིན་རླབས་ཀྱི་དབང་གིས་རྙེད་པ་ཡིན་པས་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་འཆད་པ་ནི། དེ་ལྟས་ཤིན་ཏུ་རྙེད་དཀའ་བ། །ཞེས་པ་ནས། མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། །ཞེས་པའི་བར་ཡིན་ནོ། །གསུམ་པ་དམ་བཅའ་བཞག་པ་ནི། དེ་ལྟར་ན་འགྲེལ་པ་རྩོམ་པ་ལ་སྤྲོ་བ་སྐྱེས་པ་ཡིན་ནོ། །འདི་ལ་ཇོ་བོ་འབུམ་ཕྲག་གསུམ་པ་ནི། རྣམ་པར་དབྱེ་ཞེས་པ་ལས་འཕྲོས་ནས། དབྱེ་ནུས་པའི་རྒྱུ་མཚན་དང་དབྱེ་བའི་དགོས་པ་གཉིས་ལས། དང་པོ་ནི། མཁས་པ་བཞིའི་ལེགས་བཤད་དང༌། སངས་རྒྱས་ཀྱི་བྱིན་རླབས་ལས་རྙེད་དོ། །ཞེས་འཆད་པ་ནི། འགྲོ་ལ་ཆགས་པས་ཀུན་ཆགས་མཛད་ཅེས་པ་ནས། རྙེད་པ་གང་དེ་ཡ་མཚན་ནོ། །ཞེས་པའི་བར་ཡིན་ནོ། །དགོས་པ་ནི། རྣམ་པ་ཀུན་ཏུ་ཞེས་པ་ཤླཽ་ཀ་གཅིག་གོ །ལོ་ཙཱ་བ་ཆེན་པོ་ལྟར་ན། རྣམ་པར་དབྱེ་ཞེས་པ་ལས་འཕྲོས་ནས། ཡུམ་དོན་རྟོགས་ནས་སམ། མ་རྟོགས་པར་དབྱེ། གཉིས་པ་མི་འཐད་པར་གོ་སླ་ལ། དང་པོ་མི་འཐད་དེ། ཡུམ་དོན་ཁྱོད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཞེ་ན། དེ་མ་ཡིན་ཡང༌། དེ་དབྱེ་བའི་དགོས་པ་འཆད་པ་ནི། རྣམ་པ་ཀུན་ཏུ་སོགས་ཡིན་ལ། ཇི་ལྟར་དབྱེ་བའི་ཚུལ་འཆད་པ་ནི། གཞུང་གོང་མ་རྣམས་སོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གསུམ་སྟེ། ཤེར་ཕྱིན་གྱི་གསུང་རབ་ཙམ་ལ་གུས་པ་བསྐྱེད་པའི་ཡན་ལག་མཆོད་བརྗོད། བྱེ་བྲག་བསྟན་འཆོས་འདི་ལ་འཇུག་པའི་ཡན་ལག་དགོས་འབྲེལ། མདོ་དང་བསྟན་འཆོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ནི། དངོས་སུ་ཡུལ་མཁྱེན་པ་གསུམ་ལ་མཆོད་པར་བརྗོད་ནས། ཤུགས་ལ་བསྟན་འཆོས་ཤིག་བརྩོམ་པར་དམ་བཅའ་བ་ནི། ཇི་སྐད་དུ། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །འདི་ལ་གཉིས་ཏེ། རྩ་བས་བསྟན་པའི་དོན་ངོས་བཟུང་བ་དང༌། འགྲེལ་པས་རྩ་བའི་དོན་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ནི། འདིར་ཡུམ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། བཅོམ་ལྡན་འདས་མ་ཞེས་པ་རྣམས་དོན་གཅིག་ཏུ་བཤད་ལ། དེ་ཡང་གནས་སྐབས་ཀྱི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་ཏེ། མཚོན་བྱ་ཤུགས་བསྟན་གྱི་ཡུམ་ཙམ་དང༌། མཚོན་བྱེད་དངོས་བསྟན་གྱི་ཡུམ་མོ། །དང་པོ་ནི། རང་སྲས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པའོ། །དེ་ལ་དབྱེ་ན་ཡུམ་མཁྱེན་པ་གསུམ་དུ་གྲངས་ངེས་པ་ལས། ཐེག་དམན་གྱི་གཞི་ཤེས་ཀྱང་འདིར་ཡུམ་དུ་བཞག་དགོས་ཏེ། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པ་རྩ་འགྲེལ་གྱིས་བསྟན་པའི་ཡུམ་གྱི་མཚན་ཉིད་ཚང་བའི་ཕྱིར། བྱང་ཆུབ་སེམས་དཔའི་ལམ་ཤེས་ལ་ཡང་དེ་བཞིན་ནོ། །དེ་ལ་ཡང་སྐྱེད་བྱེད་ལ་ཡུམ་དུ་བཞག་པ་དང༌། བཞེད་དོན་སྒྲུབ་བྱེད་ལ་ཡུམ་དུ་བཞག་པ་གཉིས་ལས། དང་པོ་ནི། རྒྱུན་ལ་ལྟོས་ནས་མཁྱེན་པ་སྔ་མ་ལ་ཡུམ་དང༌། རྟོགས་པ་ཕྱི་མ་ལ་གནས་པའི་འཕགས་པ་ལ་སྲས་སུ་འཇོག་ལ། ཞིབ་མོར་ཕྱེ་ན། ཐེག་ཆེན་གྱི་སྦྱོར་ལམ་གྱི་གནས་སྐབས་ཀྱི་ལམ་ཤེས་དང༌། གཞི་ཤེས་རྗེས་མཐུན་པ་ཡང་ཡུམ་དུ་བཞག་དགོས་ཏེ། མཐོང་ལམ་སྐད་ཅིག་དང་པོ་ལ་གནས་པའི་འཕགས་པ་རྣམས་སྲས་སུ་འཇོག་དགོས་པའི་ཕྱིར། དེ་བཞིན་དུ། ས་བཅུ་པའི་གནས་སྐབས་ཀྱི་རྣམ་མཁྱེན་རྗེས་མཐུན་པ་དེ་ཡང་ཡུམ་དུ་འཇོག་པའི་རྒྱུ་མཚན་ཡང་དེ་དང་འདྲའོ། །དེ་ལྟ་ན་ཡང༌། འདིར་གཞུང་གིས་བསྟན་པ་ནི་འཇོག་ཚུལ་གཉིས་པ་དེ་ཉིད་ཡིན་ལ། དེ་ལྟ་ཡིན་པ་དེའི་ཚེ་ན། མཁྱེན་པ་གསུམ་དང༌། རང་རང་གི་སྲས་འཕགས་པ་རྣམས་དུས་མཉམ་ཡིན་ཀྱང༌། ཡུམ་སྲས་སུ་འཇོག་པ་མི་འགལ་ལོ། །འཆད་ཚུལ་དེ་གཉིས་ཀ་གང་ཁས་ལེན་ཀྱང༌། སྤྱིར་གཞི་ཤེས་ལ་སོགས་པ་གསུམ་ལ་འཕགས་པའི་མངོན་རྟོགས་ཀྱིས་ཁྱབ་པར་ཁས་ལེན་ནུས་ཀྱང༌། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་དེ་གསུམ་ལ་མཁྱེན་གསུམ་གང་རུང་གིས་ཁྱབ་པར་ཁས་མི་ལེན་ཏེ། འཕགས་སེང་གཉིས་ཀས་སྦྱོར་བ་བཞི་ཀ་མཆོད་བརྗོད་ཡུལ་དུ་གྱུར་པའི་ཤེར་ཕྱིན་དུ་བཤད་པའི་ཕྱིར་དང༌། ཐེག་པ་ཆེ་ཆུང་གི་སྦྱོར་ལམ་གྱི་ཡེ་ཤེས་དེ་རང་སྲས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པར་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ནི། འདིར་དངོས་བསྟན་ལ་བསྟོད་ཕྱག་གི་ཡུལ་དུ་བཞག་པའི་མཁྱེན་གསུམ་ནི། སངས་རྒྱས་ཀྱི་མཁྱེན་པ་གཅིག་ཉིད་ལ་ལྡོག་པའི་དབྱེ་བས་གསུམ་དུ་ཕྱེ་བ་དེ་ཉིད་ལ་འཆད་དགོས་པ་ཡིན་ཏེ། རྩ་བར། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། ཞེས་གསུངས་ལ། དེར་བཅས་པའི་དོན་ཡང་ལྷན་ཅིག་པའི་དོན་ཡིན་ལ། དེ་དང་དེ་ལྷན་ཅིག་དུ་འབྱུང་བའི་རྒྱུ་མཚན་ཡང་དེའི་རྒྱུད་ཀྱི་མཁྱེན་པ་ལ་དེ་དག་གི་བཞེད་དོན་སྒྲུབ་པའི་ནུས་པ་ཡོད་པའི་རྒྱུ་མཚན་ལ་ཐུག་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་པ་ལས། སངས་རྒྱས་ཉན་ཐོས་ལ་སོགས་པས་ཡོངས་སུ་བསྐོར་བ་དེ་དག་གི་དོན་སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་བཤད་པ་དང༌། ཐེག་པ་གསུམ་གྱི་ཚུལ་གསུམ་པ་ཅན་ཞེས་དང༌། བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས། ཞེས་བཤད་པས་སོ། །གང་དག་གཞུང་འགྲེལ་དེ་དག་གི་དོན་དུ་བསམ་ནས་འདིར་བསྟན་པའི་ཡུམ་ལ་འབྲས་ཡུམ་གྱིས་ཁྱབ་པར་འདོད་པ་ནི་འཕགས་སེང་གི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། ཉི་ཁྲི་སྣང་བ་ལས། ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་གང་ཞིག་ཡིན་ཞེ་ན། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་ནི། ཞེས་གསུངས་པ་དང༌། མཆོད་བརྗོད་ཀྱི་ཤེར་ཕྱིན་དེ་གང་ཡིན་ཞེས་དྲིས་པའི་ལན་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སྦྲེལ་ནས་བཤད་པའི་ཕྱིར་དང༌། དོན་གསལ་ལས་ཀྱང༌། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་ཐེག་དམན་གྱི་གཞི་ཤེས་ཀྱང་སྐབས་འདི་ནས་འཆད་པའི་ཡུམ་དུ་བཤད་པའི་ཕྱིར་རོ། །འོ་ན་གདུལ་བྱ་ཉན་རང་གི་རིགས་ཅན་ཉེར་ཞི་གཉིས་སུ་ཁྲིད་བྱེད་ཀྱི་མཁྱེན་པ་ཡིན་ན། ཐེག་དམན་གྱི་མཁྱེན་པ་ཡིན་པས་ཁྱབ་པ་ཡིན་པར་ཁས་ལེན་དགོས་པ་ཡིན་ནམ། ཇི་ལྟར་ན་སངས་རྒྱས་ཀྱི་གཞི་ཤེས་དེ་ཡུམ་གཞི་ཤེས་སུ་འགྱུར། ཡུམ་ལ་མ་ཤེས་ལ་ཡང་དེ་བཞིན་ནོ་ཞེ་ན། དེ་དགོས་པར་ཁས་མི་ལེན་ཏེ། སངས་རྒྱས་འཕགས་པས་ཀྱང་གདུལ་བྱ་ཉན་རང་གི་རིགས་ཅན་ཉེར་ཞི་གཉིས་སུ་བཀྲི་བར་མཛད་ལ། དེ་ལྟར་མཛད་པ་དེ་ནི་སངས་རྒྱས་ཀྱི་སའི་གཞི་ཤེས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ལམ་ཤེས་ལ་ཡང་དེ་བཞིན་ནོ། །དེ་སྐད་དུ་ཡང༌། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། ཞེས་སོགས་རྒྱས་པར་གསུངས་པ་དང༌། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། ཞེས་སོགས་གསུངས་སོ། །ངག་དོན་བསྡུས་ན། རྗེ་བཙུན་གྱིས་རྒྱན་རྩོམ་པའི་ཐོག་མར་འབྲས་ཡུམ་ཤེར་ཕྱིན་ལ་བསྟོད་པའི་རྒྱུ་མཚན་ཡོད་དེ། དེས་འཕགས་པ་བཞི་ཀའི་བཞེད་དོན་བསྒྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟོད་པའི་ཕྱིར། མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་པ་གསུམ་པོ་སོ་སོའི་རིགས་ཅན་གྱི་གདུལ་བྱ་རྣམས་འབྲས་ཡུམ་ལ་དྭང་བ་སྐྱེས་ཏེ། དེའི་གཞུང་ལ་ཐོས་བསམ་གྱི་རིམ་གྱིས་འཇུག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཞུགས་པ་ཆོས་ཅན། དགོས་པ་ཡོད་དེ། རིགས་ཅན་སོ་སོ་རང་རང་གི་འདོད་བྱར་གྱུར་པའི་ངེས་ལེགས་ཐོབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ཐོས་ནས་ཞེས་སོགས་དང༌། དེ་ལ་རབ་ཏུ་དྭང་བས་ཀྱང་ཞེས་སོགས་གསུངས་སོ། །དེ་ལྟར་བཤད་པ་ན་སློབ་དཔོན་བཟང་པོའི་ཞབས་ཀྱི་བཞེད་པ་འདི་ཡིན་ཏེ། འདིར་བསྟན་པའི་མཆོད་བརྗོད་ཡུམ་ཙམ་ཡིན་ན། སྤྱིར་ཤེར་ཕྱིན་དང༌། བཅོམ་ལྡན་འདས་མ་ཡིན་མི་དགོས་ཏེ། དེ་དག་ནི་གོ་རིམ་བཞིན་དུ། སྤྲོས་བྲལ་རྟོགས་པའི་ཆ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ལ་འཆད་པའི་ཕྱིར། ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་གཞུང་གིས་དངོས་སུ་བསྟན་པའི་ཡུམ་ཡིན་ན། ཤེར་ཕྱིན་མཚན་ཉིད་པ་ཡིན་དགོས་ཏེ། དེ་ཡིན་ན་ཐེག་པ་གསུམ་གྱི་ཚུལ་གསུམ་པ་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡིན་དགོས་པའི་ཕྱིར་དང༌། བཅོམ་ལྡན་འདས་མ་ཞེས་བྱ་བ་དེ་ཡིན་དགོས་པའོ། །གཉིས་པ་འགྲེལ་པས་ཇི་ལྟར་བཤད་པའི་ཚུལ་ལ། གཞུང་འདི་ནི། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་དང་རྣམ་པ་གསུམ་གྱི་སྒོ་ནས་ངེས་པར་བཤད་ལ། བརྒལ་ལན་གྱི་སྒོ་ནས་འཆད་ཚུལ་ནི་རྣམ་དཔྱོད་ཀྱིས་བཏགས་ན་གང་སྦྱར་སྦྱར་དུ་སྣང་བས། མཐའ་གཅིག་ཏུ་ངེས་པར་བཞག་དཀའོ། །དང་པོ་དགོས་པའི་དོན་ནི། འཕགས་པ་བྱམས་པ་ཞེས་སོགས་ཀྱིས་མདོར་བསྟན་ནས། དོན་དེ་ཉིད་འགྲེལ་པས་རྒྱས་པར་འཆད་དོ། །བསྡུས་པའི་དོན་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་ཞེས་སོགས་ཀྱིས་བསྟན་པར་བཤད་ན་ལེགས་པ་ཡིན་ཏེ། བསྡུས་དོན་དགོས་དོན་གྱི་གོང་དུ་སྔར་བཤད་ན། བཤད་པ་ལྔའི་གོ་རིམ་རྣམ་བཤད་རིགས་པ་ལས་འབྱུང་བ་དང་མི་མཐུན་པའི་ཕྱིར་དང༌། རྒྱན་འདི་ཉིད་ལས་ཀྱང༌། ཐོག་མར་དགོས་འབྲེལ་བཤད་ནས། དེའི་འོག་ཏུ་བསྡུས་དོན་ལུས་རྣམ་བཞག་འཆད་པའི་ཕྱིར་རོ། །འདིར་འཕགས་པ་བྱམས་པ་ཞེས་སོགས་རང་དོན་གྱི་དགོས་པ་ལ་སྦྱོར་བ་མི་འཐད་དེ། རྗེ་བཙུན་ལ་རང་དོན་དོན་དུ་གཉེར་བ་མེད་པའི་ཕྱིར་དང༌། གཞན་འཇུག་པའི་ཆེད་ཁོ་ནར་སྣང་བའི་ཕྱིར་རོ། །དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། རྗེ་བཙུན་བྱམས་པ་ལ་རང་དོན་དོན་གཉེར་མེད་པར་འདོད་པ་སོགས་ནི། ཐེག་པ་ཆེན་པོའི་ཆོས་ལ་ངལ་བ་ཞིབ་ཏུ་མ་བྱས་པ་ཡིན་ཏེ། རྗེ་བཙུན་མངོན་པར་རྫོགས་པར་སངས་རྒྱས་པའི་དབང་དུ་བྱེད་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་མ་ཕྱེ་ལ། བྱང་ཆུབ་སེམས་དཔའ་ཡིན་པའི་དབང་དུ་བྱེད་ན། རང་དོན་ཡོངས་སུ་རྫོགས་པ་ལ་ཆོས་ཀྱི་སྐུ་དགོས་པར་མ་མཐོང་ན། རང་དོན་ཞི་བ་རྐྱང་པ་ཙམ་གྱིས་ཆོག་པར་འཛིན་པ་བཟློག་མི་ནུས་ལ། དེ་མ་བཟློག་ན་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མེད་པར་འགྱུར་ཏེ། རང་དོན་ཆོས་ཀྱི་སྐུ་ལ་དོན་གཉེར་ས་བཅུ་པའི་གནས་སྐབས་སུ་མི་དགོས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལ་རང་དོན་གྱི་སྐུ་དང་གཞན་དོན་གྱི་སྐུ་གཉིས་ཕྱེ་བ་དགོས་པ་མེད་པར་འགྱུར་རོ། །ཞེས་གསུང་ངོ༌། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། ཕར་ཕྱིན་ཐེག་པའི་སྐབས་འདིར། རྗེ་བཙུན་རྫོགས་པའི་སངས་རྒྱས་སུ་ཁས་ལེན་དགོས་པའི་སྒྲུབ་བྱེད་བཤད་པ་དང༌། དེ་ལྟར་ཁས་བླངས་པ་ལ་གནོད་བྱེད་མེད་པར་བསྟན་པ་དང༌། དེས་གྲུབ་པའི་དོན་གཞན་ཡང་བསྟན་པའོ། །དང་པོ་ལ་གསུམ་སྟེ། ལུང་གི་དང༌། རིགས་པའི་དང༌། ཁས་བླངས་པའི་འོ། །དང་པོ་ནི། རྗེ་བཙུན་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། དེས་འོག་མིན་དུ་ལོངས་སྐུའི་རྟེན་ལ་ཆོས་སྐུ་མངོན་དུ་མཛད་ཟིན་པའི་ཕྱིར། དེ་ཟིན་པ་ཡིན་ཏེ། དགའ་ལྡན་གྱི་གནས་སུ་སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ་ཞེས་བྱ་བའི་མིང་ཅན་དེ་བསྟན་ཟིན་པའི་ཕྱིར་དང༌། དེར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བ་ཐོབ་ཟིན་པའི་ཕྱིར། དེ་དག་གི་ཁྱབ་འབྲེལ་ནི། ཇི་སྐད་དུ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ཞུགས་དང་བལྟམས་པ་དང༌། །ཞེས་སོགས་རྒྱས་པར་གསུངས་པ་དེར། དགའ་ལྡན་གྱི་གནས་སུ་སྐྱེ་བ་ཐོག་མར་བཞག་པའི་སྒོ་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་ཟིན་པ་ཞིག་དགོས་པར་བཤད་པའི་ཕྱིར་རོ། །གཉིས་པ་རིགས་པའི་སྒྲུབ་བྱེད་ནི། རྗེ་བཙུན་བྱང་ཆུབ་སེམས་དཔར་ཁས་ལེན་ན། སྟོན་པ་ཐུབ་པའི་དབང་པོ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་པ་དེའི་ཚེ་ཡང་བྱང་ཆུབ་སེམས་དཔར་ཁས་ལེན་དགོས་ལ། དེ་ལྟ་ན་ཕར་ཕྱིན་ཐེག་པའི་དབང་དུ་བྱས་པའི་ཐུན་མོང་མ་ཡིན་པའི་མདོ་སྡེ་དུ་མ་དང་འགལ་བར་འགྱུར་ཏེ། ཇི་སྐད་དུ་དབུ་མ་ལ་འཇུག་པ་ལས། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་འཇིག་རྟེན་མཐའ་དག་ན། །ཕྲ་རབ་རྡུལ་གྱི་གྲངས་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གྱུར་པའི་སྐལ་བ་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་གསུངས་པས་སོ། །གཞན་ཡང་རྗེ་བཙུན་དང་དམ་པ་ཏོག་དཀར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་འདོད་ན། དེ་གཉིས་དང་པོར་སངས་རྒྱས་པའི་རྟེན་དེ་གང་ལ་བྱ། འཛམ་བུའི་གླིང་དུ་མིའི་རྟེན་ལ་འདོད་པ་ལས་གཞན་མེད་པས། ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་དུ་མ་དང་འགལ་བར་འགྱུར་ཏེ། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་ལང་ཀར་གཤེགས་པ་སོགས་དུ་མ་ལས་གསུངས་པ་དང་འགལ་ཞིང༌། རྫོགས་པའི་སངས་རྒྱས་ཀྱི་ལོངས་སྐུ་མངོན་དུ་མ་མཛད་པར། སྤྲུལ་པའི་སྐུ་མངོན་དུ་མཛད་དགོས་པར་འགྱུར་ཏེ། རྗེ་བཙུན་ཐོགས་མར་མིའི་རྟེན་ལ་འཚང་རྒྱ་བའི་ཕྱིར། གལ་ཏེ་སློབ་དཔོན་ཤཱཀྱ་བཤེས་གཉེན་བཞེད་པ་ལྟར། དཀའ་བ་ལོ་དྲུག་ཏུ་སྤྱོད་པའི་སྐབས་དེར་ལོངས་སྐུ་མངོན་དུ་མཛད་པར་འདོད་ན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་མ་ཕྱེད་པའི་ཉེས་པ་སོན་འདུག་པར་འགྱུར་ཏེ། དེ་ལྟར་འཆད་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་འཆད་པ་པོ་དག་གིས་སྔོན་བྱུང་སྟོན་པའི་རྣམ་ཐར་འཆད་པའི་ཚུལ་ཅིག་ཡིན་པའི་ཕྱིར། གསུམ་པ་ཁས་བླངས་པའི་སྒྲུབ་བྱེད་ནི། རྗེ་བཙུན་སྔགས་ཀྱི་ལུགས་ལ་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས། སྐབས་འདིར་ཡང་དེ་སྐད་དུ་སྨྲ་བར་བྱེད་ན། རྗེ་བཙུན་རྫོགས་པའི་སངས་རྒྱས་སུ་གྲུབ་པ་ཡིན་ཏེ། དེའི་ལུགས་ལ་དེ་ཡིན་པ་གང་ཞིག ཐེག་པ་གོང་མ་དབང་བཙན་པར་འཆད་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ཡིན་པ་ལས། ཁྱེད་ལྟར་ན་མཚན་ཉིད་ཐེག་པའི་ལུགས་ལ། དེ་དེ་མ་ཡིན་པ་དེས་སྔགས་ཀྱི་ལུགས་ལ་དེ་དེ་ཡིན་པ་ལ་གནོད་དོ་ཞེས་ཁས་ལེན་དགོས་པའི་ཕྱིར། གཉིས་པ་ནི། འོ་ན་སྔགས་ཀྱི་ལུགས་ལ་དེ་དེར་ཚད་མས་འགྲུབ་པར་འགྱུར་ཏེ། དེའི་ལུགས་ལ་དེ་དེ་ཡིན་པའི་ཕྱིར། འདོད་ན། དེ་དེར་ཚད་མ་གཅིག་གིས་གྲུབ་པར་འགྱུར་ཏེ། དེ་དེར་སྔགས་ལུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། དེ་ཡང་དེ་ལྟ་ན། དེ་དེར་ཁས་ལེན་དགོས་པ་ལས་འོས་མེད་དོ། །གཞན་ཡང་ནང་འགལ་བ་འདི་ལྟར། ཁྱེད་ཀྱིས་འཆད་པའི་རིགས་པ་དེ་དག་གི་ཚིག་གི་ནུས་པ་ལ། རྗེ་བཙུན་རྫོགས་པའི་སངས་རྒྱས་སུ་ཁས་བླངས་པ་ན། རང་དོན་དོན་གཉེར་གྱི་བློ་མེད་ཀྱང༌། དེ་དེར་ཁས་མི་ལེན་པའི་རྒྱུ་མཚན་གྱིས། རྗེ་བཙུན་ལ་རང་དོན་དོན་གཉེར་གྱི་བློ་ཡོད་དེ། ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། ཆོས་ཀྱི་སྐུ་ལ་རང་དོན་གྱི་སྐུར་འཆད་དགོས་པའི་ཕྱིར། ཞེས་འཆད་པ་ལས་འོས་གཞན་མེད་པས། དེ་ལྟར་ན། སྟོན་པ་ཐུབ་པའི་དབང་པོ་ཆོས་ཅན། རང་དོན་དོན་གཉེར་གྱི་བློ་རང་རྒྱུད་ལ་མེད་པར་ཐལ། རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཐལ་བ་ལ་བསལ་པ་ཞུགས་པའི་ཚུལ་འདི་ལྟར། དེ་ཆོས་ཅན། དེ་ཡོད་དེ། ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པའི་ཕྱིར་ཏེ། ཁྱབ་པར་མ་ཟད་རྟགས་ཁས་བླངས་པའི་ཚུལ་ནི། དེ་ཡོད་དེ། རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་བསམ་པ་ཁྱད་པར་ཅན་ཡོད་པའི་ཕྱིར། དེ་ཁས་བླངས་པའི་ཤེས་བྱེད་ཀྱང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་ཡོད་པའི་ཕྱིར། དེ་གསུམ་ཆར་ཁས་བླངས་པ་ཡིན་ཏེ། དེ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཙམ་གྱི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར། ཀུན་རྫོབ་སེམས་བསྐྱེད་ཅེས་པའི་ཞིབ་ཆ་འདོད་ན་ཡང་དེ་ཉིད་ལས་མ་འདས་སོ། །གཞན་ཡང་བྱང་སེམས་འཕགས་པ་རྣམས་ལ་རང་དོན་ཡིད་བྱེད་ཀྱི་བློ་ཡོད་པར་ཐལ་བ་དང༌། ཉན་རང་དུ་རིགས་ངེས་པ་དང༌། འདོད་ཆེན་པ་རྣམས་ལ་ཡང་རང་དོན་དོན་གཉེར་གྱི་བློ་ཡོངས་སུ་རྫོགས་པ་མེད་པར་འགྱུར་ཏེ། དེ་རྫོགས་པར་འཇོག་པ་ལ་ཆོས་སྐུ་དོན་གཉེར་གྱི་བློ་དགོས་པའི་ཕྱིར། གཞན་ཡང༌། ཁྱེད་ཀྱིས་ཀྱང་ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་པ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་སོགས་སེམས་བསྐྱེད་དེའི་བྱེད་ལས་སུ་འཆད་པས་ཀྱང༌། རྗེ་བཙུན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲུབ་བོ། །གཉིས་པ་གནོད་བྱེད་མེད་པར་བསྟན་པ་ནི། ལུགས་དེའི་རྗེས་སུ་འཇུག་པ་དག་ན་རེ། དེ་ལྟ་ན་མངོན་པར་རྟོགས་པའི་རྒྱན་སངས་རྒྱས་ཀྱི་བཀའ་ཡིན་པར་ཐལ་བ་དང༌། རྗེ་བཙུན་གྱིས་མཛད་པ་བཅུ་གཉིས་ཀྱི་ཐོག་མ་བསྟན་ཟིན་པར་འགྱུར་ལ། གཉིས་ཀ་འདོད་མི་ནུས་པའི་རྒྱུ་མཚན་ནི། བཀའི་དགོངས་འགྲེལ་གྱི་བསྟན་འཆོས་ཡིན་པའི་ཕྱིར་དང༌། བསྟན་པ་གཅིག་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སྟོན་པ་གཉིས་མི་སྲིད་པའི་ཕྱིར་ཟེར་རོ། །དེ་མི་འཐད་པ་ལ་གཉིས་ཏེ། ཐལ་བ་དང་པོ་འཁྲུལ་པར་བསྟན་པ་དང་གཉིས་པ་འཁྲུལ་པའི་ཚུལ་ལོ། །དང་པོ་ནི། སྤྱིར་བཀའ་དང་བསྟན་འཆོས་འགལ་བ་མིན་ཏེ། སངས་རྒྱས་ཀྱི་བཀའ་ཐམས་ཅད་བསྟན་འཆོས་སུ་ཁས་ལེན་པའི་ཕྱིར། དེ་དགོས་པ་ཅི་ཞེ་ན། ལུང་དང་རིགས་པ་ལས་སོ། །ལུང་ནི། འདུལ་བའི་ལུང་རྣམ་པར་འབྱེད་པ་དང༌། དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་འདུལ་བ་ལ་བསྟོད་པ་གཉིས་ཀ་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་ནི། །མདོ་དང་ཆོས་མངོན་ཡིན་གསུང་ལ་འདུལ་བ་ནི། །སྟོན་དང་བསྟན་འཆོས་དངོས་ཡིན་དེ་ཡི་ཕྱིར། །ཞེས་པ་དང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། བསྟན་འཆོས་ནི་རྒྱས་འབྲིང་བསྡུས་པ་གསུམ་མོ། །ཞེས་དང༌། ཁྱེད་རང་གིས་ཀྱང༌། བསྟན་འཆོས་ཆེན་པོའི་རྣམ་བཤད་མཛད། །ཅེས་པ་དང༌། བསྟན་འཆོས་མཐའ་དག་མ་རྙེད་པར། །ཞེས་པའི་བསྟན་འཆོས་དེ་ཡུམ་གྱི་མདོ་ལ་ངོས་འཛིན་གྱིན་འདུག་པའི་ཕྱིར་རོ། །རིགས་པ་ནི། དེ་ལ་དེའི་མཚན་ཉིད་ཚང་བ་ཡིན་ཏེ། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ངག་དེ་བསྟན་བཅོས་ཀྱི་མཚན་ཉིད་དུ་འཆད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། དབུས་མཐའི་འགྲེལ་བཤད་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་འཆོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་བཤད་པས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་བཀའ་ལ་བསྟན་འཆོས་ཀྱིས་ཁྱབ་ཅིང༌། དེ་ལ་དེས་མ་ཁྱབ་པ་དང༌། ཕྱི་རོལ་པའི་བསྟན་འཆོས་སུ་བཤད་པ་རྣམས་བསྟན་འཆོས་མཚན་ཉིད་པ་མ་ཡིན་པ་ཞེས་བྱ་བ་འདི་ངེས་སོ། །དེར་མ་ཟད་བཀའ་དང༌། བཀའི་དགོངས་འགྲེལ་གྱི་བསྟན་འཆོས་གཉིས་ཀྱང་འགལ་བ་མ་ཡིན་ཏེ། འདུལ་བའི་ལུང་སྡེ་བཞི་ཀ་སོ་སོར་ཐར་པའི་མདོའི་དགོངས་འགྲེལ་ཡིན་པ་དང༌། བཤད་པའི་རྒྱུད་རྒྱུད་ཕྱི་མ་ཞེས་གྲགས་པ་དེ་དག་ཀྱང་རྩ་བའི་རྒྱུད་ཀྱི་དགོངས་འགྲེལ་དུ་རིགས་པའི་ཕྱིར་རོ། །གཉིས་པ་ལ། ཐལ་བ་སྔ་མ་ལ་ཁྱབ་པ་མ་ངེས་པ་དང༌། ཕྱི་མ་ལ་མ་ངེས་པའོ། །དང་པོ་ནི། དེ་ཙམ་གྱིས་དེར་ཐལ་བ་མ་ཡིན་ཏེ། དགའ་ལྡན་དུ་སྐྱེ་བའི་མཛད་པ་དེ་བཅུ་གཉིས་ཀྱི་དང་པོ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་བཅུ་གཉིས་ཀྱི་རྣམ་པར་བཞག་པ་དེ་སྐྱེ་བ་གཅིག་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི། ལྷ་དང་མིའི་སྐྱེ་བ་གཉིས་བསྡོམས་པའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར་དང༌། དེ་དེའི་ཐོག་མར་བགྲང་ན་བཅུ་གཉིས་ཀྱི་གྲངས་ངེས་འཇིག་པའི་ཕྱིར། གཉིས་པ་ནི། དེ་ཙམ་གྱིས་དེར་ཐལ་བ་མ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་དང༌། ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས་སོགས་ཀྱི་སྐབས་སུ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པའི་ཕྱིར་དང༌། ས་དགུ་པའི་ཡོངས་སྦྱོངས་ཀྱི་སྐབས་སུ། མངལ་དུ་འཇུག་པ་མཆོག་དང་ནི། །ཞེས་བཤད་པའི་ཕྱིར་དང༌། འཕགས་པ་བློ་གྲོས་མི་ཟད་པར་བསྟན་པའི་མདོ་སྡེ་ལས་ཀྱང༌། ས་དང་པོ་ནས་རྫུ་འཕྲུལ་གྱིས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་དང༌། ས་བཅུ་པ་ནས་སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་བཤད་པས་སོ། །ཡང་གཞན་དག་ན་རེ། རྗེ་བཙུན་བྱམས་པ་བྱང་ཆུབ་སེམས་དཔར་ཁས་ལེན་དགོས་ཏེ། ཡུམ་གྱི་མདོར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་བཤད་པའི་ཕྱིར་ཞེས་ཟེར་བ་དེ་ཡང་མ་ངེས་པ་ཡིན་ཏེ། དེ་ལྟ་ན་གཞོན་ནུ་དོན་གྲུབ་ཀྱང་བྱང་ཆུབ་སེམས་དཔར་ཐལ་བ་དང༌། ཀུན་དགའ་བོ་རྒྱུན་ཞུགས་སུ་ཐལ་བ་དང༌། ཤཱ་རིའི་བུ་དང་རབ་འབྱོར་སོགས་ཀྱང་ཉན་ཐོས་རང་རྒྱུད་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྟགས་གོ་རིམ་བཞིན་དུ། འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་ལས་དེ་ལྟར་བཤད་པའི་ཕྱིར་དང༌། ཡུམ་གྱི་གླེང་གཞི་ལས་དེ་ལྟར་བཤད་པའི་ཕྱིར་དང༌། ཡུམ་གདམ་ངག་གི་སྐབས་སུ་དེ་ལྟར་བཤད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་གྲུབ་པ་ན་ཉེ་བའི་སྲས་བརྒྱད་ལ་སོགས་པ་བྱང་ཆུབ་སེམས་དཔའི་མིང་ཅན་དུ་བཤད་པ་དེ་དག་དང་ཤཱ་རིའི་བུ་དང་རབ་འབྱོར་ལ་སོགས་པ་ཉན་ཐོས་ཀྱི་མིང་ཅན་དེ་དག་ཀྱང་ངེས་པའི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲུབ་པ་ཡིན་ཏེ། དཀོན་མཆོག་བརྩེགས་པའི་མདོ་ལས། འཇིག་རྟེན་དབང་ཕྱུག་ཐོག་མ་མེད་པ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་བཤད་པ་དང༌། འཇམ་དཔལ་གྱི་ཞིང་གི་བཀོད་པའི་ཡོན་ཏན་གྱི་མདོ་ལས། དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བཤད་པ་དང༌། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ངེས་པའི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། གནས་སྐབས་ཀྱི་ངེས་དོན་ལ་བྱང་ཆུབ་སེམས་དཔའ་དང༌། གནས་སྐབས་ཀྱི་དྲང་དོན་ལ་ལྟོས་ནས་ཉན་ཐོས་སུ་འཆད་པར་ཉི་སྣང་ལས་བཤད་པ་བཞིན་ནོ། །དེ་ལྟར་མཆོད་བརྗོད་ཀྱི་དགོས་དོན་ལས་འཕྲོས་པའི་དོན་བཤད་ཟིན་ནས། བརྒལ་ལན་གྱི་ཚུལ་ལ་རྣམ་གྲངས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས། གོ་རིམ་གྱི་བརྒལ་ལན་རྒྱས་པར་བཤད་པར་བྱ་སྟེ། འོ་ན་ཅི། མཆོད་བརྗོད་ཀྱི་གོ་རིམ་འདི་ནི་རིགས་པ་མིན་ཏེ། ཡན་ལག་རྒྱས་བཤད་ཀྱི་གོ་རིམ་དང་མི་མཐུན་པས་སོ་སྙམ་པའི་དོགས་པ་བཀོད་ནས། དེའི་ལན་དུ་རྣམ་བཤད་མཛད་པ་པོ་སྔ་མ་དག་ན་རེ། མཆོད་བརྗོད་གླེང་གཞིའི་འགྲེལ་པ་ཡིན་པས། དེ་དང་མཐུན་པར་བྱས་པ་ཡིན་ནོ་ཞེས་གསུངས་ལ། རང་གི་ལུགས་ལ་ནི། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ཐེག་པ་ཆེན་པོ་ལ་རིམ་གྱིས་གཞུག་པར་བྱ་བའི་ཕྱིར། སྐབས་འདིར་ཐོག་མར་གཞི་ཤེས་ལ་བསྟོད་པ་ཡིན་ལ། ཡན་ལག་རྒྱས་བཤད་དུ་ནི། གདུལ་བྱ་ཐེག་པ་ཆེན་པོར་རིགས་ངེས་པ་རྣམས་ཐོག་མར་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ། དང་པོར་རྣམ་མཁྱེན་བཤད་པ་ཡིན་ནོ། །དོན་འདི་ལ་དར་ཊཱིཀ་མཛད་པ་འདི་ལྟར་འཆད་དེ། ལུགས་འདི་མི་འཐད་པ་ལ་གཉིས་ཏེ། ལུགས་སྔ་མ་མི་འཐད་པ་དང༌། ལུགས་ཕྱི་མ་མི་འཐད་པའོ། །དང་པོ་ནི། མཆོད་བརྗོད་གླེང་གཞི་དང་སྦྱོར་བ་མི་འཐད་དེ། སློབ་དཔོན་དང་འཕགས་པ་གཉིས་ཀས་མ་སྦྱར་ཞིང༌། སློབ་དཔོན་གྱིས་གླེང་གཞིའི་བཤད་པ་གཞན་དུ་མཛད་པའི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་ཀྱི་རིགས་ཅན་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་ཆེད་དུ་དང་པོར་གཞི་ཤེས་ལ་བསྟོད་པ་ཡིན་ནོ། །ཞེས་ཟེར་བ་འདི་ནི་བསྟན་འཆོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་གང་ཡིན་མ་རྟོགས་པ་ཡིན་ལ། འདིར་ནི་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་ཡུམ་ལ་དྭང་བ་བསྐྱེད་ནས་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཆེད་ཡིན་ལ། བསྟན་འཆོས་དེའི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་ན། ཐེག་པ་ཐུན་མོང་གི་བསྟན་འཆོས་སུ་འགྱུར་བའི་ཕྱིར། དེས་ན་སྐབས་གསུམ་པའི་སྐབས་སུ་གཏན་ལ་ཕབ་པའི་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ལ་བསམ་པས་ལེགས་པར་མ་སྦྱངས་ན། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྒྱུད་ལ་མི་སྐྱེ་བས། དེའི་སྔོན་དུ་སྐྱེས་བུ་འབྲིང་གི་བསམ་པ་སྦྱང་བ་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཆེད་དུ་ཐོག་མར་གཞི་ཤེས་ལ་བསྟོད་པ་ཡིན་ནོ་ཞེས་གསུངས་སོ། །དེ་མི་འཐད་པ་ལ་གཉིས་ཏེ། གཞན་ལུགས་འགོག་ཚུལ་མི་འཐད་པ་དང༌། རང་ལུགས་འཇོག་ཚུལ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། ལུགས་སྔ་མ་འགོག་ཚུལ་མི་འཐད་པ་དང༌། ལུགས་ཕྱི་མ་འགོག་ཚུལ་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་རྒྱན་དང་གླེང་གཞི་སྦྱོར་བ་ལ་འཕགས་སེང་གི་དགོངས་པ་ཡིན་པར་བསྟན། དེའི་རྒྱུ་མཚན་གྱིས་བྱེ་བྲག་ཏུ་མཆོད་བརྗོད་དགོས་འབྲེལ་གཉིས་དང་གླེང་གཞི་སྦྱོར་བར་གྲུབ་པ། དེ་ལྟར་སྦྱོར་བ་འགོག་བྱེད་ཀྱི་རིགས་པ་དེ་དག་ལྟར་སྣང་དུ་སྟོན་པའོ། །དང་པོ་ནི། དེ་ལྟར་སྦྱོར་བ་འཕགས་པ་དགོངས་པ་ཡིན་ཏེ། ཉི་ཁྲི་སྣང་བ་ལས། གང་གི་ཕྱིར་གཞུང་སྟོང་ཕྲག་ཉི་ཤུ་རྩ་ལྔ་པོ་འདི་རྣམས་ཀྱི་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ། ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ། ཆོས་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པའི་དངོས་པོ་བརྒྱད་དུ་འགྱུར་རོ། །དེས་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སོགས་གསུངས་པ་ཡིན་ནོ། །ཞེས་བཤད་པས་སོ། །སློབ་དཔོན་གྱིས་ཀྱང་དོན་དེ་ཉིད་བཞེད་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལ་བཤད་པ་གང༌། །ཞེས་སོགས་དགོས་འབྲེལ་སྟོན་བྱེད་ཀྱི་གཞུང་འདི་ཡུམ་གྱི་གླེང་གཞི་ནས། རྟག་ཏུ་ངུའི་ལེའུ་ལ་མ་ཐུག་གི་བར་གྱི་ཡུམ་བརྒྱད་སྟོང་པའི་མདོའི་དགོས་འབྲེལ་སྟོན་བྱེད་ཡིན་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང་རྒྱན་སྣང་ལས། འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཀྱི་འབྲེལ་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་དགོས་པ་རྟོགས་པ་སྔོན་དུ་སོང་བའི་འཇུག་པ་ནི་ཐམས་ཅད་དུ་དོན་དུ་འགྱུར་བའི་ཐེ་ཚོམ་གྱིས་ཡིན་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲེལ་པ་ལ་སོགས་པ་རྣམས་བརྗོད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་ན་སྤྱིར་བསྟན་འཆོས་འདི་དང་ཡུམ་གྱི་གླེང་གཞི་སྦྱོར་བ་འཐད་དེ། བསྟན་འཆོས་འདིར་ཡུམ་གྱི་གླེང་གཞི་ནས་བཤད་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་བསྡུས་པའི་ཕྱིར། བྱེ་བྲག་ཏུ་བསྟན་འཆོས་འདིའི་དགོས་འབྲེལ་གླེང་གཞི་དང་སྦྱོར་དགོས་ཏེ། དེ་ཡུམ་གྱི་གླེང་གཞིའི་ཡང་དགོས་སོགས་ཆོས་བཞི་སྟོན་བྱེད་ཀྱི་གཞུང་དུ་སློབ་དཔོན་གྱིས་བཤད་པའི་ཕྱིར། དེ་ལ་འདི་སྙམ་དུ། འོ་ན་མཆོད་བརྗོད་དང་གླེང་གཞི་སྦྱོར་བར་འཆད་པའི་སྐབས་ཀྱི་དོན་ལས་ཉམས་སོ་ཞེ་ན་མ་ཡིན་ཏེ། དེ་དང་དེ་སྦྱོར་བར་གྲུབ་པ་ཉིད་ཀྱིས་མཆོད་བརྗོད་དང་ཡང་དེ་སྦྱོར་བར་གྲུབ་པ་ཡིན་ཏེ། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། །ཞེས་པའི་གཞུང་འདི་གཉིས་བསྟན་བྱའི་དོན་གཅིག་ཁོ་ན་ཡིན་ལ། གཞུང་ཕྱི་མ་འདིའི་དོན་འགྲེལ་བ་ན། སློབ་དཔོན་གྱིས། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས། ཞེས་གསུངས་ལ། དེའི་སྐབས་ཀྱི་ཆོ་འཕྲུལ་གསུམ་པོ་དེ་ཡང་ཡུམ་གྱི་གླེང་གཞིའི་སྐབས་ནས་འབྱུང་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང༌། ཆོས་གསུངས་པའི་ཆོ་འཕྲུལ་དང༌། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་གསུམ་ལ་ངེས་པར་འཆད་དགོས་པའི་ཕྱིར་དང༌། ཡང་ཇི་སྐད་དུ། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་ཞེས་པའི་སྐབས་ནས་བསྟན་པའི་སངས་རྒྱས་དེ་ཡང༌། ཡུམ་གྱི་མདོའི་གླེང་གཞི་གསུང་བའི་དུས་ཀྱི་འཁོར་དེ་དང་དེས་བསྐོར་བའི་རྒྱལ་བ་ཉིད་ལ་ངོས་འཛིན་དགོས་ཀྱི། དེ་ལས་གཞན་ལ་ངོས་འཛིན་རྒྱུ་མེད་པའི་ཕྱིར་དང༌། ཡུམ་དེ་ལ་ཞེས་པའི་ཉེ་ཚིག་དང་འབྲེལ་བའི་ཡུམ་ཡང༌། ཇི་སྐད་དུ། གླེང་གཞི་ལས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གྱུར་པ་གཟིགས་ནས། ཤཱ་རིའི་བུ་ལ་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཤེར་ཕྱིན་དེ་ལ་འཆད་དགོས་པའི་ཕྱིར། གལ་ཏེ་ལྟ་ན་ཡང༌། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་དང༌། འགྲོ་ལ་ཕན་པར་བྱེད་རྣམས་ཞེས་པ་གླེང་གཞི་དང་སྦྱོར་བ་ལ་ཤེས་བྱེད་མེད་དོ་སྙམ་ན། མིན་ཏེ། གླེང་གཞིའི་སྐབས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་ཤེར་ཕྱིན་གསུངས་པའི་ཚུལ་དེ་དང༌། རྣམ་མཁྱེན་སྦྱོར་བར་གྲུབ་པ་ན། མདོ་གོང་མ་རྣམས་དང་གཞུང་སྔ་མ་གཉིས་སྦྱོར་བར་དོན་གྱིས་གྲུབ་པའི་ཕྱིར་རོ། །ཇི་ལྟར་སྦྱོར་བའི་ཚུལ་ནི། རྣམ་བཤད་དག་ལས་འབྱུང་བ་བཞིན་ནོ། །དེ་ལྟ་ན་ཡང་དོགས་པའི་གནས་དཔྱད་དཀའ་བ་འདི་ཡོད་དེ། གླེང་གཞིའི་སྐབས་ནས་འབྱུང་བའི་ཉན་ཐོས་དེ་དག་ནི་དགྲ་བཅོམ་པ་ཤ་སྟག་ཡིན་ལ། འདིར་ནི་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས། ཞི་བ་འཚོལ་བར་བཤད་པ་དང༌། གླེང་གཞི་ནས་བཤད་པའི་འཁོར་ན་རང་རྒྱལ་མེད་ལ། འདིར་ནི་ཇི་སྐད་དུ། རང་སངས་རྒྱས་ཀྱང་སྟེ། ཞེས་འབྱུང་བའི་དོན་ཇི་ལྟར་འཆད་སྙམ་པའོ། །དེའི་ལན་ནི། དགྲ་བཅོམ་པ་མདོའི་དངོས་བསྟན་དང༌། ཞི་བ་འཚོལ་བ་དང༌། རང་རྒྱལ་མདོའི་སྦས་དོན་ལས་འབྱུང་བ་ཡིན་ནོ་ཞེས་འཆད་དགོས་པ་ཡིན་ནོ། །དཔེར་ན་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམ་ངག་གི་མདོ་ལས། དགེ་སློང་ཤཱ་རིའི་བུ་དང་མཽའུ་འགལ་གྱི་བུ་ཤ་སྟག་གིས་འདི་ལྟ་སྟེ། འདམ་བུའི་ཚལ་ལམ། ཞེས་སོགས་གསུངས་པའི་དོན་འཕགས་པས་འགྲེལ་བ་ན། ཉན་ཐོས་ཀྱི་རྟོགས་པའི་ཆོས་དྲུག་ལ་སྦྱར་ནས་བཤད་པ་བཞིན་ནོ། །མདོར་ན། འགྲེལ་ཆེན་དུ། དགོས་འབྲེལ་གྱི་དེ་མ་ཐག་ཏུ་གླེང་གཞིའི་བཤད་པ་རྒྱས་པར་མཛད་ཅིང༌། སེམས་བསྐྱེད་ལ་སོགས་པའི་ཡན་ལག་སོ་སོ་བ་རྣམས་དང༌། མདོ་བརྒྱད་སྟོང་པའི་ལེའུ་རེ་རེ་ནས་སྦྱར་ཟིན་པའི་འོག་དེ་མ་ཐག་ཏུ། རྟག་ཏུ་ངུ་དང༌། ཆོས་འཕགས་དང༌། རྗེས་སུ་གཏད་པའི་ལེའུ་གསུམ་གོ་སླ་བའི་ཕྱིར་རྒྱན་གྱིས་མ་བསྡུས་སོ་ཞེས་བཤད་པ་འདིས་ཀྱང༌། གླེང་གཞིའི་དོན་རྒྱན་གྱིས་བསྡུས་པར་གྲུབ་བོ། །གསུམ་པ་རིགས་པ་དེ་ལྟར་སྣང་དུ་བསྟན་པ་ནི། འོ་ན། མཚན་ཉིད་དེའི་སྦྱོར་བ་དང༌། ཞེས་སོགས་བསྡུས་དོན་འོག་མ་གཉིས་དང༌། ཡུམ་གསུམ་གི་མདོ་དང་སྦྱོར་བར་མི་འཐད་པར་འགྱུར་ཏེ། འཕགས་སེང་གཉིས་ཀས་དེར་མ་སྦྱར་ཞིང༌། སློབ་དཔོན་གྱིས་དེའི་བཤད་པ་སྐབས་གཞན་དུ་བྱས་པའི་ཕྱིར་རོ། །གལ་ཏེ་ཚིག་གིས་ཟིན་པར་མ་སྦྱར་ཡང་དོན་གྱི་ཐོབ་བོ་སྙམ་ན། སྔ་མ་ལ་ཡང་མཚུངས་པ་ཡིན་ཏེ། མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་མཁྱེན་གསུམ་ལ་བཤད་བྱའི་ཡུམ་གྱི་མདོ་ཅིག་ཡོད་དགོས་ཤིང༌། གླེང་གཞི་ནས་འབྱུང་བའི་མཁྱེན་གསུམ་དང༌། མཆོད་བརྗོད་ནས་འབྱུང་བའི་མཁྱེན་པ་གསུམ་པོ་དེ་སོ་སོའི་བཞུགས་ཚུལ་གྱི་གོ་རིམ་མཐུན་ཅིང༌། མདོ་དང་བསྟན་འཆོས་ཀྱི་ཐོག་མ་ཁོ་ནར་འབྱུང་བར་ཡང་མཚུངས་པའི་ཕྱིར་རོ། །གཞན་ཡང༌། མཆོད་བརྗོད་ཀྱི་སྐབས་ཀྱི་མངོན་རྟོགས་ཀྱི་རིམ་པ་འདི་ལ་ཡུམ་གྱི་བཤད་བྱའི་མདོ་ཅིག་ཡོད་དམ་མེད། མེད་ན་འདི་དེ་ནས་མ་བཤད་པའི་མངོན་རྟོགས་ཀྱི་རིམ་པར་འགྱུར་ལ། ཡོད་ན་འདི་དང་དེ་གཉིས་ཀྱི་བཤད་བྱའི་མདོ་གང་ཡིན་པ་དེ་སྦྱོར་རིགས་པར་འགྱུར་ལ། དེ་ཡང་དེ་ལྟ་ན། དེ་ལྟར་སྦྱོར་བར་མི་རིགས་པར་ཐལ། སློབ་དཔོན་དང་འཕགས་པ་གཉིས་ཀས་མ་སྦྱར་ཞིང༌། སློབ་དཔོན་གྱིས་མདོའི་བཤད་པ་མཆོད་བརྗོད་ཀྱི་སྐབས་ལས་གཞན་དུ་མཛད་པའི་ཕྱིར་རོ། །ཡང་ཡུམ་གྱི་གླེང་གཞིའི་མདོ་དེ་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཅིག་ཡོད་དམ་མེད། མེད་ན་གོང་དུ་དྲངས་པའི་འཕགས་སེང་གི་ལུང་དང་འགལ་བ་དང༌། དེ་ཁོ་ནར་མ་ཟད་མདོ་དེ་ཆོས་ཅན། སྐྱེ་བུ་ལ་འཁོར་བའི་དོན་ཅུང་ཟད་ཀྱང་མ་བསྟན་པར་ཐལ། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར། ཞེས་པ་ནི་བཟང་པོའི་ཞབས་ཀྱི་འགྲེལ་པ་གཉིས་ཀྱི་རིགས་པའོ། །ཡོད་ན་དེ་རྒྱན་གྱིས་བསྡུས་སམ་མ་བསྡུས། མ་བསྡུས་ན། རྒྱན་ཆོས་ཅན། ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་མ་བསྡུས་པར་ཐལ། གླེང་གཞིའི་སྐབས་ཀྱི་དེ་ཡོད་ཅིང༌། དེ་མ་བསྡུས་པའི་ཕྱིར། བསྡུས་ན། དེ་སྡུད་བྱེད་ཀྱི་རྒྱན་དང་གླེང་གཞི་སྦྱོར་རིགས་པ་ལས་འོས་མེད་ལ། དེ་ཡང་དེ་ལྟ་ན། དེ་མི་རིགས་པར་ཐལ། ཁྱེད་རང་གི་སྒྲུབ་བྱེད་དེ་དག་གི་ཕྱིར་རོ། །ལུགས་གཉིས་པ་འགོག་ཚུལ་མི་འཐད་པ་ལ་གཉིས་ཏེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ཡོད་པར་སྒྲུབ་པ་དང༌། དེ་ལྟ་ན་ཡང་བསྟན་འཆོས་འདི་ཐེག་པ་ཐུན་མོང་བའི་བསྟན་འཆོས་སུ་ཐལ་བའི་ཉེས་པ་མེད་པའོ། །དང་པོ་ལ་གསུམ་སྟེ། ལུང་གི་དང༌། རིགས་པའི་དང༌། ཁས་བླངས་པའི་སྒྲུབ་པའོ། །དང་པོ་ནི། སྤྱིར་དེ་ཡོད་པ་ཡིན་ཏེ། ཤེར་ཕྱིན་གྱི་མདོའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་རིགས་ཅན་ཡོད་པའི་ཕྱིར། དེ་སྐད་དུ་ཡང་ཡུམ་གསུམ་ཆར་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་དང༌། རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ཉིད་བཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་རྒྱ་ཆེར་བསྟན་ཏོ། །ཞེས་དང༌། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། རང་རྒྱལ་ས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པས། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་མཆོད་བརྗོད་ངག་གི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ངེས་པར་ཁས་ལེན་དགོས་ཏེ། ཇི་སྐད་དུ། དེའི་ཕྱིར་བཅོམ་ལྡན་འདས་མ་ལ་རབ་ཏུ་དྭང་བ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་གསུངས་ལ། དེའི་དོན་ནི། དེའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དེས་ཡུམ་གསུམ་བརྗོད་བྱར་བྱེད་པའི་གཞུང་ཤེར་ཕྱིན་ལ་དྭང་བའི་རིམ་གྱིས་ཞུགས་པའི་ཉན་ཐོས་ཀྱི་ངེས་ལེགས་ཐོབ་པ་དང༌། རང་སངས་རྒྱས་ཀྱི་རིགས་ཅན་གྱིས་ཀྱང་དེ་ལྟར་ཞུགས་པས་དེ་ཐོབ་པ་དང༌། བྱང་ཆུབ་སེམས་དཔའི་རིགས་ཅན་གྱིས་ཀྱང་དེ་ལྟར་ཞུགས་པས་དེ་འཐོབ་ཅེས་པའི་དོན་དུ་ངེས་པར་འཆད་དགོས་པའི་ཕྱིར་དང༌། དེ་ལས་གཞན་དུ་ན། ཐམས་ཅད་ཅེས་པའི་ཚིག་འབྱུང་བ་ལ་ནུས་པ་མེད་པའི་ཕྱིར་དང༌། ཁྱེད་ལྟར་ན། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་གིས་དེས་ཐམས་ཅད་ཐོབ་དགོས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་རིགས་པ་ནི། བསྟན་བཅོས་འདིས་ཉན་རང་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ཅིག་བསྟན་ནམ་མ་བསྟན། མ་བསྟན་ན་གཞུང་དང་དངོས་སུ་འགལ་ལ། བསྟན་ན་དེ་སུ་ཞིག་གི་བཞེད་དོན་སྒྲུབ་བྱེད་དུ་བསྟན་པ་ཡིན། དེ་ཐེག་པ་ཆེན་པོའི་རིགས་ཅན་གྱི་བཞེད་དོན་སྒྲུབ་བྱེད་དུ་འོང་དོན་མེད་པས། ཉན་རང་གི་དེར་བསྟན་པ་ལས་འོས་མེད་ལ། དེ་ལྟ་ན་བསྟན་འཆོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་རང་གི་རིགས་ཅན་ཡོད་པར་འགྱུར་རོ། །ཡང་བསྟན་འཆོས་འདིར་འཕགས་པའི་བཞི་ཀའི་མངོན་པར་རྟོགས་པ་བསྟན་ནམ་མ་བསྟན། མ་བསྟན་ན་ཉི་སྣང་དང༌། དོན་གསལ་གཉིས་ཀ་ལས། དེ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་བཞི་དང་གཉེན་པོ་དང༌། རྣམ་པ་མཐའ་དག་བསྡུས་པས་མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ། །ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ། བསྟན་ན། དེ་གདུལ་བྱ་སུ་ཞིག་ལ་བསྟན་པ་ཡིན། ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་ལ་ཉན་ཐོས་ཀྱི་ལམ་བསྟན་པ་དོན་མེད་པས། ཐེག་དམན་གྱི་རིགས་ཅན་ལ་བསྟན་དགོས་པ་ལས་འོས་མེད་ལ། དེ་ལྟ་ན། བསྟན་འཆོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ཡོད་པར་གྲུབ་བོ། །དེ་ལ་འདི་སྙམ་དུ། དེ་དག་ཐེག་དམན་གྱི་རྟོགས་རིགས་ལ་དགོངས་པ་ཡིན་གྱི། མངོན་པར་རྟོགས་པ་མཚན་ཉིད་པ་ལ་དགོངས་པ་མ་ཡིན་ནོ་སྙམ་ན། འོ་ན་བསྟན་འཆོས་འདིར། ཐེག་དམན་གྱི་རྟོགས་རིགས་བསྟན་པ་དེ་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་བསྟན་པ་ཡིན་ནམ་ཐེག་ཆེན་གྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་བསྟན་པ་ཡིན། དང་པོ་ལྟར་ན་སྔ་མ་བཞིན་དུ་དེ་དང་དེ་ཡོད་པར་གྲུབ་བོ། །གཉིས་པ་ལྟར་ན། ལུང་དང་ཁས་བླངས་པ་གཉིས་ཀ་དང་འགལ་ལོ། །རེ་ཤིག་ལུང་ནི། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་ནི་མ་ཡིན་པས་ཞེས་དང༌། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་བསྟན་པའི་ཆོས་བྱང་ཆུབ་སེམས་དཔས་ཤེས་པར་བྱའི། རྣམ་པ་ཐམས་ཅད་ཤེས་པར་ནི་མ་ཡིན་ནོ། །ཞེས་གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་བཟུང་བའི་དོན་དུ་ཤེས་བྱར་བཤད་པ་ཡིན་ནོ། །གཉིས་པ་ཁས་བླངས་པ་དང་འགལ་བ་ནི། ཁྱེད་རང་ཉིད་ཀྱི་རྣམ་པར་བཤད་པ་ལས། མངོན་པར་རྟོགས་པའི་རྒྱན་འདིར་ཉན་རང་གི་ལམ་གྱི་རྣམ་བཞག་ཇི་སྙེད་བྱས་པ་དེ་ཐམས་ཅད་ཉན་རང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་ཡིན་ལ། རྗེས་སུ་བཟུང་རྒྱུའི་ཉན་རང་ལ་ཡང་ཟབ་མོའི་སྣོད་དུ་གྱུར་པ་དང༌། མ་གྱུར་པ་གཉིས་ཡོད་པས། ཕྱི་མ་ཆེས་མང་བས་དེའི་ལམ་གྱི་རྣམ་གཞག་མང་དུ་མཛད་དོ། །ཞེས་བཤད་པས་སོ། །གསུམ་པ་ཁས་བླངས་པས་གྲུབ་པ་ནི། དེ་ལས་ཀྱང་དེ་ཡོད་པར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་གཞུང་གིས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་བསྟན་པར་ཁྱེད་ཀྱིས་ཁས་བླངས་པ་གང་ཞིག དེའི་སྐབས་ཀྱི་དབང་པོ་རྟུལ་པོ་དེ་ཐེག་དམན་དུ་རིགས་ངེས་པ་ལ་བྱེད་དགོས་པར་མདོ་དང་འགྲེལ་པ་གཉིས་ཀ་ལས་གསལ་བའི་ཕྱིར། མདོ་ལས་ཇི་ལྟར་གསལ་ཅེ་ན། རྟོགས་དཀའ་ཞེས་པའི་མདོ་ལས་ཤཱ་རིའི་བུས་སྨྲས་པ། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་སྟེ། དཀའ་བ་མེད་ན་ནི་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་བཟློག་པར་འགྱུར་ཞེས། འདི་སྐབས་ཀྱི་རྟུལ་པོ་དེ་རྫོགས་བྱང་ལས་ཕྱིར་བཟློག་པར་བཤད་པའི་ཕྱིར། འགྲེལ་པ་ལས་ཀྱང་གསལ་བ་ཡིན་ཏེ། དེ་ལྟར་དབང་པོ་རྣོ་རྟུལ་གཉིས་ལས། རྣོན་པོས་ནི་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་ལ། རྟུལ་པོས་རྟོགས་པར་དཀའ་ན། རྟུལ་པོ་དེས་ཅི་ཞིག་རྟོགས་སྙམ་པ་ལ། རྟུལ་པོ་ལ་ཉན་རང་གི་རིགས་ཅན་གཉིས་ལས། དེ་གཉིས་ཀྱི་ཐོབ་ཚུལ་འཆད་པ་ནི། ཇི་སྐད་དུ། དེ་དག་ནི་རྟུལ་པོས་ནི་རྟོགས་པར་དཀའོ་ཞེས་བྱ་བ་འདི་ནི་ཆོས་ཉིད་ཡིན་པས། ཤུགས་ཀྱིས་ན་འབྲིང་པོ་རྣམས་ཀྱིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་ལ། ཆུང་ངུ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་འཕངས་པ་ཡིན་ནོ། །ཞེས་གསུངས་པས་སོ། །དོན་འདི་ལ་གཞན་དག་ན་རེ། མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱར་གྱུར་པའི་མངོན་པར་རྟོགས་པ་དང༌། ཐེག་དམན་གྱི་མཁྱེན་པའི་གཞི་མཐུན་ཡོད་ན། ཇི་སྐད་དུ། གཞན་གྱིས་མྱོང་བ་མ་ཡིན་ཏེ། ཞེས་ཕྱི་རོལ་པ་དང་ཉན་རང་གིས་རྒྱན་གྱི་བརྗོད་བྱ་མ་མྱོངས་པར་བཤད་པ་དང་འགལ་ལོ་ཞེས་ཟེར་རོ། །དེ་ནི་གཞུང་གི་དོན་ལ་ལེགས་པར་མ་བརྟགས་པ་ཡིན་ཏེ། རྩ་བའི་དོན་ལ་མ་བརྟགས་པ་དང༌། འགྲེལ་པའི་དོན་ལ་མ་བརྟགས་པའོ། །དང་པོ་ནི། ཇི་སྐད་དུ། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུའི་བདག་ཉིད་ཀྱི། །མདོ་དོན་ཞེས་གསུངས་ལ། དེའི་ཆོས་སྤྱོད་བཅུ་པ་དེའི་ནང་ན་ཉན་རང་གི་མངོན་རྟོགས་མེད་པའི་ཕྱིར་དང༌། དེའི་བཅུ་པོ་དེ་ཡང་སེམས་བསྐྱེད་ལ་སོགས་པའི་རྣམ་མཁྱེན་གྱི་ཆོས་བཅུ་པོ་ལ་འཆད་པ་སློབ་དཔོན་གྱི་དགོངས་པ་ཡིན་པའི་ཕྱིར། འགྲེལ་པ་ལ་མ་བརྟགས་པ་ཇི་ལྟར་ཞེ་ན། དོན་གསལ་ལས། ཕྱི་རོལ་པ་དང་ཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཞེས་གསུངས་པ་དེར། ཅིག་ཤོས་ཞེས་པ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱས་པའི་ནང་པ་ལ་འཆད་དགོས་པ་ཡིན་ཏེ། དེ་ལས་གཞན་དུ་ཐེག་དམན་འཕགས་པ་ལ་འཆད་ན། ཇི་སྐད་དུ། ཆོས་ཐམས་ཅད་བདག་མེད་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པའི་རིམ་གྱིས་མ་མྱངས་པ་དེ། ཞེས་འབྱུང་བ་དང་འགལ་བའི་ཕྱིར་དང༌། འགྲེལ་ཆེན་ན་ནི། སེང་གེ་དང༌། འཕྲོག་བྱེད་དང༌། དབྱིག་གི་སྙིང་པོ་ལ་སོགས་པའི་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་བསམ་པའི་རྒྱུད་མ་རུང་པར་བྱས་པ། དངོས་པོ་མ་ལུས་པ་བདག་མེད་པར་གོམས་པར་མ་བྱས་པ་རྣམས་ཀྱིས་རྟོགས་པར་མ་གྱུར་པ་ཞེས་གསུངས་ཀྱི། ཅིག་ཤོས་ཀྱི་སྒྲ་ཡང་མེད་དོ། །འོ་ན་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ཅི་ལ་ཡང་མ་རག་པར་ཆས་པ་དག་ཁོ་ནས་ཉམས་སུ་མྱོང་བ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་པ་དེ་ནི་དེའི་དེ་མ་ཐག་ཏུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཅེས་པ་དང་འབྲེལ་བ་ཡིན་ལ། དེ་ནི་ཉན་རང་ལ་ཡོད་པར་ཁས་ལེན་པ་ལ་ཉེས་པ་མེད་དོ། །གཉིས་པ་ནི། དེའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཡོད་ཀྱང༌། ཐེག་པ་ཐུན་མོང་གི་བསྟན་འཆོས་སུ་ཐལ་བ་མིན་ཏེ། ཐེག་དམན་དུ་རིགས་ངེས་པ་འགའ་ཞིག་ཐེག་པ་གཉིས་སམ་གསུམ་ལ་རིམ་གྱིས་དྲངས་ཏེ། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྟན་འཆོས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་ལམ་ཤེས་ཀྱི་མདོ་ལས། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། ཞེས་འཆད་དུ་བྱ་བ་མ་ངེས་པའི་རིགས་ཅན་རྣམས་དང་པོ་ནས་ཐེག་ཆེན་དུ་འཇུག་པའི་ཐབས་དང༌། ཡང་མདོ་དེའི་དེ་མ་ཐག་ཏུ། གལ་ཏེ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ། །ཞེས་ཉན་ཐོས་སུ་རིགས་ངེས་པ་རྣམས་ལྷག་མེད་ཀྱི་མྱང་འདས་ཀྱི་བར་ལ་བཀོད་ནས། སླར་ཡང་ཐེག་ཆེན་དུ་འདྲེན་པའི་ཐབས་གསུངས་པ་བཞིན་ནོ། །མདོར་ན། མདོ་དང་རྒྱན་དུ་རིགས་ཅན་གསུམ་ཀའི་རྟོགས་རིགས་ཚང་བར་བསྟན་ནས། གདུལ་བྱ་གསུམ་ཀ་རྗེས་སུ་འཛིན་ནུས་པ་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ཀྱང་རིགས་ཅན་གསུམ་ཀའི་ལམ་ཕྱིན་ཅི་མ་ལོག་པར་ཤེས་ནས། གདུལ་བྱ་རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པར་བྱེད་པ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པའོ། །གལ་ཏེ་འོ་ན་ཐེག་པ་ཐུན་མོང་གི་གཞུང་དུ་འགྱུར་ཏེ། གཞུང་དེ་ནས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་བའི་ལམ་བསྟན་པའི་ཕྱིར་སྙམ་ན་ནི། འོ་ན་ཤེར་ཕྱིན་གྱི་མདོ་དང༌། དབུ་མ་རྩ་བ་ལ་སོགས་པའི་བསྟན་འཆོས་རྣམས་ཀྱང་དེར་ཐལ་བར་འགྱུར་ཏེ། དེ་དང་དེར་ཉན་ཐོས་སོགས་དང་ཐུན་མོང་བའི་གང་ཟག་གི་བདག་མེད་དང༌། དེའི་ཡུལ་ཅན་གྱི་ལམ་བསྟན་པའི་ཕྱིར་རོ། །གཞན་ཡང་སྐབས་གསུམ་པར་བསྟན་པའི་གཞི་ཤེས་དེ་སྐྱེས་བུ་འབྲིང་གི་ལམ་སྤྱི་ཙམ་པོར་ཁས་ལེན་པ་དང༌། དེ་ཉན་རང་འཕགས་པའི་རྒྱུད་ལ་བསྐྱེད་མི་ནུས་པ་ཡང་འགལ་ལ། གལ་ཏེ་དེ་འདྲ་དེ་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྐྱེས་བུ་འབྲིང་གི་ལམ་དུ་ཁས་ལེན་ན་ནི། དེ་ལམ་ཤེས་ཀྱི་སྔོན་དུ་ངེས་པར་འགྲོ་དགོས་པར་མི་འཐད་དོ། །གཉིས་པ་རང་ལུགས་འཇོག་པའི་ཚུལ་མི་འཐད་པ་ནི། འོ་ན་ཡན་ལག་རྒྱས་བཤད་དུ་ཡང༌། ཐོག་མར་གཞི་ཤེས་འཆད་དགོས་པར་འགྱུར་ཏེ། སྐབས་གསུམ་པ་ནས་བསྟན་པའི་སྐྱེས་བུ་འབྲིང་གི་བསམ་པ་མ་སྦྱངས་པར། སྐབས་གཉིས་པ་ནས་བསྟན་པའི་ཐེག་ཆེན་གྱི་ལམ་རྣམས་རྒྱུད་ལ་མི་སྐྱེ་བའི་ཕྱིར། ཁོ་བོ་ཅག་ལ་དེར་ཐལ་བ་མིན་ཏེ། གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་ཚེ་སྐབས་གསུམ་པ་ནས་བསྟན་པའི་གཞི་ཤེས་རྒྱུད་ལ་སྐྱེས་དགོས་པ་ཁས་མ་བླངས་པའི་ཕྱིར། གཞན་ཡང༌། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པའི་ཉན་ཐོས་དེ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་དེ་ཡིན་པར་འགྱུར་ཏེ། གཞུང་རྐང་པ་གཅིག་པུ་དེས་དེའི་གདུལ་བྱ་ཉན་ཐོས་དེ་འདྲ་དེ་ཁོ་ན་སྐྱེས་བུ་འབྲིང་གི་བསམ་པ་སྦྱོང་བའི་ཚུལ་བསྟན་པའི་ཕྱིར། དེ་ལ་འདོད་ནུས་པ་མ་ཡིན་ཏེ། ཞི་བ་འཚོལ་རྣམས་ཞེས་ཐེག་དམན་དུ་རིགས་ངེས་པར་བཤད་པའི་ཕྱིར། དེ་ལྟར་རྒྱས་པར་བཤད་པའི་དོན་བསྡུས་ན། མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་ཤེར་ཕྱིན་ལ་གཉིས་ཏེ། བརྗོད་བྱ་མངོན་པར་རྟོགས་པ་དང༌། རྗོད་བྱེད་གཞུང་ངོ༌། །དང་པོ་ལ་གཉིས་ཏེ། སློབ་པའི་ལམ་གྱིས་བསྡུས་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བསྡུས་པའོ། །དང་པོ་ལའང་གཉིས་ཏེ། ཉན་རང་ལ་ཡོད་པ་དང༌། བྱང་སེམས་ལ་ཡོད་པའོ། །དེ་དག་གི་ནང་ནས་ཤེར་ཕྱིན་མཚན་ཉིད་པ་ནི་སངས་རྒྱས་ཀྱི་སས་བསྡུས་པ་དེ་གཅིག་པུ་ཁོ་ན་ཡིན་ལ། གཞན་རྣམས་ནི་དེ་མཚན་ཉིད་པ་མ་ཡིན་ཀྱང༌། ཡུམ་མཚན་ཉིད་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །དེ་དག་གི་ནང་ནས་འདིར་དངོས་སུ་བསྟན་པ་དང༌། དོན་གྱིས་ཐོབ་པ་གཉིས་ལས། དང་པོ་ནི། སངས་རྒྱས་ཀྱི་སའི་འབྲས་ཡུམ་གཅིག་པུ་དེ་ཡིན་ལ། དེ་ལ་རྗེ་བཙུན་གྱིས་བསྟོད་ཕྱག་མཛད་པའི་རྒྱུ་མཚན་ནི། དེ་གཅིག་པུས་རིགས་ཅན་གསུམ་ཀའི་བཞེད་དོན་སོ་སོར་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་བསྟོད་པ་མཛད་པའི་དགོས་པ་ནི། རིགས་ཅན་སོ་སོ་དེ་བརྗོད་བྱར་སྟོན་པའི་གསུང་རབ་ལ་ཐོས་བསམ་གྱིས་འཇུག་པའོ། །དེ་ལྟར་ཞུགས་པའི་ཡང་དགོས་པ་ནི་རང་རང་གི་བཞེད་དོན་སྒྲུབ་ནུས་ཀྱི་མཁྱེན་པ་སོ་སོ་རྒྱུད་ལ་སྐྱེས་པའོ། །འདིར་རིགས་ཅན་ནི་གཉིས་ཏེ། དམན་པར་རིགས་ངེས་པ་དང༌། ཐེག་ཆེན་དུ་རིགས་ངེས་པའོ། །གཉིས་པ་ལའང་གཉིས་ཏེ། འཁོར་བ་ཇི་སྲིད་པར་འཁོར་བར་གནས་ནས་འཇིག་རྟེན་གྱི་དོན་སྒྲུབ་པར་བཞེད་པའི་བྱང་སེམས་འདོད་ཆེན་པ་ཞེས་བྱ་བའི་མིང་ཅན་ཅིག་དང༌། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེད་པའི་བྱང་སེམས་གཞོན་ནུའི་ས་པ་ཞེས་བྱ་བའོ། །དེ་གསུམ་ཀའི་བཞེད་དོན་མ་ལུས་པ་བསྒྲུབ་པའི་ནུས་པ་ནི། སངས་རྒྱས་པའི་ཡུམ་གཅིག་པུ་ཡིན་ལ། དེ་ལ་ནི་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སངས་རྒྱས་ཀྱི་ཡུམ་ཞེས་བྱ་ལ། དེ་ནི་གཞུང་གིས་དངོས་སུ་བསྟན་པའོ། །གཉིས་པ་དོན་གྱིས་ཐོབ་པ་ནི། རིགས་ཅན་སོ་སོའི་བཞེད་དོན་བསྒྲུབ་པའི་ནུས་པ་ནི། རྟེན་གྱི་གང་ཟག་སོ་སོ་ལ་ཡོད་པའི་མཁྱེན་གསུམ་སོ་སོ་ལ་ཡང་ཡོད་པས། དེ་དག་ནི་རྗེ་བཙུན་གྱི་བསྟོད་ཕྱག་གི་ཡུལ་ཡིན་པའི་ཁྱབ་པ་ཡོད་མེད་དཔྱད་པར་བྱ་བ་ཡིན་ཀྱང༌། འདིར་བསྟན་པའི་ཡུམ་མཚན་ཉིད་པ་ཡིན་ལ། དེ་ལ་ཡང་རྗེས་མཐུན་པ་འཕགས་མིན་གྱི་རྒྱུད་ལ་ཡོད་པ་དང༌། མཚན་ཉིད་པ་འཕགས་པ་ལ་ཡོད་པ་གཉིས་ལས། དེ་དག་སོ་སོར་མ་ཕྱེ་བའི་མཁྱེན་གསུམ་ཙམ་པོ་ནི། སྐབས་འདི་ནས་བསྟན་པའི་ཡུམ་ཡིན་ལ། དེ་ཡུམ་ཡིན་པར་གྲུབ་པ་ན། མངོན་པར་རྟོགས་པ་བརྒྱད་ཀའི་ལྷག་མ་ལྔ་ཡང་འདིའི་སྐབས་ཀྱི་ཡུམ་དུ་གྲུབ་པ་ཡིན་ཏེ། དེས་དེ་བསྡུས་པའི་ཕྱིར། ཞེས་པ་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ། ཞེས་པའི་གཞུང་གིས་བསྟན་པའི་དོན་ནོ། །གཞུང་འདིའི་དོན་མཁྱེན་གསུམ་ལ་བསྟོད་པས་མངོན་པར་རྟོགས་པ་བརྒྱད་ཀ་ལ་བསྟོད་པར་འགྱུར་བའི་ཤེས་བྱེད་དུ་གོང་མ་རྣམས་འཆད་པ་ལྟར་བཤད་ཀྱང་མི་འགལ་མོད། འོན་ཀྱང་ཚིག་ཟུར་ཕྱིན་པར་བྱེད་ན། འདིར་དངོས་སུ་འབྲས་ཡུམ་ལ་བསྟོད་པར་བཞེད་པ་ཡིན་པས། བརྒྱད་ཀའི་སྒོ་ནས་མ་བསྟོད་ལ། དེ་ལྟ་ན་ཡང་བརྒྱད་པོ་ཡུམ་དུ་མི་རྟོགས་པའི་སྐྱོན་མེད་དེ། གསུམ་པོའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པས་གསུམ་པོ་ཡུམ་དུ་རྟོགས་ལ། དེ་ལྟར་རྟོགས་པ་ན་ཡུམ་བརྒྱད་ཀ་ཡུམ་དུ་རྟོགས་ནུས་ཏེ། དེ་དེའི་ནང་དུ་འདུ་བའི་ཕྱིར། དེ་ལྟར་ན་གསུམ་གྱི་སྒོ་ནས་བསྟོད་ལ། བརྒྱད་ཀྱི་སྒོ་ནས་མ་བསྟོད་ཅེས་བྱ་བ་འདི་ཡིན་པར་ངེས་སོ། །འོ་ན་གཞི་ཤེས་ལྟ་བུ་གཅིག་གིས་བརྒྱད་ཀ་བསྡུས་ནུས་པའི་ཕྱིར། དེའི་སྒོ་ནས་མི་བསྟོད་པ་ཅི་ཞེ་ན། དེའི་ཤེས་བྱེད་ནི་མཁྱེན་པ་གསུམ་ཀ་སོ་སོའི་ཡོན་ཏན་བརྗོད་པའི་སྒོ་ནས་མ་བསྟོད་ན། བཤད་མ་ཐག་པའི་རིགས་ཅན་གསུམ་པོ་སོ་སོ་ནས་བསྟན་འཆོས་ཀྱི་བརྗོད་བྱ་ལ་དྭང་བ་མི་སྐྱེ་ལ། དེ་མ་སྐྱེས་ན་གདུལ་བྱ་ཉི་འཚེ་བ་འབའ་ཞིག་མདོ་དང་བསྟན་འཆོས་ལ་འཇུག་པར་འགྱུར་གྱི། གསུམ་ཀ་དེ་ལ་འཇུག་པར་མི་འགྱུར་བས། ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་མདོ་དང་བསྟན་འཆོས་ལ་མྱུར་དུ་དྭང་བ་བསྐྱེད་ནས་འཇུག་པའི་ཕྱིར་དུ། དེ་དང་དེའི་བརྗོད་བྱའི་གཙོ་བོ་ཡུམ་ཤེར་ཕྱིན་ལ་ལྡོག་པ་ཐ་དད་པའི་དབྱེ་བས། རིགས་ཅན་གསུམ་ཀའི་བཞེད་དོན་སོ་སོར་སྒྲུབ་ནུས་པའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །བཤད་པ་ལྷག་མ་ནི་རྣམ་བཤད་ཇི་ལྟ་བ་བཞིན་ནོ། །མཆོད་བརྗོད་ཀྱི་དགོས་དོན་ལས་འཕྲོས་ནས་གཅིག་དང་དུ་བྲལ་ལ་སོགས་པ། དབུ་མའི་ལྟ་བ་གཏན་ལ་འབེབས་པའི་རིགས་པ་རྟོགས་དཀའ་བ་འགའ་ཞིག་འཆད་པ་ལ་གཉིས་ཏེ། རང་རྒྱུད་པའི་ལུགས་དང༌། ཐལ་འགྱུར་བའི་ལུགས་སོ། །དང་པོ་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། འཕགས་སེང་གི་ལུགས་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། དབུ་མ་རང་རྒྱུད་པ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རྣམ་གཞག་འཆད་པའི་སྐབས་གཉིས་ལས། དང་པོ་ཀུན་རྫོབ་ཀྱི་རྣམ་པར་བཞག་པ་འཆད་པའི་སྐབས་སུ་ནི། གྲུབ་མཐའ་སྨྲ་བའི་རིགས་པས་ཅུང་ཟད་ཀྱང་མི་དཔྱད་པར། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་རྣམ་པར་བསླད་པའི་བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་འདི་ཉིད་ཐད་སོར་བཞག་ནས། ཐབས་ཀྱི་ཆ་རྣམས་ལ་བླང་དོར་དང་འཇུག་ལྡོག་གི་རྣམ་པར་བཞག་པ་རྣམས་བྱེད་པ་ཡིན་ཏེ། ཇི་སྐད་དུ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། འདི་ལ་དཔྱད་པ་མི་འཇུག་གོ་ཞེས་འབྱུང་བ་ལྟར་རོ། །དེ་ལྟར་ན་ཡང་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། སངས་རྒྱས་ཀྱི་རྗེས་ཐོབ་ཏུ་རྟེན་འབྲེལ་སྣ་ཚོགས་པ་འདི་རང་སྣང་གི་ཚུལ་གྱིས་གཟིགས་པར་བཞེད་ལ། ཞི་བ་འཚོ་ཡབ་སྲས་ནི། དེས་དེ་རང་སྣང་གི་ཚུལ་གྱིས་གཟིགས་པར་མི་བཞེད་དོ། །འོ་ན་ཅི། སློབ་དཔོན་འདི་གཉིས་རྣལ་འབྱོར་སྤྱོད་པ་པའི་དབུ་མ་པ་ཡིན་པས། ཐ་སྙད་ཀྱི་རྣམ་གཞག་རྣལ་འབྱོར་སྤྱོད་པ་པ་དང་མཐུན་པར་བཞེད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ངེས་དོན་གྱི་རྒྱ་མཚོ་ལ་འཇུག་པའི་དབང་དུ་བྱས་པ་ཡིན་གྱི། ཐ་སྙད་ཀྱི་རྣམ་གཞག་མཛད་པའི་ཚེ་དེ་ལྟར་འཆད་པ་མ་ཡིན་ཏེ། ཐ་སྙད་དུ་ཕྱི་རོལ་གྱི་དོན་དང༌། དོན་སྣང་གི་ཤེས་པ་ལ་ཡོད་མེད་ཀྱི་རྣམ་བཞག་སོ་སོར་བྱས་ནས། རིགས་པའི་དཔྱད་པ་ཞུགས་པར་སོང་བས། དབུ་མ་པའི་འཇིག་རྟེན་གྱི་ཐ་སྙད་བདེན་པ་འཇོག་མཚམས་ལས་ཉམས་པའི་ཕྱིར་རོ། །གཉིས་པ་དོན་དམ་པའི་བདེན་པའི་བདེན་པ་གཏན་ལ་འབེབ་པའི་ཚུལ་ལ་གཉིས་ཏེ། བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་བཤད། བདེན་སྟོང་འགོག་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཀྱིས་དང༌། འགལ་ཟླ་དམིགས་པའི་གཏན་ཚིགས་ཀྱིས་སོ། །དང་པོ་ལ། རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་པའི་དབྱེ་བས་བཞིར་འཆད་ནུས་ཀྱང༌། སློབ་དཔོན་སྔ་མ་རྣམས་ལ་གྲགས་པ་ལྟར་བཤད་ན། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་གྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་སོ། །འདི་རྣམས་ལ་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཞེས་བྱ་སྟེ། དགག་བྱ་བདེན་པའི་འབྲེལ་ཡུལ་བཀག་ནས། འབྲེལ་པོ་འགོག་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། རང་རྒྱུད་ཀྱི་གཏན་ཚིགས་ཞེས་ཀྱང་བྱ་སྟེ། ཤེས་འདོད་ཆོས་ཅན་ཚད་མས་གྲུབ་པ་ཞིག་གི་སྟེང་དུ། དགག་བྱ་འགོག་པར་མ་ཟད་བསྒྲུབ་བྱ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །འོ་ན་བསྒྲུབ་བྱ་དོན་དང་ཐ་སྙད་གཉིས་ལས་གང་བསྒྲུབ་ཅེ་ན། རྒྱུ་ཁྱབ་བྱེད་དངོས་འབྲས་མ་དམིགས་པ་གསུམ་སྦྱར་ན་དོན་བསྒྲུབ་པ་ཡང་ཡོད་མོད། བཤད་མ་ཐག་པ་གསུམ་པོ་དེ་ནི། ཐ་སྙད་འབའ་ཞིག སྒྲུབ་པར་བྱེད་པ་ཡིན་ཏེ། གསུམ་པོ་དེའི་ཕྱོགས་ཆོས་ཚད་མས་ངེས་པའི་དུས་སུ། བསྒྲུབ་བྱའི་ཆོས་ཀྱི་དོན་གྲུབ་ཟིན་པའི་ཕྱིར་རོ། །ཇི་སྐད་དུ་རྒྱན་ལས། རང་བཞིན་མེད་དེ་ཐ་སྙད་དུ། །རུང་བ་ཉིད་དུ་སྒྲུབ་པར་བྱེད། །ཅེས་སོ། །འོ་ན་ཐ་སྙད་དེ་གང་ལ་བྱ་ཞེ་ན། རང་བཞིན་མེད་པ་དང༌། སྐྱེ་བ་མེད་པའི་ཤེས་བརྗོད་དོན་མཐུན་ནོ། །དེ་ལྟ་ཡིན་པ་དེའི་ཚེ་གསུམ་པོ་འདི་སྒྲུབ་པའི་གཏན་ཚིགས་སུ་ཁས་བླངས་པ་ལ་འགལ་བ་མེད་དེ། རང་གི་བསྒྲུབ་བྱའི་ཆོས་སྒྲུབ་པ་བསྒྲུབ་པའི་ཕྱིར་རོ། །གཏན་ཚིགས་འདི་རྣམས་ཐ་སྙད་འབའ་ཞིག་བསྒྲུབ་པ་ཡིན་པ་དེའི་ཚེ། གཏན་ཚིགས་འདི་དང་འདིས་དངོས་སུ་དགག་བྱའི་ཆོས་བདེན་ཚད་འགོག་པ་མ་ཡིན་པར་གྲུབ་སྟེ། དེ་དང་དེའི་ཕྱོགས་ཆོས་ཚད་མས་ངེས་པའི་དུས་སུ་དེ་བཀག་ཟིན་པའི་ཕྱིར། དེ་ལྟར་སྤྱིར་བཤད་ནས། སོ་སོར་འཆད་པ་ལ་གསུམ་ལས་དང་པོ་གཅིག་དང་དུ་བྲལ་ལ། རང་གི་འདོད་པ་བཤད་པ། གཞན་གྱིས་བརྟག་པའི་མཐའ་དགག་པའོ། །དང་པོ་ལ། གཏན་ཚིགས་དགོད་པ་དང༌། ཚུལ་བསྒྲུབ་པ་དང༌། སྒྲུབ་པའི་ངག་བཀོད་ནས་རྗེས་དཔག་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲགས་པའི་སྣང་བ་ཙམ་པོ་འདི་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མ་གྲུབ། དུ་མར་ཡང་མ་གྲུབ་པའི་ཕྱིར། ཞེས་འགོད་པར་བྱེད་དོ། །འདིར་གཟུགས་བརྙན་བཞིན་ཞེས་མི་འགོད་དེ། སྤྱིར་དཔེ་འགོད་པ་ནི་སྒྲུབ་བྱེད་ཡིན་པས། གྲུབ་ཟིན་པ་ཞིག་འགོད་དགོས་པ་ཡིན་ལ། སྐབས་འདིར་དཔེའི་སྟེང་དུ་ཁྱབ་པ་གྲུབ་མ་ཟིན་པའི་ཕྱིར་རོ། །ཡང་ན་གཟུགས་བརྙན་བཞིན་ཞེས་བཀོད་ནས་མ་འོངས་པ་ན་དཔེ་ཡང་དག་ཏུ་འགྱུར་དུ་རུང་བ། ད་ལྟ་དཔེ་ལྟར་སྣང་དུ་ཁས་ལེན་པར་བྱེད་དོ། །དེ་བཞིན་དུ་གཏན་ཚིགས་འདི་ཡང་སྒྲུབ་བྱེད་ཡང་དག་པ་ནི་མ་ཡིན་ཏེ། མ་འོང་བ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ཞེས་བྱ་བ་དེ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟགས་ཆོས་དོན་གསུམ་ལས། གཉིས་ནི་དོན་དམ་བདེན་པའི་དབང་དུ་བྱས་ལ། ཆོས་ཅན་ནི་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་ཆོས་ཅན་མི་འགྲུབ་པའི་ཕྱིར་རོ། །ཆོས་ཅན་དེ་འགྲུབ་བྱེད་ཀྱི་ཚད་མ་ཡང་རྟོག་གེ་ལ་གྲགས་པ་བཞིན་དུ། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་མ་བསྐྱེད་པའི་མངོན་སུམ་མམ། རྗེས་སུ་དཔག་པ་ཞིག་གོ །དེ་ཡང་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པའི་ཚེ་འཇིག་རྟེན་པ་ཐམས་ཅད་ལ་མཐུན་པར་སྣང་བ་ཙམ་གྱིས་ཆོག་ལ། རྣལ་འབྱོར་གྱི་ཀུན་རྫོབ་ཁྱད་གཞིར་འཛིན་པ་དེའི་ཚེ། མདོ་སེམས་གཉིས་ཀྱི་ལུགས་སོ་སོ་བ་བཞིན་དུ་རང་རྒྱུད་པ་གཉིས་ཀྱིས་སོ་སོར་ཁས་ལེན་ལ། ཚད་མ་དེ་ཡང༌། དོན་དམ་པའི་བདེན་པ་འཇོག་པའི་ཚེ་ནི་རང་ལུགས་ཀྱི་ཚད་མ་གོ་ཆོད་པོར་ཁས་མི་ལེན་པ་ནི་ལེགས་ལྡན་འབྱེད་ཀྱི་བཞེད་པའོ། །ཆོས་ཅན་ཀུན་རྫོབ་ཀྱི་དབང་དུ་བྱས་པ་དེའི་རྟགས་ཆོས་གཉིས་ལ་དགག་བྱའི་ཁྱད་པར་སྦྱོར་དགོས་པ་ཡིན་ནོ། །བོད་ཕྱི་མ་དག་ན་རེ། བདེན་གྲུབ་འགོག་པ་ལ་དགག་བྱ་བདེན་ཚད་དངོས་ཟིན་དགོས་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་རང་རྒྱུད་པ་དག་གིས་དགག་བྱ་ངོས་འཛིན་ལུགས་ནི་རགས་པ་ཡིན་ལ། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་འཛིན་ཚུལ་དེ་ལས་ཕྲ་བ་ཡིན་ནོ། །དགག་བྱ་ངོས་འཛིན་ཚུལ་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པ་དེའི་ཕྱིར། བདེན་མེད་ཀྱི་ངོས་འཛིན་ཚུལ་ཡང་ཕྲ་རགས་ཀྱི་ཁྱད་པར་གྲུབ་པ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཕྱིར། རང་རྒྱུད་ཀྱི་གཞུང་ལས་བཤད་པའི་བདེན་མེད་ཀྱི་དོན་དེ་ནི་ཐལ་འགྱུར་བའི་གཞུང་དུ་བཤད་པའི་བདེན་མེད་ཀྱི་དོན་ལས་ཆེས་ཤིན་ཏུ་རགས་པ་ཡིན་པས། དེ་བདེན་མེད་ཀྱི་དོན་གོ་ཆོད་པོ་མ་ཡིན་ནོ། །དེའི་ཕྱིར་རང་རྒྱུད་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གི་རིགས་རྒྱུན་གོམས་པར་བྱས་པས་དེ་ཁོ་ན་ཉིད་ཀྱི་དོན་མཐོང་ནུས་པ་ཡང་མིན་ཏེ། རང་རྒྱུད་ཀྱི་གཞུང་ལས་བདེན་མེད་ཀྱི་དོན་གཏན་ལ་མ་ཕེབས་པའི་ཕྱིར། ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། བདེན་མེད་ངོས་འཛིན་པའི་སྔ་རོལ་དུ་དགག་བྱ་བདེན་གྲུབ་ངོས་ཟིན་པ་ཞིག་དགོས་པར་འདོད་པ་མི་འཐད། དབུ་མ་ཐལ་རང་གཉིས་ཀྱི་བདེན་མེད་ཀྱི་དོན་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པ་མི་འཐད་པའོ། །དང་པོ་ནི་དེ་ལྟར་འཆད་པ་དེ་ནི་རིགས་པ་མིན་ཏེ། ངོས་བཟུང་བར་སླ་བ་བདེན་མེད་ངོས་འཛིན་པའི་སྔ་རོལ་དུ། ངོས་འཛིན་པར་དཀའ་བ་བདེན་གྲུབ་ངོས་བཟུང་ཀྱང་འཛིན་པར་མི་ནུས་པའི་ཕྱིར། དེ་མི་ནུས་པ་ཡིན་ཏེ། གཅིག་ནི་ཚད་མས་གྲུབ་ལ། གཅིག་ཤོས་ནི་ཚད་མས་མི་འགྲུབ་པའི་ཕྱིར། དེ་ཡང་འདི་ལྟར། བདེན་ཚད་ངོས་བཟུང་བ་དེ་བློ་འཁྲུལ་པ་ཞིག་གིས་ངོས་བཟུང་བས་ཆོག་པ་ཡིན་ནམ། ཚད་མ་ཞིག་གིས་ངོས་འཛིན་པར་བྱེད་དགོས་པ་ཡིན། དང་པོ་ལྟར་ན་བདེན་ཚད་ངོས་མ་ཟིན་པ་ཙམ་གྱིས་ནི་བདེན་མེད་ཀྱི་ཚད་ངོས་ཟིན་པ་ལ་ཕན་པ་མིན་ཏེ། དང་པོ་ངོས་འཛིན་བྱེད་ཀྱི་བློ་དེ་ཚད་མིན་གྱི་བློ་ཞིག་ལ་འཆད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་མི་འཐད་དེ། དེ་ཚད་མས་གྲུབ་པ་མི་སྲིད་པའི་ཕྱིར་རོ། །དེས་ན་བདེན་གྲུབ་ངོས་འཛིན་པའི་སྔ་རོལ་དུ་བདེན་མེད་ཀྱི་ཚད་ངོས་བཟུང་ན་སླ་བ་ཡིན་ཏེ། མྱུ་གུ་ལྟ་བུ་དཔྱད་གཞིར་བཟུང་ནས་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་པས་གང་དུ་ཡང་མ་རྙེད་པ་དེ། དེ་དེར་མེད་པའི་གོ་དོན་དུ་གཞུང་འགྲེལ་ལས་ལན་གཅིག་མིན་པར་གསུངས་ལ། དེ་ཤེས་པ་ན། བདེན་གྲུབ་ཀྱི་ཚད་འབད་མེད་དུ་གྲུབ་པའི་ཕྱིར་རོ། །སྤྱོད་འཇུག་གི་ལུང་གི་དོན་ཡང་དེ་ལྟར་མ་ཡིན་ཏེ། ལུང་དེ་ནི་བདེན་གྲུབ་ཚད་མས་མ་དམིགས་པ་རྟགས་སུ་བཀོད་ནས། དེ་བཀག་པའི་བདེན་མེད་ཀྱང་བརྫུན་པར་བསྒྲུབ་པའི་གཞུང་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟར་འཆད་པ་དེ་ནི། དབུ་མ་པ་གཉིས་ཀྱི་བདེན་མེད་ལ་ཕྲ་རགས་ཀྱི་ཁྱད་པར་འབྱེད་པ་ཁོ་ནའི་ཕྱིར་དུ། རང་བཟོར་བྱས་པ་ཡིན་གྱི། ལུང་གི་ཁུངས་མེད་དོ། །གཉིས་པ་ནི་དབུ་མ་ཐལ་རང་གཉིས་ཀྱི་གཞུང་ལས་འབྱུང་བའི་བདེན་མེད་ཀྱི་དོན་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། གཞུང་དེ་དག་ནས་བཤད་པའི་བདེན་མེད་དང༌། རང་བཞིན་སྐྱེ་མེད་ལ་སོགས་པའི་དོན་ནི། བདེན་པའི་གཅིག་དང་དུ་བྲལ་དང༌། མཐའ་བཞི་ལས་མི་སྐྱེ་བ་སོགས་ཡིན་ལ། དེ་དང་དེའི་གོ་དོན་འཆད་ཚུལ་ལ་ཐལ་རང་གཉིས་ཁྱད་པར་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། ཁྱད་པར་ཡོད་ན། དེའི་ཁྱད་པར་གང་ཡིན་པ་དེ་གསལ་བར་བསྟན་དགོས་ཏེ། དེ་བསྟན་རྒྱུ་མེད་པའི་རྒྱུ་མཚན་གྱིས་སུས་ཀྱང་གང་དུ་ཡང་བསྟན་པ་མེད་དོ། །ཕྱི་དོན་བདེན་མེད་དུ་བསྒྲུབ་པའི་རིགས་པ་ལ་ནི། དབུ་མ་ཐལ་རང་ལྟ་ཞོག དབུ་སེམས་གཉིས་ལ་ཡང་ཁྱད་པར་ཅུང་ཟད་ཡོད་པ་མིན་ཏེ། ཉི་ཤུ་པའི་རབ་ཏུ་བྱེད་པ་ལས་གསུངས་པའི་རྡུལ་ཕྲན་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་དང༌། དབུ་མ་རྒྱན་ལས་གསུངས་པའི་དེ་དེར་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་རོ། །དེ་ལྟར་གཞན་གྱི་འདོད་པ་བཀག་ནས། རང་གི་ལུགས་འཆད་པ་ནི། བདེན་མེད་ཀྱི་ལོག་ཕྱོགས་ནི་བདེན་གྲུབ་ཅེས་བྱ་བར་བློས་བཟུང་བ་དེ་ཉིད་ཡིན་ལ། དེ་ཡང་ཀུན་བརྟགས་ཀྱི་བློས་བཟུང་བ་དང༌། ལྷན་སྐྱེས་ཀྱི་བློས་བཟུང་བ་གཉིས་ལས། དང་པོ་ནི་གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱི་ལོག་ཕྱོགས་སུ་བཞག་ལ། གཉིས་པ་ནི་སྒྲུབ་བྱའི་ཆོས་ཀྱི་ལོག་ཕྱོགས་སོ། །དེ་ལྟར་ན་ཀུན་བཏགས་ཀྱི་བདག་བཀག་པས་ལྷན་སྐྱེས་ཀྱི་བདག་ཁེགས་པའི་དོན་ཡང་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ལྟར་ཆོས་ཅན་དང༌། དགག་བྱའི་ཆོས་ཀྱི་དོན་བཤད་ཟིན་ནས། བསྒྲུབ་བྱའི་ཆོས་ཀྱི་དོན་ནི། བོད་སྔ་མ་དག་བདེན་པ་བཀག་ཙམ་གྱི་མེད་དགག་ལ་དེར་འཆད་པའི་ལུགས་དང༌། དེ་བཀག་པས་ཁྱད་པར་དུ་བྱས་པའི་སྣང་བ་སྒྱུ་མ་ལྟ་བུ་དེར་འཆད་པའི་ལུགས་གཉིས་སྣང་ཡང༌། འདི་ལྟར་རྟོགས་ཏེ། བསྒྲུབ་བྱའི་ཆོས་ཀྱི་དོན་དང་ཐ་སྙད་གཉིས་ལས། དང་པོ་ནི། དགག་བྱའི་ཆོས་བཀག་ཙམ་གྱི་མེད་དགག་ལ་དེའི་ཐ་སྙད་འདོགས་ལ། འདིར་བསྒྲུབ་བྱའི་ཆོས་མཚན་ཉིད་པ་ནི། བདེན་པར་མེད་པའི་ཡུལ་ཅན་གྱི་ཐ་སྙད་དོན་མཐུན་ལ་བྱ་དགོས་པ་ཡིན་ཏེ། རྒྱན་གྱི་རང་འགྲེལ་ལས། གྲུབ་པའི་ཡུལ་ཅན་གྱི་ཤེས་པ་དང༌། བརྗོད་པ་རྣམས་བསྒྲུབ་པའི་ཕྱིར་ཏེ། འདི་ནི་ནོག་ལྐོག་ཤལ་དང་ལྡན་པའི་ཕྱིར་བ་ལང་ངོ་ཞེས་བྱ་བ་བཞིན་ནོ། །ཞེས་སོགས་རང་རྒྱུད་པའི་སློབ་དཔོན་མཐའ་དག་གིས་དེ་ལྟར་བཤད་པའི་ཕྱིར་རོ། །འོན་ཀྱང་སྔ་རབས་པ་དག་གི་དཔྱད་པ་དེ་ནི། གཏན་ཚིགས་འདི་དག་གི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པ་འཆད་པའི་སྐབས་སུ་འཇུག་པ་ཡིན་ནོ། །གཉིས་པ་ཚུལ་བསྒྲུབ་པ་ལ། ཕྱོགས་ཆོས་བསྒྲུབ་པ་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བདེན་པའི་གཅིག་བྲལ་བསྒྲུབ་པ་དང༌། དུ་བྲལ་དུ་བསྒྲུབ་པའོ། །དང་པོ་ལ། ཕྱི་རོལ་གྱི་དོན་ལ་དང༌། ཤེས་པ་ལ་དེ་བསྒྲུབ་པའོ། །དང་པོ་ལ། རགས་པ་ལ་དེ་བསྒྲུབ་པ་དང༌། རྡུལ་ཕྲ་རབ་ལ་དེ་བསྒྲུབ་པའོ། །གཉིས་པ་ཤེས་པ་ལ་དེ་བསྒྲུབ་པ་ལ། བློ་རྣམས་བཅས་ལ་དེ་བསྒྲུབ་པ་དང༌། རྣམ་མེད་ལ་དེ་བསྒྲུབ་པའོ། །དེ་དག་ནི་རྣམ་བཤད་ལས་འབྱུང་བ་བཞིན་ནོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ལ། རྟགས་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་བསྒྲུབ་པ་དང༌། མི་མཐུན་ཕྱོགས་ལས་བཟློག་པར་བསྒྲུབ་པའོ། །དང་པོ་ནི། དཔེ་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། བདེན་པར་མེད་དེ། རང་མཚན་དང་སྤྱི་མཚན་གང་དུ་ཡང་མ་གྲུབ་པའི་ཕྱིར། དེར་མ་གྲུབ་སྟེ། དོན་དང་ཤེས་པ་གང་དུ་ཡང་མ་གྲུབ་པའི་ཕྱིར་དང༌། རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་བའི་ཕྱིར། འོ་ན་དཔེ་རྟོགས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པ་མ་ཡིན་ནམ་ཞེ་ན། མིན་ཏེ། དཔེ་དོན་གཉིས་ལ་བདེན་མེད་རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར། འདི་ལ་གཞན་དག་ན་རེ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་རྟོགས་པའི་རིགས་པ་གཞན་ལ་རག་མ་ལས་པར་རིགས་པ་དེ་ཉིད་ཀྱིས་ཆོས་ཅན་ཚད་མས་གྲུབ་པ་ཐམས་ཅད་བདེན་མེད་དུ་རྟོགས་ནུས་པ་ཡིན་ནོ། །ཞེས་ཟེར་བ་དེ་ནི། ནོར་བ་ཡིན་ཏེ། ལུང་རིགས་དང་མི་མཐུན་པ་དང༌། ཁས་བླངས་ནང་འགལ་བས་སོ། །དང་པོ་ནི། རགས་རྒྱུན་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དབུ་མའི་གཞུང་ལས་འབྱུང་བ་དང་ཁྱད་པར་མེད་པ་ཞིག ཉན་ཐོས་སྡེ་པའི་གཞུང་ན་སྣང་བའི་ཕྱིར་དང༌། ཕྱི་དོན་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དབུ་མའི་གཞུང་ནས་འབྱུང་བ་དང་ཁྱད་པར་མེད་པ་ཞིག་སེམས་ཙམ་གྱི་གཞུང་ན་སྣང་བའི་ཕྱིར་དང༌། གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་རིགས་པ་དེ་འདྲ་ཞིག་རྣམ་བརྫུན་པའི་གཞུང་ན་སྣང་བའི་ཕྱིར། གཉིས་པ་ནི། འོ་ན་གཅིག་དང་དུ་བྲལ་གྱི་གཏན་ཚིགས་འདི་གང་ལ་འགོད་པ་སྐབས་སུ་བབ་པའི་ཕྱིར་རྒོལ་བ་དེ་ཆོས་ཅན། གཏན་ཚིགས་འདི་ལ་མ་རག་པར། རང་གིས་ཆོས་ཅན་བདེན་མེད་དུ་རྟོགས་ནུས་པར་ཐལ། ཚད་མས་གྲུབ་པའི་ཆོས་ཅིག་བདེན་མེད་དུ་ཚད་མས་ངེས་ཟིན་པའི་ཕྱིར། འཁོར་གསུམ་ཁས་བླངས་པ་ལས་རྟགས་ཇི་ལྟར་ཁས་བླངས་པའི་ཚུལ་ནི། རྟགས་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་ཚད་མས་ངེས་ཟིན་པས་སོ། །གཉིས་པ་ལྡོག་ཁྱབ་བསྒྲུབ་པ་ནི། གཏན་ཚིགས་བདེན་པའི་གཅིག་དང་དུ་བྲལ་དེ་མི་མཐུན་པའི་ཕྱོགས་བདེན་གྲུབ་ལ་ཞུགས་པ་མིན་ཏེ། སྤྱིར་ཡོད་ན་གཅིག་དང་དུ་བྲལ་གང་རུང་དུ་ཡོད་དགོས་པའི་རྒྱུ་མཚན་གྱིས། བདེན་པར་ཡོད་ན་ཡང་དེ་གཉིས་གང་རུང་ལས་མི་འདའ་བའི་ཕྱིར། གསུམ་པ་རྗེས་དཔག་བསྐྱེད་པའི་ཚུལ་ནི། དེ་ལྟར་ཕྱིར་རྒོལ་བས་ཚུལ་གསུམ་ཚད་མས་ཤེས་ནས། སྔར་རྒོལ་གྱིས་གཏན་ཚིགས་ཡང་དག་བཀོད་པ་ལ་མ་ལྟོས་པར་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པ་ཞིག་དང་མི་མཐུན་པ་ཞིག་གཉིས་འབྱུང་བ་ལས། དང་པོའི་ངོར་ནི། གཏན་ཚིགས་འདི་རང་དོན་སྐབས་ཀྱི་གཏན་ཚིགས་སུ་འགྱུར་བའི་ཕྱིར་སྔར་རྒོལ་གྱིས་བསྒྲུབ་པའི་ངག་བཀོད་པ་ལ་མ་ལྟོས་པར་རྗེས་དཔག་སྐྱེ་བ་ཡིན་ལ། གཉིས་པའི་ངོར་ནི། གང་བདེན་པའི་གཅིག་དང་དུ་བྲལ་ཡིན་ན། བདེན་པར་མེད་པས་ཁྱབ། དཔེར་ན་གཟུགས་བརྙནབཞིན། ཤེས་འདོད་ཆོས་ཅན་དེ་དང་དེ་ཡང༌། དེ་དང་བྲལ་བ་ཡིན་ནོ་ཞེས་བཀོད་པས། དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཕྱིར་རྒོལ་བའི་དྲན་ལམ་དུ་ངེས་པར་འཕེན་ནུས་པ་ཡིན་ཏེ། སྔར་ཚད་མས་ཤེས་ཟིན་པའི་ཕྱིར། དྲན་པ་དེ་ལས་སྐད་ཅིག་གཉིས་པར་རྟགས་ཅན་རྗེས་དཔག་སྐྱེ་བར་ངེས་སོ། །རྗེས་དཔག་རང་གི་ངོ་བོ་ནི། དེ་ལྟར་ཞེན་པའི་རྟོག་པ་ཡིན་ཀྱང༌། དེར་ཞེན་པའི་ཆ་ནས་རིག་ཤེས་སུ་འཇོག་པ་མ་ཡིན་ཏེ། དེའི་ཆ་ནས་སྤང་བྱ་རྟོགས་པར་འཇོག་དགོས་པའི་ཕྱིར་ཏེ། དེའི་ཆ་ནས་བཏགས་འཛིན་རྟོག་པར་སོང་བའི་ཕྱིར། དེ་ཡང་སྒྲུབ་རྟོག་དུ་ཁས་ལེན་དགོས་པ་ཡིན་ཏེ། དེའི་དུས་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་ཡིན་ན་བསྒྲུབ་པ་ཡིན་དགོས་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདིའི་ཕྱོགས་ཆོས་ངེས་པའི་རྟོག་པ་ནི་དགག་རྟོག་དུ་བཞག་གོ །རྒྱུ་མཚན་དེ་ལྟར་ན། རྗེས་དཔག་འདིའི་འཛིན་སྟངས་ཀྱི་བཟུང་བྱ་དེ་ཡང་རིགས་པ་གཞན་གྱིས་འགོག་པའི་ཚུལ་ཡང་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་གཏན་ཚིགས་འདི་ལ་གཞན་གྱིས་བཏགས་པའི་མཐའ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་མི་འཐད་པའོ། །དང་པོ་ནི། དར་ཊཱིཀ་མཛད་པ་འདི་ལྟར་འཆད་དེ། རྟགས་དགོད་པ་དང༌། ཚུལ་བསྒྲུབ་པའོ། །དང་པོ་ནི། བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་ན། བདེན་པར་མེད་པས་ཁྱབ། དཔེར་ན་གཟུགས་བརྙན་བཞིན། གཞི་ལམ་རྣམ་པ་གསུམ་པོ་ཡང་བདེན་པའི་གཅིག་དང་དུ་མ་ཡང་མ་གྲུབ་བོ། །གཉིས་པ་ནི་ཕྱོགས་ཆོས་བསྒྲུབ་པ་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། བདེན་པའི་གཅིག་བྲལ་དུ་བསྒྲུབ་པ་དང༌། དུ་བྲལ་དུ་བསྒྲུབ་པའོ། །དང་པོ་ནི། དེ་ཆོས་ཅན། བདེན་པའི་གཅིག་དུ་མ་གྲུབ་སྟེ། ཆ་བཅས་ཡིན་པའི་ཕྱིར་རོ། །རྩོད་གཞི་བུམ་པ་ལྟ་བུའི་སྟེང་དུ་རྟགས་དེ་མངོན་སུམ་གྱིས་གྲུབ་ལ། རྩོད་གཞི་མངོན་སུམ་གྱིས་མ་གྲུབ་པ་རྣམས་ཀྱི་སྟེང་དུ་ནི། ཤེས་བྱ་ལ་ཆ་མེད་སྲིད་པ་འགོག་པའི་ཚད་མ་དང༌། ཆ་ཡོད་མེད་དངོས་འགལ་དུ་ངེས་པའི་ཚད་མ་ལ་བརྟེན་ནས་འགྲུབ་བོ། །དེའི་ཁྱབ་པ་གྲུབ་པ་ལ་ཚད་མ་གསུམ་དགོས་ཀྱང༌། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚུལ་རྟོགས་པར་དཀའ་བས། དེ་བརྗོད་ན་ཆ་བཅས་ཀྱང་ཡིན། བདེན་པའི་གཅིག་དུ་གྲུབ་པ་ཡང་ཡིན་པའི་གཞི་མཐུན་དུ་གྲུབ་ན། ཆ་དང་ཆ་ཅན་གཉིས་སྣང་ལུགས་ངོ་བོ་ཐ་དད་དུ་སྣང་ཡང༌། སྡོད་ལུགས་ངོ་བོ་གཅིག་ཏུ་ཡོད་དགོས་ཏེ། གཞན་དུ་ཆ་བཅས་མི་སྲིད་པར་འགྱུར་བའི་ཕྱིར་རོ། །སྣང་ལུགས་ངོ་བོ་ཐ་དད་དུ་སྣང་ཡང་སྡོད་ལུགས་ངོ་བོ་གཅིག་དུ་གྲུབ་པ་དེ། བརྫུན་པའི་སྡོད་ལུགས་ལ་མི་འགལ་ཡང༌། བདེན་པར་གྲུབ་པའི་སྡོད་ལུགས་ལ་འགལ་བ་ཡིན་ཏེ། དེ་ཡང་ཆ་ཅན་དེ་དང་ཆ་དུ་མ་ཆོས་ཅན། ཐ་དད་མེད་པར་ཐལ། ཐ་དད་དུ་ཡོད་ན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟིགས་དགོས་པ་ལས། ཐ་དད་དུ་འཕགས་པའི་མཉམ་གཞག་གིས་མ་གཟིགས་པའི་ཕྱིར་རོ། །འདོད་ན། ཆ་ཅན་དེ་ཆོས་ཅན། དུ་མར་ཐལ། གྲུབ་ཅིང་དུ་མ་དང་ཐ་དད་མེད་པའི་ཕྱིར། འདོད་ན། གཅིག་ཏུ་འཇལ་བའི་ཚད་མས་གནོད་དོ། །ཆ་དུ་མ་ཆོས་ཅན་གཅིག་དུ་ཐལ། གྲུབ་ཅིང་ཆ་ཅན་དང་ཐ་དད་མེད་པའི་ཕྱིར། འདོད་ན། དུ་མར་འཇལ་བའི་ཐ་སྙད་པའི་ཚད་མས་གནོད་དོ། །དེ་དག་ལ་བརྟེན་ནས་ཆ་དུ་མ་དང་ཆ་ཅན་ཐ་དད་མེད་པ་ཁེགས། དེ་ཁེགས་པས་ཐལ་བའི་རྟགས་དེ་ཁེགས། དེ་ཡང་ཡ་གྱལ་བཀག་ནས་ཚོགས་པ་ཁེགས་པ་ཡིན་པས། རྟགས་ཟུར་ཕྱི་མ་ཁེགས་པ་མི་འཐད་ཅིང༌། སྔ་མ་ཁེགས་པས་རྟགས་དེ་ཁེགས་པར་ཁས་ལེན་དགོས་ལ། ཆ་དང་ཆ་ཅན་ཐ་དད་དུ་ཡོད་ན། འཕགས་པའི་མཉམ་གཞག་གིས་གཟིགས་རུང་ཁེགས་པས་ཆ་བཅས་དང་བདེན་པའི་གཅིག་ཏུ་གྲུབ་པའི་གཞི་མཐུན་ཁེགས་པ་ཡིན་ནོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། དེ་ལ་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང༌། བསྒྲུབ་བྱའི་ཆོས་དང༌། དགག་བྱའི་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང༌། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་གསུམ་དགོས་ཀྱང༌། སྔ་མ་གཉིས་རྟོགས་སླ་བས་ཕྱི་མ་ནི་གཞི་གཟུགས་བརྙན་གྱི་སྟེང་དུ། གཅིག་དང་དུ་མ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་ངེས་པའི་ཚད་མ་དེས་གཅིག་དང་དུ་མའི་ཕུང་གསུམ་མི་སྲིད་པར་རྟོགས་པ་ན་གཞི་གཟུགས་བརྙན་གྱི་སྟེང་དུ་བདེན་གྲུབ་ཀྱི་གཅིག་དང་དུ་མའི་ཕུང་གསུམ་མི་སྲིད་པར་རྟོགས་པས་ངེས་པ་ཡིན་ནོ། །རིགས་པའི་རྣམ་གཞག་མ་བྱང་བ་ཁ་ཅིག་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ངེས་པ་དེས་བདེན་པར་ཡོད་ན། བདེན་པའི་གཅིག་དང་དུ་མ་གང་རུང་གིས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་བཅོད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ལྟར་ན་བྱས་ན་མི་རྟག་པའི་ཁྱབ་པ་ངེས་པའི་ཚད་མ་དེས། སྒྲ་བྱས་ན་སྒྲ་མི་རྟག་པས་མ་ཁྱབ་པར་འཛིན་པའི་སྒྲོ་འདོགས་བཅོད་དགོས་པས། རྟགས་དེ་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གསར་དུ་མི་བཅོད་པར་འགྱུར་རོ། །བརྗོད་པར་བྱ་བ་མང་སྟེ་རེ་ཞིག་བཞག་གོ །ཞེས་བྲིས་སོ། །གཉིས་པ་དེ་མི་འཐད་པ་ལ་གཉིས་ཏེ། རང་ལུགས་འཇོག་ཚུལ་མི་འཐད་པ་དང༌། གཞན་ལུགས་འགོག་ཚུལ་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། རྩ་བའི་རྟགས་འགོད་ཚུལ་མི་འཐད། ཕྱོགས་ཆོས་བསྒྲུབ་ཚུལ་མི་འཐད། ཁྱབ་པ་བསྒྲུབ་ཚུལ་ལ་སྐྱོན་ཆགས་པའོ། །དང་པོ་ནི་ཐོག་མར་རྩ་བའི་རྟགས་བསྒྲུབ་ངག་ཏུ་བཀོད་ནས་དེའི་རྗེས་སུ་ཚུལ་གསུམ་སྒྲུབ་པར་བྱེད་པ་ནི་ནོར་བ་ཡིན་ཏེ། ཚུལ་གསུམ་མི་ཤེས་པ་ལ་བསྒྲུབ་པའི་ངག་འགོད་པ་རིགས་པའི་གཞུང་ལས་མི་འབྱུང་བའི་ཕྱིར་དང༌། རྩ་བའི་རྟགས་འགོད་པ་དང༌། སྒྲུབ་ངག་འགོད་པའི་ཤན་མ་ཕྱེད་པས་ནོངས་པའི་ཕྱིར། ཇི་ལྟར་ཞེ་ན། ཚུལ་གསུམ་མི་ཤེས་པ་ལ་དེ་ལྟར་བཀོད་ན། གཏན་ཚིགས་དེ་གཏན་ཚིགས་ལྟར་སྣང་དུ་འགྱུར་ལ། གཏན་ཚིགས་ལྟར་སྣང་བརྗོད་བྱར་བྱས་པའི་སྒྲུབ་ངག་ཡང་དག་ནི་རིགས་པ་མཁྱེན་པས་བཀག་པའི་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དུ་འགྱུར་བ་ཇི་ལྟར་ཞེ་ན། དེའི་ཚེ་སྐབས་ཀྱི་རྒོལ་བས་རྟགས་མ་གྲུབ་པ་དང༌། ཁྱབ་འབྲེལ་མ་ངེས་པའི་གཏན་ཚིགས་ཡང་དག་དུ་འགྱུར་བའི་གོ་སྐབས་མེད་པའི་ཕྱིར། དེ་དང་དེ་ངེས་ན་ནི། རྟགས་དེ་ལྟར་བཀོད་པའི་འོག་ཏུ་ཚུལ་གསུམ་བསྒྲུབ་དགོས་པར་བཤད་པ་དང་འགལ་ལོ། །གཏན་ཚིགས་དེ་གཏན་ཚིགས་ལྟར་སྣང་དུ་འདོད་ན་ནི། ཞེ་འདོད་མ་ཡིན་མོད། སྨྲས་ཙམ་ལ་ཡང་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་སོ་ཞེས་བཤད་པ་དང་འགལ་ལོ། །གཉིས་པ་ཕྱོགས་ཆོས་བསྒྲུབ་ཚུལ་མི་འཐད་པ་ལ་གཉིས་ཏེ། བདེན་པའི་གཅིག་འགོག་བྱེད་ཀྱི་རིགས་པ་མི་འཐད། དུ་བྲལ་སྒྲུབ་བྱེད་ཀྱི་རིགས་པ་མི་འཐད་པའོ། །དང་པོ་ནི། རྩོད་གཞི་བུམ་པ་ལྟ་བུའི་སྟེང་དུ་ཆ་བཅས་མངོན་སུམ་གྱིས་གྲུབ་པ་མི་འཐད་དེ། རྣམ་འགྲེལ་མཛད་པས། སྣང་རུང་གི་བུམ་པ་ལ་སོགས་པའི་རགས་པ་རྣམས་ཆ་དང་བཅས་པར་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པའི་ཕྱིར་ཏེ། དེ་ཆ་མེད་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པའི་ཕྱིར། དེའི་ཁྱབ་པ་ཡང་ཁྱེད་ཀྱིས་ཁས་ལེན་དགོས་ཏེ། དེ་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་དུ་ཞལ་གྱིས་བཞེས་པའི་ཕྱིར། མདོར་ན་ཆ་བཅས་ཀྱི་སྒྲུབ་བྱེད་གཡོ་མི་གཡོ་དང༌། སྒྲིབ་མ་སྒྲིབ་སོགས་མངོན་སུམ་གྱིས་གྲུབ་པ་དང༌། བསྒྲུབ་བྱ་ཆ་བཅས་མངོན་སུམ་གྱིས་གྲུབ་པའི་ཤན་མ་ཕྱེད་པས་ནོངས་སོ། །གཞན་ཡང་སྡེ་བདུན་མཛད་པས། མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་ཆ་མེད་འགོག་བྱེད་ཀྱི་རིགས་པ་གསུངས་པ་རྣམས་དོན་མེད་པར་འགྱུར་ཏེ། དེ་རྣམས་ཆ་བཅས་སུ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །ཡང་རྡུལ་ཕྲ་རབ་ལྟ་བུ་ཆ་བཅས་སུ་བསྒྲུབ་པ་ལ་ཆ་མེད་ཤེས་བྱ་ལ་སྲིད་པ་འགོག་པའི་རིགས་པ་སྔོན་དུ་འགྲོ་དགོས་པར་འདོད་པ་ཡང་མི་འཐད་དེ། དེ་ལྟ་ན་རིགས་པ་དེ་གཅིག་པུས་བདེན་པའི་གཅིག་བྲལ་ཁེགས་པས། བདེན་པའི་གཅིག་བྲལ་བསྒྲུབ་པའི་རྩོད་གཞིའི་ཆོས་ཅན་ལ་མངོན་སུམ་ལ་སྣང་དུ་རུང་མི་རུང་གཉིས་སུ་འབྱེད་པ་དོན་མེད་པའི་ཕྱིར་དང༌། སྤྱིར་དབུ་མའི་གཞུང་ལུགས་ལས། ཤེས་པ་སྐད་ཅིག་ཆ་མེད་འགོག་པའི་རིགས་པ་གསུངས་ཀྱང༌། ཤེས་བྱ་ལ་ཆ་མེད་སྲིད་པ་འགོག་བྱེད་ཀྱི་རིགས་པ་གསུང་བ་མེད་པའི་ཕྱིར་དང༌། དངོས་གལ་གཅིག་བཀག་པས་ཅིག་ཤོས་སུ་ཁས་ལེན་དགོས་པ་དེ་ཡང་དབུ་མའི་ཚུལ་ལས་ཉམས་པའི་ཕྱིར། ཡང་ཆ་བཅས་དང་བདེན་པའི་གཅིག་གི་གཞི་མཐུན་འགོག་བྱེད་ཀྱི་རིགས་པ་དེ་ལ་ནི་སྐོར་ཐག་རིང་ཡང་གྲུབ་དོན་ནི་ཅི་ཡང་མི་སྣང་སྟེ། ཁྱེད་ཀྱི་རིགས་པ་དེ་དག་གིས་ནི། ཤིན་ཏུ་འགོག་སླ་བ་ཆ་བཅས་དང༌། བདེན་པའི་གཅིག་གི་གཞི་མཐུན་འགོག་པ་ལ་ཕན་པ་ཅི་ཡང་མེད་ཀྱི་སྟེང་དུ་ནང་འགལ་ལྷག་པོར་ཁས་བླངས་པའི་ཕྱིར། མ་ཕན་པ་ཇི་ལྟར་ཞེ་ན། རིགས་པ་དེ་དག་གི་སྙིང་པོ་བསྡུས་ན། ཆ་དུ་མ་དང༌། ཆ་ཅན་ཐ་དད་མེད་པ་ཙམ་ཞིག་ཁེགས་ལ། དེ་ཙམ་གྱིས་ཆ་དང་ཆ་ཅན་ཐ་དད་པ་ཙམ་ཞིག་གྲུབ་མོད། དེ་དང་དེ་ཙམ་གྱིས་ཆ་ཅན་བདེན་པའི་གཅིག་དུ་འདོད་པའི་ལོག་རྟོག་མི་ཁེགས་པའི་ཕྱིར། དེ་ཁེགས་པར་ཁྱེད་ཀྱིས་འདོད་དགོས་པས་དེ་ལྟ་ན་བྱེ་བྲག་པས་ཡན་ལག་ཅན་ཆ་མེད་གཅིག་ཏུ་ཁས་བླངས་པ་ལ། རིགས་པ་མཁྱེན་པས། ལག་སོགས་གཡོན་ཐམས་ཅད་དག །ཅེས་སོགས་དང༌། གལ་ཏེ་འདི་ལྕིད་འོག་འགྲོར་འགྱུར། །ཞེས་སོགས་ཀྱི་རིགས་པ་རྣམས་འཆད་པ་དོན་མེད་པར་འགྱུར་ཏེ། དེའི་རྩ་བའི་གྲུབ་མཐའ་ལ་ཡན་ལག་ཅན་ཆ་མེད་དེ་དང༌། ཡན་ལག་དུ་མ་ཐ་དད་དུ་ཁས་བླངས་ཟིན་པའི་ཕྱིར་རོ། །གཞན་ཡང་ཆ་བཅས་དང་བདེན་པའི་གཅིག་གི་གཞི་མཐུན་ཁས་ལེན་པའི་རྒོལ་བའི་ངོར་ཆ་དང་ཆ་ཅན་ཐ་དད་མེད་པར་ཐལ་བ་འཕེན་པ་ནི། དེའི་ངོར་ཁྱབ་པ་འགལ་བ་ཡིན་ཏེ། བྱེ་བྲག་པས་སྐྱེས་བུའི་ལུས་དེ་གཡོ་མི་གཡོ་ལ་སོགས་པའི་ཆ་དུ་མ་དང་བཅས་པ་དང༌། བདེན་པའི་གཅིག་ཏུ་ཁས་ལེན་ཀྱང༌། སྐྱེས་བུའི་ལུས་དེ་རང་གི་ཡན་ལག་ལས་རྫས་གཞན་དུ་ཁས་ལེན་པ་རྩ་བའི་གྲུབ་མཐའ་ལ་འདུག་པ་བཞིན་ནོ། །ནང་འགལ་ཇི་ལྟར་ཡོད་ཅེ་ན། ཕ་རོལ་པོས་ཆ་བཅས་དང་བདེན་པའི་གཅིག་གི་གཞི་མཐུན་ཁས་བླངས་པ་ལ། དེ་འགོག་བྱེད་ཀྱི་རིགས་པ་གོང་དུ་ཁྱེད་ཀྱིས་ཇི་སྐད་སྨོས་པ་དེ་ཐམས་ཅད་ཕྱིར་བཟློག་ན་ལན་གྱིས་བཟློག་པར་མི་ནུས་ཏེ། ཁས་ལེན་མེད་པའི་ཐལ་བ་འབའ་ཞིག་ཏུ་སྣང་བའི་ཕྱིར། ཁས་ལེན་མེད་པ་ཇི་ལྟར་ཞེ་ན། ཆ་བཅས་དང་བདེན་པའི་གཅིག་གི་གཞི་མཐུན་ཁས་ལེན་པ་ལ། ཐ་དད་དུ་ཡོད་ན་འཕགས་པའི་མཉམ་གཞག་གིས་གཟིགས་དགོས་པ་ལས་མ་གཟིགས་པའི་ཕྱིར་ཞེས་པ་རྟགས་སུ་བཀོད་ནས། ཐལ་བ་དུ་མ་འཕངས་པས་སོ། །གལ་ཏེ་དེ་ཁས་བླངས་པས་དེ་ལྟར་ཁས་བླངས་པར་སོང་བ་ཡིན་ནོ་སྙམ་ན། དེ་ལ་ཁྱབ་འབྲེལ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཆ་དང་ཆ་ཅན་ཐ་དད་དུ་ཡོད་ན་འཕགས་པའི་མཉམ་གཞག་གིས་གཟིགས་པ་འདི་རང་ལུགས་ལ་ཁས་ལེན་དགོས་པས། རྩ་བའི་ཐལ་འགྱུར་ལ་བསལ་བ་སྟོན་རྒྱུ་མི་སྣང་བའི་ཕྱིར་དང༌། བདེན་པའི་གཅིག་དང་ཆ་བཅས་ཀྱི་གཞི་མཐུན་ཁས་བླངས་པ་ལ། གཅིག་དུ་མར་ཐལ་བ་དང༌། དུ་མ་གཅིག་ཏུ་ཐལ་བ་འཕངས་ན་འབྲེལ་བ་ཡིན་པས། དང་པོ་ནས་དེ་ཉིད་འཕེན་པར་རིགས་ཀྱི། དེ་ལྟར་ཁས་བླངས་པ་ལ། ཐ་དད་དུ་ཡོད་ན་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་དགོས་པར་ཐལ། ཞེས་འཕེན་པ་ནི་གང་ཡང་མ་ཡིན་པས་ཅི་ཡང་མི་རུང་ངོ༌། །ཚིག་ལ་སྐྱོན་ཆགས་པ་འདི་ལྟར། ཆ་ཅན་དེ་དང་ཆ་དུ་མ་ཆོས་ཅན། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་མ་གཟིགས་པར་ཐལ། གཅིག་དུ་ཡང་མ་གཟིགས་ཐ་དད་དུ་ཡང་མ་གཟིགས་པའི་ཕྱིར་རོ། །རྟགས་སྔ་མ་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་བ་ལ་ཚད་མའི་བསལ་བ་ཞུགས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་གཟིགས་པར་ཐལ་བས་སོ། །རྟགས་གཉིས་པ་མ་གྲུབ་ན་ནི། གཅིག་དུ་ཐལ་བ་བཟློག་ཏུ་མེད་དོ། །གསུམ་པ་ཁྱབ་པ་བསྒྲུབ་ཚུལ་མི་འཐད་པ་ནི། ཁྱབ་པ་བསྒྲུབ་པ་ལ་ཚད་མ་གསུམ་དགོས་པ་འདི་ནི་ཤིན་ཏུ་ནོར་བ་ཡིན་ཏེ། གཏན་ཚིགས་འདིའི་ཁྱབ་པ་ངེས་པའི་དུས་སུ་ཕྱོགས་ཆོས་ངེས་དགོས་པར་ཐལ་བ་དང༌། ཁྱབ་པ་ངེས་པའི་དུས་སུ་བདེན་མེད་ངེས་ཟིན་པར་ཐལ་བ་དང༌། དེའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པ་སོགས་གསུམ་འཇུག་པའི་ཕྱིར་དང༌། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་ཚུལ་དེ་ནོར་བའི་ཕྱིར། ཉེས་པ་དང་པོ་འཇུག་པ་ཡིན་ཏེ། རྟགས་འདིའི་ཁྱབ་པ་ངེས་པ་ལ་གཏན་ཚིགས་འདིའི་རྟགས་ཀྱི་མཚན་གཞི་ངེས་དགོས། དེ་ངེས་པ་ལ་བདེན་པའི་གཅིག་དང་དུ་བྲལ་ངེས་དགོས། སྤྱིར་བདེན་པའི་གཅིག་དང་དུ་བྲལ་ངེས་ན། ཆོས་ཅན་གཞི་ལམ་རྣམ་གསུམ་སོགས་གང་ཡིན་ཀྱང་བདེན་མེད་དུ་ངེས་དགོས་ཤིང༌། ཁྱེད་ཀྱིས་ཀྱང་དེ་ལྟར་ཁས་ལེན་དགོས་པའི་ཕྱིར། ཉེས་པ་གཉིས་པ་ཡང་འཇུག་པ་ཡིན་ཏེ། རྟགས་འདིའི་ཁྱབ་འབྲེལ་ངེས་པ་ལ་འདི་ཉིད་ཀྱི་བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་དངོས་འགལ་དུ་ངེས་དགོས། དེ་ངེས་པ་ལ་བདེན་པར་ཡོད་མེད་གཉིས་དངོས་འགལ་དུ་ངེས་དགོས། དེ་ལྟར་ངེས་པ་ན་བདེན་ཡོད་ནི་བདེན་མེད་དང་དངོས་འགལ་དུ་ངེས་པའི་གོ་སྐབས་མེད་པས། བདེན་མེད་དེ་བདེན་ཡོད་དང་དེར་ངེས་དགོས། དེ་དེར་ངེས་ན་ཁྱད་གཞི་བདེན་མེད་ཚད་མས་ངེས་དགོས་པའི་ཕྱིར། ཉེས་པ་གསུམ་པ་ཡང་འཇུག་པ་ཡིན་ཏེ། འདི་ལྟར། གཏན་ཚིགས་འདིའི་ཁྱབ་འབྲེལ་ངེས་ཤིང་བསྒྲུབ་བྱ་མ་གྲུབ་པའི་སྐབས་ཀྱི་ཕྱིར་རྒོལ་དེ་ཆོས་ཅན། གཞི་ལམ་རྣམ་གསུམ་བདེན་མེད་དུ་ཚད་མས་ངེས་པར་ཐལ། དེ་བདེན་པའི་གཅིག་དང་དུ་བྲལ་དུ་ཚད་མས་ངེས། བདེན་པའི་གཅིག་དང་དུ་བྲལ་དང༌། བདེན་གྲུབ་ཀྱི་གཞི་མཐུན་མེད་པར་ཚད་མས་ངེས། བདེན་པར་ཡོད་མེད་དངོས་འགལ་དུ་ཚད་མས་ངེས་ཟིན་པའི་ཕྱིར། ཡང་ན་དེ་སྐབས་ཀྱི་ཚུལ་གསུམ་ཤེས་པའི་ཕྱིར་རྒོལ་དེ་ཆོས་ཅན། རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་བྱེད་ཀྱི་ཚད་མ་རྒྱུད་ལ་སྐྱེས་ཟིན་པ་མ་ཡིན་ཏེ། དེ་འདྲའི་རྟགས་དང་བསྒྲུབ་བྱའི་ཆོས་ཀྱི་གཞི་མཐུན་ཡོད་མེད་ཐེ་ཚོམ་ཟ་བཞིན་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཤེས་འདོད་ཆོས་ཅན་གང་ཡིན་པ་དེ། རྟགས་དེར་ཚད་མས་ངེས་ནས་བསྒྲུབ་བྱའི་ཆོས་དེ་ཡིན་མིན་ཐེ་ཚོམ་ཟ་བཞིན་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་གྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཡིན་པའི་ཕྱིར། ཞེས་འཕངས་ན་ཁྱེད་ཀྱིས་འཁོར་གསུམ་ཅར་ཁས་ལེན་མི་དགོས་སམ། བཞི་པ་དེ་ནོར་བའི་ཚུལ་ནི། བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཀ་ནོར་བ་ཡིན་ཏེ། བདེན་པའི་གཅིག་དུ་བྲལ་དང༌། བདེན་གྲུབ་ཀྱི་གཞི་མཐུན་འགོག་བྱེད་ཀྱི་ཚད་མ་གཅིག་འཆད་དགོས་རྒྱུ་ལ། དཔེ་གཟུགས་བརྙན་གྱི་སྟེང་དུ་དེ་འདྲའི་གཞི་མཐུན་འགོག་བྱེད་ཀྱི་ཚད་མ་ཅིག་བཤད་ལ། དེ་ཙམ་གྱིས་དེ་མི་འགྲུབ་པའི་ཕྱིར། དེ་མི་འགྲུབ་པ་ཅི་ཞེ་ན། སྒོས་ཁྱབ་གྲུབ་པས་སྤྱི་ཁྱབ་མི་འགྲུབ་པའི་ཕྱིར། དཔེར་ན་བུམ་པའི་སྟེང་དུ་ཤེས་བྱ་དང་རྟག་པའི་གཞི་མཐུན་ཁེགས་ཀྱང་སྤྱིར་ཤེས་བྱ་དང་རྟག་པའི་གཞི་མཐུན་མི་ཁེགས་པ་བཞིན་ནོ། །དེ་ཡང་འདི་ལྟར། དེ་སྐབས་ཀྱི་རྒོལ་བ་དེ་ཆོས་ཅན། དེ་འདྲའི་གཞི་མཐུན་ཁེགས་པར་ཐལ། དཔེ་གཟུགས་བརྙན་གྱི་སྟེང་དུ་དེ་འདྲའི་གཞི་མཐུན་ཁེགས་པའི་ཕྱིར་རོ། །གཉིས་པ་གཞན་ལུགས་འགོག་ཚུལ་མི་འཐད་པ་ལ། ཇི་སྐད་དུ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ངེས་པའི་ཚད་མ་དེས། བདེན་པར་ཡོད་ན་བདེན་པའི་གཅིག་དང་དུ་མ་གང་རུང་དུ་ངེས་དགོས་ཤེས་པ་ན། ཤིན་ཏུ་རིགས་པ་ཡིན་ཏེ། སྤྱི་ཁྱབ་ཚད་མས་ངེས་ན། སྒོས་ཁྱབ་ཤིན་ཏུའང་ངེས་དགོས་པའི་ཕྱིར། དེ་ལ་ཁྱེད་ཀྱིས་ཇི་སྐད་དུ་བཤད་པའི་སུན་འབྱིན་དེ་འཇུག་པ་མ་ཡིན་ཏེ། སུན་འབྱིན་དེ་རིགས་པའི་གཞུང་དང་མི་མཐུན་པ་དང༌། རང་གི་ཁས་བླངས་དང་དེ་མ་ཐག་ཏུ་འགལ་བས་སོ། །མི་མཐུན་པ་ཅི་ཞེ་ན། བྱས་ན་མི་རྟག་པའི་ཁྱབ་པ་ངེས་པའི་ཚད་མ་དེས། སྒྲ་བྱས་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་དགོས་པ་ཡིན་ཏེ། དེ་ལྟར་ངེས་པའི་ཚད་མ་དེ་ཡིན་ན། བྱས་པ་དང་མི་རྟག་པའི་གཞི་མཐུན་ཁེགས་པའི་ཚད་མ་ཡིན་དགོས། དེ་ཡིན་ན་སྒྲ་དེ་དེ་འདྲའི་གཞི་མཐུན་མིན་པར་ཚད་མས་ངེས་དགོས་པའི་ཕྱིར་རོ། །ཁྱེད་ཀྱིས་སུན་འབྱིན་དེ་ལྟར་འཕེན་པ་དེ་ཡང༌། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་མཁས་པ་དེས། བྱས་ན་མི་རྟག་པའི་ཁྱབ་པ་ཚད་མས་ངེས་སོ་སྙམ་པའི་ལོག་པར་རྟོག་པས་ཀུན་ནས་སླངས་པ་ཡིན་མོད། དེ་ཡང་རིགས་པའི་གཞུང་མ་ཡིན་ཏེ། རྒོལ་བ་གང་གིས་སྒྲ་བྱས་པ་ཡིན་པ་དང༌། བྱས་ན་མི་རྟག་པའི་ཁྱབ་པ་ཚད་མས་ངེས་པ་དེའི་ཚེ་ན། རིགས་པ་གཞན་ཅི་ལ་ཡང་མི་ལྟོས་པར་སྐད་ཅིག་གཉིས་པ་ལ་རྟགས་ཅན་རྗེས་དཔག་སྐྱེས་ངེས་པས་སོ། །ཁས་བླངས་འགལ་བ་ཅི་ཞེ་ན། གོང་དེ་མ་ཐག་ཏུ་གཅིག་དང་དུ་མ་ཕན་ཚུན་སྤང་འགལ་དུ་ངེས་པའི་ཚད་མ་དེས། བདེན་པའི་གཅིག་དང་དུ་མ་ཕན་ཚུན་སྤང་འགལ་དུ་ཚད་མས་ངེས་སོ་ཞེས་ཁས་བླངས་ལ། དེ་ལ་ཡང་འོ་ན་བྱས་པ་དང་མི་རྟག་པ་ཕན་ཚུན་སྤང་འགལ་དུ་ངེས་པའི་ཚད་མས། སྒྲ་བྱས་པ་དང་སྒྲ་རྟག་པ་ཡང་ཕན་ཚུན་སྤང་འགལ་དུ་ངེས་པར་ཐལ་བས་སོ། །སྤྱིར་ཡང༌། གཅིག་དང་དུ་མ་དངོས་འགལ་དུ་ངེས་པ་ཙམ་གྱིས། བདེན་པའི་གཅིག་དང་དུ་མ་དངོས་འགལ་དུ་ངེས་དགོས་པ་ཡང་མིན་ཏེ། དེ་ལྟར་ན་གཏན་ཚིགས་འདིའི་ཁྱབ་འབྲེལ་དང༌། ཕྱོགས་ཆོས་ཀྱི་ནང་ནས་བདེན་པའི་གཅིག་བྲལ་དུ་ངེས་ཤིང༌། དུ་བྲལ་དུ་ཡང་ངེས་པའི་ཕྱིར་རྒོལ་ཆོས་ཅན། མྱུ་གུ་བདེན་པའི་དུ་མར་ངེས་པར་ཐལ། མྱུ་གུ་བདེན་པའི་གཅིག་བྲལ་དུ་ངེས། བདེན་པའི་གཅིག་དང་བདེན་པའི་དུ་མ་དངོས་འགལ་དུ་ངེས་པའི་ཕྱིར། ཁྱབ་པ་ཁྱེད་ཀྱིས་ཁས་བླངས། ཐལ་བ་ལ་ཚད་མའི་བསལ་བ་ཞུགས། རྟགས་ཁས་བླངས་པའི་ཚུལ་ནི། དེ་ཆོས་ཅན་དེ་ངེས་པར་ཐལ། སྤྱིར་གཅིག་དང་དུ་མ་དངོས་འགལ་དུ་ངེས་པའི་ཕྱིར། ཁྱབ་པ་ཁས་བླངས། གཏན་ཚིགས་དེར་ཐལ། དེའི་ཁྱབ་འབྲེལ་ཚད་མས་ངེས་པའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་ཚང་བ་ཡིན་ནོ། །གཞན་ཡང་བདེན་པའི་གཅིག་མ་ཡིན་ན་བདེན་པའི་དུ་མ་ཡིན་དགོས་པར་ཐལ་བ་དང༌། གཟུགས་བརྙན་དེ་ཁོ་རང་བདེན་པའི་གཅིག་དང་དུ་མ་གཉིས་མིན་གྱི་ཕུང་གསུམ་མ་ཡིན་པར་ཐལ་བའི་ཉེས་པ་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །སྨྲས་པ། རིགས་པའི་བརྡའ་ལ་བྱང་བ་ཡི། །རློམས་པས་མྱོས་གང་དེ་འདྲ་ན། །དེ་ཡིས་བརྡའ་ལས་མ་བྱང་བར། །གཞན་ཞིག་གང་ནས་འཚོལ་བར་བྱེད། །ཅེས་བྱའོ། །གཉིས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ། རྩ་བའི་གཏན་ཚིགས་འགོད་པ་ནི་ཐལ་འགྱུར་བའི་གཞུང་དུ་མ་ཟད། རང་རྒྱུད་པའི་གཞུང་ན་ཡང་གསལ་བར་བཞུགས་པ་མི་སྣང་བས། འདིར་མི་འགོད་ལ། འོ་ན་རང་རྒྱུད་ཀྱི་གཏན་ཚིགས་ཇི་ལྟར་འགོད་ཅེ་ན། བསྟན་འཆོས་ཀྱི་ཐོག་མར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་གསུངས་པ་ལ། དངོས་པོ་གང་དག་ནི་ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ན་ཡང་བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མིན་ཏེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །གཞན་ལས་སྐྱེ་བ་ནམ་ཡང་ཡོད་པ་མིན་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་སྣམ་བཞིན། གཉིས་ཀ་ལས་སྐྱེ་བ་ནམ་ཡང་ཡོད་པ་མིན་ཏེ། གཉིས་ཀའི་ཉེས་པར་འགྱུར་བའི་ཕྱིར། རྒྱུ་མེད་པར་སྐྱེ་བ་ནམ་ཡང་ཡོད་པ་མིན་ཏེ། སྤྱི་དང་ཁྱད་པར་དང་ལྡན་པའི་ཕྱིར། ཞེས་འགོད་པར་བྱེད་དོ། །དེ་ལྟར་ཀུན་བཏགས་ཀྱི་སྐྱེ་བ་བཀག་པས། ལྷན་སྐྱེས་ཀྱི་སྐྱེ་བའི་དོན་དང་ཐ་སྙད་གཉིས་ལས། དོན་ནི། རིགས་པ་དེ་ཉིད་ཀྱིས་ཁེགས་ཟིན་པའི་ཕྱིར། དེ་འགོག་བྱེད་ཀྱི་གཏན་ཚིགས་འགོད་མི་དགོས་ལ། ཐ་སྙད་འབའ་ཞིག་བསྒྲུབ་བྱེད་ཀྱི་གཏན་ཚིགས་ཤིག་བཀོད་ཀྱང་འགལ་བ་མེད་པ་དེ་ལྟར་ན། ག་ལས་འཇིགས་མེད་དུ་འབྱུང་བ་ལྟར་བཀོད་པར་བྱ་སྟེ། འདི་ལྟར་མིག་སོགས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། མཐའ་བཞི་ལས་མི་སྐྱེ་བའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །ཞེས་ཕྱོགས་ཆོས་གྲུབ་ཟིན་པའི་འོག་ཏུ་འགོད་པར་བྱེད་དོ། །གསུམ་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ལ། རང་རྒྱུད་ཀྱི་གཏན་ཚིགས་སྦྱོར་བ་ནི། རང་རྒྱུད་པའི་གཞུང་ཕལ་ཆེ་བ་ན་མི་གསལ་ཡང༌། སློབ་དཔོན་ཟླ་བས། ཇི་སྐད་དུ། ཡོད་ན་བསྐྱེད་བྱེད་ཅི་དགོས་མེད་ལའང་དེས་ཅི་བྱ། །གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །ཞེས་གཞན་ལ་གྲགས་ཀྱི་གཏན་ཚིགས་སུ་བཤད་པའི་རིགས་པ་ལ་བརྟེན་ནས། བོད་སྔ་མ་རྣམས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་སུ་ཡང་འཆད་པར་སྣང་ངོ༌། །དེ་ལྟ་ན་ཡང་འབྲས་བུ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ཞེས་སྦྱར་ན་རང་རྒྱུད་ཀྱི་གཞུང་དང་མཐུན་ཏེ། ཡེ་ཤེས་སྙིང་པོའི་བདེན་གཉིས་ལས་འབྱུང་བའི་རིགས་པའི་གཙོ་བོ་ནི་འདི་ཉིད་དུ་ཟད་པའི་ཕྱིར། དེ་སྐད་དུ་ཡང༌། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པའང་མིན། །ཞེས་གསུངས་ལ། འདི་ལ་ཡང་རྩ་བའི་གཏན་ཚིགས་འགོད་པར་ནི་མ་བཤད་དོ། །གཉིས་པ་འགལ་ཟླ་དམིགས་པ་ནི། རྟེན་འབྲེལ་གྱི་གཏན་ཚིགས་ཞེས་བྱ་བ་དེ་ཡིན་ལ། འདི་ལ་རྩ་བའི་རྟགས་དགོད་པ་དང༌། ཚུལ་བསྒྲུབ་པ་གཉིས་སོ། །དང་པོ་ལ་གཉིས་ཏེ། ཡོད་པ་སྒྲོ་འདོགས་ཀྱི་མཐའི་གཉེན་པོར་འགོད་པ་དང༌། མེད་པ་སྐུར་འདེབས་ཀྱི་མཐའི་གཉེན་པོར་དགོད་པའོ། །དང་པོ་ནི། སྣང་བ་འདི་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ཐ་སྙད་དུ་ཡང་མེད་པ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རོ། །འདི་དག་ནི་དོན་དང་ཐ་སྙད་གཉིས་ཀ་བསྒྲུབ་པའི་གཏན་ཚིགས་སོ། །དེའི་ཚེ་ན་དོན་ནི། མེད་པར་དགག་པ་ཁོ་ན་ཡིན་ལ། ཐ་སྙད་ནི་མ་ཡིན་པར་དགག་པའམ་བསྒྲུབ་པའོ། །སློབ་དཔོན་ལེགས་ལྡན་འབྱེད་མེད་དགག་ཁོ་ན་བསྒྲུབ་བྱའི་ཆོས་སུ་བཞེད་པ་ཞིག་ཡོད་པའི་སྐབས་དེ་ནི། དོན་བསྒྲུབ་པ་ལ་དགོངས་པ་ཡིན་ནོ། །ཚུལ་བསྒྲུབ་པ་ལ། ཕྱོགས་ཆོས་བསྒྲུབ་པ་དང༌། ཁྱབ་པ་བསྒྲུབ་པ་གཉིས། དང་པོ་ནི། དངོས་པོར་སྨྲ་བའི་གཞུང་དུ། རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་བཤད་ཀྱང༌། འདིར་ནི་ཤེས་བྱ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། ཐམས་ཅད་ལྟོས་ནས་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། རྟེན་འབྲེལ་ལ་རང་བཞིན་སྲིད་པ་མ་ཡིན་ཏེ། རྟེན་འབྲེལ་ཡིན་ན་ལྟོས་ནས་གྲུབ་དགོས་ལ། ལྟོས་ནས་གྲུབ་ན་རང་བཞིན་དུ་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཐ་སྙད་དུ་ཡང་མེད་པ་རྟེན་འབྲེལ་ལ་སྲིད་པ་མིན་ཏེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ངོར་ཡོད་དགོས་པའི་ཕྱིར་རོ། །གཏན་ཚིགས་འདི་ནི། དབུ་མའི་གཏན་ཚིགས་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཇི་སྐད་དུ་འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་དང༌། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་གསུངས་སོ། །དེ་ལྟར་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་ཟིན་ནས། གཉིས་པ་ནི། འོ་ན་དེ་བཀག་པའི་བདེན་མེད་དེ་ཉིད་བདེན་པར་ཡོད་དམ་ཞེ་ན། འདི་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། རིགས་པ་དངོས་བཤད་པའོ། །དང་པོ་ནི། དབུ་མའི་ལུགས་ཀྱི་རང་བཞིན་སེམས་དཔའི་གནས་སྐབས་ལ་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་བློས་བཏགས་པ་འགོག་པའི་རིགས་པ་དང༌། རྣལ་འབྱོར་པའི་བློས་བཏགས་པ་འགོག་པའི་རིགས་པ་རྣམ་པ་གཉིས་སམ། ཡང་ན་ཕྱིན་ཅི་ལོག་འགོག་པའི་རིགས་པ་དང༌། དངོས་པོ་འགོག་པའི་རིགས་པ། སྟོང་ཉིད་འགོག་པའི་རིགས་པ་དང་གསུམ་ཡོད་པ་ལས། དང་པོའི་སྐབས་སུ་ནི། བདེན་གྲུབ་རིགས་པས་བཀག་པའི་བདེན་མེད་དེ་ཉིད་བདེན་པར་ཁས་ལེན་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པར་ཁས་ལེན་པའི་ཕྱིར། དེའི་སྐབས་སུ་ཀུན་རྫོབ་ཀྱི་ཆོས་རྣམས་ནི། ཀུན་རྫོབ་ཀྱི་བདེན་པ་ཡིན་ཞེས་ཁས་ལེན་མོད་ཀྱང༌། བདེན་པ་ཙམ་པོ་དེ་ཡིན་ནོ་ཞེས་ཁས་མི་ལེན་ཏེ། བརྫུན་པ་དང་བསླུ་བའི་ཆོས་ཅན་ཁོ་ནར་ངེས་པའི་ཕྱིར། དེ་སྐད་དུ་ཡང༌། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཡིས་རྟོག་མི་བྱེད། །ཅེས་གསུངས་སོ། །བོད་ཕྱི་མ་གང་དག དེ་དང་དེ་བདེན་པ་ཡིན་ཀྱང༌། བདེན་པར་གྲུབ་པ་མ་ཡིན་ནོ་ཞེས་ཟེར་བ་ནི་ཚིག་ཙམ་ཁོ་ན་ཡིན་པས་སྙིང་པོ་མེད་དོ། །གལ་ཏེ་མི་བསླུ་བ་ཙམ་དང་རིགས་པས་དཔྱད་བཟོད་པའི་ཁྱད་པར་ཡོད་པས། ཁྱད་པར་ཤིན་ཏུ་ཆེའོ་སྙམ་ན། དཔྱད་མི་བཟོད་ཀྱང་བདེན་པ་ཡིན་ནོ་ཞེས་ཟེར་བ་ནི་འགལ་བ་ཡིན་ཏེ། སློབ་དཔོན་སེང་གེ་བཟང་པོས། རྣམ་པར་དཔྱད་པའི་དཔུང་མི་བཟོད་པའི་ཕྱིར་ཀུན་རྫོབ་བོ་ཞེས་གསུངས་པའི་ཕྱིར། ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་བདེན་པ་ཡིན་དགོས་ཞེས་ཟེར་བ་ཡང༌། ཁྱབ་པ་འགལ་བ་ཡིན་ཏེ། དེ་ཙམ་གྱིས་བརྫུན་པར་གྲུབ་པའི་ཕྱིར། ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་དགོས་ཞེས་ཟེར་བ་དེ་ཡང་ཁྱབ་པ་འགལ་བ་ཡིན་ཏེ། དབུ་མ་པས་ཡོད་པར་ཁས་མི་ལེན་ཞིང་འཁྲུལ་པའི་ངོར་ཡོད་པ་ལྟ་བུར་སྣང་བ་ཞིག་ལ། དབུ་མ་པས་ཀུན་རྫོབ་བདེན་པ་ཞེས་ཐ་སྙད་འདོགས་པའི་ཕྱིར་རོ། །བདེན་པ་དང་པོ་འཇོག་པའི་ཚེ་ནི་བུམ་སོགས་སྤྱིར་བདེན་པ་དང༌། ཁྱད་པར་དོན་དམ་པའི་བདེན་པར་འཇིག་རྟེན་ན་གྲགས་ཀྱི་ཀུན་རྫོབ་བདེན་པ་མ་ཡིན་ནོ། །གཉིས་པ་ནི། བདེན་པར་གྲུབ་པ་དང༌། རང་བཞིན་གྱིས་སྐྱེ་བ་སོགས་བཀག་པའི་མེད་དགག་དེ་ཡང་བདེན་པར་གྲུབ་པ་ལྟ་ཞོག དོན་དམ་པའི་བདེན་པ་ཡིན་པ་དང༌། སྤྱིར་ཡོད་པ་ཙམ་དུ་ཡང་ཁས་མི་ལེན་ཏེ། དགག་བྱ་གང་བཀག་པས་དེ་དང་དེར་འཇོག་པའི་དགག་བྱ་དེ་དང༌། དེ་ཡོད་པ་མ་ཡིན་པ་ལ་སོགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོ། །འོ་ན་དེ་དང་དེ་མེད་པར་ཁས་ལེན་ནམ་ཞེ་ན། དེ་ཡང་མིན་ཏེ། དགག་བྱ་གང་བཀག་པས་མེད་པར་ཐ་སྙད་འདོགས་པའི་ཡོད་པ་ཞེས་བྱ་བ་དེ་ཡང་ཁས་མ་བླངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྒྱན་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན་བདེན་གྲུབ་ཀྱི་སྤྲོས་པ་གཅོད་པའི་སྐབས་སུ། བདེན་མེད་ཁས་ལེན་པ་དང༌། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་སྐབས་སུ། སྤྲོས་པའི་མཐའ་གང་ཡང་ཁས་མི་ལེན་པ་འདི་ནི། རྗེ་བཙུན་བྱམས་པའི་གཞུང་གི་དགོངས་པ་བླ་ན་མེད་པ་ཡིན་ཏེ། ཇི་སྐད་དུ། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་རྟོག་པ་དེ་གཉིས་འཆད་པའི་སྐབས་ལས་རྒྱས་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །གཉིས་པ་སློབ་དཔོན་གཉིས་ཀྱི་ལུགས་བྱེ་བྲག་ཏུ་བཤད་པ་ལ། འཕགས་པའི་ལུགས་ནི། སྤྱིར་རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་བཞེས་ཀྱང༌། ཀུན་རྫོབ་ཀྱི་བདེན་པ་ནས་དོན་དམ་པ་ལ་འཇུག་པའི་སྒོ་འདི། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དང་མཐུན་པར་ཐོག་མ་ཉིད་ནས་ཐམས་ཅད་བདེན་མེད་དུ་གཏན་ལ་འབེབས་པའི་རིགས་པ་འཆད་པར་མཛད་པ་ཡིན་ལ། དེའི་ཚུལ་ཡང་འོག་ཏུ་སྟོང་ཉིད་ཉི་ཤུ་འཆད་པའི་སྐབས་དང༌། བྱང་ཆུབ་ཆེན་པོའི་འཕྲོས་དོན་གྱི་སྐབས་སུ་འཆད་པར་འགྱུར་རོ། །བདག་ཉིད་ཆེན་པོ་བཟང་པོའི་ཞབས་ཀྱིས་ནི། དོན་དམ་པའི་རྒྱ་མཚོ་ལ་འཇུག་པའི་ཚུལ་ཐོག་མར་སེམས་ཙམ་གྱི་ཚུལ་ལ་ཞུགས་ནས། དེའི་འོག་ཏུ་ངེས་དོན་ལ་འཇུག་པ་ཡིན་པས། དེ་ལའང་གཉིས་ཏེ། འགྲེལ་པ་དོན་གསལ་ལས་འབྱུང་བའི་ཚུལ་དང༌། འགྲེལ་ཆེན་ལས་འབྱུང་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྤྱི་མཚན་བདེན་མེད་དུ་བསྒྲུབ་པའི་རིགས་པ་དང༌། རང་མཚན་དེར་བསྒྲུབ་པའི་རིགས་པའོ། །དང་པོ་ནི་མདོ་སྡེ་པ་སོགས་རང་སྡེ་དངོས་པོར་སྨྲ་བའི་གཞུང་དུ་རྒྱས་པར་འབྱུང་བ་ལས། རིགས་པ་ལྷག་མ་ཞིག་བཤད་དུ་མེད་པ་ལ་དགོངས་ནས་འདིར་དེ་མ་གསུངས་སོ། །འོ་ན་དེ་ན་དེ་ཇི་ལྟར་གསལ་ཞེ་ན། ཇི་སྐད་དུ་རྣམ་འགྲེལ་ལས། དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌། །དེ་ལ་བསམ་པའི་དབང་གིས་ནི། །སྤྱི་ཡོད་པར་ནི་རབ་ཏུ་གྲགས། །དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་དེ་ཉིད་དོ། །མདོར་ན་རང་སྡེ་དངོས་སྨྲ་བ་རྣམས་ལ། སྤྱི་མཚན་བདེན་མེད་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ནི་མ་ནོར་བ་ཇི་ལྟ་བ་བཞིན་དུ་ཡོད་པས། འདིར་དེ་སྒྲུབ་བྱེད་ཀྱི་རིགས་པ་གཞན་མ་གསུངས་སོ། །དེ་ན་དེ་ཇི་ལྟར་ཡོད་ཅེ་ན། སྤྱི་མཚན་ལ་གཉིས་ཏེ། ལྡོག་པ་གཞན་སེལ་དང༌། རགས་རྒྱུན་གྱི་དངོས་པོའོ། །དང་པོ་དེར་སྒྲུབ་བྱེད་ཀྱི་རིགས་པ་ནི། ཚད་མ་རྣམ་འགྲེལ་གྱི་མདོ་སྡེ་པའི་སྐབས་ནས་གསལ་བ་དེ་ཉིད་ཡིན་ལ། གཉིས་པ་དེར་སྒྲུབ་བྱེད་ཀྱི་རིགས་པ་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ། ཞེས་གསུངས་པ་དེ་ལས་ལྷག་པ་ཞིག་དབུ་མའི་གཞུང་དུ་མ་གསུངས་སོ། །གཉིས་པ་ལ་རང་མཚན་ནི་གཉིས་ཏེ། ཕྱི་རོལ་གྱི་དོན་དང༌། ཤེས་པའོ། །དང་པོ་བདེན་མེད་དུ་བསྒྲུབ་པའི་རིགས་པ་ལ་འཆད་ཚུལ་མི་འདྲ་བ་གཉིས་བྱུང་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཐོག་མར་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཕྱི་རོལ་གྱི་དོན་ཡོད་པ་བཀག་པ་ན། དེ་བདེན་གྲུབ་ཞར་ལ་ཁེགས་པའི་ཚུལ་གསུངས་པ་དང༌། ཆོས་ཀྱི་གྲགས་པ་དང༌། ཞི་བ་འཚོ་ཡབ་སྲས་ཀྱིས་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་དེ་དེར་སྒྲུབ་བྱེད་ཀྱི་རིགས་པ་གསུངས་པ་ལས། འགྲེལ་པ་དོན་གསལ་འདིར་ནི། ལུགས་སྔ་མ་ཞལ་གྱིས་བཞེས་སོ། །དེའི་ཚུལ་ཡང་འདི་ལྟར་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་སྣང་བ་དང༌། དོན་སྣང་གི་ཤེས་པ་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་པའི་གཏན་ཚིགས་འདི་མཐར་ཕྱིན་པར་བྱས་པ་ལས། དོན་དུ་སྣང་བ་འདི་ཤེས་པར་འགྲུབ་ལ། དེ་ལྟར་འགྲུབ་པའི་འོག་ཏུ། སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་དོན་ཆོས་ཅན། ཡོད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར། ཞེས་པའི་གཏན་ཚིགས་ལ་བརྟེན་ནས་སྤྱིར་ཕྱི་རོལ་གྱི་དོན་ཡོད་པ་དང༌། བདེན་པར་གྲུབ་པ་གཉིས་ཀ་ཁེགས་སོ། །རྟགས་ཀྱི་འགོད་ཚུལ་དེ་ལྟར་དུ་རིམ་པ་གཉིས་འབྱུང་བའི་ཤེས་བྱེད་ཀྱང༌། ཇི་སྐད་དུ་རྣམ་འགྲེལ་ལས། མཐོང་བའི་ཁྱད་པར་དང་བྲལ་བ། །མི་འཛིན་དེ་འཛིན་ན་འཛིན་ཕྱིར། །སྔོན་པོར་སྣང་བ་མཐོང་བ་ཡིན། །ཞེས་གསུངས་སོ། །དོན་དེ་ཉིད་ཐུགས་ལ་བཞག་ནས་ཇི་སྐད་དུ། སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང༌། ཞེས་གསུངས་སོ། །གཉིས་པ་ཤེས་པ་བདེན་མེད་དུ་བསྒྲུབ་པ་ལ་གཉིས་ཏེ། གཟུང་རྣམ་བདེན་མེད་དུ་བསྒྲུབ་པ་དང༌། འཛིན་རྣམ་བདེན་མེད་དུ་བསྒྲུབ་པའོ། །དང་པོ་ནི། འདི་ཡང་མདོ་སྡེ་རྒྱན་སོགས་ནས་འབྱུང་བ་དང་མཐུན་པར་རྣམ་བརྫུན་པ་དང་ཐུན་མོང་གི་རིགས་པ་འཆད་པ་ཡིན་གྱི། ངོ་བོ་ཉིད་མེད་པར་སྨྲ་བའི་ཐུན་མོང་མ་ཡིན་པའི་རིགས་པས་འཆད་པ་མ་ཡིན་ནོ། །ཐུན་མོང་གི་རིགས་པ་དེ་ལའང་གཉིས་ཏེ། བཟུང་བ་བདེན་པར་མེད་པའི་གཏན་ཚིགས་དང༌། གཅིག་དང་དུ་བྲལ་གྱི་གཏན་ཚིགས་སོ། །དང་པོ་ནི། མདོ་སྡེ་རྒྱན་ལས། མེད་ཕྱིར་གཅིག་ཤོས་ཀྱང་མེད་འགྱུར། །ཞེས་དང༌། དབུས་མཐའ་ལས། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་དང༌། རྣམ་འགྲེལ་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་པ་དེ་ཉིད་དོ། །གཉིས་པ་ནི། རྣམ་འགྲེལ་ལས། གང་གི་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་པ་དེ་ཉིད་ཡིན་ལ། ཞི་བ་འཚོ་ཡབ་སྲས་ལའང་གཟུང་རྣམ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་འདི་ལས་ལྷག་པ་གཞན་མེད་དོ། །འགྲེལ་པ་འདིར། སྔ་མ་དེ་ཉིད་བཤད་པ་ཡིན་ཏེ། ཇི་སྐད་དུ། གཟུང་བ་མེད་ན་འཛིན་པ་མེད་དོ་སྙམ་དུ་ངེས་པར་སེམས་པས་འཛིན་པ་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ། ཞེས་གསུངས་པས་སོ། །གཉིས་པ་ནི། དེ་ལྟར་ཕྱི་རོལ་གྱི་དོན་དང་གཟུང་རྣམ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དེས། འཛིན་རྣམ་བདེན་གྲུབ་ཁེགས་པའི་ངེས་པ་མེད་པས། དེ་བྱེ་བྲག་ཏུ་འགོག་པ་ནི། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ཆོས་ཅན། བདེན་པར་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། །ཞེས་པའོ། །དེ་སྐད་དུ་ཡང༌། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དོ། །ཞེས་སོགས་གསུངས་པ་ལྟར་རོ། །འོ་ན་དེ་ལྟར་དངོས་པོ་བདེན་གྲུབ་བཀག་པའི་དངོས་མེད་བདེན་པར་གྲུབ་བམ་སྙམ་ན། དེ་འགོག་བྱེད་ཀྱི་རིགས་པ་འདིར་མ་གསུངས་ལ། མ་གསུངས་ཀྱང་མི་རྟོགས་པ་སྐྱོན་མེད་པའི་རྒྱུ་མཚན་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་དེ། བདེན་སྟོང་མེད་དགག་ལ་བཤད་ཟིན་པ་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །གཉིས་པ་འགྲེལ་ཆེན་ལས་གསུངས་པའི་ཚུལ་ནི། དབུ་མ་རྒྱན་ལས་ཇི་ལྟར་གསུངས་པ་བཞིན་དུ། ཐོག་མར་གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་ཕྱི་དོན་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེའི་འོག་ཏུ་རྣམ་འགྲེལ་ལས། །དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །ཞེས་སོགས་ཀྱི་རིགས་པ་ལ་བརྟེན་ནས། བློ་རྣམ་བཅས་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེའི་འོག་ཏུ་རྟེན་འབྲེལ་གྱི་རྟགས་ཀྱི་བློ་རྣམ་མེད་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་རྣམ་གསུངས་ཤིང༌། དེ་ལྟར་དངོས་པོ་བདེན་གྲུབ་བཀག་ཟིན་པའི་འོག་ཏུ། དངོས་མེད་བདེན་གྲུབ་གོག་བྱེད་ཀྱི་རིགས་པ་ཡང་རྒྱས་པར་གསུངས་སོ། །འདིར་གཞན་དག་ཇི་སྐད་དུ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་བཏགས་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་བསྒོམ་པས། བསྒོམ་པའི་སྟོབས་གྲུབ་པ་ན་ཞེས་པའི་ལུང་ཁུངས་སུ་བྱས་ནས། རྣལ་འབྱོར་པའི་བསྒོམ་པའི་ཚེ་བདེན་པར་མེད་དོ་སྙམ་དུ་ཡིད་ལ་བྱས་ནས་བསྒོམ་དགོས་པ་ཡིན་གྱི། གང་དུ་ཡང་ཡིད་ལ་མ་བྱས་ན། ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་ཞེས་བྱ་བར་འགྱུར་བ་ཡིན་པས། ཡང་དག་པ་མ་ཡིན་ནོ། །ཞེས་གསུངས་པ་དེ་ནི་སློབ་དཔོན་འདིའི་དགོངས་པ་མ་ཡིན་ཏེ། འགྲེལ་ཆེན་ལས། དང་པོ་སྒྱུ་མ་ལྟ་བུའོ། །ཞེས་རྣམ་པར་འཇོག་པར་བྱེད་པ། མངོན་པར་བརྗོད་པ་དང་བཅས་པ་ནི། དེའི་རྗེས་སུ་མཐུན་པ་ཡིན་གྱི། གཉེན་པོ་ཉིད་དུ་གྱུར་པ་ནི་མ་ཡིན་ནོ། །འདི་ལྟར་གང་ཟག་ལ་བདག་མེད་པ་ལ་སོགས་པ་བསྒོམ་པས་ཀྱང༌། དངོས་པོའི་རང་བཞིན་སེམས་ལ་འཇོག་པར་བྱེད་པ་ནི་མིན་ཏེ། ཞེས་སོགས་རྒྱ་ཆེར་གསུངས་པ་དང་འགལ་བས་སོ། །གཉིས་པ་ཐལ་འགྱུར་བའི་ལུགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐལ་འགྱུར་བས་རང་ལུགས་ལ་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པའི་རྒྱུ་མཚན། དེ་ལྟ་ན་ཡང་གནས་ཚུལ་སེམས་པའི་རིགས་པ་གང་ཡིན་བཤད་པའོ། །དང་པོ་ནི། སྤྱིར་དབུ་མ་ཐལ་འགྱུར་བས་རང་རྒྱུད་ཀྱི་གཏན་ཚིགས་བཞེད་པའི་སྐབས་མེད་པ་མིན་ཏེ། ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་ཚེ་འཇིག་རྟེན་ན་ཇི་ལྟར་གྲགས་པའི་མངོན་སུམ་དང་རྗེས་དཔག་ལ་བརྟེན་ནས་འཇོག་པར་དབུ་མ་ཚིག་གསལ་ལས་གསུངས་ལ། འཇིག་རྟེན་པ་ནི། བླུན་པོ་གནག་རྫི་མོ་ཡན་ཆད་ཀྱིས་དུ་བའི་རྟགས་ཀྱིས་ལ་མེ་ལྡན་དུ་དཔོག་པ་དང༌། ངག་སྨྲ་བའི་རྟགས་ཀྱིས་ཕ་རོལ་པོ་སེམས་ལྡན་དུ་དཔོག་པར་བྱེད་ལ། དེ་དག་ལ་རང་རྒྱུད་ཀྱི་དོན་ངེས་པར་ཚང་བའི་ཕྱིར། རང་རྒྱུད་ཀྱི་དོན་ཁས་ལེན་ན་རང་རྒྱུད་ཁས་ལེན་པའི་གོ་ཆོད་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་ཚེ་ནི། དེས་དེ་ཞལ་གྱིས་བཞེས་པ་མིན་ཏེ། དེའི་ཚེ་ཆོས་ཅན་གང་ཞིག་དཔྱད་གཞིར་བཟུང་ནས་དཔྱོད་པའི་ཆོས་ཅན་དེ་འགྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་རོ། །དེ་ཡོད་པ་མིན་ཏེ། དེ་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་མི་འགྲུབ་ཅིང༌། ཀུན་རྫབ་འཛིན་པའི་བློ་ནི་འདིར་འཁྲུལ་པ་ཁོ་ན་ཡིན་པས། ཚད་མར་ཁས་ལེན་པའི་གོ་སྐབས་མེད་པའི་ཕྱིར། དེ་སྐད་དུ་ཡང༌། ཚིག་གསལ་དུ། རང་རྒྱུད་འགོག་པའི་སྐབས་དེར། ཇི་སྐད་དུ། ཕྱིན་ཅི་མ་ལོག་པ་དང་ལོག་པ་དག་ནི་ཐ་དད་པའི་ཕྱིར། ཞེས་གསུངས་སོ། །དེར་མ་ཟད་ཆོས་ཅན་དེ་དང་དེའི་སྟེང་དུ། དགག་བྱའི་ཆོས་དེ་དང་དེ་བཀག་པ་ཙམ་ཞིག་བཞེད་ཀྱང༌། བསྒྲུབ་བྱའི་ཆོས་གྲུབ་པར་མི་བཞེད་པའི་རྒྱུ་མཚན་གྱིས་ཀྱང༌། སྐབས་དེ་དང་དེ་མི་བཞེད་པ་ཡིན་ནོ། །དེ་སྐད་དུ་ཡང༌། འཇིག་རྟེན་བརྟག་པ་ལས། འདིར་ནི་ཡོད་ཉིད་འགོག་བྱེད་ཀྱི། །མེད་ཉིད་བསྒྲུབ་པར་མི་བྱེད་དོ། །ཞེས་གསུངས་པས་སོ། །རིགས་པ་ཡང༌། ཡོད་པ་བཀག་ཤུལ་དུ་མེད་པ་བསྒྲུབ་ན་མིན་དགག་བསྒྲུབ་བྱའི་ཆོས་སུ་བྱས་པར་འགྱུར་ལ། དེ་ལྟ་ན། དབུ་མའི་ཚུལ་ལས་ཉམས་པ་ཡིན་ཏེ། དོན་དམ་པའི་བདེན་པ་ནི་མེད་པར་དགག་པ་ཁོ་ནའི་སྒོ་ནས་རབ་ཏུ་ཕྱེ་བའི་ཕྱིར། དེར་ཡང་མ་ཟད། ཆོས་ཅན་མྱུ་གུ་ལ་སོགས་པའི་སྟེང་དུ་གཅིག་དུ་བྲལ་ལ་སོགས་པའི་ཕྱོགས་ཆོས་དེ་དང་དེ་གྲུབ་པར་ཁས་མི་ལེན་པའི་རྒྱུ་མཚན་གྱིས་ཀྱང༌། དེས་དེ་སྐབས་དེར་དེ་མི་བཞེད་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་ཆོས་ཅན་མྱུ་གུ་ལ་སོགས་པའི་སྟེང་དུ། གཅིག་དང་དུ་མ་འགོག་པར་མཛད་ཀྱི། གཅིག་བྲལ་དང་དུ་བྲལ་ཡིན་པར་ཁས་བླངས་ན་མཐར་འཛིན་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་དོན་དམ་པའི་བདེན་པ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་གང་ཞེ་ན། དེ་ནི་རྣམ་པ་བཞི་སྟེ། གཞན་ལ་གྲགས་ཀྱི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དང་པོ་ནི། གཏན་ཚིགས་དེ་དང་དེའི་ཚུལ་གསུམ་དབུ་མ་པ་རང་གིས་ཚད་མས་མི་འགྲུབ་ཀྱང༌། རྒོལ་བ་ཕ་རོལ་པོའི་བློ་ངོར་ཁོ་རང་ལ་གྲགས་པའི་ཚད་མས་ངེས་པར་བྱས་ཟིན་པ་དེའི་འོག་ཏུ། མྱུ་གུ་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །དེའི་ཚེ་ན་ཆོས་ཅན་དེ་དང་ཕྱོགས་ཆོས་ཡོད་པ་དེ་ཡང༌། རྒོལ་བ་གཞན་ལ་གྲགས་པ་ཡིན་གྱི། རང་གིས་ཁས་མི་ལེན་ཏེ། རང་ལུགས་ཀྱི་ཚད་མས་མི་འགྲུབ་པའི་ཕྱིར་དང༌། མྱུ་གུའི་གནས་ཚུལ་སེམས་པའི་ཚེ་མྱུ་གུ་ཡོད་པར་ཁས་བླངས་ན། མྱུ་གུར་ཐ་སྙད་བཏགས་པའི་བཏགས་དོན་རྙེད་པར་འགྱུར་བའི་ཕྱིར་རོ། །ཡང་ཆོས་ཅན་དེའི་སྟེང་དུ། བདག་ལས་སྐྱེ་བ་འགོག་པ་ཡིན་གྱི། བདག་ལས་སྐྱེ་མེད་བསྒྲུབ་བྱའི་ཆོས་སུ་བྱེད་པ་ནི་མིན་ཏེ། བདག་སྐྱེ་བཀག་པའི་ཤུལ་དུ་སྐྱེ་མེད་བསྒྲུབ་ན། ཇི་སྐད་དུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །ཞེས་སོགས་ཀྱི་རིགས་པས་གནོད་པའི་ཕྱིར་དང༌། སྨན་དུག་ཏུ་སོང་བ་དང་འདྲ་བར་སྟོང་པ་ཉིད་དུ་བལྟ་བའི་དུག་གིས་ཟིན་པར་ཐལ་བའི་ཕྱིར་དང༌། བསྒྲུབ་པ་བསྒྲུབ་བྱའི་ཆོས་སུ་བྱས་པས། བསྒྲུབ་པའི་གཏན་ཚིགས་སུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འོ་ན་ཐལ་བ་པས་སྐབས་འདི་དག་ཏུ་བསྒྲུབ་པའི་གཏན་ཚིགས་ཁས་མི་ལེན་ནམ་ཞེ་ན། དེ་ནི་ཤིན་ཏུ་མི་ལེན་ཏེ། དཔེར་ན་མྱུ་གུ་ཆོས་ཅན་མེད་པ་མིན་ཏེ། སྤྲོས་པ་དང་བྲལ་བའི་ཕྱིར་རོ། །ཞེས་བཀོད་པའི་ཚེ་ན། མེད་པ་ཙམ་བཀག་པར་བྱས་ཀྱི་ཡོད་པར་མ་བསྒྲུབ་པའི་ཕྱིར་རོ། །ཡང་ཐ་སྙད་དུ་མེད་པ་མིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ནི། ཐ་སྙད་སྒྲུབ་བྱེད་ཀྱི་རིགས་པར་སྣང་བས། བསྒྲུབ་པའི་གཏན་ཚིགས་སུ་ཁས་བླངས་ཀྱང་ཉེས་པ་མེད་དོ། །འོ་ན་རང་རྒྱུད་པ་ལ་བཤད་མ་ཐག་པའི་ཉེས་པ་འདི་དག་འཇུག་པ་ཡིན་ནམ་ཞེ་ན། འཇུག་པ་མིན་ཏེ། ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་གཏན་ཚིགས་ཀྱིས་བསྒྲུབ་པའི་དོན་དེ་རྣམས་རིགས་པ་ཕྱི་མ་གཞན་གྱིས་འགོག་པའི་ཕྱིར། འོ་ན་བློ་སྔ་མ་གནོད་བཅས་སུ་ཐལ་བ་མ་ཡིན་ནམ་ཞེ་ན། བློ་སྔ་མ་རྟོག་པར་སོང་བའི་ཆ་ནས་གནོད་བཅས་ཡིན་ཀྱང༌། རིག་ཤེས་སུ་སོང་བའི་ཆ་ནས་གནོད་བཅས་མ་ཡིན་པའི་ཚུལ་ནི་གོང་དུ་བཤད་ཟིན་པ་དེ་ཉིད་ཡིན་ནོ། །འོ་ན་ཐལ་བ་པས་ཀྱང་དེ་ལྟ་བུའི་རིམ་པ་གཉིས་བྱས་པས་མི་ཆོག་པ་ཅི་ཞེ་ན། ཐལ་འགྱུར་གྱི་གཞུང་ནི་དབང་པོ་རྣོན་པོ་ཁོ་ནའི་དབང་དུ་བྱས་པས་སྤྲོས་པ་རྣམས་ཅིག་ཆར་དུ་གཅོད་པའི་རིགས་པ་རྣམས་གསལ་བར་གསུངས་ལ། རང་རྒྱུད་ཀྱི་གཞུང་དུ་ནི། བློ་དམན་རིམ་གྱིས་དྲངས་པའི་དབང་དུ་བྱས་ནས་མདོ་སེམས་ཀྱི་གྲུབ་མཐའ་ལ་བརྟེན་ནས། རིམ་གྱིས་འཇུག་པའི་རིམ་པ་བཤད་མ་ཐག་པ་དེ་ལྟ་བུ་དང༌། དབུ་མར་ཞུགས་ནས་ཀྱང༌། བདེན་གྲུབ་ཀྱི་སྤྲོས་པ་གཅོད་པའི་རིགས་པ་དང༌། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་རིགས་པ་དང༌། སྤྲོས་བྲལ་གྱི་སྤྲོས་པ་གཅོད་པའི་རིགས་པ་རྣམས་རིམ་པ་ཁོ་ནར་གསུངས་ལ། ལུགས་དེ་ཡང་གཞུང་ཕྱི་མོའི་དབུ་མ་ན་གསལ་བར་བཞུགས་པས། ལུགས་བླ་ན་མེད་པའོ། །དེའི་ཕྱིར་ཐལ་རང་གཉིས་ཀྱི་མཐར་ཐུག་གི་ལྟ་བ་ལ་ཁྱད་པར་མེད་པ་ཁོ་ནའོ། །གཉིས་པ་ནི། མྱུ་གུ་ཆོས་ཅན། སྐྱེ་བ་དོན་མེད་པ་དང་ཐུག་པ་མེད་པར་ཐལ། བདག་ལས་སྐྱེ་བའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་ནི། མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ། ས་མྱུག་གཉིས་རང་བཞིན་གྱི་གཞན་གང་ཞིག ས་བོན་ལས་མྱུ་གུ་སྐྱེ་བའི་ཕྱིར། ཞེས་པ་ལྟ་བུའོ། །བཞི་པ་ནི། དངོས་པོར་སྨྲ་བ་ན་རེ། རྒྱུ་ལས་དང་ཉོན་མོངས་པ་རང་བཞིན་གྱིས་ཡོད་དེ། འབྲས་བུ་འཁོར་བ་རང་བཞིན་གྱིས་ཡོད་པའི་ཕྱིར་ཅེས་ཟེར་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །ཞེས་སྒྲུབ་བྱེད་དེ་ཉིད་མ་གྲུབ་པར་བྱེད་དོ། །དེ་ལྟར་མཆོད་བརྗོད་ཀྱི་དགོས་དོན་ལས་འཕྲོས་པའི་དོན་བཤད་ཟིན་ནས། ཚིག་དོན་ལས་འཕྲོས་པའི་དོན་བཤད་པ་ལ་གསུམ་སྟེ། གཞི་ཤེས་ཀྱིས་ཐེག་དམན་གྱི་བཞེད་དོན་བསྒྲུབ་ནུས་པ་ལས་འཕྲོས་པའི་དོན། ལམ་ཤེས་ཀྱིས་བྱང་སེམས་ཀྱི་བཞེད་དོན་བསྒྲུབ་ནུས་པ་ལས་འཕྲོས་པའི་དོན། རྣམ་མཁྱེན་གྱིས་སངས་རྒྱས་འཕགས་པའི་བཞེད་དོན་བསྒྲུབ་ནུས་པ་ལས་འཕྲོས་པའི་དོན་ནོ། །དང་པོ་ལ་གསུམ་སྟེ། སྤྱིར་གསུང་རབ་ལས་བྱུང་བའི་མྱང་འདས་ཀྱི་དབྱེ་བ། བྱེ་བྲག་ཏུ་མྱང་འདས་གཉིས་པོའི་ཁྱད་པར་ངོས་བཟུང་བ། གཉིས་པོ་མྱང་འདས་མཚན་ཉིད་པ་མིན་པའི་ཤེས་བྱེད་བཤད་པས་སོ། །དང་པོ་ནི། དེའི་དབྱེ་བ་ནི་རྣམ་པ་བཞི་སྟེ། རང་བཞིན་གྱི་དང༌། མི་གནས་པའི་དང༌། ལྷག་བཅས་ཀྱི་དང༌། ལྷག་མེད་ཀྱིའོ། །དང་པོ་ནི། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེའོ། །གཉིས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུའོ། །ཕྱི་མ་གཉིས་ལ་ཐེག་དམན་གྱི་དབང་དུ་བྱས་པ་དང༌། ཐེག་ཆེན་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་ལ། གཉིས་པ་ནི་སློབ་དཔོན་ཡེ་ཤེས་ཟླ་བས། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་ཉིད་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་བཤད་ལ། དོན་དེ་ཉིད་གསེར་འོད་དམ་པའི་མདོ་སྡེ་ལས་གསལ་བར་གསུངས་པའོ། །དེ་ལྟ་ན་ཡང་གནས་ཚུལ་གྱི་སྐུ་གསུམ་པོ་དེ་ལྷག་མེད་ཀྱི་མྱང་འདས་མཚན་ཉིད་པར་འོང་བ་ཡིན་གྱི། ལྷག་བཅས་ཀྱི་མྱང་འདས་སུ་འོང་བའི་དོན་མེད་ལ། སྣང་ཚུལ་ནི་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་ཡིན་པས། དེ་བས་ན་སངས་རྒྱས་ཀྱི་མྱང་འདས་སུ་འོང་བའི་དོན་མེད་དོ། །གཉིས་པ་ལ་གསུམ་སྟེ། ཉན་ཐོས་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་སོ། །དང་པོ་ལ་ཡང་བྱེ་བྲག་ཏུ་སྨྲ་བས་ནི། མྱང་འདས་ཀྱི་ངོ་བོ་མ་ཡིན་དགག་ཏུ་ཁས་ལེན་པ་ཡིན་ཏེ། དངོས་པོར་ཁས་ལེན་པའི་ཕྱིར། མདོ་སྡེ་པས་ནི་མེད་དགག་ཏུ་ཁས་ལེན་པ་ཡིན་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་དེ་བཞིན་ཏེ། །ཞེས་མེད་དགག་ཏུ་བཤད་པས་སོ། །ཉན་ཐོས་སྡེ་པ་འདི་གཉིས་ཀས་ཀྱང༌། ལྷག་མེད་ཀྱི་གནས་སྐབས་སུ་རིག་པ་རྒྱུན་ཆད་པར་འདོད་པ་ཡིན་ཏེ། ཇི་སྐད་དུ། མཛོད་ལས། ཐ་མའི་མི་མཚུངས་དེ་མ་ཐག །ཅེས་པ་རྩ་འགྲེལ་ལས་ཤེས་སོ། །གཉིས་པ་ནི། སེམས་ཙམ་པས་ཀྱང་མྱང་འདས་གཉིས་ཀྱི་ངོ་བོ་སོ་སོར་བརྟགས་འགོག་ལ་འདོད་པ་ལ་ཁྱད་པར་མེད་ཀྱང༌། འགོག་པ་དེའི་ངོ་བོ་མེད་དགག་ལ་འདོད་པ་ནི་མིན་ཏེ། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་གང་དང་གང་བཀག་པའི་ཆོས་ཀྱི་དབྱིངས་ཤིག་ལ་འདོད་ལ། ཆོས་དབྱིངས་དང་དེ་བཞིན་ཉིད་ཀྱང་དོན་དམ་པའི་བདེན་པ་ཡིན་པས། བདེན་པར་གྲུབ་དགོས་པའི་ཕྱིར་དང༌། མེད་དགག་ནི་སྤྱི་མཚན་ཡིན་པས་བདེན་པར་ཡོད་མི་སྲིད་པའི་ཕྱིར་རོ། །འོ་ན་ཆོས་དབྱིངས་དེའི་ངོ་བོ་ཅི་ཞེ་ན། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སེམས་གསལ་རིག་དེ་ཉིད་དོ། །གཉིས་པའི་གནས་སྐབས་ན། རིག་པ་རྒྱུན་ཆད་པར་འདོད་པ་སེམས་ཙམ་པའི་འདོད་པ་མ་ཡིན་ཏེ། རིག་པའི་ཕྱི་མཐའ་ལ་ཐུག་པ་ཡོད་པར་འདོད་པ་ཐེག་ཆེན་པའི་ལུགས་མ་ཡིན་པའི་ཕྱིར། འོ་ན་སྐབས་དེར་རྣམ་ཤེས་ཚོགས་བརྒྱད་འགག་པར་འདོད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འདོད་པ་ཙམ་གྱིས་དེར་མི་འགྲུབ་སྟེ། སྐབས་དེ་ན་ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ་དང༌། ཟག་པ་མེད་པའི་སེམས་རྒྱུད་ཅེས་བྱ་བ་གཉིས་མེད་ཀྱི་རང་རིག་རང་གསལ་ཞེས་བྱ་བ་དེ་ཡོད་པར་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་པའི་ཕྱིར་དང༌། དེ་ན་དེ་མེད་ན་དབྱིངས་དེ་མེད་དགག་ཁོ་ནར་འགྱུར་ལ། དེ་ལྟ་ན་དེ་དོན་དམ་པའི་བདེན་པར་འཐད་པའི་གོ་སྐབས་མེད་པའི་ཕྱིར། འོ་ན་མངོན་པ་ཀུན་ལས་བཏུས་ལས། དགྲ་བཅོམ་པ་ཐ་མའི་ཡིད་དེ་ཡིད་ཀྱི་ཁམས་མིན་པར་བཤད་པ་ཅི་ཞེ་ན། དེས་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་མི་ཕྱེད་པ་ལ་དགོངས་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། དེའི་གནས་སྐབས་ཀྱི་ཤེས་པ་དེས་ཡུལ་གང་ཡང་མི་འཛིན་པ་ལ་དགོངས་པའོ། །དེའི་ཕྱིར་སྐབས་དེ་ན། ཀུན་གཞིའི་རྣམ་སྨིན་གྱི་ཆ་ནི་འབྱུང་དོན་མེད་དེ། དེའི་དུས་སུ་རྣམ་སྨིན་གྱི་རྒྱུ་འབྲས་གཉིས་ཀ་ལོག་ཟིན་པའི་ཕྱིར། ས་བོན་གྱི་ཆ་ལ། ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་ས་བོན་གྱི་ཆ་གཉིས་ལས། དང་པོ་ནི་གནས་གྱུར་ཟིན་ལ། གཉིས་པ་ནི་གནས་གྱུར་མ་ཟིན་ཀྱང༌། དེ་ན་དེ་ཡོད་པ་ནི་མ་ཡིན་ཏེ། དེའི་རྒྱུད་ལ་ཤེས་སྒྲིབ་མངོན་གྱུར་བ་འབྱུང་དུ་མི་རུང་བའི་ཕྱིར་རོ། །གཞན་དུ་ན་གནས་སྐབས་དེར་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། ཀུན་གཞིའི་སྟེང་གི་ཤེས་སྒྲིབ་ཀྱི་ས་བོན་གྱི་ཆ་གནས་གྱུར་པའི་ཕྱིར་རོ། །དོན་དེ་དག་ཀྱང་ཇི་སྐད་དུ། རྣམ་འགྲེལ་ལས། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །ཞེས་གསུངས་ལ། དེར་ཚད་མས་མ་གྲུབ་དོན་ཅན་ཞེས་པ་ཉན་ཐོས་སྡེ་པའི་གྲུབ་མཐའ་ལ་ཟེར་བ་ཡིན་གྱི། སངས་རྒྱས་པའི་གྲུབ་མཐའ་ཙམ་ལ་བྱས་ནས། ཕ་རོལ་པོའི་ཁས་ལེན་ལ་གཏོང་བ་ནི་མ་ཡིན་ནོ། །གསུམ་པ་ནི། སྤྱིར་དབུ་མའི་གཞུང་ལུགས་ལས། དམན་པའི་མྱང་འདས་གཉིས་ཀྱི་བཤད་པ་དང་ངོས་འཛིན་ཡོད་ཀྱང༌། དེར་རང་ལུགས་ལ་མྱང་འདས་གོ་ཆོད་པོ་ཡིན་པའི་རྣམ་པར་བཞག་པ་ནི་མི་འབྱུང་ཞིང༌། དེ་འདྲ་འོང་བའི་དོན་ཡང་མེད་དེ། སླར་ཡང་མྱང་འདས་འཚོལ་དགོས་པའི་ཕྱིར་རོ། །གཉིས་པོའི་ཁྱད་པར་ལ། སྔ་རབས་པ་ཁ་ཅིག་ཀུན་འབྱུང་གི་བདེན་པ་སྤངས་པར་འདྲ་ཡང༌། སྡུག་བསྔལ་གྱི་བདེན་པ་སྤངས་མ་སྤངས་གི་སྒོ་ནས་འཆད་པ་དང༌། ཁ་ཅིག་ལྷག་བཅས་ཀྱི་དུས་སུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་ལས་ཀྱི་ཀུན་འབྱུང་མ་སྤངས་པར་གཞུང་འགྲེལ་ལས་བཤད་པས། ལུགས་སྔ་མ་མི་འཐད་པར་འཆད་ལ། ཕྱི་རབས་པ་ཐམས་ཅད་ཞལ་འཆམ་པར། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་ཤིང༌། ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་མ་བྲལ་ལ་འཆད་ཅིང༌། མཚན་གཞི་ཡང༌། ཐེག་དམན་དགྲ་བཅོམ་སྐུ་ཚེའི་འདུ་བྱེད་བཏང་བ་དང༌། མ་བཏང་བའི་གནས་སྐབས་གཉིས་ལ་འཆད་དོ། །གོང་དུ་བཤད་པའི་གྲུབ་མཐའ་སོ་སོ་བའི་འདོད་པ་རྣམས་མ་འདྲེས་པར་ཤེས་པར་བྱས་ནས། བཤད་མ་ཐག་པ་དེ་ཙམ་ཞིག་རང་ལུགས་ལ་ཁས་བླངས་པས་ཆོག་ལ། ཞིབ་ཆ་འདོན་ཚུལ་ནི། ལྷག་བཅས་ཀྱི་ཉན་ཐོས་དགྲ་བཅོམ་པ་དེས་སྡུག་བསྔལ་གྱི་ཕུང་པོ་མ་སྤངས་པ་ནི་མ་ཡིན་ཏེ། དེས་སྡུག་བསྔལ་གྱི་ཕུང་པོ་མ་འོངས་པའི་ས་བོན་སྤངས་པའི་ཕྱིར་ཏེ། དེས་ཉོན་མོངས་པའི་ས་བོན་མ་ལུས་པར་སྤངས་པའི་ཕྱིར། དེ་ལྟ་ན་ཡང༌།               རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*