ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ཁ ༽

ལས་ཉོན་སྔ་མས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་བ་ཡིན་ནོ། །གལ་ཏེ་དེ་སྤངས་ན་དེ་དང་མ་བྲལ་བ་འགལ་ལོ་སྙམ་ན། དེ་ནི་གཞུང་ལུགས་མ་ཤེས་པའི་གཏམ་ཁོ་ན་ཡིན་ཏེ། ཐེག་པ་ཆེན་པོའི་གཞུང་ལས་སྤང་བྱ་སྤངས་པའི་རྣམ་གཞག་ཐམས་ཅད་སྤང་བྱ་མ་འོངས་པ་ཁོ་ནའི་སྟེང་ནས་འཇོག་པ་ཡིན་གྱི། སྤང་བྱ་སྐྱེས་ཟིན་སྤོང་བ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་འགྲེལ་ལས། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེ་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་སོ། །རིགས་པ་དེས་ནི་སྐབས་དེར་ལས་ཀྱི་ཀུན་འབྱུང་ཀྱང་སྤངས་པར་གྲུབ་པ་ཡིན་ཏེ། ལས་ཀྱི་ཀུན་འབྱུང་མ་འོངས་པའི་ས་བོན་སྤངས་པའི་ཕྱིར་ཏེ། དེས་ཉོན་མོངས་པའི་ས་བོན་སྤངས་པའི་ཕྱིར། དེ་ལ་ཁྱབ་པ་མ་ངེས་ན་ནི། ལས་ཀྱི་ཀུན་འབྱུང་གི་ས་བོན་ཅི་ལ་ཟེར་མ་ཤེས་པས་ནོངས་པ་ཡིན་ནོ། །འོ་ན་ཇི་སྐད་དུ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་དང༌། རྒྱལ་པོ་སྲས་ལས་ཀྱང༌། དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་གནས་སྐབས་ན་བྱས་པའི་སྲིད་པའི་ལས་དགེ་བའམ། མི་དགེ་བའམ། མ་ངེས་པ་དག་མེད་པ་ནི་མིན་མོད་ཀྱི། ཕྲ་རྒྱས་མེད་པའི་ཕྱིར་སྲིད་པ་མངོན་དུ་མི་འགྱུར་རོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་གི་དགོངས་པ་ནི། ལས་ཀྱི་ནུས་པ་ཞེས་པ་ལས་དེའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་བ་དང༌། དེའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ཚོར་བ་བདེ་སྡུག་མྱོང་དགོས་པ་ལ་འཆད་པ་ཡིན་གྱི། ལས་དངོས་ཡོད་པ་ལ་འཆད་པ་མིན་ཏེ། ཟག་པ་སྤངས་ནས་དེ་དང་བཅས་པའི་ལས་མི་འབྱུང་བའི་ཕྱིར་དང༌། རྒྱལ་པོ་སྲས་ཀྱི་སྒྲ་ཇི་བཞིན་པ་དེ་ཁས་ལེན་ན། དགྲ་བཅོམ་པ་ལ་མི་དགེ་བ་ཡོད་པ་ཧ་ཅང་ཐལ་བས་སོ། །ཡང་ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་མ་བྲལ་ཅེས་པ་ཡང༌། དེ་བས་ན་ཅུང་ཟད་ཞིབ་མོར་བྱེད་དགོས་ཏེ། ཁམས་གོང་གི་རྟེན་གྱི་ཉན་ཐོས་དགྲ་བཅོམ་པའི་ཁྱབ་པ་འདུ་བྱེད་ཀྱི་ཕུང་པོ་དེ། ཉོན་མོངས་པའི་རྣམ་སྨིན་དུ་མི་རུང་བའི་ཕྱིར་དང༌། འདོད་པའི་ཁམས་སུ་ཡང༌། བདེ་འགྲོའི་རྣམ་སྨིན་གི་ཕུང་པོ་འཕེན་བྱེད་ཀྱི་ཉོན་མོངས་པ་དེ་ཡང་ཕུང་པོ་དེའི་རྣམ་སྨིན་གྱི་རྒྱུར་མི་རུང་བའི་ཕྱིར། དེའི་ཤེས་བྱེད་ཀྱང་ཉོན་མོངས་པ་དེ་གཉིས་ནི་གོ་རིམ་བཞིན་དུ་ལུང་མ་བསྟན་དང༌། མི་དགེ་བར་ངེས་པའི་ཕྱིར་དང༌། ལུང་མ་བསྟན་ནི་སྤྱིར་རྣམ་སྨིན་གྱི་རྒྱུར་མི་རུང་ཞིང༌། མི་དགེ་བ་ནི་བདེ་འགྲོའི་རྣམ་སྨིན་གྱི་རྒྱུར་མི་རུང་བའི་ཕྱིར། དེ་ལྟར་ན། རྒྱུ་ཀུན་འབྱུང་གི་བདེན་པ་མ་ལུས་པར་སྤངས་ཤིང༌། འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བ་དང་མ་བྲལ་བའི་འགོག་བདེན་དེ། གཉིས་པོ་སོ་སོའི་མཚན་ཉིད་དོ། །སློབ་དཔོན་བཟང་པོའི་ཞབས་ཀྱིས་ནི། མྱང་འདས་ཀྱི་ངོ་བོ་རིག་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་ཆེན་ལས། གང་དུ་མྱ་ངན་ལས་འདས་པ་ཡང༌། ཁྱད་པར་འཕགས་པའི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་སྨྲ་བ་དེར་ཆོས་གཞན་ལྟ་ཅི་སྨོས། ཞེས་གསུངས་པས་སོ། །གསུམ་པ་ནི། ལྷག་བཅས་ཀྱི་མྱང་འདས་ནི་སེམས་ཙམ་པས་མྱང་འདས་གོ་ཆོད་པོར་མི་འདོད་དེ། དེ་ནས་ཐེག་པ་ཆེན་པོར་འཇུག་པར་ཁས་ལེན་དགོས་པས་སོ། །ཉན་ཐོས་སྡེ་པས་ཀྱང་དེས་དེར་གོ་ཆོད་པར་ཁས་ལེན་པ་དཀའ་བ་འདྲ་སྟེ། ཕུང་པོའི་བདུད་དང་མ་བྲལ་བར་འདོད་པས་སོ། །བོད་གཞན་གྱིས་འཆད་ཚུལ་ལྟར་ན་ནི། ཕུང་པོའི་བདུད་མ་བཅོམ་པར་ཡང་འདོད་དགོས་པས་ཆེས་ཤིན་ཏུ་གོ་མི་ཆོད་པར་གསལ་ལོ། །དེ་ལྟ་ན་ལྷག་མེད་ཀྱི་དེའི་གོ་ཆོད་པོ་ནི། སེམས་ཙམ་པ་མན་ཆད་ཀྱི་འདོད་པ་མཐུན་པའོ། །འདིར་ནི། བཤད་མ་ཐག་པའི་མྱང་འདས་དེ་དང་དེ་དག་གིས་མྱང་འདས་ཀྱི་གོ་ཆོད་པོའི་བཤད་པ་ནི། དབུ་མའི་གཞུང་ལུགས་ནས་འབྱུང་བ་མ་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། ཅེས་དང༌། ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །ཞེས་གསུངས་པ་དེར། སྔར་འཛིན་ལས་བཟློག་ཅེས་པ་དགྲ་བཅོམ་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་དུས་ན་སྔར་མྱང་འདས་མ་ཐོབ་པའི་འདུ་ཤེས་ཅན་དུ་བཤད་པ་དང༌། དམ་ཆོས་པདྨ་དཀར་པོ་ལས། འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ད་དུང་ཁྱེད་ནི་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་དང༌། སྤྱོད་འཇུག་ལས། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་དཀའ་བར་གནས། །ཉོན་མོངས་སྤངས་པས་གྲོལ་ན་དེ། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་གསུངས་ལ། དེའི་དོན་ནི་ཆོས་ཀྱི་བདག་མེད་མ་རྟོགས་པ་དེ་སྲིད་དུ་མྱང་འདས་མི་ཐོབ་པར་བསྟན་ནས། གལ་ཏེ་ཉོན་སྒྲིབ་སྤངས་པ་ཙམ་གྱིས་མྱང་འདས་ཀྱི་གོ་ཆོད་ན། ལྷག་བཅས་ཀྱི་མྱང་འདས་མངོན་དུ་བྱས་པའི་ཚེ་དགྲ་བཅོམ་པར་ཐལ་བ་དང༌། ཉོན་མོངས་པ་ཅན་གྱི་ལས་དང་མ་རིག་པ་སྤངས་པ་ཙམ་གྱིས་མྱང་འདས་ཀྱི་གོ་མི་ཆོད་པའི་ཤེས་བྱེད་དུ། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་གསུངས་པའི་ཕྱིར། ཞེས་སྟོན་པ་ནི། ལུང་དེའི་འཕྲོ་ཉིད་ལས། དེ་ཤིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཅེས་གསུངས་སོ། །དེ་བཞིན་དུ་སློབ་དཔོན་སེང་གེ་བཟང་པོས། འགྲེལ་ཆེན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་ལས། བྱང་ཆུབ་དམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱང་འདས་ཡོད་མ་ཡིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བ་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་ནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་པའི་ལུང་དྲངས་ནས་མཐར་ཐུག་ཐེག་པ་གཅིག་ཡིན་པར་བསྒྲུབས་སོ། །དེར་མ་ཟད་རིགས་པ་དྲུག་ཅུ་པ་ལས། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཤེས་པ་མ་ཡིན་ན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཅེས་པ་དེ་ཇི་ལྟ་བུ། །ཞེས་དང༌། དེའི་འགྲེལ་པར། ཟླ་བའི་ཞབས་ཀྱིས། ཉན་ཐོས་སྡེ་བས་འདོད་པའི་མྱང་འདས་ཀྱི་འདོད་པ་དེ་ཕྱོགས་སྔ་མར་བཞག་ནས། ལྷག་བཅས་སུ་འདོད་པ་དེས་མྱང་འདས་ཀྱི་གོ་ཆོད་ན། མདོ་ལས་སྡུག་བསྔལ་གྱི་ཕུང་པོ་འདི་སྤངས་པ་ནུབ་པར་ངེས་པར་བཏང་བ་ཞེས་སོགས་དང་འགལ་ལ། ལྷག་མེད་ལ་འཆད་ན། མདོ་སྡེ་པས། རྗེས་བཟླས་ཞེས་བྱའི་མདོ་འདི་ནི། །ཤཱ་རིའི་བུའི་མྱ་ངན་འདས། །མངོན་སུམ་བྱས་ནས་བཤད་པ་ཡིན། །ཞེས་དེས་མྱང་འདས་མངོན་དུ་བྱས་རྗེས་སུ་མདོ་སྡེ་དེ་གསུངས་པར་བཤད་པ་དང་འགལ། ཞེས་དགག་པ་བརྗོད་ནས་རང་ལུགས་འཇོག་པ་ན། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཞེས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་མཐོང་ལམ་སྐྱེས་པ་དེའི་ཚེ་མྱ་ངན་ལས་འདས་པ་མངོན་དུ་བྱས་པ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེའི་དགོངས་པ་འདི་ལྟར་བཙལ་དགོས་ཏེ། མཐོང་ལམ་ཐོབ་པའི་ཚེ་རང་བཞིན་གྱི་མྱང་འདས་མངོན་དུ་བྱས་པ་དང༌། ཆོས་ཀྱི་སྐུ་ཐོབ་པ་དེའི་ཚེ་མི་གནས་པའི་མྱང་འདས་མངོན་དུ་བྱས་པ་ཡིན་ལ། དེ་ཡང་རང་བཞིན་གྱི་མྱང་འདས་མངོན་དུ་བྱས་པའི་དོན་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་བྱ་ལ། མི་གནས་པའི་མྱང་འདས་མངོན་དུ་བྱས་པ་ནི། དེ་ལ་དུས་རྟག་ཏུ་མཉམ་པར་གཞག་པའོ། །དེ་ཡང་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དེ་ལྟར་བཞག་ན་ནི་ཆད་པའི་མྱང་འདས་སུ་སོང་བས། མི་གནས་པའི་མྱང་འདས་ཀྱི་དོན་མེད་དོ། །དེ་ལས་གཞན་ཉན་ཐོས་སྡེ་པའི་འདོད་པས་བཏགས་པའི་མྱང་འདས་ཀྱི་འདོད་ཚུལ་གཉིས་པོ་དེ་མྱང་འདས་གོ་ཆོད་པོ་མ་ཡིན་པར་འཆད་པ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་འཕྲོས་དོན་ལ། བྱང་ཆུབ་སེམས་དཔའ་ནི་གཉིས་ཏེ། འདོད་ཆེན་པ་དང༌། གཞོན་ནུའི་ས་པའོ། །དང་པོ་ནི། འཁོར་བ་ཇི་སྲིད་པར་འཁོར་བར་སྐྱེ་བ་བླངས་ནས། སེམས་ཅན་གྱི་དོན་བྱེད་པར་འདོད་པ་ཡིན་ལ། གཉིས་པ་ནི་མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པའོ། །དང་པོའི་བཞེད་དོན་ལ་གཉིས་ཏེ། རིགས་ཅན་གསུམ་གྱི་ལམ་ཕྱིན་ཅི་མ་ལོག་པར་ཤེས་པ་དང༌། འཁོར་བར་སྐྱེ་བ་ལེན་པའི་རྒྱུ་མི་སྤོང་བའོ། །དེ་གཉིས་ཀ་ཡང༌། རྒྱུ་ལམ་ཤེས་ལ་ཡོད་པ་ཡིན་ཏེ། ཇི་སྐད་དུ། ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་དང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་ཞེས་གསུངས་ལ། དེའི་དོན་ནི། མྱུར་དུ་ཆོས་ཀྱི་སྐུ་མངོན་དུ་མི་བྱེད་པ་ལ་འཆད་དགོས་པས་སོ། །བྱང་སེམས་དང་པོ་ལ་ནི་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱ་བར་གདམས་མི་དགོས་ལ། བྱང་སེམས་གཉིས་པ་ལ་དེ་ལྟར་གདམས་དགོས་ཤིང༌། དེ་མངོན་དུ་བྱས་པའི་ཚེ་ཡང་གཞན་དོན་རྒྱུན་ཆད་པའི་ཉེས་པ་མེད་དེ། རྣམ་མཁྱེན་གྱི་བདག་པོའི་རྐྱེན་ལས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་ཕྱིར་ཞེས་འདོམས་པར་བྱེད་དེ། གསུམ་པ་ལ། བྱང་སེམས་གཉིས་པ་དེའི་བཞེད་དོན་རྣམ་མཁྱེན་གྱིས་བསྒྲུབ་ཅེས་པ་དང༌། སངས་རྒྱས་འཕགས་པའི་བཞེད་དོན་དེས་བསྒྲུབ་ཅེས་པ་གཉིས་དོན་གཅིག་ལ་འདུ་བ་ཡིན་ཏེ། དེ་གཉིས་བཞེད་དོན་གཅིག་པའི་ཕྱིར། དེ་ལྟ་ན་ཡང་དེའི་ཡོན་ཏན་མཐོང་ནས་དེ་ལ་དྭང་བ་སྐྱེ་བ་ལ་བྱང་ཆུབ་སེམས་དཔའ་གཉིས་པ་དེ་ལྟ་བུ་ཞིག་དགོས་པ་ཡིན་པས་དེ་བཞག་པ་ཡིན་ནོ། །ཞེས་པ་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེད་པའོ། །འདིར་ཆོས་འཁོར་གྱི་རྣམ་པར་བཞག་པ་ལ་བཞི་སྟེ། མཚན་ཉིད། མཚོན་བྱ་ངོས་བཟུང་བ། མཚན་གཞིའི་དབྱེ་བ། རྟོགས་དཀའ་བ་དྲང་ངེས་ཀྱི་རྣམ་པར་བཞག་པའོ། །དང་པོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པའོ། །ཟུར་དང་པོ་ཆོས་ཀྱི་དོན་ལྡོག་ཡིན་ལ། ཟུར་གཉིས་པ་ནི་འཁོར་ལོའི་སྒྲ་དོན་ནོ། །དེ་ཡང་ཕྱི་རོལ་པ་དང་ཐུན་མོང་བའི་རིག་པའི་གནས་རྣམས་ནི། འདིར་ཆོས་འཁོར་དུ་མ་བཞག་སྟེ། དེ་དག་དམ་པའི་ཆོས་སུ་མི་རུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་གསུངས་སོ། །དེའི་ཕྱིར་དེར་འཇོག་པ་ལ། སངས་རྒྱས་ཀྱི་ནང་རིག་པའི་གསུང་རབ་ཀྱི་དབང་དུ་བྱས་པ་ཞིག་དགོས་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་འབྱུང་བ་བཞིན་ནོ། །འདིར་མི་མཐུན་པའི་ཕྱོགས་ཞེས་པ་ནི། གདུལ་བྱའི་སེམས་རྒྱུད་ལ་ཡོད་པ་ཡིན་ལ། དེ་གཅོད་པའི་དུས་ནི་སློབ་མའི་སེམས་རྒྱུད་ལ་འཕོས་པའི་ཚེ་ནའོ། །དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ལ་གཉིས་ཏེ། བྱེད་པ་པོ་ལ་ཡོད་པ་དང༌། བྱ་བ་ཡུལ་ལ་ཡོད་པའོ། །གཉིས་པ་ནི། ཆོས་ཀྱི་འཁོར་ལོ་ཞེས་པའི་མིང་གི་ཐ་སྙད་དེ་ཉིད་དོ། །མཚོན་བྱ་དེ་མཚན་ཉིད་དེ་དང་ཁྱབ་མཉམ་པ་མ་ཡིན་ཏེ། མཚན་གཞི་ཐམས་ཅད་མཚོན་བྱར་ཐལ་བའི་ཕྱིར་རོ། །འོ་ན་མཚོན་པའི་ཚུལ་ཇི་ལྟ་བུ་ཞེ་ན། མཚོན་བྱ་དེའི་ཐ་སྙད་བྱ་རུང་ངམ། ཐ་སྙད་དང་ལྡན་པར་མཚོན་པ་ཡིན་ལ། མཚན་མཚོན་གྱི་ཚུལ་འོག་མ་དག་ལ་ཡང་དེ་བཞིན་ནོ། །གསུམ་པ་ལ་དབྱེ་བའི་སྒོ་གཉིས་ཏེ། ངོ་བོའི་སྒོ་ནས་དང༌། དུས་ཀྱི་སྒོ་ནས་སོ། །དང་པོ་ནི། ལུང་གི་དང༌། རྟོགས་པའི་འོ། །དང་པོ་ལ་མཚན་ཉིད་ནི། བསླབ་པ་གསུམ་མམ། འགོག་ལམ་གཉིས་སམ། ཆོས་ཀྱི་ཕྱག་རྒྱ་བཞི་པོ་གང་རུང་བརྗོད་བྱར་སྟོན་པའི་དམ་ཆོས་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བའོ། །ཟུར་དང་པོས་ལུང་གི་ཆོས་ཀྱི་དོན་ལྡོག་དང༌། གཉིས་པས་འཁོར་ལོའི་སྒྲ་དོན་ནོ། །འདིར་ལུང་གི་མཚན་གཞི་ནི། དེ་དང་དེ་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་གནས་པ་ཡིན་ལ། བོད་ཕྱི་མ་དག་དེ་རྗོད་བྱེད་སྒྲའི་རང་བཞིན་དུ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། གྲུབ་མཐའ་སྨྲ་བ་བཞི་ཆར་གྱི་ལུང་དང་མི་མཐུན་པ་དང༌། འཕགས་པའི་ཐུགས་རྒྱུད་ལ་བཞུགས་པའི་ལུང་གི་ཆོས་འཁོར་མེད་པར་ཐལ་བ་སོགས་རིགས་པ་དང་འགལ་བས་སོ། །དང་པོ་ནི། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པའི་གསུང་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་མདོ་སྡེ་པས་དེ་དག་སྒྲའི་རང་བཞིན་དུ་འདོད་པ་དང༌། བྱེ་བྲག་ཏུ་སྨྲ་བས། ལྡན་མིན་འདུ་བྱེད་དུ་འདོད་པར་བཤད་ལ། སྐབས་དེར་ཡང༌། ཚིག་སྒྲར་འདོད་པ་དེ་ཆོས་མངོན་པའི་ལུགས་མ་ཤེས་པ་ཡིན་ཏེ། མིང་ཚིག་ཡི་གེ་གསུམ་ཀ་ལྡན་མིན་འདུ་བྱེད་དུ་འཆད་པ་ལ། ཐེག་པ་ཆེ་ཆུང་གི་མངོན་པ་གཉིས་ཀ་འདྲ་བའི་ཕྱིར་དང༌། ཇི་སྲིད་སྒྲས་མ་བརྗོད་པ་དེ་སྲིད་དུ། ཡུལ་དུས་གང་ན་ཡང་ལུང་ཆོས་མེད་པར་ཐལ་བས། ལུགས་དེ་མདོ་སྡེ་པ་ཚད་ཐུབ་ཀྱི་འདོད་པ་མ་ཡིན་ནོ། །གང་ལྟར་ཡང༌། ལུགས་དེ་གཉིས་ཀ་ལུང་ཆོས་ཀྱི་མཚན་གཞི་བེམ་པོ་ཞིག་ལ་འདོད་པར་སྣང་བས། སྐབས་འདིར་རིགས་པ་མིན་ཏེ། འོག་ནས་འབྱུང་བའི་ཐེག་པ་ཆེན་པོའི་ལུང་དང་རིགས་པ་གཉིས་ཀྱིས་གནོད་པས་སོ། །ཡང་ཁ་ཅིག རྟོག་གེའི་བསྟན་བཅོས་སྡེ་བདུན་ལ་སོགས་པའི་ལུགས་ལ། མིང་ཚིག་ཡི་གེ་གསུམ་ཀ་སྒྲ་རང་མཚན་དུ་འདོད་པའང་དེའི་ལུགས་མ་ཡིན་ཏེ། གཞུང་དེ་དག་ལས། མིང་ཚིག་གཉིས་སྒྲར་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། ཡི་གེའི་ནང་ནས་སྲོག་ཡིག་ཨ་དེ་སྒྲར་བཤད་པ་ཡོད་ཀྱང༌། ལུང་གི་མཚན་གཞིར་མི་རུང་བས་སོ། །སེམས་ཙམ་པའི་ལུགས་ལ་ཡང་དེ་མི་འཐད་དེ། ལུགས་དེ་ལ་སྒྲ་ཁས་མི་ལེན་པའི་ཕྱིར་དང༌། འོག་ནས་འཆད་པའི་ལུང་གིས་གནོད་པའི་ཕྱིར། དབུ་མའི་གཞུང་ལུགས་ཀྱང་མ་ཡིན་ཏེ། ལུང་གི་མཚན་གཞི་སྒྲ་རང་མཚན་ལ་བཤད་པ་ཅིག་ཀྱང་མི་སྣང་བའི་ཕྱིར་རོ། །དེས་ན་རང་གི་ལུགས་ནི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་ལ་འཆད་དགོས་པ་ཡིན་ཏེ། དབུས་མཐའི་འགྲེལ་བཤད་དུ། སློབ་དཔོན་བློ་བརྟན་གྱིས། མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་ནི་བསྟན་འཆོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཞེས་གསུངས་སོ། །གལ་ཏེ་ལུང་ཆོས་ཀྱི་མཚན་གཞི་དེར་སྣང་བའི་རྣམ་རིག་གི་དོན་ལ་འཆད་པ་དེ་ནི། རྣམ་རིག་པའི་ཚུལ་ལུགས་ལ་འཆད་མོད། དབུ་མའི་ལུགས་མ་ཡིན་ནམ་སྙམ་ན། དེ་ཡང་མ་ཤེས་པ་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས་ཀྱང་འཆད་པ་ལྟར། དེའི་མཚན་གཞི་དེར་གསུངས་པས་སོ། །འོ་ན་སངས་རྒྱས་ལས་ལུང་གི་ཆོས་ཐོས་པ་ལ་སོགས་པའི་རྣམ་བཞག་མི་འཐད་པར་འགྱུར་ཏེ། བྱེད་པ་པོ་དང༌། བྱ་བ་ཡུལ་ལ་ཡོད་པའི་དེ་དང་དེར་སྣང་བའི་རྣམ་རིག་གཉིས་ནི་སོ་སོ་ཐ་དད་དུ་ངེས་ལ། ལུང་སྒྲའི་བདག་ཉིད་དུ་ཁས་མི་ལེན་པས་སོ་སྙམ་ན། ཉེས་པ་མེད་དེ། ཉན་པ་པོའི་བློ་ལ་སྣང་བའི་རྣམ་རིག་དེ། འཆད་པ་པོའི་བདག་རྐྱེན་ལས་བྱུང་བའི་ཕྱིར། དཔེར་ན་ལྷས་བྱས་པའི་རྨི་ལམ་དང༌། ལྷག་པའི་ལྷས་བྱིན་གྱིས་བརླབས་ནས་ལེགས་བཤད་རྙེད་པ་བཞིན་ནོ། །དེ་སྐད་དུ་ཡང་འགྲེལ་ཆེན་ལས། རྟག་ཏུ་མཉམ་པར་བཞག་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་མཐུས་མོས་པ་ཇི་ལྟ་བ་བཞིན་དུ་སྐལ་བ་དང་ལྡན་པ་རྣམས་ལ་མ་འཆོལ་བར་རང་གི་ཤེས་པའི་སྣང་བ་སྟོན་པ་ཉེ་བར་སྐྱེ་སྟེ། ཞེས་དང༌། དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས། བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་བདག་པོ་ལས་སྐྱེ་བའི་ཕྱིར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཡིན་ནོ། །ཞེས་མཆོད་པར་བྱ་བ་དེ་བཞིན་དུ། ད་ལྟར་གྱི་ཆོས་སྨྲ་བ་རྣམས་ཀྱི་སྟོན་པ་ཡང་བཅོམ་ལྡན་འདས་ལ་བརྒྱུད་ནས་འོངས་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྐྱེས་པའི་ཕྱིར། མཆོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པས་སོ། །འོ་ན་ལུང་གི་ཆོས་ཐོས་པར་མི་སྲིད་པར་འགྱུར་ཏེ། གང་ཟག་གི་ཐོས་པའི་སྒྲ་དེ་ནི་ལུང་མ་ཡིན་པའི་ཕྱིར་སྙམ་ན། ལུང་ལས་བྱུང་བ་ལ་ལུང་གི་མིང་བཏགས་པ་ཡིན་ཏེ། ཐེག་བསྡུས་ཀྱི་བཤད་སྦྱར་ལས། གལ་ཏེ་དེ་ལྟ་ཡིན་ན། བྱང་ཆུབ་སེམས་དཔའ་དེ་ཇི་ལྟར་བཤད་དེ། ཉན་པའི་རྣམ་པར་རིག་པ་ནི་དེས་མ་བཤད་དོ་ཞེ་ན། དེའི་དབང་གིས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱ་སྟེ། ལྷ་ལ་སོགས་པའི་དབང་གིས་རྨི་ལམ་ན། བསྟན་འཆོས་དང་སྔགས་ལ་སོགས་པ་རྙེད་པ་བཞིན་ནོ། །ཞེས་གསུངས་སོ། །འོ་ན་ཆོས་འཆད་པ་པོ་ངག་ཏུ་བརྗོད་པ་ཁོ་ན་ལ་ཆོས་འཆད་པའི་ཐ་སྙད་འདོགས་པ་ཅི་ཞེ་ན། དེ་ལ་དེར་ཞེན་ནས་དེའི་མིང་གིས་འདོགས་པ་ཡིན་ཏེ། འགྲེལ་ཆེན་ལས། སངས་རྒྱས་ཀྱིས་ཆོས་བསྟན་པ་ཞེས་བྱ་བ་ནི། གང་གི་ཕྱིར་རྣམ་པར་རྟོག་པ་རང་གི་རྣམ་པ་ལ། ཕྱི་རོལ་གྱི་རང་བཞིན་ལ་སྒྲོ་བཏགས་ནས་འཇུག་པའི་ཕྱིར། དེ་མ་ཡིན་པ་ལ་དེར་འཛིན་པས་ཞེས་གསུངས་སོ། །འོ་ན་འཆད་པ་པོ་ཉན་རང་དང་བྱང་ཆུབ་སེམས་དཔའ་དང༌། སོ་སོ་སྐྱེ་བོ་རྣམས་ཀྱིས་ལུང་གི་ཆོས་འཆད་པའི་ཚེ། རྟོག་པ་ལ་ཤར་བའི་ཤེས་རྣམ་ལ། སྒྲ་རང་མཚན་དུ་འཁྲུལ་ནས། རང་རྒྱུད་ལ་ཡོད་པའི་ལུང་ཆོས་དེ་རྣམས་གཞན་ལ་བཤད་པར་རློམས་པ་ཡིན་མོད། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཀུན་སློང་གི་བསམ་པ་མེད་པའི་ཕྱིར། ཆོས་འཁོར་བསྐོར་བ་ཇི་ལྟར་ཞེ་ན་གདུལ་བྱའི་བསོད་ནམས་དང་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་ལ་ཆོས་དེའི་རྣམ་པ་རྣམ་རིག་ལ་ཤར་བ་ལ། དེའི་མིང་གིས་བཏགས་པ་ཡིན་ཏེ། རྒྱུད་བླ་མར། གསུང་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་དང་འདྲ་བའི་ཚུལ་བཤད་པའི་ཕྱིར་དང༌། འགྲེལ་པ་དོན་གསལ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་འདི་ལྟར་སངས་རྒྱས་སུ་གྱུར་ནས་བརྗོད་པ་མེད་པར་ཆོས་སྟོན་པར་གྱུར་ཅིག ཅེས་པའི་སྨོན་ལམ་བཏབ་བོ། །དེ་བས་ན་སངས་རྒྱས་དང་འདྲ་བའི་ཕྱིར། ཞེས་གསུངས་སོ། །དེ་ལྟ་བུའི་རྣམ་རིག་འབྱུང་བ་དེ་ཡང་ཆོས་ཀྱི་སྐུའི་བདག་རྐྱེན་ལས་བྱུང་བའི་ཕྱིར། ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །འོ་ན་ཅི་སྟེ་ལུང་ཡང་ཤེས་པ་ཡིན་ན། ལུང་རྟོགས་ལ་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། མིན་ཏེ། རྗོད་བྱེད་དང་བརྗོད་བྱར་སྣང་བའི་ཁྱད་པར་ལས་དང༌། སྒྲ་སྤྱི་གསལ་བ་དང་དོན་སྤྱི་གསལ་བ་ལས་དང༌། ཐོས་བསམ་གྱི་ཤེས་པ་དང༌། སྒོམ་བྱུང་གི་ཁྱད་པར་ལས་སོ། །གཉིས་པ་རིགས་པ་དང་འགལ་བ་ནི། ལུང་སྒྲའི་བདག་ཉིད་དུ་ཁས་ལེན་ན། འབྱུང་བ་ལས་གྱུར་པ་ཡིན་པར་འགྱུར་ལ། དེ་ལྟར་ན་འབྱུང་བ་བཞི་རྒྱུར་བྱས་པ་ལས་འབྱུང་བ་ཡིན་པས། རྡུལ་ཕྲ་རབ་བསགས་པའི་ཆོས་སུ་འགྱུར་ལ། དེ་ལྟ་ན་སངས་རྒྱས་ཀྱི་ཆོས་སྐུའི་ངོ་བོར་གྱུར་པའི་ལུང་གི་ཆོས་མེད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ལ་ལུང་གི་ཆོས་མི་བཞུགས་པར་འགྱུར་རོ། །དེ་བཞིན་དུ་འཆད་པ་པོས་བཤད་པའི་ཚིག་རྣམས་ཉན་པ་པོའི་བློ་ལ་བཟུང་བ་དེའི་ཚེ་ཡང༌། ཇི་སྲིད་ངག་ཏུ་མ་བརྗོད་པ་དེ་སྲིད་དུ་ལུང་བློ་ལ་མེད་པར་འགྱུར་བ་དང༌། བྱེད་པ་ལྕེ་རྐན་གྱི་རྩོལ་བ་ལ་མ་ལྟོས་པར་གླེགས་བམ་ཀློག་ནས་ཡིད་ལ་བཟུང་བ་དེའི་ཚེ་ཡང༌། ལུང་མ་བཟུང་བར་འགྱུར་བ་དང༌། སྒྲ་མེད་ལུས་ཀྱི་རྣམ་འགྱུར་ལ་བརྟེན་ནས་ཆོས་བསྟན་པ་མི་སྲིད་པར་འགྱུར་བ་དང༌། ཡིད་ཀྱིས་ཀློག་པ་དང༌། ཡིད་ཀྱིས་བཟླས་པ་མི་སྲིད་པར་ཐལ་བ་དང༌། ལུང་སྡེ་སྣོད་གསུམ་ལ་སོགས་པ་རྒྱུད་ལ་ལྡན་པའི་གང་ཟག་མི་སྲིད་པར་འགྱུར་རོ། །དེ་ལྟ་བུའི་ལུང་གི་ཆོས་འཁོར་དེ་ལ་དབྱེ་ན། སྡེ་ཚན་གྱི་སྒོ་ནས་སྡེ་སྣོད་གསུམ་དང༌། རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་དང༌། བརྗོད་བྱའི་སྒོ་ནས་བདེན་པ་བཞིའི་ཆོས་འཁོར་ལ་སོགས་པ་གསུམ་དང༌། དགོས་པའི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་རྣམས་སོ། །གཉིས་པ་རྟོགས་པའི་ཆོས་འཁོར་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ལུང་གི་ཆོས་འཁོར་ཉམས་སུ་བླངས་པ་ལས་བྱུང་བའི་རྟོགས་པའི་ཡོན་ཏན་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བའོ། །དང་པོས་རྟོགས་པའི་ཆོས་ཀྱི་དོན། གཉིས་པས་འཁོར་ལོའི་སྒྲ་དོན་བསྟན་པ་ཡིན་ནོ། །གཉིས་པ་ལ། རྗེས་མཐུན་པ་དང༌། མཚན་ཉིད་པའོ། །དང་པོ་ལ་གཉིས་ཏེ། ལམ་རྗེས་མཐུན་པ་དང༌། འགོག་པ་རྗེས་མཐུན་པའོ། །དང་པོ་ནི། ཚོགས་སྦྱོར་གྱི་ལམ་གཉིས་ལ་བྱ་ལ། གཉིས་པ་ནི་དེའི་གནས་སྐབས་ཀྱི་ཐར་ལམ་གྱིས་ལག་རྗེས་བཞག་པའི་འགོག་པ་རྣམས་སོ། །འདིར་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱེད་པའི་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་རྣམས་དང༌། དེས་ཐོབ་པའི་འགོག་པ་རྣམས་ཀྱང་རྟོགས་པའི་ཆོས་འཁོར་དུ་མི་བཞག་སྟེ། སྟོན་པས་གསུངས་པའི་དམ་ཆོས་མིན་པའི་ཕྱིར་དང༌། ཕྱི་རོལ་པ་དང་ཐུན་མོང་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་འདོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འཇུག་པ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་གསུངས་སོ། །གཉིས་པ་ལ། ལམ་བདེན་མཚན་ཉིད་པ་ནི། མཐོང་སྒོམ་མི་སློབ་པའི་ལམ་གསུམ་དང༌། མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤངས་ཀྱི་ས་བོན་སྤངས་པའི་འགོག་པ་དང༌། སྒོམ་ལམ་བར་ཆད་མེད་ལམ་ཆུང་འབྲིང་རྣམ་པ་དགུས། སྒོམ་སྤངས་ཀྱི་ས་བོན་སྤངས་པའི་འགོག་པ་དང༌། བར་ཆད་མེད་པའི་རྩེ་སྦྱོར་གྱིས་གནས་ངན་ལེན་གྱི་དྲི་མ་སྤངས་པའི་འགོག་པ་རྣམས་སོ། །འོ་ན་འགོག་པ་རྣམས་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཇི་ལྟར་ཡིན་ཞེ་ན། ཐག་བསྲིང་བའི་གཉེན་པོ་སྟེ། རྣམ་པར་གྲོལ་བའི་ལམ་བཞིན་ནོ། །ཉན་ཐོས་སྡེ་པས་ཆོས་འཁོར་ལ་ལུང་རྟོགས་ཀྱི་དབྱེ་བ་དང༌། རིམ་པ་གསུམ་གྱི་རྣམ་བཞག་མི་འཆད་ལ། མཐོང་ལམ་གཅིག་པུ་ལ་ཆོས་འཁོར་གྱི་སྒྲ་བཤད་ཚང་བར་འདོད་ཀྱང༌། འདིར་ནི་རྟོགས་པའི་ཆོས་འཁོར་གཅིག་པུ་ལ་ཡང་བདེན་བཞིའི་ཆོས་འཁོར་ལ་སོགས་པའི་རིམ་པ་གསུམ་དང༌། སྡེ་སྣོད་གསུམ་གྱི་དབྱེ་བས་གསུམ་དང༌། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དབྱེ་བས་དང༌། ཆོས་ཀྱི་ཕུང་པོའི་དབྱེ་བ་ཇི་སྙེད་པ་དེ་རྣམས་སོ། །གཉིས་པ་དུས་ཀྱི་སྒོ་ནས་ཕྱེ་བ་ལ། དུས་ཀྱི་འཇོག་ཚུལ་ནི་གཉིས་ཏེ། སྟོན་པའི་སྐུ་ཚེའི་སྟོད་སྨད་ལས་ཕྱེ་བ་དང༌། གདལ་བྱ་གཅིག་ཉིད་བསྟན་པ་ལ་རིམ་གྱིས་འཇུག་པའི་རིམ་པ་ལས་ཕྱེ་བའོ། །དང་པོ་ནི། སྟོན་པའི་སྐུ་ཚེ་སྟོད་དུ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང༌། བར་དུ་མཚན་ཉིད་མེད་པའི་ཆོས་འཁོར་དང༌། ཐ་མར་ལེགས་པར་རྣམ་པར་ཕྱེ་བའམ། དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་བ་གཙོ་ཆེ་བ་ཡིན་ལ། དེ་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཞེས་བྱ་བ་ལ་སོགས་པར་མིང་གིས་བཏགས་སོ། །གཉིས་པ་ནི། སྟོན་པའི་སྐུ་ཚེའི་སྟོད་དམ་སྨད་གང་ཡིན་ཀྱང་རུང༌། གདུལ་བྱ་གཅིག་ཉིད་ལ་དང་པོར་བདེན་པ་བཞི་དང༌། བར་དུ་མཚན་ཉིད་མེད་པ་དང༌། ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་བསྟན་དགོས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་བླ་མར། སྤྲུལ་པའི་སྐུས་ཆོས་སྟོན་པའི་རིམ་པ་དེ་ལྟར་དུ་གསུངས་པའི་ཕྱིར། དེ་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས་ཀྱང༌། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཞེས་བྱ་བ་ལ་སོགས་པའི་མིང་གིས་བཏགས་སོ། །དེ་ལྟ་ན། བདེན་བཞིའི་ཆོས་འཁོར་ཡིན་པ་ཙམ་གྱིས་སྟོན་པའི་སྐུ་ཚེའི་སྟོད་ལ་བསྐོར་བས་ཁྱབ་པ་མེད་ཅིང༌། སྟོད་ལ་བསྐོར་བའི་ཆོས་འཁོར་ཡིན་པ་ཙམ་གྱིས་བདེན་བཞིའི་འཁོར་ལོ་ཡིན་པའི་ཁྱབ་པ་ཡང་མེད་མོད། བདེན་བཞིའི་ཆོས་འཁོར་ཡིན་ན། འཁོར་ལོ་དང་པོ་ཡིན་དགོས་ཏེ། དེ་ཡིན་ན་འཁོར་ལོ་གསུམ་གྱིས་རིམ་གྱིས་བཀྲི་དགོས་པའི་གདུལ་བྱ་ལ་དང་པོར་བསྐོར་དགོས་པའི་ཆོས་འཁོར་གྱི་རིགས་སུ་གྱུར་པ་ཡིན་དགོས་པའི་ཕྱིར་དང༌། སྟོན་པའི་སྐུ་ཚེའི་སྟོད་ལ་གཙོ་བོར་བསྐོར་བའི་རིགས་ཅན་གྱི་ཆོས་འཁོར་ཡིན་པས་སོ། །འོ་ན་ཁྱེད་ཅག་བདེན་བཞིའི་ཆོས་འཁོར་གྱི་ནང་ཚན་དུ་གྱུར་པའི་འཁོར་ལོ་བར་པ་དང༌། ཐ་མ་ཁས་ལེན་པ་མིན་ནམ་ཞེ་ན། དེ་ལྟར་ཁས་ལེན་མོད། དེའི་དོན་ནི་འདི་ཡིན་ཏེ། ཆོས་མངོན་པའི་སྡེ་སྣོད་དང༌། འདུལ་བའི་ལུང་ལྟ་བུ་བདེན་བཞིའི་ཆོས་འཁོར་དུ་འཇོག་པ་དེ་ནི། བརྗོད་བྱ་ལ་བདེན་པ་བཞི་གཙོ་ཆེ་བ་ཡིན་ལ། འཁོར་ལོ་དང་པོར་འཇོག་པ་དེ་ནི་སྟོན་པའི་སྐུ་ཚེའི་སྟོད་ལ་བསྐོར་བ་དང༌། རང་ལྡོག་ནས་བདེན་བཞིའི་ཆོས་འཁོར་ཡིན་པ་ལ་བསམ་ནས། དེ་དང་དེ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཞེས་བྱ་ལ། དེ་དང་དེའི་ནང་ཚན་དུ་གྱུར་པའི་སྤྲོས་བྲལ་སྟོན་པའི་གསུང་རབ་ཅིག་ཡོད་པ་དེ་ནི། སྤྱི་ལྡོག་ནས་དེའི་ནང་ན་ཡོད་པས་དེའི་ནང་ཚན་ཞེས་བརྗོད་པ་དང༌། སྟོན་པའི་སྐུ་ཚེའི་སྟོད་ལ་བསྐོར་བའི་ཆོས་འཁོར་ཡིན་པས། འཁོར་ལོ་དང་པོ་ཞེས་བཏགས་པ་ཡིན་གྱི། རང་གི་ངོ་བོ་ནི་མཚན་ཉིད་མེད་པའི་ཆོས་འཁོར་དང༌། འཁོར་ལོ་བར་པ་ཁོ་ན་ཡིན་ཏེ། མཚན་ཉིད་མེད་པའི་དོན་ཚང་བའི་ཕྱིར་དང༌། འཁོར་ལོ་གསུམ་གྱིས་རིམ་གྱིས་དཀྲི་དགོས་པའི་གདུལ་བྱ་ལ་བར་དུ་བསྐོར་དགོས་པའི་རིགས་སུ་གནས་པའི་ཆོས་འཁོར་ཡིན་པའི་ཕྱིར། ཡང་བདེན་བཞིའི་ཆོས་འཁོར་གྱི་ནང་ན་ཡོད་པའི་མཚན་ཉིད་མེད་པའི་ཆོས་འཁོར་དེ། བདེན་བཞིའི་ཆོས་འཁོར་མཚན་ཉིད་པ་ཡིན་པར་ཁས་བླངས་ནས། དེ་དང་པོའི་བར་པ་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་བར་པ་ཡིན་པར་ཁས་བླངས་པས་ཆོག་པ་ཡིན་ཏེ། བར་པ་འཇོག་བྱེད་གཉིས་ཀ་ཚང་བའི་ཕྱིར་དང༌། རང་ལྡོག་ནས་བདེན་བཞིའི་འཁོར་ལོ་ཡིན་པ་ཞིག་གི་ནང་ཚན་ན་བཞུགས་པའི་ཕྱིར་རོ། །འཆད་ཚུལ་འདིས་ནི། འཁོར་ལོ་ཕྱི་མ་གཉིས་ལ་དེ་ལྟར་འཆད་པའི་ཚུལ་ཡང་རྗེས་སུ་དཔག་དགོས་པ་ཡིན་ནོ། །དེ་ཡང་རྒྱས་པར་བཤད་ན། འཁོར་ལོ་གསུམ་གྱི་རྣམ་པར་བཞག་པ་འཆད་ཚུལ་ནི་རྣམ་པ་གསུམ་སྟེ། མདོ་སྡེ་དགོངས་འགྲེལ་ལས་འབྱུང་བ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་དང༌། མགོན་པོ་ཀླུ་སྒྲུབ་ཞབས་ཀྱི་གཞུང་ལས་འབྱུང་བའོ། །ལུགས་དང་པོ་ལྟར་ན། དཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རམ། དོན་དམ་རྣམ་པར་ངེས་པའི་འཁོར་ལོ་དང་གསུམ་མོ། །ལུགས་གཉིས་པ་ལྟར་ན། དང་པོ་འཇིག་རྟེན་ཞི་བའི་ལམ་ལ་འཇུག་པའམ། བདེན་པ་བཞིའི་འཁོར་ལོ། གཉིས་པ་འཇིག་རྟེན་སྨིན་པར་བྱེད་པའི་འཁོར་ལོའམ། བདེན་པ་གཉིས་ཀྱི་ཚུལ་གྱི་འཁོར་ལོ། གསུམ་པ་ལུང་སྟོན་པའི་འཁོར་ལོའམ། དོན་དམ་པའི་བདེན་པ་གཅིག་པུ་སྟོན་པའི་འཁོར་ལོ་ཞེས་བྱའོ། །ལུགས་གསུམ་པ་ལྟར་ན། དང་པོ་བསོད་ནམས་མ་ཡིན་པ་བཟློག་པའི་འཁོར་ལོ། བར་དུ་བདག་བཟློག་པའི་འཁོར་ལོ། ཐ་མ་སྤྲོས་བྲལ་སྟོན་པའི་འཁོར་ལོའོ། །གསུམ་པོ་འདིའི་རིམ་པ་ནི། གཙོ་བོར་གདུལ་བྱ་ལ་ལྟོས་པ་ཡིན་ལ། སྟོན་པའི་སྐུ་ཚེའི་སྟོད་སྨད་ལ་ཡང་མི་འགལ་ཏེ། སྐུ་ཚེའི་སྟོད་སྨད་བར་གསུམ་ལ་གོ་རིམ་བཞིན་དུ་གདུལ་བྱའི་རིགས་དེ་གསུམ་གཙོ་ཆེ་བའི་ཕྱིར། བཞི་པ་ཤེས་དཀའ་བ་དྲང་ངེས་ཀྱི་ཁྱད་པར་བཤད་པ་ལ་གཉིས་ཏེ། བཤད་བྱའི་མདོ་དགོད་པ་དང༌། མདོའི་དོན་བཤད་པའོ། །དང་པོ་ལ་གསུམ་སྟེ། དགོངས་པ་ངེས་འགྲེལ་ནས་འབྱུང་བ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་འབྱུང་བ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལས་འབྱུང་བའོ། །དང་པོ་ནི། ཇི་སྐད་དུ། མདོ་དེ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཆོས་ཀྱི་ཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང༌། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། བཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང༌། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། བཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ། ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སྐབས་སུ་མ་གྱུར་པ་ལགས་སོ། །ཞེས་གསུངས་སོ། །མདོ་འདིས་ནི། འཁོར་ལོ་དང་པོའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་གཙོ་ཆེ་བ་ཡིན་པ་དང༌། བསྟན་བྱའི་གཙོ་བོ་གང་ཟག་གི་བདག་མེད་གཙོ་བོར་གྱུར་པའི་བདེན་པ་གཉིས་ཀ་དང༌། དེ་ལྟར་སྟོན་པའི་ལུང་དེ་ཡང༌། དྲང་བའི་དོན་ཅན་དང་རྩོད་པའི་གཞིར་གསུངས་ལ། དེ་ཡང་དྲང་དོན་ཡིན་པའི་ཤེས་བྱེད་ནི། བརྗོད་བྱའི་གཙོ་བོ་ཀུན་རྫོབ་བདེན་པ་ཤས་ཆེ་བ་ལས་ཡིན་ལ། སྟོན་ཚུལ་ནི་སྒྲ་ཇི་བཞིན་པའོ། །རྩོད་པ་འབྱུང་བའི་རྒྱུ་མཚན་ནི། དེའི་སྒྲ་ཇི་བཞིན་པ་ལ་ཐེག་པ་ཆེན་པོ་པ་དག་གིས་རྩོད་པའོ། །དེའི་རྒྱུ་མཚན་ཡང་ཀུན་རྫོབ་ཀྱི་བདེན་པ་རང་སྟོང་དེ་གཞན་སྟོང་དུ་ཁས་ལེན་དགོས་པའོ། །བླ་ན་མཆིས་པའི་རྒྱུ་མཚན་ནི། དེའི་གོང་ན་ཆོས་ཀྱི་འཁོར་ལོ་ཕྱི་མ་གཉིས་ཡོད་པའོ། །འཁོར་ལོ་བར་པའི་གདུལ་བྱ་ནི་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་ཡིན་ལ། བསྟན་བྱའི་གཙོ་བོ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་དོན་དམ་པའི་བདེན་པ་འབའ་ཞིག་པའོ། །སྟོན་ཚུལ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །དེ་ལྟར་སྟོན་པའི་འཁོར་ལོ་དེ་དྲང་བའི་དོན་ཅན་ལ་སོགས་པ་ཡིན་པའི་ཤེས་བྱེད་ནི། ཐེག་པ་ཆེན་པོའི་སེམས་ཙམ་པ་ལྟར་ན། དེ་ནས་བཤད་པ་དེ་སྒྲ་ཇི་བཞིན་པར་ཁས་བླངས་པ་ལ། ཀུན་རྫོབ་དང་དོན་དམ་གཉིས་ཀ་མི་མཐུན་ནོ་ཞེས་རྩོད་པའི་སྐབས་ཡོད་པ་དང༌། ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་གསུམ་པ་བསྐོར་དུ་ཡོད་པས་བླ་ན་མཆིས་པ་དང༌། ཀུན་བརྟགས་ཀྱི་རང་གི་མཚན་ཉིད་ཐ་སྙད་དུ་ཡང་མེད་པ་དང༌། གཞན་དབང་རང་གི་མཚན་ཉིད་སྒྱུ་མ་ལྟ་བུར་བསྟན་པ་དེ་ཆོས་ཉིད་ཡོངས་གྲུབ་ལ་རིམ་གྱིས་དྲང་བའི་དོན་ཡིན་པས་ན། དྲང་བའི་དོན་ཞེས་བྱ་སྟེ། འདི་ནི་ངེས་དོན་གྱི་དྲང་དོན་ཡིན་པས་སོ། །ཆོས་ཀྱི་འཁོར་ལོ་གསུམ་པའི་གདུལ་བྱ་ནི། ཐེག་པ་ཆེ་ཆུང་ཐམས་ཅད་དང༌། བསྟན་བྱའི་གཙོ་བོ་ནི་བདེན་པ་གཉིས་ཏེ། དེ་ཡང་གཞན་དབང་སྒྱུ་མ་ལྟ་བུ་ནི་ཀུན་རྫོབ་བདེན་པ་དང༌། ཆོས་ཉིད་ཡོངས་གྲུབ་རང་རིག་རང་གསལ་བ་ནི་དོན་དམ་པའི་བདེན་པ་དང༌། ཀུན་བཏགས་ནི་བདེན་པ་གཉིས་ཅར་གང་དུ་ཡང་མེད་པའོ། །སྟོན་ཚུལ་ནི་སྒྲ་ཇི་བཞིན་པའོ། །དེ་ལྟར་སྟོན་པའི་འཁོར་ལོ་དེ་ཡང༌། བླ་ན་མ་མཆིས་པ། ཞེས་བྱ་སྟེ། འདིའི་གོང་དུ་ཆོས་ཀྱི་འཁོར་ལོ་བཞི་པ་བསྐོར་མི་དགོས་པའི་ཕྱིར། ངེས་པའི་དོན་ཞེས་བྱ་སྟེ། ཀུན་རྫོབ་དང་དོན་དམ་པའི་ཆ་གང་ལ་ལྟོས་ནས་ཀྱང་ངེས་དོན་ཡིན་པའི་ཕྱིར། སྐབས་མ་མཆིས་པ་དང༌། རྩོད་པའི་གནས་སུ་མ་གྱུར་པ་ཞེས་བྱ་སྟེ། དེ་ལྟར་བསྟན་པ་ལ་ཐེག་པ་ཆེ་ཆུང་སུས་ཀྱང་བདེན་པ་གཉིས་པོ་གང་ལ་ཡང་རྩོད་པ་མི་འབྱུང་བའི་ཕྱིར། དེ་ཡང་ཞིབ་མོར་ན། ཐེག་པ་ཆེ་ཆུང་གཉིས་ལ་རིམ་གྱིས་ཞུགས་པས་ན། ཐེག་པ་ཐམས་ཅད་པ་ཞེས་བྱའོ། །དབུ་མ་པ་ལྟར་ན། འཁོར་ལོ་དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་ཤས་ཆེར་སྟོན་པས། རང་ལྡོག་ནས་དྲང་དོན་གྱི་མདོ་དང༌། ཕྱི་མ་གཉིས་ནི་དོན་དམ་པའི་བདེན་པ་ཤས་ཆེར་སྟོན་པས་རང་ལྡོག་ནས་ངེས་པའི་དོན་ནོ། །དེ་ཡང་འཁོར་ལོ་གཉིས་པས་ནི། སྤྲོས་པའི་མཐའ་ཐམས་ཅད་བཀག་ཙམ་གྱི་མེད་པར་དགག་པ་དེ་ཉིད་བསྟན་བྱའི་གཙོ་བོར་སྟོན་པས། གནས་སྐབས་ཀྱི་ངེས་དོན་དང༌། འཁོར་ལོ་གསུམ་པས་ནི། དེ་བཀག་པས་ཁྱད་པར་བྱས་པའི་གསལ་རིག་གི་ངོ་བོར་གྱུར་པའི་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་གཙོ་བོར་སྟོན་པས། མཐར་ཐུག་གི་ངེས་དོན་ཏེ། ཞེས་བྱ་བ་འདི་ནི་ཐེག་པ་ཆེན་པོ་རྒྱུད་བླ་མ་རྩ་འགྲེལ་གྱི་དགོངས་པ་དང་མཐུན་ནོ། །འོ་ན་དབུ་སེམས་གཉིས་དགོངས་འགྲེལ་ནས་འབྱུང་བའི་འཁོར་ལོ་གསུམ་པའི་མཚན་གཞི་འཛིན་ཚུལ་མཐུན་ནམ་ཞེ་ན། མཐུན་པར་ཁས་བླངས་པས་ཆོག་པ་ཡིན་ཏེ། དབུ་མ་པ་ལྟར་ན་ཡང༌། མདོ་སྡེ་དགོངས་འགྲེལ་གྱི་ནང་ཚན་དུ་གྱུར་པའི་དོན་དམ་རྣམ་ངེས་ཀྱི་ལེའུ་འདི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བཤད་བྱའི་མདོ་ཡིན་པའི་ཕྱིར་དང༌། ངེས་དོན་གྱི་གཙོ་བོ་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ཀུན་གཞིའི་རྣམ་པར་ཤེས་པའི་མིང་གིས་གསལ་བར་བསྟན་པའི་ཕྱིར། འོ་ན་མདོ་དེར་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་མིན་ནམ་ཞེ་ན། འདི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་དག་ལ་བསྟན་པ་ཡིན་པས། ཉན་ཐོས་ཀྱི་རིགས་ཅན་ལ་དེ་ལྟར་བཤད་ཀྱང༌། དེ་ནི་ཀུན་རྫོབ་ཀྱི་ཆ་ཡིན་ལ། འདིར་ནི་དོན་དམ་སྟོན་པའི་ཆ་ནས་ངེས་དོན་དུ་བཞག་པའི་ཕྱིར། སྤྲོས་པ་ལྷག་མ་ནི་འོག་དེ་མ་ཐག་ཏུ་འབྱུང་ངོ༌། །གཉིས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བའི་མདོ་དེ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་མཁས་ པ། ནོར་བུ་སྦྱོང་བའི་ཐབས་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྤངས་ནས། སྐྲའི་རེ་བས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་རྩོམ་པ་འདོར་བ་ཡང་མིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤངས་ནས། བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བཙོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་ནས། རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ནི་བཱཻ་ཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང༌། མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་རྩོམ་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་རྩོམ་པ་འདོར་བ་ཡང་མིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པར་གྱུར་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་སོ། །མདོ་འདི་དང༌། སྔ་མ་དགོངས་འགྲེལ་གྱི་མདོ་གཉིས་གདུལ་བྱ་དང༌། བརྗོད་བྱ་སོགས་ཀྱི་སྟོན་ཚུལ་ལ་ཁྱད་པར་ཅི་ཡང་ཡོད་པ་མིན་ཏེ། དེ་ཡང་འདི་ལྟར། མདོ་འདིས་འཁོར་ལོ་དང་པོའི་གདུལ་བྱ་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་ལ་བསྟན་བྱའི་གཙོ་བོ་བདེན་པ་བཞི་བསྟན་པའི་སྒོ་ནས་འབྲས་བུ། ལྟ་བའི་ཆ་ནས་གང་ཟག་གི་བདག་མེད་པ་དང༌། སྤྱོད་པའི་ཆ་ནས་དམ་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེའི་ཚེ་གདུལ་བྱ་དེ་ཉན་ཐོས་སམ་ཐེག་པ་ཐུན་མོང་དུ་ཞུགས་པ་ཡིན་ནོ། །འཁོར་ལོ་གཉིས་ལས། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་ལ་བསྟན་བྱའི་གཙོ་བོ་བདེན་པ་གཉིས་བསྟན་པའི་སྒོ་ནས་འབྲས་བུ་ཆོས་ཀྱི་བདག་མེད་པའི་ལྟ་བ་རྟོགས་པར་མཛད་པའོ། །འཁོར་ལོ་གསུམ་པས་ནི། གདུལ་བྱ་སྣ་ཚོགས་པ་ལ་བསྟན་བྱའི་གཙོ་བོར་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་ཞེས་བྱ་བ། བདེ་བར་གཤེགས་པའི་སྙིང་པོའི་ཆོས་བསྟན་པའི་སྒོ་ནས། འབྲས་བུ་ཁམས་དེའི་དྲི་མ་སྦྱོང་བྱེད་ཀྱི་ལམ་རྒྱུད་ལ། སྐྱེད་པར་བྱེད་པའོ། །འདི་གསུམ་གྱི་དྲང་ངེས་ཀྱི་ཁྱད་པར་ཡང༌། དང་པོ་ཀུན་རྫོབ་ཀྱི་བདེན་པ་ཤས་ཆེ་བར་སྟོན་པ་དང༌། འཁོར་ལོ་གཉིས་པས་དོན་དམ་པའི་བདེན་པ་ཤས་ཆེ་བར་སྟོན་པ་དང༌། འཁོར་ལོ་གསུམ་པས་དོན་དམ་པའི་བདེན་པ་འབའ་ཞིག་སྟོན་པའོ། །འོ་ན་འཁོར་ལོ་ཕྱི་མ་གཉིས་ངེས་དོན་གྱི་འཁོར་ལོར་མཚུངས་པ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་འབྱུང་བ་ཅི་ཞེ་ན། དེ་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལས་གསུངས་པའི་དོན་བསྡུས་ན། འཁོར་ལོ་བར་པ་མ་བསྟན་པར་འཁོར་ལོ་ཐ་མའི་དོན་བསྟན་ན། བདག་ཏུ་ལྟ་བའི་རྟོག་པ་རྒྱས་པར་འགྱུར་བས། འཁོར་ལོ་བར་པར་སྤྲོས་བྲལ་གཏན་ལ་ཕབ་ནས་དེ་ཚད་མས་ངེས་པའི་འོག་ཏུ། དེ་ལྟ་བུའི་སྤྲོས་བྲལ་གྱིས་ཁྱད་པར་དུ་བྱས་པའི་ཡེ་ཤེས་དེ་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང༌། བདག་དམ་པ་ཞེས་བྱ་བར་སྟོན་དགོས་པ་ཡིན་ཏེ། དཔེར་ན་ནད་ཀྱི་ཁྱད་པར་འགའ་ཞིག་ལ་ཐོག་མར་འོ་མ་བཏང་ན་དུག་ཏུ་འགྱུར་ལ། ཕྱིས་འོ་མ་སྨན་དུ་འགྱུར་བ་བཞིན་ནོ། །འོ་ན་འཁོར་ལོ་བར་པར་བསྟན་པའི་སྤྲོས་བྲལ་དེ་ཙམ་གྱིས་ཆོག་མོད། འཁོར་ལོ་གསུམ་པར་དེས་ཁྱད་པར་དུ་བྱས་པའི་མིན་པར་དགག་པ་དེ་ལ་སངས་རྒྱས་ཀྱི་སྙིང་པོའི་མིང་གིས་བཏགས་ནས་བཤད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དེའི་ལན་ནི་རྗེ་བཙུན་ཉིད་ཀྱིས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་པའི་དྲི་བ་བཀོད་ནས་དེའི་ལན་དུ། ཇི་སྐད་དུ། དེ་ཉིད་དུ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་བསྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤངས་དོན་དུ་གསུངས། །ཞེས་སོགས་རྒྱས་པར་བཤད་ནས། །དེ་ཐམས་ཅད་ཀྱི་དོན་བསྡུ་བ་ན། ཇི་སྐད་དུ་དེ་ཉིད་ལས། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་བཞིན་གུས་པ་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་གྱི། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་བལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་གསུངས་སོ། །དེའི་ངག་དོན་བསྡུས་ན། འཁོར་ལོ་ཕྱི་མ་གཉིས་ཀྱི་བསྟན་དོན་གྱི་གཙོ་བོ་དོན་དམ་པའི་བདེན་པ་ཡིན་པར་འདྲ་ཡང༌། མ་ཡིན་དགག་དང༌། མེད་དགག་གི་ཁྱད་པར་དང༌། གཉིས་པོ་སངས་རྒྱས་ཀྱི་སྙིང་པོ་ཡིན་མིན་གྱི་ཁྱད་པར་ལས། བརྗོད་བྱའི་ཁྱད་པར་དེ་ལྟ་བུ་དང༌། དགོས་པའི་ཁྱད་པར་ཡང༌། འཁོར་ལོ་བར་པར་སྐྱོན་ལྔ་པོ་དེ་སྤོངས་མི་ནུས་ལ། འཁོར་ལོ་ཐ་མའི་འཆད་ཚུལ་གྱིས་སྐྱོན་ལྔ་པོ་དེ་སྤོང་ནུས་པའོ། །དེ་ལྟར་འཁོར་ལོ་ཕྱི་མ་གཉིས་ཀྱི་ལྟ་བའི་ཡུལ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་ཀྱང༌། དེ་སྙིང་པོར་བསྟན་མ་བསྟན་ལས་དགོས་པའི་ཁྱད་པར་དེ་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ཡོད་དོ། །འཁོར་ལོ་བར་པ་མ་བསྟན་པར་དེ་ལ་དོན་དམ་པའི་བདེན་པ་བསྟན་ན་ནི། རྣམ་བརྫུན་པའི་ལུང་དེ་ཉིད་ལས་མ་འདས་ལ། འོ་ན་འཁོར་ལོ་གཉིས་པར་ཡང༌། སྤྲོས་བྲལ་དེ་ཉིད་སྙིང་པོར་བསྟན་པས་ཆོག་མོད་སྙམ་ན། སྙིང་པོར་བསྟན་པ་ན་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་དུ་སྟོན་དགོས་ལ། དེ་ནི་སྤྲོས་བྲལ་མེད་པར་དགག་པ་རྐྱང་པ་དེ་ལ་མི་རུང་བ་ཡིན་ནོ། །དེ་ལྟར་བཤད་པ་ན་ལུགས་འདི་ལ་ཉན་རང་དགྲ་བཅོམ་པ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་མེད་ཀྱང༌། དེ་འཁོར་ལོ་བར་པའི་སྣོད་དུ་རུང་བ་དང༌། དེ་ལ་དེ་བསྟན་པའི་འོག་ཏུ་འཁོར་ལོ་ཐ་མ་བསྐོར་ནས། དགོས་པའི་ཁྱད་པར་ལྔ་པོ་དེ་གྲུབ་པའི་འོག་ཏུ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་མཛད་པ་ཡིན་ཏེ། ཇི་སྐད་དུ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་དང༌། དམ་ཆོས་པད་མ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐེག་པ་མཆོག་ཏུ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏོ། །ཞེས་གསུངས་པས་སོ། །དེ་སྐད་ཅེས་གསུངས་པ་དེ་ཡང༌། ཉན་རང་ཐེག་པ་ཆེན་པོར་སེམས་བསྐྱེད་ཟིན་པ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་ཏེ། དྲངས་མ་ཐག་པའི་མདོ་དེ་ལས། རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་ལ་བདེ་བར་གཤེགས་པའི་སྙིང་པོ་སྟོན་པར་གསུངས་སོ། །བོད་ཕྱི་མ་གང་དག་མདོ་འདིས་འཁོར་ལོ་གསུམ་གྱི་རྣམ་བཞག་མ་བསྟན་པར་འདོད་པ་དེ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་གཞུང་དང་འགལ་ཏེ། གཞུང་དེར་མཆོག་གི་སྤྲུལ་པའི་སྐུས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་འཆད་པ་ན། ཇི་སྐད་དུ། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན། །ཞེས་རིམ་པ་གསུམ་པོ་དེ་བཤད་པའི་ཕྱིར་དང༌། འཁོར་ལོ་ཕྱི་མ་གཉིས་ཀྱི་བརྗོད་བྱ་དང༌། དགོས་པའི་ཁྱད་པར་ངོས་བཟུང་ནས་ཟློས་པ་སྤོང་བའི་ཚུལ་རྒྱས་པར་བཤད་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཙམ་གྱིས་འཁོར་ལོ་གསུམ་གྱི་རིམ་པ་མི་འགྲུབ་ན། དགོངས་འགྲེལ་ལས་ཀྱང་དེ་མ་གསུངས་པར་མཚུངས་སོ། །གསུམ་པ་མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས་གཞུང་ནས་འབྱུང་བའི་ཚུལ་ནི། ཇི་སྐད་དུ་དབུ་མ་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །འདི་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་སངས་རྒྱས་ཀྱིས་ཆོས་སྟོན་ཚུལ་གྱི་རིམ་པ་དེ་ལྟར་དུ་གསུངས་ལ། དེ་ཡང་རིམ་པ་གསུམ་ཀ་ལས། ཡང་དག་ཡིན་མིན་གཉིས་གཉིས་གསུངས་ལ། དེ་ཡང་དང་པོ་ནི། ཀུན་རྫོབ་ཀྱི་བདེན་པ་རྐྱང་པའི་དབང་དུ་བྱས་པའི་ཡང་དག་དང༌། དེ་མིན་པ་གཉིས་ལ་བྱ་ལ། བར་པ་དེར་ནི་དོན་དམ་པ་ལ་ཡང་དག་དང༌། ཀུན་རྫོབ་ལ་ཡང་དག་མིན་པ་ཞེས་བྱ། གསུམ་པ་དེར་ནི། ཡང་དག་པ་ཡིན་མིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་བྱ་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་དེ་ཉིད་ལས། །བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་གྱུར་ལ། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་འབྱུང་བ་དེ་ཉིད་དོ། །རིམ་པ་གསུམ་པོ་དེའི་དགོས་པ་ནི། རིམ་པ་དང་པོས་བསོད་ནམས་ཀྱི་ཚོགས་བསྐྱེད་པར་བྱེད་པ་དང༌། རིམ་པ་གཉིས་པས་བདག་འཛིན་གྱི་སྤྲོས་པ་གཅོད་པར་བྱེད་པ་དང༌། རིམ་པ་གསུམ་པས་བདག་མེད་ཀྱི་སྤྲོས་པ་ཡང་གཅོད་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་རིམ་པ་དང་པོའི་གདུལ་བྱ་ནི། ཆད་ལྟ་བ་ལ་སོགས་པ་ཐར་པ་ལྟ་ཞོག་མངོན་པར་མཐོ་བའི་ལམ་ཙམ་ཡང་དོན་དུ་མི་གཉེར་བ་དག་རྗེས་སུ་བཟུང་བའི་ཕྱིར་ཡིན་ལ། བསྟན་བྱའི་གཙོ་བོ་ནི་བསོད་ནམས་ཀྱི་ཚོགས་གཙོ་བོར་སྟོན་པའི་མདོ་རྣམས་སོ། །གཉིས་པ་ནི། བསོད་ནམས་ཆ་མཐུན་ཙམ་རྒྱུད་ལ་སྐྱེས་ཀྱང་ཐར་པའི་ལམ་ལ་མི་འཇུག་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་ཡིན་ལ། བསྟན་བྱའི་གཙོ་བོ་ནི་བདག་མེད་པ་གཉིས་པོའོ། །རིམ་པ་གསུམ་པར་ནི། ཐར་པའི་ལམ་ལ་ཞུགས་ཀྱང༌། ཐམས་ཅད་མཁྱེན་པའི་ལམ་དུ་མི་འཇུག་པར་བདག་མེད་པ་གཉིས་པོའི་ལམ་ལ་མངོན་པར་ཞེན་པའི་བློ་ཅན་དག་རྗེས་སུ་བཟུང་བའི་ཕྱིར་ཡིན་ལ། བསྟན་བྱའི་གཙོ་བོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དོ། །དེ་ལྟར་ན། དང་པོ་དྲང་བའི་དོན་དང༌། གཉིས་པ་གནས་སྐབས་ཀྱི་ངེས་དོན་དང༌། གསུམ་པ་ངེས་དོན་མཐར་ཐུག་པའོ། །འཁོར་ལོ་གསུམ་གྱི་རིམ་པ་འཇོག་ཚུལ་འདི་དང༌། སྔ་མ་གཉིས་པོ་མི་འདྲ་བའི་ཁྱད་པར་ནི་འདིར་ནི་ངེས་དོན་མཐར་ཐུག་པའི་ཚེ་ཡང་མེད་པར་དགག་པ་ཁོ་ནའོ། །སྟོན་ཚུལ་ལ་དེ་ལྟར་ཡིན་ཀྱང༌། ཉམས་ལེན་གྱི་རིམ་པ་ལ་ཁྱད་པར་ཡོད་པ་མིན་ཏེ། ཡུལ་སྤྲོས་བྲལ་དེ་ཉིད་ཡུལ་ཅན་ཡེ་ཤེས་དང་དབྱེར་མེད་དུ་འདྲེས་པ་དེ་ཉིད་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱར་འཆད་པ་ལ་ཁྱད་པར་མེད་པའི་ཕྱིར། གཉིས་པ་དོན་བཤད་པ་ལ་གཉིས་ཏེ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཤད་ཟིན་པ་དེ་ཉིད་ཀྱི་དོན་བསྡུས་ནས་བསྟན་པའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། འཁོར་ལོ་གསུམ་གྱི་དྲང་ངེས་འབྱེད་ཚུལ་ལ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཏེ། མདོ་སྡེ་དགོངས་འགྲེལ་གྱི་རྗེས་སུ་འབྲངས་ནས་ཐོགས་མེད་སྐུ་མཆེད་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་དང༌། བློ་གྲོས་མི་ཟད་པས་བསྟན་པའི་མདོ་སོགས་ཀྱི་རྗེས་སུ་འབྲངས་ནས། ཀླུ་སྒྲུབ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་དྲང་ངེས་སུ་འཇོག་པ་ཡིན་ཏེ། དགོངས་འགྲེལ་ལས་དེ་ལྟར་དུ་གསུང་ཤིང༌། དོན་དེ་ཉིད་རང་ལུགས་སུ་བྱས་ནས། སྐུ་མཆེད་གཉིས་ཀྱིས་འཁོར་ལོ་བར་པ་དྲང་བའི་དོན་ཅན་དང༌། ཐ་མ་ངེས་པའི་དོན་ཅན་དུ་བཤད་པའི་ཕྱིར། གཉིས་པ་ནི་བདེན་པ་གཉིས་བརྗོད་བྱའི་གཙོ་བོར་སྟོན་པའི་ཆ་དེ་དང་དེ་ནས། དེར་འཇོག་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་དང༌། བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་དྲང་བའི་དོན་གྱི་མདོ་སྡེ་ནི་གང༌། ངེས་པའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་ཀུན་རྫོབ་ཀྱི་བདེན་པ་བསྒྲུབ་པ་གཙོ་བོར་སྟོན་པ་དེ་ནི། དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱའོ། །མདོ་སྡེ་གང་དོན་དམ་པའི་བདེན་པ་བསྒྲུབ་པ་གཙོ་བོར་སྟོན་པ་དེ་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱའོ། །ཞེས་གསུངས་པ་དེ་ཉིད་ཁུངས་སུ་མཛད་ནས། ཀླུ་སྒྲུབ་ཡབ་སྲས་ཀྱིས་དྲང་ངེས་ཀྱི་རྣམ་བཞག་མཛད་པའི་ཕྱིར། དེ་ལྟར་ན། ལུགས་དང་པོ་ལ། མདོ་གང་ཞིག་མདོ་དེའི་དགོངས་པ་མདོ་གཞན་གྱིས་བཀྲལ་པ་ལ་མ་ལྟོས་པར། མདོ་དེའི་དངོས་བསྟན་སྒྲ་ཇི་བཞིན་དུ་བཟུང་དུ་མི་རུང་བ་དང༌། དེ་ལྟར་རུང་བ་དེ། དྲང་ངེས་ཀྱི་མདོ་གཉིས་པོ་སོ་སོའི་མཚན་ཉིད་དོ། །ལུགས་གཉིས་པ་ལྟར་ན། ཀུན་རྫོབ་ཀྱི་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དང༌། དོན་དམ་པའི་བདེན་པ་དེར་བྱས་ནས་སྟོན་པའི་མདོ་དེ། གཉིས་པོ་སོ་སོའི་མཚན་ཉིད་དོ། །མཚན་གཞི་ཡང་ལུགས་དང་པོ་ལྟར་ན། འཁོར་ལོ་དང་པོ་གཉིས་དྲང་བའི་དོན་གྱི་མདོ་དང༌། འཁོར་ལོ་ཕྱི་མ་ངེས་དོན་གྱི་མདོའོ། །ལུགས་གཉིས་པ་ལྟར་ན། འཁོར་ལོ་ཐོག་མཐའ་གཉིས་དྲང་དོན་གྱི་མདོ་དང༌། བར་པ་ངེས་དོན་གྱི་མདོའི་མཚན་གཞིའོ་ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། སྤྱིར་མི་འཐད་པ་དང༌། སོ་སོར་མི་འཐད་པའོ། །དང་པོ་ནི་ཤིང་རྟའི་སྲོལ་འབྱེད་གཉིས་པོ་དྲང་ངེས་ཀྱི་འཇོག་ཚུལ་མི་མཐུན་པ་ཁོ་ནར་འཆད་པ་དེ་ནི་རིགས་པ་མིན་ཏེ། གཉིས་པོ་དེའི་འཇོག་ཚུལ་མཐུན་པའི་ཕྱིར་དང༌། ལུགས་གཉིས་ཀ་ལ་ཡང་དྲང་ངེས་ཀྱི་འཇོག་ཚུལ་གཉིས་ཀ་མཐོང་བའི་ཕྱིར། མཐུན་པ་ཡིན་ཏེ། ལུགས་གཉིས་ཀས་ཀྱང་ཀུན་རྫོབ་ལ་ལྟོས་པའི་དྲང་ངེས་འཇོག་པའི་ཚེ་ནི། སྒྲ་ཇི་བཞིན་ཡིན་མིན་གྱི་སྒོ་ནས་འཇོག་ལ། དོན་དམ་ལ་ལྟོས་པའི་དེ་འཇོག་པའི་ཚེ་ནི། གཙོ་བོར་བརྗོད་བྱ་བདེན་པ་གཉིས་ཤས་ཆེ་ཆུང་གི་སྒོ་ནས་དེར་འཇོག་པའི་ཕྱིར། དེ་ལྟ་མ་ཡིན་ན། ཐོགས་མེད་སྐུ་མཆེད་ཀྱིས་དོན་དམ་པའི་བདེན་པ་ངེས་དོན་དུ་ཞལ་གྱིས་མི་བཞེས་པར་ཐལ་བ་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱིས། ཀུན་རྫོབ་རྐྱང་པ་ལ་ལྟོས་པའི་དྲང་ངེས་ཞལ་གྱིས་མི་བཞེས་པར་ཐལ་བས་སོ། །ལུགས་གཉིས་ཀ་ལ་གཉིས་ཀ་མཐོང་བ་ཡང་ཡིན་ཏེ། ཇི་སྐད་དུ་དབུ་མ་ལ་འཇུག་པར། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང༌། །སྟོང་ཉིད་དོན་ཅན་ངེས་དོན་ཡང་ཤེས་ཀྱིས། །ཞེས་གསུངས་པ། བརྗོད་བྱ་བདེན་གཉིས་ཀྱི་སྒོ་ནས་དེར་བཞག་པ་ལ་རྩོད་པ་མེད་ལ། མདོ་སྡེ་གང་ལས་ཕྱི་རོལ་དོན་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་ལྡོག་པས་ཏེ་དེ་ཡང་དྲང་དོན་ཉིད། །ཅེས་དང༌། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་གསུངས་པ་དེས་སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་དེར་བཞག་པ་ཤིན་ཏུ་གསལ་ལ། དེ་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཐ་སྙད་དུ་ཕྱི་རོལ་གྱི་དོན་མེད་པ་དྲང་དོན་དང༌། དེ་ཡོད་པ་ངེས་དོན་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དྲང་དོན་དང༌། དེ་མ་ཡིན་པ་ལ་སོགས་ངེས་པའི་དོན་ཅན་དུ་གསུངས་པའི་ཕྱིར། སློབ་དཔོན་འཕགས་སེང་གཉིས་ཀྱིས་ཀྱང༌། སྒྲ་ཇི་བཞིན་པ་ཡིན་མིན་ལ་དྲང་དོན་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ། ཐེག་པ་གསུམ་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་མཐར་ཐུག་ཐེག་པ་གཅིག་ངེས་པའི་དོན་དང༌། མཐར་ཐུག་ཐེག་པ་གསུམ་དྲང་བའི་དོན་ཅན་དུ་གསུངས་པའི་ཕྱིར། ཡང་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལ་ཡང༌། གཉིས་ཀ་མཐོང་བ་ཡིན་ཏེ། ཅིག་ཤོས་ལ་ནི་རྩོད་པ་མི་སྣང་ལ། དོན་དམ་པའི་བདེན་པ་སྟོན་པ་ལ་ངེས་དོན་དུ་འཇོག་པའི་ཚུལ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བར། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་མདོ་དྲངས་པ་ལས་གསལ་བའི་ཕྱིར། ཇི་ལྟར་ཞེ་ན། དེ་ཉིད་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་བཅའ་སྒ་ནི་ཕྱི་མའི་སྨན་སྦྱར་བ་དང༌། བཅུད་ཀྱི་ལེན་སྦྱར་བ་ཐམས་ཅད་དུ་སྩལ་བར་བགྱི་བ་ལགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་དང༌། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ནས་བརྩམས་ནས། ངེས་པའི་དོན་བརྩམས་པ་འདི་ནི། དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བཀའ་སྩལ་པར་བགྱི་བ་ལགས་སོ། །ཞེས་པ་ནས་བཟུང་སྟེ། དོན་གཅིག་པུ་དེ་ཉིད་ལ་དཔེ་མི་འདྲ་བ་རྣམ་པ་བཞིའི་སྒོ་ནས་གཏན་ལ་ཕབ་པ་ཡིན་ནོ། །ཚད་མ་རྣམ་འགྲེལ་ལས་ཀྱང༌། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། །ཅེས་པའི་སྐབས་ཀྱི་གཞུང་གི་འཕྲོས་ལས། འཁོར་ལོ་ཕྱི་མ་གཉིས་ཀྱི་བརྗོད་བྱའི་དོན་གྱི་གཙོ་བོ་གཅིག་ཡིན་པ་དང༌། དེ་ལྟ་ན་ཡང་བཤད་ཚུལ་གཉིས་པོ་མི་འགལ་བའི་ཤེས་བྱེད་དང༌། འཁོར་ལོ་ཕྱི་མ་གཉིས་སུ་ཇི་ལྟར་བཤད་པ་དང༌། འཁོར་ལོ་དང་པོར་ཇི་ལྟར་བཤད་པའི་ཚུལ་རྣམས་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པ་སོ་སོར་མི་འཐད་པ་ལ་གཉིས་ཏེ། སྐུ་མཆེད་གཉིས་ཀྱིས་འཁོར་ལོ་བར་པ་དྲང་དོན་དུ་འདོད་པ་མི་འཐད། ཀླུ་སྒྲུབ་ཡབ་སྲས་ཀྱིས་འཁོར་ལོ་ཐ་མ་དྲང་དོན་དུ་འདོད་པ་མི་འཐད་པའོ། །དང་པོ་ལ་ལུང་གིས་མི་འཐད་རིགས་པས་མི་འཐད་པའོ། །དང་པོ་ནི། བསྡུ་བར་དགོངས་འགྲེལ་གྱི་ལུང༌། གོང་དུ་དྲངས་མ་ཐག་པ་དེ་ཉིད་དྲངས་ནས་བཤད་པ་མཛད་པ་དང༌། དེར་དྲངས་པའི་མདོ་ལས་ཆོས་འཁོར་གཉིས་པའི་ཐད་དུ། ཆེས་ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པ་ཞེས་འབུར་དུ་དོད་པར་གསུངས་པ་དང༌། སྒྲ་ཇི་བཞིན་པ་མ་ཡིན་པ་ཙམ་གྱིས་དྲང་ངེས་གཉིས་སུ་ཕྱེ་བའི་དྲང་དོན་དུ་འཇོག་ན། སློབ་དཔོན་འཕགས་པས་ཐེག་བསྡུས་སུ། སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་དགོངས་ལྡེམ་དགོངས་བརྒྱད་ཀྱིས་བསྡུས་པར་གསུངས་པ་དང་འགལ་ལོ། །གཉིས་པ་རིགས་པ་དང་འགལ་བ་ནི། འོ་ན་འཁོར་ལོ་དང་པོའི་མདོ་ཆོས་ཅན། ངེས་དོན་གྱི་མདོར་ཐལ། མདོ་སྡེའི་དགོངས་པ་མདོ་གཞན་གྱིས་བཀྲལ་བ་ལ་མ་ལྟོས་པར། དེའི་དངོས་བསྟན་གྱི་དོན་དེ་དང་དེ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་རུང་བའི་ཕྱིར། ཁྱབ་པ་དང་ཐལ་ཆོས་ཁས་བླངས། རྟགས་མ་གྲུབ་ན། དེ་ནས་འབྱུང་བའི་ལྟ་བའི་ཆ་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བ་ཡིན་ནམ། དེ་ནས་འབྱུང་བའི་སྤྱོད་པའི་ཆ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བ་ཡིན་ནམ། དེ་གཉིས་དེ་དང་དེར་ཁས་ལེན་དུ་རུང་ཀྱང་འཁོར་ལོ་དང་པོའི་ནང་ན་ཕྱི་རོལ་གྱི་དོན་ཡོད་པ་དང༌། ཕུང་པོ་ལྔ་ཅར་རང་བཞིན་གྱིས་ཡོད་མཉམ་དུ་སྟོན་པ་ལྟ་བུ་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བ་འགའ་ཞིག་ཡོད་པའི་རྒྱུ་མཚན་གྱིས། དེ་སྒྲ་ཇི་བཞིན་པ་མ་ཡིན་པར་འཇོག་ན་ནི། འཁོར་ལོ་ཐ་མ་ནས་གང་བཤད་པ་ཐམས་ཅད་སྒྲ་ཇི་བཞིན་པར་ཁྱེད་ཀྱིས་ཁས་བླངས་དགོངས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི། སྤྱིར་འཁོར་ལོ་ཐ་མ་ཐམས་ཅད་ལྟ་ཞོག བྱེ་བྲག་མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་ཅི་སྨོས། དོན་དམ་རྣམ་ངེས་ཀྱི་ལེའུ་གཅིག་པུའི་ནང་ན་མཐར་ཐུག་ཐེག་པ་གཅིག་ཡིན་པ་དང༌། གསུམ་དུ་འཆད་པ་གཉིས་ཀ་སྣང་ཞིང༌། གཞན་དབང་ལ་མཚན་ཉིད་ཡོད་པ་དང༌། མེད་པར་འཆད་པ་གཉིས་ཀ་སྐབས་དེར་སྣང་བའི་ཕྱིར། དང་པོ་གཉིས་ལྟར་ན་ནི། དེ་ནས་འབྱུང་བའི་གང་ཟག་གི་བདག་མེད་པའི་ལྟ་བ་དང༌། དམ་པའི་ཆོས་འདུལ་བར་གཏོགས་པའི་བསླབ་པའི་གཞི་རྣམས་སྒྲ་ཇི་བཞིན་དུ་མི་རུང་བར་འགྱུར་རོ། །དེ་ལ་འདི་སྙམ་དུ་འདིར་དྲང་ངེས་ཀྱི་མཚན་གཞིར་འཛིན་རྒྱུའི་འཁོར་ལོ་དང་པོ་ནི། ཕུང་སོགས་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་སྟོན་པའི་འཁོར་ལོ་དང་པོ་དང༌། དེ་མེད་མཉམ་དུ་སྟོན་པའི་བར་པ་དང༌། དེ་ཡོད་མེད་ཕྱེ་ནས་སྟོན་པའི་འཁོར་ལོ་ཐ་མ་གསུམ་ཡིན་ལ། དེ་གསུམ་ལ་སོ་སོ་ཐ་དད་དུ་སྔར་བཤད་པའི་དྲང་ངེས་ཀྱི་མཚན་གཞི་དེ་དག་ཚང་བའི་ཕྱིར་སྐྱོན་མེད་དོ་ཞེས་ཟེར་མོད། དེ་ཡང་དགོངས་པ་མིན་ཏེ། མདོ་དེ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་ཞེས་འཁོར་ལོ་དང་པོའི་སྐབས་སུ་བཤད་པ་དེ། འཁོར་ལོ་དང་པོའི་སྤྱི་ལྡོག་ནས་བཟུང་བ་ཡིན་པའི་ཕྱིར་དང༌། གོང་དུ་འཕགས་པའི་བདེན་པ་བཞིའི་རྣམ་པས་བསྟན་པ་ཞེས་པ་ལ་བསྙེགས་དགོས་པའི་ཕྱིར་དང༌། སྤྱིར་ཡང་འཁོར་ལོ་དང་པོ་ལ་ཕུང་པོ་ལྔ་ཅར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པ་འོང་དོན་མེད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། འཁོར་ལོ་དང་པོའི་ཆོས་མངོན་པར། སྤྱིར་ཕུང་པོ་ཙམ་ལ་རིལ་པོ་གཅིག་ཏུ་འཛིན་པའི་གཉེན་པོར། ཕུང་པོ་ལྔར་འབྱེད་པ་དང༌། གཟུགས་ཀྱི་ཕུང་པོ་ལྟ་བུ་གཅིག་ལའང་རིལ་པོར་ཞེན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ཕྱེ་བ་ཡིན་པར་མངོན་པར་མཛོད་ལས་འབྱུང་བའི་ཕྱིར་དང༌། གཞན་ཡང་ཕུང་པོ་ལྔ་ཅར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་མ་བསྟན་པ་དང༌། གྲུབ་མཉམ་དུ་བསྟན་པའི་ཁྱད་པར་མ་ཕྱེད་པས་ནོར་བ་ཡིན་ནོ། །གཞན་ཡང་ཐོགས་མེད་སྐུ་མཆེད་ཀྱི་ལུགས་འདི་ལ་ཀུན་རྫོབ་ཀྱི་བདེན་པ་རྣམས་སྒྲ་ཇི་བཞིན་པར་སྟོན་པའི་མདོ་དང༌། དོན་དམ་པའི་བདེན་པ་སྒྲ་ཇི་བཞིན་པར་སྟོན་པའི་མདོ་གཉིས་ཀ་ངེས་དོན་དུ་འགྱུར་ཏེ། གཉིས་ཀ་ལ་སྒྲ་ཇི་བཞིན་དུ་སྟོན་དུ་རུང་བའི་མཚན་ཉིད་ཚང་བའི་ཕྱིར། དེ་ཡང་དེ་ལྟ་ན་ནི། བདེན་པ་གཉིས་ལ་ངེས་དོན་ཡིན་མིན་གྱི་ཁྱད་པར་མེད་པར་འགྱུར་ལ། དེ་ལྟ་ན་ནི་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །གཉིས་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལ། འཁོར་ལོ་ཐ་མ་དྲང་དོན་དུ་བཞེད་པ་ཡིན་ནོ་ཞེས་ཟེར་བ་དེ་ཤིན་ཏུ་མི་རིགས་ཏེ། དེའི་ལུགས་ལ་འཁོར་ལོ་ཐ་མའི་མཚན་གཞི་དགོངས་འགྲེལ་ནས་འབྱུང་བ་ལྟ་བུ་ལ་བྱེད་ན་ཡང༌། དེར་མི་འཐད། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ནས་འབྱུང་བ་ལྟར་འཆད་ན་ཡང་དེར་མི་འཐད། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནས་འབྱུང་བ་དང་མཐུན་པར་འཆད་ན་ཡང་དེར་མི་འཐད། སྤྱིར་ཡང་འཁོར་ལོ་གསུམ་གྱི་རྣམ་བཞག་གང་འབྱུང་ས་དེ་ཉིད་དུ། འཁོར་ལོ་ཐ་མ་དྲང་དོན་དུ་འཆད་པའི་སྐབས་མི་སྲིད་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། དགོངས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཀྱི་ལེའུ་འཁོར་ལོ་ཐ་མའི་མཚན་གཞིར་བྱས་ནས། དེ་ངེས་དོན་གྱི་མདོར་འཆད་པ་དབུ་མ་པ་དག་གི་ལུགས་མ་ཡིན་ཏེ། དབུ་མ་པ་དག་གི་ལུགས་ལ་མདོ་སྡེ་དགོངས་འགྲེལ་ལས། འཁོར་ལོ་གསུམ་གྱི་དྲང་ངེས་བཤད་པ་དེ་ཉིད་ཀྱང༌། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འཆད་དགོས་པའི་ཕྱིར། ཞེས་གསུངས་པ་དག་མང་མོད། དེ་ནི་དོན་ལ་མ་བརྟགས་པར་བྲག་ཆ་བཞིན་དུ་སྨྲས་པ་ཡིན་ཏེ། དོན་དམ་རྣམས་ངེས་ཀྱི་ལེའུ་དེ་ཉིད་ཀྱི་བསྟན་བྱའི་གཙོ་བོ་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་དེ་ཉིད་བསྟན་པ་ཡིན་ལ། དེ་ལྟར་བསྟན་པ་དེ། སྤྱིར་སྒྲ་ཇི་བཞིན་པ་དང༌། དེ་དོན་དམ་པའི་བདེན་པར་དབུ་མ་པས་ཁས་བླངས་པ་ལ་ཉེས་པ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། དེ་དེར་ཁས་མི་ལེན་པ་དེ་དག་ནི་ལེའུ་དེ་ནས་འབྱུང་བའི་ངོ་བོ་ཉིད་མེད་པ་གསུམ་པོ་དེ། ཆོས་ཀྱི་བདག་མེད་གོ་ཆོད་པོ་མ་ཡིན་ནོ་སྙམ་པ་དང༌། ལེའུ་དེར་ཡོངས་གྲུབ་བདེན་གྲུབ་ཏུ་བསྟན་པས་སོ་སྙམ་པ་དང༌། ཡང་གཞན་དབང་བདེན་གྲུབ་ཏུ་བསྟན་པས་སོ་སྙམ་པ་ཡིན་མོད། དེ་གསུམ་ཀ་ཡང་རིགས་པ་མ་ཡིན་ཏེ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་དོན་ནི། བདག་གཉིས་མེད་པ་ལ་བྱ་བ་ཡིན་ལ། དེའི་ཚེ་བདག་མེད་གཉིས་ཀ་དོན་དམ་བདེན་པར་ཁས་ལེན་པ་ནི། དབུ་མ་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི། དེའི་སྟེང་དུ་བདག་སྐྱེ་བཀག་པ་ལ་བྱ་བ་ཡིན་ལ། དེ་ཡང་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱི་ཕྱོགས་ཆོས་ཀྱི་ནང་ན་སྣང་བས། དོན་དམ་པའི་བདེན་པ་ལས་གཞན་དུ་མེད་པའི་ཕྱིར་དང༌། དོན་དམ་པའི་བདེན་པ་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་དགོས་སོ། །ཞེས་ཟེར་བ་ལ་ཁུངས་མེད་པའི་ཕྱིར་དང༌། ཡང་ཡོངས་གྲུབ་དོན་དམ་པའི་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་དོན་ནི་ངོ་བོ་ཉིད་མེད་པ་དང༌། དོན་དམ་པའི་གཞི་མཐུན་ལ་ཟེར་བ་ཡིན་ལ། དེ་འདྲ་དེ་དོན་དམ་པའི་བདེན་པར་ཁས་ལེན་པ་དབུ་མ་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། ཡོངས་གྲུབ་དོན་དམ་པ་ཡིན་པ་ཙམ་གྱིས་བདེན་གྲུབ་ཏུ་འགྱུར་བ་དང༌། དེ་ཙམ་གྱིས་དབུ་མ་པས་ཁས་ལེན་དུ་མི་རུང་ན། དབུ་མ་པའི་རང་ལུགས་ཀྱི་དོན་དམ་བདེན་པའི་འཇོག་ཚུལ་ལས་ཉམས་པའི་ཕྱིར་དང༌། དབུ་མ་པ་རང་གི་བདེན་གཉིས་ཀྱི་རྣམ་བཞག་བྱེད་པའི་སྐབས་ནའང༌། དོན་དམ་པའི་བདེན་པ་བདེན་པར་གྲུབ་པ་ཞེས་བྱ་བ་ཁས་བླངས་པའི་ཕྱིར་རོ། །གཞན་དབང་བདེན་གྲུབ་ཏུ་སྟོན་པ་ནི་དགོངས་འགྲེལ་གྱི་ལེའུ་དེར་མི་སྣང་ཞིང༌། འོང་བའི་དོན་ཡང་མེད་དེ། གཞན་དབང་བདེན་མེད་སྒྱུ་མ་ལྟ་བུར་སྟོན་པ་ནི། སེམས་ཙམ་པའི་གཞུང་གི་མཐར་ཐུག་ཡིན་པའི་ཕྱིར་དང༌། སེམས་ཙམ་པའི་གཞུང་གི་རང་ལུགས་ལ་བདེན་པར་གྲུབ་པའི་དངོས་པོ་ཡིན་ན། དོན་དམ་བདེན་པ་ལས་འོས་མེད་པའི་ཕྱིར་རོ། །འོ་ན་དོན་དམ་རྣམ་ངེས་ཀྱི་ལེའུ་དབུ་མ་པས་ངེས་དོན་དུ་ཁས་ལེན་དུ་རུང་ན། ལེའུ་དེ་ལས། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བསྒྲོད་པ་གཅིག་པུ་པ་ནི། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང༌། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར། རང་བཞིན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་མིན་ནམ་ཞེ་ན། དེ་ལྟར་སྟོན་པ་དེ་ནི་ཀུན་རྫོབ་ཀྱི་ཆ་ཡིན་ལ། འདིར་ནི་དོན་དམ་སྟོན་པའི་ཆ་ནས་ངེས་དོན་དུ་འཇོག་དགོས་པ་ཡིན་ཞེས་ཡང་ཡང་དུ་བཤད་ཟིན་མོད། དེ་ལྟ་ན་ཡང༌། མཐར་ཐུག་ཐེག་པ་གསུམ་ཡིན་པ་མདོ་འདིའི་དགོངས་པ་མ་ཡིན་ཏེ། དྲངས་མ་ཐག་པའི་ལུང་དེའི་འོག་དེ་མ་ཐག་ཏུ། བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། །ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་བཟོད་མ་ནས་ཞི་བ། །ཆོས་རྣམས་ཐམས་ཅད་རང་བཞིན་མྱང་ངན་འདས་པར་ནི། །དགོངས་པ་མེད་པར་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དོ། །འདི་ལ་མཁས་པ་གང་གི་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཀུན་གྱི་རྣམ་བཞག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །དེ་ཕྱིར་ཐེག་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང༌། །སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་རང་ལུགས་བསྡུས་ཏེ་བཞག་པ་ལ་གཉིས་ཏེ། མཐར་ཐུག་སྟོན་པའི་གསུང་རབ་ཐམས་ཅད་ངེས་དོན་དུ་བསྒྲུབ་པ་དང༌། གནས་སྐབས་སུ་དྲང་ངེས་ཀྱི་འཇོག་མཚམས་སོ་སོར་བཤད་པའོ། །དང་པོ་ནི་འཇུག་འགྲེལ་དུ་མདོ་དྲངས་ནས་བཤད་པ་དེ་ཡིན་ལ། གཉིས་པ་ལ། སྲོལ་འབྱེད་གཉིས་ཀའི་ལུགས་ཀྱི་དྲང་ངེས་ཀྱི་མདོའི་མཚན་ཉིད་དང༌། མཚན་གཞི་འཛིན་ཚུལ་གཅིག་ཏུ་བསྟན་པ། དེ་ལ་རྩོད་པ་སྤོང་བ། དེ་ལྟ་ན་ཡང་དེ་གཉིས་ཀྱི་ངོས་འཛིན་མི་འདྲ་བར་བསྟན་པའོ། །དང་པོ་ལ། མཚན་ཉིད་མཚན་གཞི་དང་བཅས་པ་ངོས་བཟུང་བ། དེ་དེར་བསྒྲུབ་པའོ། །དང་པོ་ནི། ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཐུན་མོང་གི་རིགས་ཅན་ལ། དགོས་པ་བསོད་ནམས་ཀྱི་ཚོགས་སྤེལ་བའི་ཕྱིར་དུ་བསྟན་བྱའི་གཙོ་བོ་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད། ཆེད་དུ་བྱ་བའི་གདུལ་བྱ་ཐར་པ་ཆ་མཐུན་གྱི་སྣོད་དུ་གྱུར་པའི་རིགས་ཅན་ལ། དགོས་པ་ཡེ་ཤེས་ཀྱི་ཚོགས་བསྐྱེད་པའི་ཆེད་དུ། བསྟན་བྱའི་གཙོ་བོ་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད་དོ། །དང་པོ་ལ་དབྱེ་ན། དྲང་དོན་གྱི་དྲང་དོན་དང༌། དྲང་དོན་གྱི་ངེས་དོན་ནོ། །དང་པོའི་མཚན་ཉིད། དྲང་དོན་གྱི་མདོ་གང་ཞིག སྒྲ་ཇི་བཞིན་པ་མ་ཡིན་པའོ། །མཚན་གཞི་ནི། ཕ་དང་མ་ནི་བསད་བྱ་ཞིང༌། །ཞེས་པ་ལྟ་བུ་ལོག་པའི་ཀུན་རྫོབ་སྟོན་པའི་མདོ་རྣམས་སོ། །གཉིས་པའི་མཚན་ཉིད། དེ་གང་ཞིག སྒྲ་ཇི་བཞིན་པའོ། །མཚན་གཞི་ནི། ཚོགས་བསགས་པ་ལས་བདེ་བ་འབྱུང༌། །ཞེས་པ་ལྟ་བུ་ཡང་དག་ཀུན་རྫོབ་སྟོན་པའི་མདོ་རྣམས་སོ། །གཉིས་པ་ངེས་དོན་གྱི་མདོ་ལ། ངེས་དོན་གྱི་དྲང་དོན་དང༌། ངེས་དོན་གྱི་ངེས་དོན་གྱི་མདོའོ། །གཉིས་པོའི་མཚན་ཉིད་ལ་ལུགས་མི་འདྲ་བ་གཉིས་ལས། སེམས་ཙམ་པ་ལྟར་ན། ངེས་དོན་གྱི་མདོ་གང་ཞིག སྒྲ་ཇི་བཞིན་པ་མ་ཡིན་པ་དང༌། དེ་གང་ཞིག དེ་ཡིན་པའོ། །མཚན་གཞི་ནི་རིམ་པ་ལྟར་འཁོར་ལོ་བར་པ་དང་ཐ་མའོ། །འཁོར་ལོ་དང་པོ་ནི་དྲང་དོན་གྱི་མདོའི་མཚན་གཞི་ཡིན་པ་ལ་རྩོད་པ་མེད་དོ། །དབུ་མ་པ་ལྟར་ན་གཉིས་པོའི་མཚན་ཉིད་གོ་རིམ་བཞིན་དུ། གནས་སྐབས་ཀྱི་ངེས་དོན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དང༌། མཐར་ཐུག་གི་ངེས་དོན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོའོ། །མཚན་གཞི་ལ་མི་འདྲ་བ་གསུམ་སྟེ། དགོངས་འགྲེལ་ལས་འབྱུང་བའི་འཁོར་ལོ་ཕྱི་མ་གཉིས་དང༌། རྒྱུད་བླ་མ་ལས་འབྱུང་བའི་ཕྱི་མ་གཉིས་དང༌། དབུ་མ་ལས་འབྱུང་བའི་ཕྱི་མ་གཉིས་སོ། །དབུ་མ་ལས་འབྱུང་བའི་གནས་སྐབས་དང་མཐར་ཐུག་གི་ཁྱད་པར་ནི། བདེན་མེད་ཙམ་དང་སྤྲོས་བྲལ་གྱི་ཁྱད་པར་དེ་ཉིད་ཡིན་ལ། རྒྱུད་བླ་མ་ལས་འབྱུང་བའི་གཉིས་པོའི་ཁྱད་པར་ནི། ངེས་དོན་རང་གི་ངོ་བོ་ནས་ཟབ་མི་ཟབ་ཀྱི་ཁྱད་པར་མེད་ཀྱང༌། བདེ་བར་གཤེགས་པའི་སྙིང་པོ་ཡིན་མིན་གྱི་ཁྱད་པར་དང༌། དེ་བསྟན་པ་ལས་དགོས་པ་ཁྱད་པར་ཅན་འགྲུབ་མི་འགྲུབ་ལས་དང༌། སྙིང་པོ་དེ་བཀའ་ཐ་མའི་སྐབས་སུ་ངེས་པར་བསྟན་དགོས་པའི་རྒྱུ་མཚན་ལས་མཐར་ཐུག་གི་ངེས་དོན་དུ་བཞག་པ་ཡིན་ནོ། །བདེ་བར་གཤེགས་པའི་སྙིང་པོ་སྟོན་པའི་མདོ་དེ་ངེས་དོན་མཐར་ཐུག་སྟོན་པའི་མདོ་ཡིན་ཀྱང༌། སྒྲ་ཇི་བཞིན་པ་ནི་མིན་ཏེ། དེ་དེ་མིན་པར་རྒྱུད་བླ་མའི་བསྟན་འཆོས་ཀྱིས་བཀྲལ་བའི་ཕྱིར། སྤྲོས་བྲལ་སྟོན་པའི་ཤེར་ཕྱིན་གྱི་མདོ་རྣམས་ནི། ལྟ་བའི་སྐབས་སུ་སྒྲ་ཇི་བཞིན་པ་ཡིན་ཏེ། དེ་དེར་ཁས་བླངས་པ་མ་ཡིན་ན་སྤྲོས་བྲལ་ཞེས་བྱ་བ་ཚིག་ཙམ་དུ་ཟད་པའི་ཕྱིར་རོ། །བོད་ཕྱི་མ་གང་དག་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་པ་མིན་ནོ་ཞེས་ཟེར་བ་དེ་དག་གིས་ནི་བདེན་པ་གཉིས་ཀྱི་འཇོག་མཚམས་མ་ཤེས་པ་ཡིན་ཏེ། ཀུན་རྫོབ་བདེན་པ་འཇོག་པའི་སྐབས་སུ་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བས་སོ་སྙམ་དུ་བསམ་པ་ཡིན་མོད། དེའི་ཚེ་དོན་དམ་བདེན་པའི་རིགས་པ་རྣམས་ཀྱིས་བསམས་ན་ཀུན་རྫོབ་ཀྱི་བདེན་པ་མི་རྙེད་པའི་ཕྱིར། དེ་སྐད་དུ་ཡང་བརྒྱ་པ་ལས། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེའང་བརྗོད་པར་མི་བྱ་སྟེ། །ཞེས་དང༌། འཇུག་པ་ལས། ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་གསུངས་ཤིང༌། ཤེར་ཕྱིན་གྱི་མདོའི་དོན་སེམས་པ་ན་ཀུན་རྫོབ་ཀྱི་བདེན་པ་ཚད་གྲུབ་ཏུ་ཁས་བླངས་པར་གྱུར་ན། དོན་དམ་བདེན་པའི་འཇོག་མཚམས་ལས་ཉམས་པ་ཡིན་ཏེ། དེའི་ཚེ་དེ་ཁས་བླངས་ན། ཀུན་རྫོབ་རང་སྟོང་དུ་འཇོག་པ་ཚིག་ཙམ་དུ་ཟད་པའི་ཕྱིར། གསུམ་པ་དགོངས་འགྲེལ་གྱིས་བསྟན་པའི་དོན་དམ་བདེན་པ་དང༌། ཤེར་ཕྱིན་གྱི་མདོ་ལས་འབྱུང་བའི་དོན་དམ་བདེན་པ་གཉིས་ལ། ངེས་དོན་མཐར་ཐུག་ཡིན་མིན་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདི་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་ཁྱད་པར་ལས་དང༌། ཆེད་དུ་བྱ་བ་གདུལ་བྱའི་ཁྱད་པར་ལས་སོ། །དང་པོ་ནི། གཉིས་པོའི་བརྗོད་བྱའི་ཁྱད་པར་ནི་བདེ་བར་གཤེགས་པའི་སྙིང་པོ་སྟོན་མི་སྟོན་ལས་སོ། །འོ་ན་དེ་དེ་ཡིན་པ་ཅི་ཞེ་ན། དགོངས་འགྲེལ་གྱི་ལེའུ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་སེམས་ཀྱི་གནས་ལུགས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པས་སོ། །གཉིས་པ་ནི། སྤྱིར་ཤེར་མདོ་ལས་གསུངས་པའི་སྤྲོས་བྲལ་དང༌། དགོངས་འགྲེལ་ནས་འབྱུང་བའི་ངོ་བོ་ཉིད་མེད་པ་གསུམ་ལ། གདུལ་བྱ་དབུ་མ་པའི་རིགས་ཅན་ལ་སྔ་མ་ཟབ་ཀྱང༌། གདུལ་བྱ་ཐེག་པ་ཆེན་པོ་སེམས་ཙམ་པའི་རིགས་ཅན་ལ་ཕྱི་མ་ཟབ་བོ། །དེ་ཡང་ལུགས་འདིར་ནི། འཁོར་ལོ་བར་པ་ཐེག་ཆེན་པ་འབའ་ཞིག་ལ་དང༌། འཁོར་ལོ་ཐ་མ་ཐེག་པ་ཐམས་ཅད་པ་ལ་གསུངས་པ་ཡིན་པས། འཁོར་ལོ་བར་པ་ནས་འབྱུང་བའི་ངེས་དོན་གྱི་སྣོད་མ་ཡིན་པ་ལ། འཁོར་ལོ་ཐ་མ་ནས་འབྱུང་བའི་ངེས་དོན་འཆད་དགོས་པར་གྲུབ་པ་ཡིན་ནོ། །གཉིས་པ་དེ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ལ། འཁོར་ལོ་གསུམ་གྱི་རྣམ་བཞག་གསུམ་ཀ་ཡང༌། དབུ་སེམས་གཉིས་ཀས་ཁས་ལེན་པ་ལ་འདྲ་བ་ཡིན་ཏེ། དགོངས་འགྲེལ་ནས་འབྱུང་བ་ལ་རྩོད་པ་མེད་ཅིང༌། སྙིང་པོ་སྟོན་པའི་མདོ་ངེས་དོན་དང༌། བཀའ་ཐ་མར་སེམས་ཙམ་པས་ཀྱང་ཆེས་ཤིན་ཏུ་འདོད་པའི་ཕྱིར་དང༌། བཀའ་ཐ་མར་སྤྲོས་བྲལ་གྱི་རྣམ་བཞག་སྟོན་ཚུལ་ཡང་དབུ་མ་པ་དང་མི་མཐུན་ཡང༌། ཡོད་མིན་མེད་མིན་ལ་སོགས་པ་སྤྲོས་བྲལ་གྱི་རྣམ་གཞག་སེམས་ཙམ་གྱི་གཞུང་རང་རྐང་པ་རྣམས་ལས་གསལ་བར་གསུངས་པ་ཁོ་ནར་མ་ཟད། ཀླུ་སྒྲུབ་ཞབས་ཀྱི་གཞུང་དེའི་དགོངས་པ་འགྲེལ་ཚུལ་ཞིག་ཀྱང་ངེས་པར་སེམས་ཙམ་པས་ཁས་ལེན་པའི་ཕྱིར། དེ་ལྟར་ན་སྲོལ་གཉིས་ཀའི་ལུགས་གཞིར་བྱས་པ་ལ། བཀའ་འཁོར་ལོ་དང་པོ་ཆོས་ཅན། དྲང་དོན་གྱི་མདོ་ཡིན་ཏེ། ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཐུན་མོང་གི་རིགས་ཅན་ལ། དགོས་པ་མེད་པ་སྐུར་འདེབས་ཀྱི་མཐའི་གཉེན་པོར་ཀུན་རྫོབ་ཀྱི་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར། འདིར་དབུ་མ་པས། ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པའི་བདག་ཡོད་པར་སྟོན་པའི་མདོ་ཡང་དག་ཀུན་རྫོབ་སྟོན་པའི་མདོར་འཆད་ཀྱང༌། སེམས་ཙམ་པས་དེར་མི་འཆད་པ་ནི་ཁྱད་པར་རོ། །བཀའ་འཁོར་ལོ་ཕྱི་མ་གཉིས་ཀ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་ཏེ། ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་ལ། དགོས་པ་ཡོད་པ་སྒྲོ་འདོགས་ཀྱི་མཐའི་གཉེན་པོར། དོན་དམ་པའི་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར། དེའི་ནང་ནས་འཁོར་ལོ་བར་པ་ཆོས་ཅན། ངེས་དོན་གྱི་དྲང་དོན་གྱི་མདོ་ཡིན་ཏེ། སེམས་ཙམ་པ་ལྟར་ན། ངེས་དོན་སྒྲ་ཇི་བཞིན་པ་མ་ཡིན་པའི་སྒོ་ནས་སྟོན་པས་རྩོད་བཅས་ཡིན་པའི་ཕྱིར་དང༌། དབུ་མ་པ་ལྟར་ན། གནས་སྐབས་ཀྱི་ངེས་དོན་ཙམ་གཙོ་བོར་སྟོན་པ་ཡིན་པས། དེའི་གོང་ན་ངེས་དོན་མཐར་ཐུག་གཞན་སྟོན་རྒྱུ་ཡོད་པའི་ཕྱིར་ཞེས་པའོ། །བཀའ་འཁོར་ལོ་ཐ་མ་ཆོས་ཅན། ངེས་དོན་གྱི་ངེས་དོན་གྱི་མདོ་ཡིན་ཏེ། སེམས་ཙམ་པ་ལྟར་ན་ངེས་དོན་གྱི་མདོ་ཡིན་པ་གཞིར་བྱས་པ་ལ། དེ་ཉིད་སྒྲ་ཇི་བཞིན་པའི་སྒོ་ནས་སྟོན་པའི་ཕྱིར་དང༌། དབུ་མ་པ་ལྟར་ན། དེ་གཞིར་བྱས་པ་ལ། ངེས་དོན་མཐར་ཐུག་གང་ཡིན་པ་དེ་ཉིད་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཕྱིར། འདོར་ན་འཁོར་ལོ་གསུམ་གྱི་འཇོག་ཚུལ་ལ། དགོངས་འགྲེལ་ལྟར་ན། འཁོར་ལོ་དང་པོས་ཀུན་རྫོབ་ཀྱི་བདེན་པ་ཤས་ཆེ་ཞིང༌། དོན་དམ་པའི་བདེན་པ་ཤས་ཆུང་བར་བསྟན། བར་པས་དོན་དམ་པའི་བདེན་པ་ཤས་ཆེ་ཞིང༌། ཀུན་རྫོབ་ཀྱི་བདེན་པ་ཤས་ཆུང་བར་བསྟན། གསུམ་པས་གཉིས་པོ་ཆ་མཉམ་པར་བསྟན། དེ་ལྟར་བསྟན་ཀྱང་བསྟན་བྱའི་གཙོ་བོ་གང་ཡིན་ནི། དགོས་པ་དང་གདུལ་བྱའི་ཁྱད་པར་ལས་ཤེས་སོ། །རྒྱུད་བླ་མའི་བསྟན་བཅོས་ལྟར་ན། དང་པོར་ཉན་ཐོས་དང་ཐུན་མོང་བའི་བདེན་གཉིས་ཆ་མཉམ་དུ་བསྟན། གཉིས་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་བདེན་གཉིས་ཆ་མཉམ་དུ་བསྟན། གསུམ་པར་ཐུན་མོང་མ་ཡིན་པའི་དོན་དམ་པའི་བདེན་པ་འབའ་ཞིག་བསྟན་པའོ། །དབུ་མའི་བསྟན་བཅོས་ལྟར་ན། དང་པོར་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་སྟོན། བར་དུ་གནས་སྐབས་ཀྱི་དོན་དམ་པའི་བདེན་པ་སྟོན། གསུམ་པ་མཐར་ཐུག་གི་དོན་དམ་པའི་བདེན་པ་སྟོན་པ་ཡིན་ནོ། །དེ་ལྟར་ན་འཁོར་ལོ་གསུམ་གྱི་རང་ལྡོག་ནས་དྲང་ངེས་འཇོག་ཚུལ་དེ་ལྟར་ཡིན་མོད། གསུམ་ཀའི་ཡང་ལྟ་བའི་ཆ་ནས་ངེས་དོན་དུ་ཁྱད་པར་མེད་ལ། དང་པོར་ལྟ་བ་གང་ཟག་གི་བདག་མེད་པ་གཙོ་ཆེ། ཕྱི་མ་ཆོས་ཀྱི་བདག་མེད་པ་གཙོ་ཆེ། དེ་ལའང་ཕྲ་རགས་དང༌། བདེ་བར་གཤེགས་པའི་སྙིང་པོར་བསྟན་མ་བསྟན་དང༌། ངོ་བོ་ཉིད་མེད་པ་གསུམ་སོ་སོར་ཕྱེ་མ་ཕྱེའི་ཁྱད་པར་རོ། །དེ་ཡང་འཁོར་ལོ་དང་པོར་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་བསྟན་པས། སྟོན་པ་ལ་ཐམས་ཅད་མཁྱེན་པར་ཡིད་ཆེས་ནས་ཕྱིས་ངེས་དོན་སྟོན་པའི་སྣོད་དུ་རུང་བར་འགྱུར་བ་དང༌། ངེས་དོན་ཡང་དབང་རྣོན་ལ་དང་པོ་ནས་མཐར་ཐུག་དེ་ཉིད་སྟོན་པ་དང༌། དབང་པོ་རྟུལ་འབྲིང་ལ་ཕྲ་རགས་ཀྱི་རིམ་པས་སྟོན་པ་དང༌། སྔར་དབང་རྣོན་ལ་ཞིབ་མོར་ཕྱེ་བ་དེ་ཉིད། ཕྱིས་དབང་འབྲིང་སོགས་ལ་ཕྲ་རགས་སུ་བཏང་ནས་སྟོན་པའི་རྣམ་བཞག་རྣམས་ནི་འཁོར་ལོ་གཉིས་པ་དང་གསུམ་པས་སྟོན་པ་ཡིན་ནོ། །གཉིས་པ་རྩོད་པ་སྤང་བ་ནི། འོ་ན་དགོངས་འགྲེལ་གྱི་ལུགས་ལ་འཁོར་ལོ་བར་པ་ངེས་དོན་གྱི་མདོ་ཡིན་ན། མདོ་དེ་ལས། དོན་དམ་ཡང་དག་འཕགས་འདི་ལ་དེ་བཞིན་གཤེགས་པས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་དེ་དག་ཉིད་ལ་དགོངས་ནས། དྲང་བའི་དོན་གྱི་མདོ་བརྗོད་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། བཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཆོས་སྟོན་ཏོ། །ཞེས་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། དེའི་དོན་ནི་རྒྱས་པར་བཤད་ཟིན་པ་ལྟར་ངེས་དོན་གྱི་དབང་དུ་བྱས་པའི་དྲང་དོན་ནོ། །དེ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་དབང་དུ་བྱས་ན་ཡང་དེ་མ་ཡིན། དོན་དམ་གྱི་དབང་དུ་བྱས་ན་ཡང་དེ་མ་ཡིན་པའི་ཕྱིར། དང་པོ་མིན་ཏེ། དེའི་ཚེ་ཀུན་བརྟགས་ལ་ངོ་བོ་མེད་ཀྱང་གཞན་དབང་ལ་ངོ་བོ་ཡོད་པའི་ཕྱིར། གཉིས་པ་མིན་ཏེ། དེའི་ཚེ་ཀུན་བརྟགས་དང་གཞན་དབང་གཉིས་ཀྱི་ངོ་བོ་མེད་ཀྱང༌། ཡོངས་གྲུབ་ཀྱི་ངོ་བོ་ཡོད་པའི་ཕྱིར། འདི་ལ་བོད་ཕྱི་མ་དག་གི་བསམ་པ་ལ། གཞན་དབང་གི་ངོ་བོ་ཡང་དོན་དམ་པའི་བདེན་པ་འཇོག་པའི་སྐབས་ན་ཡོད་དེ་ཞེས་དང༌། ཡོངས་གྲུབ་ཀྱི་ངོ་བོ་གཟུང་འཛིན་གཉིས་སྟོང་གི་མེད་དགག་ལ་བཟུང་ནས། དེ་བདེན་པར་ཡོད་དོ་ཞེས་ཟེར་བ་དེ་དག་གིས་ནི་རྣལ་འབྱོར་སྤྱོད་པའི་གཞུང་རྩ་བ་ནས་ཉམས་པར་བྱས་པ་ཡིན་ཏེ། གཞན་དབང་བདེན་མེད་དུ་བསྒྲུབ་པའི་རིགས་པ་མདོ་སྡེ་རྒྱན་དང་དབུས་མཐའ་ལས་འབྱུང་བ་དང༌། ཚད་མ་རྣམ་འགྲེལ་ལས་གསུངས་པ་དེ། རྣལ་འབྱོར་སྤྱོད་པའི་གཞུང་གི་སྲོག་ཤིང་ཡིན་པ་དེ་མ་ངེས་བཞིན་དུ་སྨྲས་པའི་ཕྱིར་དང༌། ཡོངས་གྲུབ་ཀྱི་ངོ་བོ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ལ་འཆད་དགོས་པ་དེ། རྣལ་འབྱོར་སྤྱོད་པའི་གཞུང་གི་གཞུང་ཤིང་བླ་ན་མེད་པ་ཡིན་པ་དེ་ཉམས་པར་བྱས་པས་དོན་མ་ཡིན་པ་མང་པོ་བསྐྱེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྣམ་འགྲེལ་ལས། གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །བློ་དེ་ལ་ཡང་མི་འགྱུར་རོ། །ཞེས་པ་ནས། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་པའི་བར་གྱིས་གཞན་དབང་གི་གཙོ་བོ་དོན་དུ་སྣང་བ་དང༌། སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བ་དང༌། རྣམ་རིག་ཏུ་སྣང་བ་ཞེས་བྱ་བ་སྟེ། མདོར་ན། གཟུང་རྣམ་གང་ཡིན་ཐམས་ཅད་བདེན་མེད་དུ་བསྒྲུབ་པའི་རིགས་པ་བཤད་པ་དང༌། ཇི་སྐད་དུ། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་པས་གཞན་དབང་བདེན་མེད་དུ་བསྒྲུབ་པའི་རིགས་པ་བཤད་ཅིང༌། དོན་དེ་ཉིད་རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་དང༌། དེ་དག་གི་དགོངས་པ་འགྲེལ་བའི་སྐུ་མཆེད་གཉིས་ཀྱི་གཞུང་ན་གསལ་བར་བཞུགས་པ་དེ་མ་ཤེས་བཞིན་དུ་བབ་ཅོལ་སྣ་ཚོགས་སྨྲས་པའི་ཕྱིར་དང༌། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་གཞན་དབང་ཡིན་ནོ་ཞེས་བྱ་བ་འདི། ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་ལ་ཡོད་པ་ཡིན་གྱི། རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ལ་ཁས་བླངས་ན། ཡོངས་གྲུབ་རྩ་བ་ནས་མི་རྙེད་པའི་ཕྱིར་དང༌། འགྱུར་མེད་ཡོངས་གྲུབ་ཅེས་པ་དངོས་མེད་ཅིག་ལ་ངོས་འཛིན་ན། སེམས་ཙམ་པས་དངོས་མེད་དང་བདེན་གྲུབ་ཀྱི་གཞི་མཐུན་ཁས་བླངས་པས། དངོས་པོར་སྨྲ་བའི་གཞུང་ལུགས་སུ་མི་རུང་བའི་ཕྱིར་དང༌། དངོས་མེད་དངོས་ཀྱི་གཞལ་བྱར་བྱེད་པའི་རྣལ་འབྱོར་མངོན་སུམ་ཁས་ལེན་དགོས་པས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་སོགས་ཀྱི་གཞུང་ལ་བརྒལ་བའི་ཕྱིར་དང༌། གཉིས་མེད་ཀྱི་ཤེས་པ་གཞན་དབང་དུ་ཁས་བླངས་ན། ཀུན་རྫོབ་ཀྱི་བདེན་པར་སོང་བས། ཇི་སྐད་དུ། དབུས་མཐའ་ལས། དོན་དང་ཐོབ་དང་བསྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་དང༌། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་དེ་དག་ཡོངས་གྲུབ་གོ་ཆོད་པོར་གསུངས་པ་དང་འགལ་བའི་ཕྱིར་རོ། །གསུམ་པ་ནི། ཤིང་རྟ་ཆེན་པོ་གཉིས་ཀྱི་དྲང་ངེས་ཀྱི་མདོ་ཙམ་པོ་གཉིས་ཀྱི་དྲང་ངེས་འཇོག་ཚུལ་ལ་མི་མཐུན་པ་མེད་ཀྱང༌། བདེན་པ་གཉིས་ཀྱི་འཇོག་ཚུལ་ནི་ཤིན་ཏུ་མི་མཐུན་ཏེ། གཅིག་གིས་ནི་ཀུན་རྫོབ་བདེན་པ་རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་ཁས་ལེན་ལ། ཅིག་ཤོས་ཀྱིས་ནི། དེ་ལ་དེའི་དཔྱོད་པ་ཅུང་ཟད་ཀྱང་མི་འཇུག་པར། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་དུ་ཁས་ལེན་པའི་ཕྱིར་དང༌། གཅིག་གིས་ནི་དོན་དམ་པའི་བདེན་པ་དངོས་པོ་རང་མཚན་དང༌། བདེན་གྲུབ་ཏུ་ཁས་ལེན་ལ། ཅིག་ཤོས་ཀྱིས་ནི་མཐར་སྤྲོས་པའི་མཐའ་གང་དུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་ཆོས་ཀྱི་འཁོར་ལོའི་རྣམ་པར་བཞག་པ་བོད་སྔ་རབ་པ་དག་གི་འཆད་ཚུལ་དང་མཐུན་པ་རྣམས། དེ་དག་ལ་ཁ་འཕངས་པའི་ཚུལ་གྱི་ཐད་སོར་བཏང་སྙོམས་སུ་བཞག་ནས། བོད་ཕྱི་མ་དག་གི་ལེགས་པར་མ་བཤད་པ་རྣམས་ལ། གཞུང་ལུགས་དང་མཐུན་པའི་ལུང་དང་རིགས་པའི་ལམ་དུ་རྟོག་དཔྱོད་དུ་མའི་འབད་རྩོལ་གྱིས་དྲངས་ནས་བཤད་པ་ཡིན་ནོ། །དེ་ལྟར་མཆོད་བརྗོད་ཀྱི་ཚིག་དོན་ལས་འཕྲོས་པའི་དོན་རྣམས་བཤད་ཟིན་ནས། ཤུགས་བསྟན་རྩོམ་པར་དམ་བཅའ་ལས་འཕྲོས་པའི་དོན་འཆད་པ་ལ། དེ་ལྟར་ཕྱག་འཚལ་བ་དང༌། བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཞེས་པ་ནས། འཐད་པ་ཡིན་ནོ་ཞེས་པའི་བར་གྱི་འགྲེལ་པ་འདི་གསུངས་པ་ཡིན་ནོ། །འགྲེལ་པ་དེ་དག་ཉི་སྣང་དང༌། འགྲེལ་ཆེན་གཉིས་སུ་དགོས་འབྲེལ་གྱི་སྐབས་སུ་འབྱུང་བས། དེའི་མཐའ་དཔྱོད་པའི་གཞུང་དུ་གསལ་ལ། འགྲེལ་པ་འདིར་ནི་མཆོད་བརྗོད་ཀྱི་སྐབས་སུ་འབྱུང་བས། མཆོད་བརྗོད་ཀྱི་བརྒལ་ལན་དུ་སྦྱོར་བ་ནི་བདག་ཉིད་ཆེན་པོ་ལོ་ཙཱ་བའི་བཞེད་པའོ། །འགྲེལ་པ་འདིར་ཡང་བརྒལ་ལན་གྱི་གཞུང་འདི་དག་དགོས་འབྲེལ་གྱི་སྔ་འགྲེལ་དུ་སྦྱོར་བར་ཇོ་བོ་འབུམ་ཕྲག་གསུམ་པ་དང༌། ཨར་བྱང་ཡེ་བཞེད་ཀྱང་འགྲེལ་པ་འདིའི་དགོངས་པར་མི་འབྱུང་ངོ༌། །དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། བརྒལ་ལན་འདི་དག་མཆོད་བརྗོད་ལས་འཕྲོས་པ་ལ་བསམ་ནས། མཆོད་བརྗོད་ཀྱི་དོན་ཚན་དུ་བསྡུད་ཅིང༌། སྐྱེ་བོ་བློ་གྲོས་དམན་པ་ཞེས་སོགས་དགོས་འབྲེལ་གྱི་རྩོད་ལན་ལ་འཆད་པ་ནི་དོན་ལེགས་པར་མ་རྟོགས་པའི་རྣམ་འགྱུར་དུ་གསལ་ཏེ། བསྟན་འཆོས་མངོན་པར་རྟོགས་པའི་རྒྱན་བརྩམས་པ་དགོས་པ་ཡོད་པར་སྒྲུབ་པའི་ཆེད་དུ། དགོས་མེད་ཀྱི་དོགས་པ་སྤངས་ནས། བསྟན་འཆོས་ཀྱི་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་བཞག་སྟོན་པར་ཆེས་ཤིན་ཏུ་གསལ་ལོ། །ཞེས་གསུང་ངོ༌། །དེ་ནི་རིགས་པ་མིན་ཏེ། རིགས་པ་དང་འགལ་བ་དང༌། ཁས་བླངས་ནང་འགལ་བ་དང༌། འགྲེལ་པ་དོན་གསལ་འདི་ཉིད་ཀྱི་བཞུགས་ཚུལ་དང་མི་མཐུན་པའོ། །དང་པོ་ནི་དེ་ལྟར་ཞེས་སོགས་ཀྱི་གཞུང་འདི་བསྟན་འཆོས་རྩོམ་པ་དགོས་མེད་ཀྱི་ལོག་རྟོག་སྤོང་བ་མ་ཡིན་ཏེ། ཇི་སྐད་དུ། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་པས་བསྟན་འཆོས་ཀྱི་དགོས་པ་འཆད་པ་འགྲེལ་པ་འདིའི་ལུགས་ཡིན་པའི་ཕྱིར་དང༌། གཞུང་དེས། དགོས་མེད་ཀྱི་ལོག་རྟོག་སྤོང་བཞིན་དུ། དེའི་གོང་དུ་ཡང་དེ་སྤོང་བྱེད་ཀྱི་སྔ་འགྲེལ་གྱིའང་གོང་ཞིག་ཏུ་རྩོམ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། དེ་ལྟར་ནས། འཐད་པ་ཡིན་ནོའི་བར་འདིས་ནི་བསྟན་འཆོས་ཀྱི་བརྗོད་བྱ་ཙམ་ཞིག་བཤད་ཀྱི། དགོས་མེད་ཀྱི་ལོག་རྟོག་སྤང་བ་གཅིག་ཀྱང་མི་སྣང་བའི་ཕྱིར། གལ་ཏེ། བདེ་བླག་ཏུ་ནི་རྟོགས་པ་ཞེས། །ཤེས་པའི་གཞུང་དེས་བསྟན་འཆོས་རྩོམ་པ་དགོས་མེད་ཀྱི་ལོག་རྟོག་སྤངས་པ་མ་ཡིན་ནོ་སྙམ་ན། ཁས་བླངས་འགལ་བ་ཡིན་ཏེ། ཁྱེད་རང་གིས་གཞུང་དེའི་ས་མཚམས་གཅོད་པ་ན། མདོ་དང་ཟློས་པ་སྤངས་ནས་དགོས་པ་ཡོད་པར་བསྒྲུབ་པ་ཞེས་བཤད་པའི་ཕྱིར། སྤྱིར་ཡང་ས་མཚམས་དེ་ལྟར་གཅོད་པར་དཔྱོད་ལྡན་མགུ་བའི་ཚིག་མ་ཡིན་ཏེ། བསྟན་བཅོས་བརྩམས་པ་དགོས་མེད་ཀྱི་ལོག་རྟོག་སྤངས་ནས། བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་བཞག་བཤད་ཟིན་པའི་འོག་ཏུ། མདོ་དང་ཟློས་པ་སྤངས་ནས་དགོས་པ་ཡོད་པར་བསྒྲུབ་ན། སྒྲུབ་བྱེད་ཀྱི་རིགས་པ་དེ་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་སོང་བའི་ཕྱིར། འགྲེལ་ཆེན་དུ་དེ་ལྟར་བྱུང་ཀྱང༌། འགྲེལ་པ་འདིའི་བཞུགས་ཚུལ་དང་མི་མཐུན་ཏེ། སྤྱིར་འགྲེལ་པ་འདིར་འབྱུང་བ་དང༌། འགྲེལ་ཆེན་དུ་འབྱུང་བ་གཉིས་འཆད་ཚུལ་མི་མཐུན་པའི་ཕྱིར། ཇི་ལྟར་ཞེ་ན། འདིར་ནི་བསྟན་འཆོས་ཀྱི་བརྗོད་བྱ་ལ་དོགས་པ་གཅོད་པ་ཡིན་པས་རྩོམ་པར་དམ་བཅའ་ལས་འཕྲོས་པའི་དོན་དུ་གསལ་ལ། འགྲེལ་ཆེན་དུ་ནི་སྤྱིར་ཡུམ་གྱི་མདོ་དང༌། བྱེ་བྲག་བརྒྱད་སྟོང་པའི་བརྗོད་བྱ་ལ་དོགས་པ་གཅོད་པ་ཡིན་པས། དགོས་འབྲེལ་གྱི་གཞུང་འཆད་པའི་ཡན་ལག་ཏུ་གསལ་བའི་ཕྱིར། དེ་ཡིན་ཏེ། འགྲེལ་ཆེན་ལྟར་ན། དགོས་འབྲེལ་གྱི་གཞུང་འདི་ཡང༌། མདོ་བརྒྱད་སྟོང་པའི་དགོས་འབྲེལ་སྟོན་བྱེད་ཀྱི་གཞུང་ཡིན་གྱི། བསྟན་འཆོས་ཀྱི་དགོས་འབྲེལ་སྟོན་བྱེད་ཀྱི་གཞུང་མ་ཡིན་པའི་ཕྱིར། ཉི་སྣང་དུ་ནི། མཆོད་བརྗོད་དང་དགོས་འབྲེལ་གྱི་བཤད་པ་ཕྱོགས་གཅིག་ཏུ་མཛད་པ་ཡིན་ཏེ། དེ་ཡང་འདི་ལྟར། དངོས་སུ་མཆོད་པར་བརྗོད་ནས་ཤུགས་ལ་བསྟན་འཆོས་ཤིག་རྩོམ་པར་དམ་བཅས་པ་ལ། དགོས་པ་ཅིའི་ཕྱིར་དུ་རྩོམ། བརྗོད་བྱ་ཅི་ཞིག་བརྗོད་བྱར་བྱེད་ཅེས་དྲི་བ་བཀོད་ནས། དྲི་བ་དང་པོའི་ལན་དུ་དགོས་འབྲེལ་གྱི་གཞུང་དང༌། དྲི་བ་གཉིས་པའི་ལན་དུ། དེ་ལྟར་ཕྱག་འཚལ་བ་ཞེས་སོགས་ཀྱི་གཞུང་འདི་འོག་ཏུ་གསུངས་པ་ཡིན་ནོ། །འགྲེལ་བ་འདིའི་འཆད་ལུགས་ནི་འདི་ལྟར་ཡིན་ཏེ། དངོས་སུ་མཆོད་པར་བརྗོད་ནས། ཤུགས་ལ་བསྟན་འཆོས་རྩོམ་པར་དམ་བཅས་པ་ལ། བརྗོད་བྱ་ནི་ཅི་ཞིག་ཡིན། དགོས་པ་ནི་གང་གི་ཕྱིར་ཞེ་ན། དང་པོའི་ལན་ནི། དེ་ལྟར་ཞེས་སོགས་དང༌། གཉིས་པའི་ལན་ནི། དགོས་འབྲེལ་ལོ། །དང་པོ་ལ་གཉིས་ཏེ། དོགས་པའི་མཐའ་དཔྱད་པ་དང༌། བརྗོད་བྱ་ངོས་བཟུང་བའོ། །དང་པོ་ལ་འགྲེལ་ཆེན་དུ་ཡུམ་གྱི་མདོ་ལས། གཞི་ཁོ་ན་བརྗོད་བྱར་བྱས་པ་ཁས་ལེན་མཁན་གྱི་ཕྱོགས་སྔ་མ་བྱུང་བར་བྱས་ནས་དེ་འགོག་པའི་ཚུལ་རང་གཞུང་དུ་མཛད་ལ། འགྲེལ་པ་འདིར་ནི་ཕྱོགས་སྔ་སྨྲ་བ་པོས། བསྟན་འཆོས་མཛད་པའི་འདོད་པ་ཁོང་ནས་བླང་བར་བྱས་ནས་ཕྱོགས་སྔ་མའི་གཞུང་དུ་བཀོད་དོ། །ལོ་ཙཱ་བ་ཆེན་པོས་ནི། འགྲེལ་ཆེན་གྱི་ལུགས་དེ་ནོར་བ་ཡིན་ཏེ། མདོ་མ་མཐོང་བས་ནི་འདིའི་བརྗོད་བྱ་མི་སྨྲ་ལ། མདོ་མཐོང་བའི་རྒོལ་བ་རྟོག་ལྡན་གྱིས་ནི་དོགས་པ་དེ་ལྟར་སྐྱེ་བའི་གོ་སྐབས་ཡོད་པ་མིན་ཏེ། མདོ་ལས། གཞི་ལམ་རྣམ་པ་གསུམ་ཀ་བརྗོད་བྱར་བྱས་པ་དངོས་སུ་གསལ་བའི་ཕྱིར། དེས་ན་དོགས་པ་འདི་ནི། མཆོད་བརྗོད་ཀྱི་ཤུགས་བསྟན་གོ་ནས། བསྟན་འཆོས་ཀྱི་ཚིག་འོག་མ་རྣམས་མ་མཐོང་བའི་རྒོལ་བ་ལ་སྐྱེ་བ་ཡིན་ནོ་ཞེས་གསུང་ངོ༌། །རང་ལུགས་ཀྱི་འཆད་ཚུལ་ནི། དངོས་སུ་མཁྱེན་པ་གསུམ་ལ་མཆོད་པར་བརྗོད་ནས། ཤུགས་ལ་མཁྱེན་པ་གསུམ་ཀ་བརྗོད་བྱར་བྱས་པའི་བསྟན་འཆོས་རྩོམ་ཞེས་དམ་བཅས་པ་ཡིན་མོད། ཕྱོགས་སྔ་མས་དེ་ལྟར་གོ་ན་རྩོད་པ་སྔ་མ་རྣམས་མི་འབྱུང་ཡང༌། དེ་ལྟར་མ་གོ་བའི་དབང་དུ་བྱས་ནས་འདི་ལྟར་རྩོད་དེ། འོ་ན་གཞི་ཁོ་ནའམ། ལམ་ཁོ་ནའམ། རྣམ་པ་ཁོ་ནའམ། གསུམ་ཀ་བརྗོད་བྱར་བྱེད། དང་པོ་གསུམ་ལྟར་ན། མངོན་པ་དང་ཟློས་པའི་སྐྱོན་ཡོད་ལ། བཞི་པ་ལྟར་ན་ཡུམ་གྱི་མདོ་དང་ཟློས་པའི་སྐྱོན་ཡོད་དོ་ཞེ་ན། རྩོད་པ་དང་པོ་གསུམ་གྱི་ལན་འདེབས་པ་ནི། དེ་ནི་མིན་ཏེ་ཞེས་པ་ནས་འཐད་པ་ཡིན་ནོ་ཞེས་པའི་བར་གྱིས་བཤད་ནས། མཆོད་བརྗོད་ཀྱི་བརྒལ་ལན་དུ་སྦྱོར་ལ། རྩོད་པ་བཞི་པའི་ལན་ནི། མདོ་དང་བསྟན་བཅོས་བརྗོད་བྱ་གཅིག་ཡིན་ཀྱང་ཟློས་པའི་སྐྱོན་མེད་དེ། མདོའི་དོན་བདེ་བླག་ཏུ་རྟོགས་པ་ནི་བསྟན་འཆོས་བརྩམས་པའི་དགོས་པ་ཡིན་པའི་ཕྱིར། ཞེས་དགོས་འབྲེལ་འཆད་པ་ནི། སྐྱེ་བོ་བློ་གྲོས་དམན་པ་དག་ཅེས་སོགས་སོ། །ཡང་ན་རྩོད་ལན་ཐམས་ཅད་མཆོད་བརྗོད་ཀྱི་སྐབས་སུ་མཐར་ཕྱིན་པར་བྱས་ཏེ་བཤད་ན། མངོན་པར་རྟོགས་པའི་རྒྱན་རྩོམ་ཞེས་པ་ལས་འཕྲོས་ནས། གཞི་ཁོ་ནའམ། ལམ་ཁོ་ནའམ། རྣམ་པ་ཁོ་ན་བརྗོད་བྱར་བྱས་པའི་རྒྱུ་མཚན་གྱིས་མངོན་པར་རྟོགས་པའི་རྒྱན་དུ་འཇོག་པ་ཡིན་ནམ། གསུམ་ཀ་བརྗོད་བྱར་བྱས་པའི་རྒྱུ་མཚན་གྱིས་དེར་འཇོག་པ་ཡིན། ཞེས་པའི་དྲི་བ་བཀོད་ནས། དང་པོ་གསུམ་གྱི་ལན་ལ་ཕྱོགས་སྔ་མས་སྐྱོན་བརྗོད་པ་ནི། དེ་ལྟར་ནས། ཞེ་ནའི་བར་རོ། །དེའི་ལན་ལ་དྲི་བ་དང་པོ་གསུམ་ཁས་མི་ལེན་གྱི། བཞི་པ་ལྟར་ཁས་བླངས་ནས་བསྟན་འཆོས་འདི་མངོན་པར་རྟོགས་པ་མཐའ་དག་གི་རྒྱན་དུ་འཇོག་པ་ཡིན་ཏེ། འདིས་གཞི་གཉེན་རྣམ་པའི་ཕྱོགས་གསུམ་ཆར་བརྗོད་བྱར་བསྡུས། དེས་མཁྱེན་གསུམ་བསྡུས། མཁྱེན་གསུམ་གྱིས་འཕགས་པ་བཞིའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར། ཞེས་འཆད་པ་ནི། དེ་ནི་མ་ཡིན་ཏེ་ཞེས་པ་ནས། འཐད་པ་ཡིན་ནོ་ཞེས་པའི་བར་གསུངས་སོ། །ལོ་ཙཱ་བ་ཆེན་པོ་དཔོན་སློབ་ལྟར་ན། འདི་ལ་ཡང་རྩོད་པ་འདི་ལྟར་འབྱུང་སྟེ། བསྟན་འཆོས་འདི་བསྟན་འཆོས་རྫས་ཐ་དད་པ་གསུམ་དུ་འགྱུར་ཏེ། འཕགས་པ་གསུམ་གྱི་མངོན་པར་རྟོགས་པ་མཐའ་དག་བརྗོད་བྱར་བསྡུས་པའི་ཕྱིར། ཞེས་པའི་རྩོད་པ་ཁོངས་ནས་བླངས་ནས། དེའི་ལན་དུ་དེར་ཐལ་བའི་སྐྱོན་མེད་དེ། མཁྱེན་པ་གསུམ་པོ་དེ་གང་ཟག་གཅིག་གི་ཤེས་བྱའི་ཡུལ་དུ་བྱས་ནས་འཆད་པ་ནི། ཇི་སྐད་དུ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པའི་སྐབས་ནས་འབྱུང་བ་ལྟར་ཡིན་ནོ། །ཞེས་འཆད་ལ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། བསྟན་འཆོས་འདིར་ཐེག་པ་གསུམ་ཀའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པས། གཞུང་གཞན་ལས་རྒྱས་པ་དང༌། ཁྱད་པར་དུ་འཕགས་པ་ཡིན་ཏེ། མདོ་སྡེ་དྲན་པ་ཉེར་གཞག་ལྟ་བུར་ཐེག་དམན་གྱི་ལམ་དང་འབྲས་བུ་ཁོ་ན་སྟོན་པ་དང༌། འཕགས་པ་སྡོང་པོ་བཀོད་པ་ལྟ་བུ་ཐེག་པ་ཆེན་པོའི་ལམ་དང༌། འབྲས་བུ་སྟོན་པ་དེ་ལྟ་བུ་ནི་གཞུང་ཕྱོགས་རེ་བ་ཡིན་ལ། ཤེར་ཕྱིན་གྱི་མདོ་དང་བསྟན་འཆོས་འདི་དག་ནི། ཇི་སྐད་དུ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཞེས་སོགས་གསུངས་པ་དང༌། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ཀྱི་ཡུམ་དུ་བཤད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་གསུམ་གྱི་ཚུལ་གསུམ་པ་ཅན་ཞེས་དང༌། མངོན་པར་རྟོགས་པའི་རྒྱན་ནི། མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ་ཞེས་བཤད་པས། གཞུང་གཞན་ལས་རྒྱས་པའི་ཕྱིར། །ཞེས་གསུངས་པ་དེ་ནི་ལེགས་པར་བཤད་པ་བླ་ན་མེད་པའོ། །དེའི་ཕྱིར་གང་དག་མདོ་དང་རྒྱན་དུ་དམན་པའི་ལམ་མ་བསྟན་པར་འདོད་པ་དང༌། ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་མེད་པར་འདོད་པ་དང༌། དེ་དང་དེ་ཡོད་པའི་རྒྱུ་མཚན་གྱིས་ཐེག་པ་ཐུན་མོང་གི་བསྟན་འཆོས་སུ་འགྱུར་རོ་ཞེས་ཟེར་བ་དེ་དག་གིས་ནི། རྒྱན་གྱི་བཤད་སྲོལ་བྱེད་པ་པོ་གོང་དུ་བཤད་མ་ཐག་པ་དེ་དག་གི་ལེགས་པར་བཤད་པའི་ཟུར་ཙམ་ཡང་མ་བལྟས་པར་རང་བཟོ་ཁོ་ན་སྨྲས་པ་ཡིན་ནོ། །སྐབས་འདིར་མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པའི་ཤེས་བྱེད་དུ་དྲངས་པའི་ཡུམ་རྒྱས་འབྲིང་གི་མདོ་རྣམས་ནི། སྐབས་ལྔ་པའི་སྒོམ་སྤངས་བཏགས་འཛིན་རྟོག་པའི་ཐད་ཀྱི་མདོ་ཡིན་ལ། ཡུམ་བསྡུས་པའི་མདོ་ནི། ཐེག་པ་གསུམ་ཅར་འཐོབ་པའི་རྒྱུ། །ཞེས་སོགས་ཀྱི་ཐད་ཀྱི་མདོའོ། །དེ་དག་གི་ནང་ནས་ལམ་ཤེས་ཀྱིས་བྱང་སེམས་ཀྱི་མངོན་རྟོགས་བསྡུས་པའི་ཚུལ་ལ། ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། དང་པོའི་དབང་དུ་བྱས་ན། གཉིས་ཀ་ཚོགས་སྦྱོར་གྱི་སྐབས་ནས་ཀྱང་ཡོད་ལ། ཁྱད་པར་ཅན་གྱི་དབང་དུ་བྱས་ན་འཕགས་པའི་མངོན་པར་རྟོགས་པ་ཁོ་ནའོ། །དེ་ལས་གཞན་དུ་ན་སྦྱོར་བཞི་ལམ་ཤེས་ཀྱིས་བསྡུས་པར་འཆད་མི་ཤེས་སོ། །གཞི་ཤེས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདིའི་དཀའ་བའི་གནས་བཤད་པ་ལ་གསུམ་སྟེ། བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་སྤངས་རྟོགས་རྫོགས་པའི་ས་མཚམས། རྫོགས་སྨིན་སྦྱངས་གསུམ་བྱས་པའི་ཚད། ཡང་དག་མཐའི་ངོ་བོ་དང་དེ་མངོན་སུམ་དུ་བྱས་པའི་ཚད་ངོས་བཟུང་བའོ། །དང་པོ་ལ། ཐེག་གསུམ་གྱི་སྤངས་རྟོགས་ཀྱི་ཚད་ངོས་བཟུང་བ་དང༌། དེ་བྱང་ཆུབ་སེམས་དཔས་དུས་ནམ་གྱི་ཚེ་རྫོགས་པའོ། །དང་པོ་ལ། སྤྱིར་ཐེག་པ་ཆེན་པོའི་སྤངས་རྟོགས་ནི། རྫོགས་སྨིན་སྦྱངས་གསུམ་བྱས་པའི་ཚད་ངོས་བཟུང་བ་ཉིད་ཀྱིས་འགྲུབ་པར་འགྱུར་བས། ལོགས་སུ་མི་འཆད་པར་ཉན་རང་གཉིས་ཀྱི་སྤངས་རྟོགས་ཀྱི་ཚད་བཤད་པར་བྱའོ། །དེ་ལ་སྤངས་པའི་ཚད། རྟོགས་པའི་ཚད་གཉིས་ལས། དང་པོ་ནི། ཉན་རང་དགྲ་བཅོམ་པས་ཉོན་མོངས་པའི་སྒྲིབ་པ་སྤངས་པར་ནི་གྲུབ་མཐའ་སྨྲ་བ་བཞི་ཀ་མཐུན་ལ། རྒྱན་རྗེས་འབྲང་དང་བཅས་པ་འདིའི་ལུགས་ལ། བྱམས་ཆོས་བར་པ་གསུམ་དུ་ཐེག་ཆེན་ལམ་གྱི་སྤང་བྱའི་གཙོ་བོར་བཤད་པའི་ཤེས་བྱའི་སྒྲིབ་པ་དེ་ལ། འདིར་ཤེས་སྒྲིབ་གཟུང་རྟོག་ཅེས་པའི་མིང་གིས་བཏགས་ནས། དེ་རང་རྒྱལ་དགྲ་བཅོམ་གྱིས་སྤངས་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་དང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཉམས་ཕྱིར་སློབ་མ་བསེ་རུ་དག །ཅེས་གསུངས་པས་སོ། །རྟོགས་པ་ལ་ཡང༌། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐུན་མོང་དུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་མ་བྱས་ཀྱི་ཁྱད་པར་ཡོད་པ་དེ་གཞིར་བྱས་པ་ལ། ཐེག་པ་ཆེན་པོའི་ཆོས་མངོན་པ་ལས། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་འབྱུང་ལུགས་ལྡོག་ལ་མཁས་པ་སོགས་བཤད་ལ། འདིར་ནི་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་བཤད་པས། ཉན་རང་གཉིས་ཀྱི་སྤངས་རྟོགས་ཀྱི་ཁྱད་པར་འབྱེད་ཚུལ་ལ་རྒྱན་རྗེས་འབྲང་དང་བཅས་པ་ཁོ་ན་ཆེས་ཤིན་ཏུ་ཁྱད་ཆེ་བ་ཡིན་ནོ། །འོ་ན་འདི་དག་གིས་ཉོན་སྒྲིབ་མ་ལུས་པར་སྤངས་ན། བག་ལ་ཉལ་གྱི་ཉོན་སྒྲིབ་དང༌། དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་ཞེས་བྱ་བ་དེ་ཡང་སྤངས་པར་ཁས་ལེན་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སྔ་མ་ནི་ཤེས་བྱའི་སྒྲིབ་པར་འཆད་དགོས་པའི་ཕྱིར་དང༌། ཕྱི་མ་ནི་སྙིང་རྗེ་དང་སྨོན་ལམ་ལ་དེའི་མིང་གིས་བཏགས་པ་ཡིན་གྱི། ཉོན་མོངས་མཚན་ཉིད་པ་མིན་ཏེ། དེ་མཚན་ཉིད་པ་ཡིན་ན་དགེ་བའི་རྩ་བ་དང་མཚུངས་ལྡན་དུ་བྱུང་བར་འགལ་བའི་ཕྱིར་རོ། །འོ་ན་དེ་དག་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོའི་ལམ་གྱི་གནས་སྐབས་གང་དུ་སྤངས་ཤེ་ན། སློབ་དཔོན་ཟླ་བ་གྲགས་པ་ལྟར་ན། དམན་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔས་ས་བརྒྱད་པར་ཉོན་སྒྲིབ་མ་ལུས་པར་སྤངས་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ་དབུ་མ་ལ་འཇུག་པར། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་གྱུར་ཅིང༌། །ཞེས་བཤད་པས་སོ། །དེའི་རྒྱུ་མཚན་གྱིས་ས་བདུན་པ་ནས་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ནོ། །ཆོས་མངོན་པ་གོང་མའི་ལུགས་ཀྱིས་ནི་དམན་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔས་ཤེས་སྒྲིབ་སྤངས་པ་དང༌། ཉོན་སྒྲིབ་སྤངས་པ་དུས་མཉམ་པར་བཞེད་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་བསྒོམ་གྱི་ཉོན་མོངས་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ནོ། །དེ་བྱང་ཆུབ་ཐོབ་པ་ན་ཅིག་ཆར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ༌། །ཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་ཇི་སྲིད་ས་བརྒྱད་པ་མངོན་དུ་མ་བྱས་པ་དེ་སྲིད་དུ་ནི། ཉོན་མོངས་པ་ཅན་གྱི་ཡིད་གནས་མ་གྱུར་པས། ཉོན་མོངས་ཀྱི་ཉེས་པ་བསྐྱེད་པའི་ཉོན་མོངས་པ་མཚན་ཉིད་པ་ཡོད་ལ། དག་པས་གསུམ་དུ་ནི། དེའི་ཉེས་པ་མི་བསྐྱེད་ཀྱང་ཉོན་མོངས་མཚན་ཉིད་པར་ཁས་ལེན་པ་ཡིན་ཏེ། དེས་བྱང་ཆུབ་སེམས་དཔའ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བྱེད་པའི་ཕྱིར། དེ་སྐད་དུ་ཡང་དེ་ཉིད་ལས། སྔགས་དང་སྨིན་གྱིས་གསོད་པའི་དུག་དང༌། དཔེར་ན་ཉོན་མོངས་སྤངས་པའི་ཉན་ཐོས་དགྲ་བཅོམ་པ་ལྟར་རྣམ་པ་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་བསྐྱེད་དོ། །ཞེས་གསུངས་པས་སོ། །དེ་དེའི་རྒྱུར་བཤད་པ་དེ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བ་དང་མཐུན་པར། དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ཉོན་མོངས་ལ་བྱེད་པ་ནི་མ་ཡིན་ཏེ། དེ་དག་ཉོན་སྒྲིབ་མཚན་ཉིད་པར་བཤད་པའི་ཕྱིར་རོ། །དཔལ་འཕྲེང་གི་མདོ་དང༌། རྒྱུད་བླ་རྩ་འགྲེལ་ལས་འབྱུང་བ་ལྟར་བག་ལ་ཉལ་གྱི་ཉོན་སྒྲིབ་ལ་འཆད་པ་ཡང་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་གཞུང་ན་བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱི་བཤད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འོ་ན་ལུགས་འདི་ལ་བྱང་སེམས་འཕགས་པ་རྣམས་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་འགྱུར་ཏེ། ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པའི་ཕྱིར་སྙམ་ན། ཁྱབ་པ་མ་ངེས་པ་ཡིན་ཏེ། དག་པས་གསུམ་དུ་ནི་ཉོན་མོངས་པའི་ཉེས་པ་མི་བསྐྱེད་པའི་ཕྱིར་དང༌། མ་དག་པའི་གནས་སྐབས་སུ་ཡང༌། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེ་དང་བྲལ་ལ་ཡང་སྲིད་མེད། །ཅེས་འབྱུང་བ་ལྟར། ས་དང་པོ་ནས་ཉོན་མོངས་པའི་དབང་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་བསོག་པ་མེད་ལ། འགྲུབ་བྱེད་ལ་ཡང་ཉོན་ཡིད་འཁོར་དུ་བྱུང་བའི་སྲེད་པ་ནི་ཁ་ནང་དུ་བལྟས་པས། འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བར་མི་ནུས་ལ། ཡིད་ཤེས་འཁོར་དུ་འབྱུང་བའི་འདོད་ཆགས་ནི་བྱང་ཆུབ་སེམས་དཔའི་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཡིན་ཀྱང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་ཉོན་མོངས་པའི་ཉེས་པ་མི་བསྐྱེད་པའི་ཕྱིར། འོ་ན་ཉན་རང་སློབ་པ་དང་ཁྱད་པར་ཅི་ཞེ་ན། རྒྱུའི་ཀུན་སློང་སྙིང་རྗེ་ཆེན་པོ་དང༌། དུས་ཀྱི་ཀུན་སློང་སྨོན་ལམ་རྣམ་པར་དག་པས་ཀུན་ནས་སློང་མ་སློང་གི་ཁྱད་པར་ཡོད་པ་དང༌། ཉན་ཐོས་སློབ་པ་ནི། སོ་སོ་སྐྱེ་བོའི་དུས་སུ་འཕེན་བྱེད་ཀྱི་ལས་བསགས་ཡོད་པ་དེ། འགྲུབ་བྱེད་ཀྱིས་གསོས་བཏབ་ནས་སྐྱེ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་འཕགས་པ་ནི། རྒྱུའི་ཀུན་སློང་སྙིང་རྗེ་ཆེན་པོ་དེ་ཉིད་སྲེད་པའི་བརླན་གྱིས་གསོས་བཏབ་ནས་སྐྱེ་བ་ལེན་པ་ཡིན་པས། འཁོར་བར་འཆིང་བྱེད་ཀྱི་དབང་གིས་སྐྱེ་བ་ལེན་མི་ལེན་གྱི་ཁྱད་པར་གྲུབ་པ་ཡིན་ཏེ། དེ་སྐད་དུ་ཡང་རྣམ་འགྲེལ་ལས། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱི་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ཉན་རང་སློབ་པ་དང་བྱང་སེམས་འཕགས་པ་ལ་ཉོན་མོངས་མཚན་ཉིད་པ་ཡོད་པར་མཚུངས་ཀྱང་དེས་རྣམ་སྨིན་འབྱིན་མི་འབྱིན་གྱི་ཁྱད་པར་ཡོད་དོ། །དེ་ལྟར་བཤད་པ་ན་ལུགས་འདི་ལ་ཉོན་སྒྲིབ་མཚན་ཉིད་པ་ལ་འཁོར་བར་འཆིང་བྱེད་ཡིན་མིན་གཉིས་ལས། དང་པོ་ནི་ས་དང་པོ་ནས་སྤངས་ཀྱང་གཉིས་པ་ནི་རྒྱུན་མཐའི་བར་དུ་རྗེས་སུ་འགྲོ་བར་ངེས་སོ། །སྐབས་སུ་བབས་པ་འཕགས་སེང་གི་ལུགས་ལ། ཉོན་སྒྲིབ་མཚན་ཉིད་པ་ལ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱིས་ཁྱབ་པ་ཡིན་ཏེ། བྱང་སེམས་འཕགས་པ་རྣམས་འཁོར་བར་སྐྱེ་བ་ལེན་པའི་འཕེན་བྱེད་ཀྱི་རྒྱུ་ནི། སྙིང་རྗེ་དང་སྨོན་ལམ་མམ། མ་རིག་བག་ཆགས་ཀྱི་སའི་དབང་གིས་བྱེད་ལ། དེ་དག་ནི་ཉོན་སྒྲིབ་དུ་མི་རིགས་པའི་ཕྱིར་རོ། །དེ་ཐེག་ཆེན་གྱི་ལམ་གང་དུ་སྤངས་པའི་ས་མཚམས་ཀྱང༌། དམན་ལམ་སྔོན་དུ་མ་སོང་བའི་ས་དང་པོ་ནས་སྤངས་པ་ཡིན་ཏེ། ཡུམ་གྱི་མདོ་ལས། ཉོན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་གསུངས་དེའི་འགྲེལ་པར། ཉི་ཁྲི་སྣང་བ་ལས། བཟོད་པ་དེ་ཡང་གང་ཞེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་པས་སོ། །འོ་ན་དམན་ལམ་སྔོན་དུ་མ་སོང་བའི་སྡུག་བསྔལ་ཆོས་བཟོད་སྐད་ཅིག་དང་པོའི་ཚེ་ན། ཉོན་སྒྲིབ་སྤངས་པའི་འགོག་བདེན་དང༌། རྣམ་གྲོལ་ལམ་ཡོད་པར་འགྱུར་ལ། དེ་ལྟ་ན་དེས་བར་ཆད་མེད་ལམ་གྱི་རྟོགས་པ་སྔོན་དུ་སོང་བར་ཐལ་ལོ་ཤེ་ན། སྡུག་བསྔལ་ཆོས་བཟོད་ཀྱི་གནས་སྐབས་ན་དེ་ཡོད་པ་ཙམ་གྱིས་དེ་སྐད་ཅིག་མ་དང་པོའི་གནས་སྐབས་སུ་དེའི་སྤངས་པ་རྫོགས་པར་ཁས་ལེན་མི་དགོས་ཏེ། སྡུག་བསྔལ་ལ་ཆོས་བཟོད་ནི་བྱ་རྫོགས་ཀྱི་སྐད་ཅིག་མ་ལ་འཆད་པའི་ཕྱིར་རོ། །དེ་ལྟར་བཤད་པ་ལ། དར་ཊཱིཀ་མཛད་པ་ན་རེ། སྤངས་རྟོགས་གཉིས་ཀ་ས་དང་པོར་རྫོགས་པ་དང༌། སྤངས་པ་རྫོགས་པའི་དོན་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ས་དང་པོ་ནས་ཀྱང་སྤངས་ལ། བག་ལ་ཉལ་གྱི་ཉོན་སྒྲིབ་ཉན་རང་དགྲ་བཅོམ་པས་ཀྱང་མ་སྤངས་པ་ཡིན་ཏེ། མ་རིག་བག་ཆགས་ཀྱི་རྒྱུ་ལས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར་ཞེས་ཟེར་བ་ནི། སྤང་གཉེན་གྱི་རྣམ་བཞག་དང༌། སྤང་བྱ་སྤོང་ཚུལ་ཕྱིན་ཅི་ལོག་ཏུ་སྨྲ་བ་འབའ་ཞིག་ཡིན་ཏེ། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་ཀྱི་ས་བོན་ཟད་པར་མ་སྤངས་པ་ཤིང་རྟ་ཆེན་པོ་གང་གིས་ཀྱང་མ་གསུངས་ཤིང༌། ལེགས་པར་བཀག་པའི་ཕྱིར་དང༌། རིགས་པས་ཀྱང་མི་འཐད་པའི་ཕྱིར་རོ། །དེ་ལྟ་ན་ཉན་ཐོས་ཀྱི་མཐོང་ལམ་དུ་ཉོན་སྒྲིབ་ཀུན་བཏགས་ཀྱི་ས་བོན་ཟད་པར་མ་སྤངས་པས། འཕགས་པའི་གང་ཟག་སློབ་པ་རྣམས་དགེ་འདུན་དཀོན་མཆོག་ཏུ་བཞག་ཏུ་མི་རུང་བར་འགྱུར་ཏེ། ཁྱོད་ལྟར་ན་མཐོང་ལམ་ཐོབ་མ་ཐག་ནས། སྐྱབས་གནས་ཡང་དག་ལ་ཐེ་ཚོམ་ཟ་བའི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། མ་གྲུབ་ན། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་ཀྱི་ས་བོན་ཟད་པར་མ་སྤངས་པ་འགལ་ལ། མ་རིག་བག་ཆགས་ཀྱི་ས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་སྒྲུབ་བྱེད་དུ་བཀོད་པ་ནི་འབྲེལ་མེད་ཡིན་ཏེ། མ་རིག་བག་ཆགས་ཀྱི་ས་ཞེས་བཤད་པ་ཉན་རང་དགྲ་བཅོམ་དང་དབང་ཐོབ་པའི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དེ་ནི། ཤིང་རྟ་ཆེན་པོ་རྣམས་ཀྱིས་ཤེས་སྒྲིབ་དུ་བཤད་ཅིང༌། ཉོན་སྒྲིབ་དུ་མ་མཛད་པའི་ཕྱིར་རོ། །ཁོ་བོ་ཅག་ནི་བག་ལ་ཉལ་གྱི་ཉོན་སྒྲིབ་ཤེས་སྒྲིབ་དུ་འདོད་དོ་ཞེ་ན། དེ་བས་ཆེས་འདི་ངོ་མཚར་ཆེ་སྟེ། ས་དང་པོར་ཉན་རང་གི་སྤངས་རྟོགས་རྫོགས་མ་རྫོགས་དཔྱོད་པའི་སྤང་བྱར། ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་མི་རུང་བའི་ཕྱིར་རོ། །དེས་ན་ཝ་སྐྱེས་རྒྱལ་པོར་བསྐོས་པ་ལྟར་སངས་རྒྱས་ཀྱི་བསྟན་པའི་ནང་དུ་ཞུགས་ནས། དེ་སུན་འབྱིན་པར་མི་བྱའོ། །དེས་ན་ཉི་ཁྲི་སྣང་བར། གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །བཟོད་པ་གང་ཡིན་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་གང་ལས་ཤེས་ཞེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང་དབང་པོ་དང་ཚོགས་ཁྱད་ཞུགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར། གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པར་གྱུར་པའི་ཕྱིར། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ། དེའི་བཟོད་པ་ཡིན་གྱི། རྟོགས་པའི་ཚད་འདི་ཙམ་མ་ཡིན་ནོ། །ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་པའི་དོན་ལྟར་བཤད་པར་བྱ་སྟེ། བྱང་སེམས་མཐོང་ལམ་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བྱེད་པར། ཉན་རང་རྣམས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པ་ལ་དགོངས་ནས། ཉན་རང་གི་སྤངས་རྟོགས་བྱང་ཆུབ་སེམས་དཔའི་བཟོད་པ་དེར་འདུས་པའི་དོན་ཡིན་གྱི། གང་ཟག་གི་བདག་མེད་རྟོགས་པའི་ནུས་པ་མ་ལུས་པ་མཐོང་ལམ་དུ་རྫོགས་པའི་དོན་ནི་མ་ཡིན་ནོ་ཞེས་པའི་དོན་དུ་གསུངས་པས། ཉན་རང་གི་སྤངས་རྟོགས་གཉིས་ཀའམ། གང་རུང་རེ་རེ་ས་དང་པོར་རྫོགས་པ་དེའི་བཞེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཉན་རང་ལྟར་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག རང་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་སྤང་བྱར་བཤད་པ་དེ་ཟད་པར་སྤོང་འདོད་ན། མཐོང་ལམ་གྱི་གནས་སྐབས་སུ་སྤོང་བའི་ནུས་པ་ཡོད་པ་ལ་དགོངས་ནས། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པར་བཤད་དོ། །ནུས་པ་དེ་འདྲ་ཡོད་པའི་རྒྱུ་མཚན། གོང་དུ་ལམ་གཞན་ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པའི་ཡེ་ཤེས་ཉན་རང་ལས་ཁྱད་ཞུགས་པ་ཡོད་པ་ཡིན་ན། དེའི་སྟེང་དུ་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དང༌། དད་སོགས་ཀྱི་དབང་པོ་ཤིན་ཏུ་རྣོ་བ་དང༌། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོའི་སྒོ་ནས་ཉན་རང་ལས་ཁྱད་ཞུགས་པའི་ཕྱིར། ཞེས་རྒྱུ་མཚན་དུ་བཀོད་པའོ། །ཉི་ཁྲི་སྣང་བའི་ལུང་འདིའི་དོན་བྱང་སེམས་སྦྱོར་ལམ་བཟོད་པ་ལ་གནས་པ་ལྟ་བུས། ཉོན་སྒྲིབ་ཀྱི་ས་བོན་སྤོང་བ་ལ་གཙོ་བོར་འབད་ན། མཐོང་ལམ་ཐོབ་པའི་ཆེད་དུ་ཉོན་སྒྲིབ་ཟད་པར་སྤོང་ནུས་ཤིང༌། དེ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པས། ཐེག་པ་ཆེན་པོའི་མཐོང་ལམ་ཆོས་བཟོད་ལ་གནས་པ་དེས་ཀྱང༌། དེ་ལྟར་འབད་ན་སྔར་བཤད་པ་ལྟར་བརྟག་པ་མཐའ་བཟུང་གི་ཚུལ་གྱིས་ལམ་གྱི་ནུས་མཐུ་བསྟན་པ་ཡིན་གྱི། དེ་ལྟ་མ་ཡིན་པར་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པས་ཉོན་སྒྲིབ་ཀྱི་ས་བོན་ཟད་པར་སྤངས་པ་དང༌། དེའི་རྣམ་གྲོལ་གྱི་ལམ་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་འབྱུང་བ་སློབ་དཔོན་གྱི་བཞེད་པ་མ་ཡིན་ནོ། །སློབ་དཔོན་ས་བཅུ་པའི་གནས་སྐབས་ན་ཉོན་སྒྲིབ་ཡོད་པར་བཞེད་དེ། འགྲེལ་ཆེན་དུ། ཁམས་གསུམ་གྱི་སྒོམ་སྤངས་ཉོན་མོངས་བཅུ་དྲུག་གི་དབྱེ་བ་མཛད་ནས། དེ་ཡང་མཐོང་བ་དང་སྒོམ་པའི་ལམ་ལ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་དབྱེ་བས། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་བཞག་གོ །ཞེས་གསུངས་པས་སོ། །བླ་མ་ལོ་ཙཱ་བ་ཆེན་པོ་ནི། རྒྱུད་བླ་མའི་འགྲེལ་པར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པའི་ལམ་ཤེས་པ་ཉིད་ས་བརྒྱད་པར་རང་གི་ངང་གིས་འབྱུང་བར་བཤད་པ་ལ་བརྟེན་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ས་བརྒྱད་པར་གཟུགས་བརྙན་གྱི་ཚུལ་དུ་བསྐྱེད་པ་ཡིན་གྱི། དེ་མན་ཆད་དུ་མིན་ཏེ། ཉན་རང་དུ་ལྷུང་བའི་དོགས་པ་ཡོད་པའི་ཕྱིར་རོ། །འོ་ན་བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཤེས་བྱ་ཉན་ཐོས་ཀྱི་མཐོང་ལམ་གྱིས་བསྡུས་པའི་བཟོད་པ་སྟོན་པ་ཡིན་གྱི། ཤེས་བྱེད་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་ཉན་རང་གི་སྤངས་རྟོགས་ས་བརྒྱད་པར་རྫོགས་པར་བཞེད་དོ། །ཞེས་གསུངས་སོ། །འདི་མི་འཐད་པ་ལ་གསུམ་སྟེ། གཞན་ལུགས་འགོག་ཚུལ་མི་འཐད། རང་ལུགས་འཇོག་ཚུལ་མི་འཐད། ལོ་ཙཱ་བའི་བཞེད་པ་དེ་མ་ཡིན་པའོ། །དང་པོ་ནི། གཞན་ལུགས་འགོག་པའི་རིགས་པར་བསམ་ནས། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་ཀྱི་ས་བོན་ཟད་པར་མ་སྤངས་པ་ལ་གནོད་བྱེད་ཇི་སྙེད་བརྗོད་པ་དེ་ཐམས་ཅད། ལྟར་སྣང་འབའ་ཞིག་ཡིན་ཏེ། ཕྱོགས་སྔ་མས། དེས་དེའི་ས་བོན་མ་སྤངས་པར་ཁས་མ་བླངས་པས། ཐམས་ཅད་ཕྱིར་བཟློག་ན་འཁོར་གསུམ་ཚང་བའི་ཐལ་བ་འབའ་ཞིག་ཏུ་སོང་བའི་ཕྱིར། དེར་ཁས་བླངས་སོ་ཞེ་ན། སྐབས་གང་དུ་ཚིག་ཇི་སྐད་ཅེས་བྱ་བ་ཞིག་བརྗོད་པས་ཁས་བླང་ཞེས་དྲིས་ན་སྟོན་རྒྱུ་མེད་དོ། །དེས་ཉོན་སྒྲིབ་མ་སྤངས་པའི་ཤེས་བྱེད་དུ། མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པ་བཀོད་པ་འབྲེལ་མེད་ཡིན་ནོ་ཞེས་གསུངས་པ་ཡང༌། ཕྱོགས་སྔ་མའི་ནམ་མ་ལངས་པ་ཡིན་ཏེ། དེའི་ཤེས་བྱེད་དུ་དེ་བཀོད་པ་ཚིག་དོན་གང་ལ་ཡང་མེད་ཀྱི། བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པའི་ཤེས་བྱེད་དུ་དེ་བཀོད་པ་དེ་ནི་ཤིན་ཏུ་འབྲེལ་བར་ཁྱེད་རང་ཡང་ཁས་ལེན་པའི་ཕྱིར། ཡང་དེ་བས་ཆེས་འདི་ཞེས་སོགས་ཀྱང༌། ཕྱོགས་སྔ་མ་གང་ལ་ཡང་འཕེན་པའི་འབེན་མེད་པར་བྱུང་རྒྱལ་དུ་སྨྲས་པ་ཡིན་ཏེ། བག་ལ་ཉལ་གྱི་ཉོན་སྒྲིབ་ཉན་རང་གི་སྤངས་རྟོགས་རྫོགས་མ་རྫོགས་དཔྱོད་པའི་སྐབས་ཀྱི་སྤང་བྱ་ཡིན་པར་ཚིག་གི་ཟུར་ཙམ་ལ་ཡང་མ་སྨྲས་པའི་ཕྱིར། དེའི་སྐབས་སུ་དེས་དེ་མ་སྤངས་པར་བཤད་པས་དེར་འགྱུར་བ་ཡིན་ན་ནི། འགྱུར་ལ་རག་གོ །གཞན་ཡང་ཁྱེད་རང་ལྟར་ན། མཐོང་ལམ་སྐད་ཅིག་དང་པོ་ལ་གནས་པའི་བྱང་སེམས་འཕགས་པ་རྣམས་ཆོས་ཅན། དགེ་འདུན་དཀོན་མཆོག་དུ་བཞག་ཏུ་མི་རུང་བར་ཐལ། སྐྱབས་གནས་ཡང་དག་ལ་ཐེ་ཚོམ་ཟ་བའི་ཉོན་སྒྲིབ་ཀུན་བརྟགས་ཀྱི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། དེའི་ཁྱབ་པ་དང་ཐལ་བ་ཁས་བླངས། རྟགས་མ་གྲུབ་ན་དེ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་གང་ན་ཡོད། གཞན་ཡང༌། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་ཟད་པར་སྤངས་ན་ཉན་ཐོས་མཐོང་ལམ་པས། དེ་ཀུན་བཏགས་ཀྱི་ས་བོན་ཟད་པར་སྤངས་དགོས་སོ་ཞེས་གསུངས་པ་ཡང༌། ཁྱབ་པ་ཤིན་ཏུ་འཁྲུལ་བ་ཡིན་ཏེ། ཉོན་སྒྲིབ་ཀུན་བཏགས་ཀྱི་ས་བོན་སྤོང་བཞིན་པའི་ཉན་ཐོས་ཀྱི་བར་ཆད་མེད་ལམ་དེ་ཡིན་ན། ཉན་ཐོས་ཀྱི་མཐོང་ལམ་ཡིན་དགོས་པའི་ཕྱིར་དང༌། དེ་ལ་གནས་པའི་འཕགས་པ་ཡིན་ན་ཉན་ཐོས་མཐོང་ལམ་པ་ཡིན་དགོས་པའི་ཕྱིར། གཞན་ཡང་དགེ་འདུན་དཀོན་མཆོག་ཏུ་འཇོག་པ་ལ། སྐྱབས་གནས་ཡང་དག་ལ་ཐེ་ཚོམ་ཟ་བའི་ས་བོན་ཀུན་བཏགས་ཀྱི་ཆ་དེ་སྤངས་དགོས་ན། ཉན་ཐོས་ཀྱི་རྒྱུན་ཞུགས་ཞུགས་པ་རྣམས་དགེ་འདུན་དཀོན་མཆོག་ཏུ་ཇི་ལྟར་འཇོག ཞུགས་པ་དེ་མངོན་པ་གོང་མ་ན་ནི་ཉན་ཐོས་སྦྱོར་ལམ་པ་ལ་བཤད་ལ། མངོན་པ་འོག་མ་ནས་ནི་ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པར་བཤད་པས། དེ་དག་གིས་མ་ངེས་ལ། དེ་བཞིན་དུ་མཚོན་བྱ་དོན་གྱི་སྐབས་སུ་ཡང༌། འཕགས་སེང་གིས་བྱང་སེམས་སྦྱོར་ལམ་པ་རྒྱུན་ཞུགས་ཞུགས་པའི་མིང་ཅན་དུ་བཤད་པའི་སྐབས་མང་བས། ཧ་ཅང་ཐལ་བར་འགྱུར་རོ། །ཡང་དག་པར་ན། བྱང་སེམས་མཐོང་ལམ་པ་ཡང་སྐྱབས་གནས་ཡང་དག་གི་གཙོ་བོ་སངས་རྒྱས་དཀོན་མཆོག་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལྐོག་ཏུ་གྱུར་པ་ཁོ་ནར་ངེས་པའི་ཕྱིར། རྟགས་ལ་བརྟེན་ནས་ངེས་སོ་སྙམ་ན། ངེས་བློར་གྱུར་པའི་གཉེན་པོས་དེའི་སྤང་བྱའི་ས་བོན་དྲུངས་འབྱིན་པ་མི་སྲིད་ཅིང༌། བསྒྲུབ་བྱ་ལ་ཐེ་ཚོམ་མི་ཟ་བའི་ངོར་གཏན་ཚིགས་ཡང་དག་འཇུག་པ་མི་སྲིད་དོ། །ཡང་ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་ཀྱི་ས་བོན་མ་སྤངས་པར་འདོད་པའི་ཤིང་རྟ་ཆེན་པོ་ནི་ཤིན་ཏུ་མང་བར་སྣང་སྟེ། བྱེ་མདོ་གཉིས་ཀྱི་གཞུང་ན་དེའི་བཤད་པ་ཤིན་ཏུ་མང་བའི་ཕྱིར་དང༌། ཆགས་བྲལ་སྔོན་སོང་གི་རྣམ་བཞག་འཇོག་པའི་སྐབས་སུ་ཁྱེད་རང་གིས་ཀྱང་ཁས་ལེན་དགོས་པའི་ཕྱིར། ཇི་ལྟར་ཞེ་ན། འདི་ལྟར། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་ཉན་ཐོས་དགྲ་བཅོམ་པ་དེས། འདོད་གཟུགས་ཀྱི་ཉོན་མོངས་པའི་ས་བོན་སྤངས་སམ་མ་སྤངས། མ་སྤངས་ན་དངོས་སུ་འགལ། སྤངས་ན་གཉེན་པོ་གང་གིས་སྤངས། ཟག་མེད་དམ་ཟག་བཅས་ཀྱིས་སྤངས་པ་ཡིན། གཉིས་པ་ལྟར་ན་མི་འཐད་དེ། ཟག་བཅས་ལམ་གྱིས་སྤང་བྱའི་ས་བོན་སྤོང་བ་ཆོས་ལས་མི་འབྱུང་བའི་ཕྱིར་རོ། །དང་པོ་ལྟར་ན། དེ་གང་ཡིན། སྲིད་རྩེའི་གཉེན་པོར་གྱུར་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེའོ་སྙམ་ན། དེས་ཁམས་གསུམ་གྱི་སྤངས་བྱའི་ས་བོན་གཅིག་ཆར་དུ་སྤངས་པར་ཐལ་བ་དང༌། གཟུགས་མེད་པའི་སེམས་ཀྱིས་འདོད་པ་ལ་དམིགས་པར་ཐལ་བ་དང༌། དེ་ཆགས་བྲལ་སྔོན་སོང་མ་ཡིན་པར་ཐལ་བ་སོགས་འཇུག་གོ །ཡང་ཉན་རང་གི་སྤངས་རྟོགས་དཔྱོད་པའི་སྐབས་སུ། ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་སྤང་བྱར་མི་རུང་ན། རང་རྒྱལ་དགྲ་བཅོམ་པས་ཤེས་སྒྲིབ་གཟུང་རྟོག་སྤངས་པར་འདོད་པས། ཁས་བླངས་ནང་འགལ་བ་དང༌། ཇི་སྐད་དུ། ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་རྣམས་ཀྱང་བསྡུས་པ་དེའི་ཕྱིར་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སོགས་གསུངས་པ་དང་འགལ་ལོ། །འདི་དག་ཞེ་འདོད་ཀྱི་སྐབས་སུ་རྩོད་ལན་མ་ཡིན་ཀྱང༌། ཚིག་ལ་སྐྱོན་ཆགས་པའི་རྩོད་ལན་ནོ། །གཉིས་པ་རང་ལུགས་འཇོག་ཚུལ་མི་འཐད་པ་ལ་གཉིས་ཏེ། ས་དང་པོ་ནས་ཉོན་སྒྲིབ་མ་སྤངས་པ་རིགས་པས་མི་འཐད། འགྲེལ་ཆེན་གཉིས་ཀྱི་ལུང་གི་དོན་མ་ཡིན་པས་མི་འཐད་པའོ། །དང་པོ་ནི། འོ་ན་ཁྱེད་རང་ལྟར་ན། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱང་མ་ཡིན། བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱང་མ་ཡིན་པའི་ཉོན་སྒྲིབ་ཕུང་པོ་གསུམ་པ་ཞིག་ཡོད་དམ་མེད། ཡོད་ན་དེ་གང་ཡིན། དེ་ཡོད་པ་ལུང་དང་རིགས་པ་གཉིས་དང་འགལ་ལོ། །ཇི་ལྟར་ཞེ་ན། རྒྱུད་བླ་མའི་འགྲེལ་པ་དང༌། རྟོག་གེ་འབར་བ་གཉིས་སུ་ཉོན་སྒྲིབ་ཀྱི་མིང་ཅན་ཐམས་ཅད་དེ་གཉིས་སུ་འདུས་པར་གསུངས་སོ། །རིགས་པ་དང་འགལ་བ་ནི། དེ་འདྲའི་ཕུང་གསུམ་ཡོད་ན། ཉོན་མོངས་པ་མངོན་གྱུར་དང༌། དེའི་ས་བོན་དང༌། དེས་བཞག་པའི་གནས་ངན་ལེན་གསུམ་པོ་གང་རུང་མ་ཡིན་པའི་ཉོན་སྒྲིབ་ཡོད་པར་ཁས་བླངས་པས། ཆེས་ཤིན་ཏུ་འཐད་པ་ཡིན་ཏེ། སྤང་བྱ་ཤེས་སྒྲིབ་ལ་ཡང་རྟོག་པ་དང་དེའི་ས་བོན་དང་དེས་བཞག་པའི་གནས་ངན་ལེན་གསུམ་དུ་གྲངས་ངེས་པའི་ཕྱིར་རོ། །གལ་ཏེ་མངོན་པ་ཀུན་ལས་བཏུས་སོགས་ལས་འབྱུང་བ་ལྟར། བྱང་སེམས་འཕགས་པའི་སྙིང་རྗེའི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་ལས་གསོས་འདེབས་བྱེད་ཀྱི་ཉོན་མོངས་པ་འདི་གཉིས་པོ་གང་རུང་མ་ཡིན་པའི་ཉོན་མོངས་སྒྲིབ་པའོ་སྙམ་དུ་སེམས་ན་ནི། དེ་འདྲ་དེ་འདིར་ཁས་ལེན་པའི་ལུང་མེད་ལ། དེ་ལྟར་ཁས་བླངས་ན་ཁྱེད་རང་ལ་ཁས་བླངས་ནང་འགལ་བ་ཡིན་ཏེ། ཉོན་མོངས་མི་སྤོང་བའི་རང་བཞིན་གྱི་ཐད་ཀྱི་རྣམ་བཤད་ལས། འཁོར་བར་སྐྱེ་བ་ལེན་པའི་རྒྱུར་དགོངས་ནས་ཉོན་མོངས་མི་སྤོང་བ་མ་ཡིན་ཏེ། གལ་ཏེ་ཡིན་ན། བྱང་སེམས་འཕགས་པས་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བས་སོ། །ཞེས་སོགས་ལུང་རིགས་དུ་མ་སྨྲས་པ་དང་འགལ་ལོ། །དེ་ལྟར་ན། དེ་གཉིས་ལས་མ་གཏོགས་པའི་ཕུང་གསུམ་མེད་པར་ཁས་ལེན་དགོས་པས། ས་དང་པོ་ནས་ཉོན་སྒྲིབ་མ་སྤངས་པའི་ཤེས་བྱེད་དུ། འཁོར་བར་འཆིང་བྱེད་ཀྱི་དེ་མ་སྤངས་པར་འགོད་དམ། བག་ལ་ཉལ་གྱི་དེ་མ་སྤངས་པར་འགོད། གཉིས་པ་ལྟར་ན། དེ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཤེས་སྒྲིབ་དུ་འདོད་པའི་ཕྱིར་ཞེས་མ་སྨྲས་སམ། དང་པོ་ལྟར་ན། ཁྱེད་རང་གིས་ཀྱང་སྐབས་གཉིས་པར། ཉོན་མོངས་མི་སྤོང་བའི་རང་བཞིན་གྱི་ཐད་དུ། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་སོགས་རྒྱུད་བླ་མའི་ལུང་ཁུངས་སུ་དྲངས་ནས། དེ་ལ་དེ་མེད་པར་བཤད་པ་དང་འགལ་ལོ། །ཅི་སྟེ་དེར་དེ་མེད་པ་ཡིན་གྱི་སྤངས་པ་མ་ཡིན་ནོ་ཞེ་ན། འོ་ན་དེས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་རྩད་ནས་སྤངས་པ་མ་ཡིན་པར་ཐལ། དེའི་རྒྱུ་ལས་དང་ཉོན་མོངས་པ་མ་སྤངས་པའི་ཕྱིར། གཉིས་པ་ལུང་གི་དོན་མ་ཡིན་པ་ལ་གཉིས་ཏེ། ཉི་སྣང་གི་དོན་མ་ཡིན་པ་དང༌། འགྲེལ་ཆེན་གྱི་ལུང་གི་དོན་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱི་འཆད་ཚུལ་ལ་སྐྱོན་ཆགས་པ། རང་ལུགས་བཞག་པའོ། །དང་པོ་ནི་ས་དང་པོར། ཉན་རང་གི་སྤངས་རྟོགས་གཉིས་ཀ་ལྟ་ཞོག གང་རུང་རེ་རེ་རྫོགས་པ་དེའི་དགོངས་པ་མ་ཡིན་ན། བྱང་ཆུབ་སེམས་དཔའི་མཐོང་ལམ་དུ་ཉན་རང་གི་རྟོགས་པ་ཐམས་ཅད་རྫོགས་པར་བཤད་པ་དང་འགལ་ལོ། །ཇི་ལྟར་ཞེ་ན། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་ཐད་ཀྱི་འགྲེལ་པ་ལས། ཡང་ཇི་ལྟར་ན་རང་ཉིད་ཀྱིས་མ་ཐོབ་པའི་ཆོས་ལ་གཞན་དག་འཇོག་པ་འཐད་སྙམ་ན། ཤཱ་རིའི་བུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང༌། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་གསུངས་པ་ཡིན་ཏེ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བ་ཡིན་ནོ། །ཞེས་འཆད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་དང༌། བསྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་ཐད་དུ་ཡང༌། སེམས་དཔའ་བཞིའི་ནང་ནས། སྤྱོད་པ་ལ་ཞུགས་པའི་བྱང་སེམས་ཀྱི་དབང་དུ་བྱས་ནས། ཇི་སྐད་དུ། གཉིས་པ་ཡང་མིན་ཏེ། དེ་ཡང་དེ་རྣམས་ལས་རྟོགས་པ་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། དེ་ལྟར་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང༌། སྤངས་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་ལ། དེ་ལས་རྟོགས་པ་ཁྱད་པར་དུ་འཕགས་ན་དེའི་རྟོགས་པ་རྫོགས་དགོས་པའི་ཕྱིར། ཡང་གཞན་དག་གི་བསམ་པ་ལ། དེར་དེའི་རྟོགས་པ་རྫོགས་པར་བཤད་ཀྱི། སྤངས་པ་རྫོགས་པར་མ་བཤད་དོ་སྙམ་དུ་སེམས་པ་དེ་ཡང་རིགས་པ་མ་ཡིན་ཏེ། རིགས་པ་དང་འགལ་བ་དང༌། ལུང་དང་འགལ་བས་སོ། །དང་པོ་ནི། ས་དང་པོར་ཉོན་སྒྲིབ་ཀྱི་ས་བོན་དྲུངས་འབྱིན་པའི་བར་ཆད་མེད་ལམ་མ་ཐོབ་ན། དེའི་རྟོགས་པ་རྫོགས་པར་འགལ་བ་ཡིན་ཏེ། འདི་ལྟར་དེ་ཆོས་ཅན། ཁྱོད་ཀྱིས་དེ་མ་རྫོགས་པར་ཐལ། ཁྱོད་ཀྱི་རྟོགས་པ་ལས་དེའི་རྟོགས་པ་ལྷག་པའི་ཕྱིར་རོ། །གཉིས་པ་ལུང་དང་མི་མཐུན་པ་ནི། ཉི་སྣང་དུ། དེར་དེའི་རྟོགས་པ་རྫོགས་པ་རྟགས་སུ་བཀོད་ནས། དེར་དེའི་སྤངས་པ་རྫོགས་པར་བསྒྲུབ་པ་ཡིན་ཏེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང༌། སྤངས་པ་གང་ཡིན་པ་དེ་དེའི་བཟོད་པ་ཡིན་ཏེ། ཞེས་གསུངས་ལ། དེའི་ངག་དོན་ནི། དེར་དེའི་སྤངས་པ་མཐའ་དག་འདུས་པ་ཡིན་ཏེ། དེར་དེའི་རྟོགས་པའི་བྱེད་ལས་མ་ལུས་པ་འདུས་པའི་ཕྱིར། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་མ་ཐག་ཏུ་དེའི་རྟོགས་པའི་བྱེད་ལས་མ་ལུས་པ་འདུས་པ་མི་སྲིད་དོ་སྙམ་ན། དེའི་ཤེས་བྱེད་དུ་ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། ཞེས་སོགས་གསུངས་པ་ཡིན་ནོ། །གཞན་ཡང༌། ཁྱེད་ཀྱི་ཉི་སྣང་གི་ལུང་དེའི་དོན་ཆེས་ཤིན་ཏུ་འཁྲུལ་པར་བཤད་པ་ཡིན་ཏེ། ལུང་དེའི་དོན་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་ཐེག་པ་ཆེན་པོའི་སྒོམ་ལམ་ཞིག་མི་སྲིད་པར་སྟོན་རྒྱུ་ཡིན་པ་ལ་ཁྱེད་ཀྱིས་ནི་དེ་ཡོད་པར་བསྟན་པའི་ཕྱིར་རོ། །དང་པོ་ཡིན་ཏེ། ལུང་དེས་སྐབས་གསུམ་པར་སྒོམ་ལམ་མི་སྟོན་པའི་ཤེས་བྱེད་སྟོན་པའི་གཞུང་ཡིན་པའི་ཕྱིར། ཁྱེད་ཀྱིས་དེ་ལྟར་བཤད་པ་ཡིན་ཏེ། བྱང་སེམས་འཕགས་པས་ཉོན་སྒྲིབ་ཀྱི་གཉེན་པོ་སྒོམ་ལམ་མི་སྒོམ་ན། བྱང་སེམས་འཕགས་པས་དེ་མ་སྤངས་པ་དང༌། སངས་རྒྱས་ཀྱི་སར་དེ་སྤངས་པ་འགལ། སྒོམ་ན་ཉོན་སྒྲིབ་ཀྱི་རྩ་བ་གང་ཟག་གི་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་ཞིག་བསྒོམ་མམ། དེ་མ་ཡིན་པ་ཆོས་ཀྱི་བདག་མེད་ལྟ་བུ་ཞིག་བསྒོམ་པ་ཡིན། དང་པོ་ལྟར་ན་ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་བསྒོམ་པར་འགྱུར་རོ། །གཉིས་པ་ལྟར་ན། བྱང་སེམས་སྒོམ་ལམ་པས་རང་གི་ངོས་སྐལ་གྱི་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བར་འགྱུར་སྟེ། དེའི་རྒྱུད་ལ་དེ་སྤོང་བའི་བར་ཆད་མེད་ལམ་ཡོད་པའི་ཕྱིར། འོ་ན་བྱང་སེམས་མཐོང་ལམ་པ་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། བྱང་སེམས་ཀྱི་མཐོང་ལམ་དུ་ནི་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བ་དེ། དེ་སྤངས་པའི་ཐར་པ་དོན་དུ་གཉེར་བ་མིན་གྱི། ལམ་གསུམ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཆེད་དུ་ཡིན་ལ། དེ་ཤེས་ཟིན་པའི་འོག་རོལ་དུ་ནི། དེའི་གཉེན་པོར་དེ་ཆེད་དུ་གཉེར་ནས་བསྒོམ་པ་མེད་དེ། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཤེས་པར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། ལམ་གསུམ་ཉམས་ཕྱིར་བྱང་སེམས་དག །ཅེས་དང༌། འགྲེལ་པར། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་སྤངས་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན། ས་དང་པོར་བདེན་མེད་མངོན་སུམ་དུ་རྟོགས་པ་ན། བདེན་འཛིན་ཀུན་བཏགས་ལོག་ཅིང༌། དེ་ལོག་པ་ན་དེའི་འབྲས་བུ་ཉོན་མོངས་ངང་གིས་བཟློག་པ་ཡིན་གྱི། དེ་ཆེད་དུ་གཉེར་ནས་སྤངས་པ་མ་ཡིན་ཞིང༌། དེ་སྤངས་པའི་ཐར་པ་དོན་དུ་གཉེར་བ་མ་ཡིན་ནོ། །གཉིས་པ་ནི། དེ་ཙམ་གྱིས་རྟོགས་པར་ནུས་མོད། ཞིབ་མོར་ཕྱེ་ན་ཁྱེད་ཀྱིས་དྲངས་པའི་ཉི་སྣང་གི་ལུང་དེ། ས་དང་པོར་ཉན་རང་གི་རྟོགས་པ་རྫོགས་པའི་ཤེས་བྱེད་ཡིན་ཏེ། དེ་སྐབས་གསུམ་པར། ཉན་ཐོས་ཀྱི་ལམ་ཤེས་པའི་མཐོང་ལམ་བསྟན་ནས། སྒོམ་ལམ་མི་སྟོན་པའི་ཤེས་བྱེད་ཀྱི་ལུང་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། ཁྱེད་རང་གིས་དྲངས་མ་ཐག་པའི་ལུང་དེའི་འཕྲོས་སྔ་མ་དེ་ཉིད་ལས། ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་བསྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང༌། མཐོང་བས་བལྟས་ནས་འདའ་འོ་ཞེས་གསུངས་པས་ན། འདི་ནི་གཞན་གཙོ་བོར་བྱེད་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་པ་ཡིན་ནོ། །གཞན་ཡང་རྒྱུན་དུ་ཞུགས་པ་ནས། ཞེས་སོགས་སྦྲེལ་ནས་གསུངས་ལ། དེའི་ཚེ་ན། ཉན་རང་གི་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བ་ལ་ཐོག་མར་ཤེས་དགོས་པ་སྟེ། མ་ཤེས་བཞིན་དུ་འདའ་བར་བྱེད་ན་ནི། བྱང་སེམས་ཀྱི་སྦྱོར་ལམ་ནས་ཀྱང་འདའ་ནུས་པར་འགྱུར་རོ། །དེའི་ཕྱིར་ལུང་དོན་མ་ནོར་བ་ནི་འདི་ཡིན་ཏེ། སྐབས་གཉིས་པར། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་བསྒོམ་ལམ་བསྟན་པ་བཞིན་དུ། སྐབས་གསུམ་པར་གཟུང་བ་ཆོས་ཀྱི་བདག་མེད་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན། དེ་མི་སྟོན་པའི་རྒྱུ་མཚན་ཞིག་ཡོད་ན། དེ་དང་དེ་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཡང་འདིར་མི་སྟོན་པ་མཚུངས་སོ་སྙམ་ན། དེ་མི་མཚུངས་ཏེ། རྟོགས་རིགས་གཉིས་པོ་དེ་ཉན་རང་གི་རིགས་ཅན་དུ་རྗེས་སུ་བཟུང་བའི་དོན་དུ་ཤེས་དགོས་པ་ཡིན་པའི་ཕྱིར་དང༌། ཤེས་ནས་འདའ་བར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་མ་ཡིན་པའི་ཕྱིར། དེ་དང་དེ་ཤེས་པའི་མཐོང་ལམ་བྱང་ཆུབ་སེམས་དཔའི་རྒྱུད་ལ་སྐྱེ་དགོས་ལ། དེ་གོམས་པར་བྱེད་པའི་སྒོམ་ལམ་གྱི་དོན་མེད་པའི་ཕྱིར། འོ་ན་བྱང་ཆུབ་སེམས་དཔའི་མཐོང་ལམ་དུ་ཉན་རང་གི་སྤང་རྟོགས་མ་ལུས་པ་ཤེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་ཤེས་བྱེད་དུ་མདོ་དྲངས་ནས་མདོ་དེའི་འབྲུ་གཉེར་བ་ནི། གཞན་ཡང་ཞེས་སོགས་སོ། །སྐབས་དེར་རྟོགས་པའི་བྱེད་པ་ཞེས་གསུངས་པ་དེ། རྟོགས་པའི་བྱེད་ལས་རྫོགས་པ་ལ་མི་འཆད་པར། ས་དང་པོར་ཉོན་སྒྲིབ་སྤོང་བའི་ནུས་པ་ཡོད་ཀྱང་མི་སྤོང་བ་ལ་འཆད་ན། སྐབས་གསུམ་པར་སྒོམ་ལམ་སྟོན་དགོས་པའི་ཤེས་བྱེད་དུ་འབྲེལ་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང་འཆད་ཚུལ་དེ་ལྟར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་མེད་པར་བྱང་སེམས་འཕགས་པས་ཉོན་སྒྲིབ་སྤོང་མི་ནུས་པར་ཁས་ལེན་དགོས་ཤིང༌། དེ་མ་སྤངས་པར་ཡང་རྫོགས་པའི་སངས་རྒྱས་མི་ཐོབ་པའི་ཕྱིར་རོ། །གཉིས་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་པ་ནི། ཇི་སྐད་དུ། འགྲེལ་ཆེན་ལས། དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས། དེ་མ་ཐག་ཏུ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཐོབ་པའི་བར་འདི་དག་ཐམས་ཅད་ནི་མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་སྒོམ་པའི་ལམ་ཡིན་པར་འཆད་དོ། །དེ་ལ་ཡང་ཉོན་མོངས་པ་དྲུག་ཅི་རིགས་པར་རིམ་གྱིས་སྤོང་ངོ༌། །འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིགས་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་སྟེ། འདོད་པ་ན་སྤྱོད་པ་དྲུག་གོ །ཞེས་གསུངས་པ་དེ་ལ་བསམ་ནས། བྱང་སེམས་སྒོམ་ལམ་པའི་རྒྱུད་ལ་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཡོད་པར་འཆད་པ་ཡིན་མོད། དེ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། ལུང་དེའི་དོན་སྤྱིར་ཉོན་མོངས་ལ་ཐེག་ཆེན་གྱི་མཐོང་སྤངས་དང་སྒོམ་སྤངས་གཉིས་སུ་ཕྱེ་ནས། ཐེག་ཆེན་གྱི་བར་ཆད་མེད་ལམ་གཉིས་པོས་རིམ་པ་བཞིན་དུ་སྤོང་དགོས་པ་དེ་ལྟ་ཡིན་ན། ལུང་དང་རིགས་པ་མཐའ་དག་དང་འགལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། འོ་ན་ཉན་ཐོས་ཀྱི་སྒོམ་སྤངས་སུ་བཤད་པའི་ཉོན་མོངས་དེ་དག་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་སྒོམ་སྤངས་སུ་ཡང་འཆད་དགོས་པར་འགྱུར་ལ། དེ་ལྟ་ན། དེ་དེ་འདྲའི་རྒྱུད་ལ་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ཡོད་པ་དང༌། དེ་དེའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་འགྱུར་བ་དང༌། དེ་དེར་སྐྱེ་བ་བླངས་པའི་ཕུང་པོ་དེ་སྡུག་བསྔལ་གྱི་ཕུང་པོ་དང༌། རྣམ་སྨིན་གྱི་ཕུང་པོར་ཐལ་བ་དང༌། འཕགས་པ་གྲོལ་སྡེའི་ལུང་དང་འགལ་བར་འགྱུར་བས་སོ། །ལུང་དང་འགལ་བ་ཇི་ལྟར་ཞེ་ན། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དུ་ཆོས་མངོན་པ་ལས་ཐེག་དམན་གྱི་སྒོམ་སྤངས་སུ་གསུངས་པའི་ཉོན་མོངས་པ་མཐའ་དག་ཀྱང་སྤོང་བ་དང༌། སྤོང་ནུས་སུ་བཤད་པས་སོ། །སྤོང་བའི་རྒྱུ་མཚན་ནི། དེར་དེ་མ་སྤངས་ན། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྣམས་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པའི་བར་ལ་དགོད་པར་མི་ནུས་པས་སོ། །སྤོང་ནུས་པའི་རྒྱུ་མཚན་ནི། རིགས་དང༌། དབང་པོ་དང༌། ཚོགས་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་ཁྱད་ཞུགས་པའི་ཕྱིར། དེས་དེ་དག་ལ་འགོད་ནུས་པའི་རྒྱུ་མཚན་ཡང༌། ཉི་སྣང་ལས། ཇི་སྐད་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག དྲན་པ་ཉེ་བར་བཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་ཐོབ་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། རང་སངས་རྒྱས་ཉིད་ཀྱི་བར་ཐོབ་པར་མི་བྱེད་ཀྱང༌། དེ་དག་ལ་སེམས་ཅན་རྣམས་འཇོག་པར་བྱེད་དོ། །ཞེས་གསུངས་པ་ཡིན་ནོ། །ཞེས་བཤད་པས་སོ། །དེ་ལྟར་ན། འགྲེལ་ཆེན་ལས། དེ་ལྟར་བཤད་པ་དེ་ཁོ་ན་མ་ཟད། ཉི་སྣང་ལས་ཀྱང༌། དགེ་འདུན་ཉི་ཤུའི་ཐད་དུ། བྱང་སེམས་འཕགས་པ་ཆགས་བྲལ་སྔོན་སོང་དང༌། མ་སོང་བའི་རྣམ་བཞག་མཛད་པ་ལྟ་བུ་དང༌། ཁམས་གསུམ་གྱི་ཉོན་མོངས་པ་དེ་དང་དེ་སྤངས་པ་དང༌། སྤོང་བའི་རིམ་པ་ལས་རྒྱུན་ཞུགས་ལ་སོགས་པའི་རྣམ་བཞག་མཛད་པ་ཡོད་མོད། སྒྲ་ཇི་བཞིན་པ་དང་རིམ་གྱིས་པའི་དབང་དུ་བྱས་པ་མིན་ཏེ། ཡིན་ན། ཉི་སྣང་རང་ཉིད་ལ་ནང་འགལ་ཞུགས་པའི་ཕྱིར། ཇི་ལྟར་ཞེ་ན། སྡུག་བསྔལ་ཆོས་བཟོད་དུ། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པར་སྤངས་པར་བཤད་པ་དང༌། འོག་མིན་མཐར་ཐུག་འགྲོ་ལ་སོགས་པའི་ཐད་དུ། ཉོན་མོངས་པའི་རྣམ་པ་དེ་དང་དེ་སྤངས་མ་སྤངས་ཀྱི་ཁྱད་པར་ལས། ཁམས་གསུམ་གྱི་གནས་དེ་དང་དེར་སྐྱེ་བ་ལེན་མི་ལེན་གྱི་ཁྱད་པར་བཤད་པའི་ཕྱིར་རོ། །དེ་ལྟར་ན། འགྲེལ་པ་གཉིས་ཀའི་དགོངས་པ་ནི། ཉོན་མོངས་པའི་བག་ཆགས་ལ་ཉོན་མོངས་པའི་མིང་གིས་བཏགས་ནས་ས་བཅུའི་རིམ་པས་སྤོང་བ་དང༌། མཐོང་སྤངས་དང༌། སྒོམ་སྤངས་སོ་སོར་འབྱེད་པ་དང༌། སྤངས་པའི་ཁྱད་པར་དེ་དང་དེ་ལས། རྒྱུན་ཞུགས་ལ་སོགས་པའི་རྣམ་བཞག་མཛད་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་པ་དོན་གསལ་ལས། རྣམ་པར་རྟོག་པ་བསྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་བོ། །ཞེས་དང༌། སྒོམ་ལམ་གྱི་ཐད་དུ། སྔ་མ་བཞིན་དུ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པར། དེ་དག་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པས། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྟེན་ཏོ། །ཞེས་འབྱུང་བས་སོ། །ས་ཐོབ་ནས་ཉོན་མོངས་མཚན་ཉིད་པ་ཡོད་པ་དང༌། སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་ཆུང་འབྲིང་དགུར་འབྱེད་པ་སློབ་དཔོན་གྱི་དགོངས་པ་ཡིན་ན། སློབ་དཔོན་རང་ལ་ནང་འགལ་བ་འདི་ལྟར་འབྱུང་སྟེ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར་ཞེས་པའི་འགྲེལ་པར། སྒོམ་སྤངས་ཤེས་སྒྲིབ་ལ་དགུར་ཕྱེ་ནས། ཉོན་སྒྲིབ་ཀྱི་གཉེན་པོ་མི་འཆད་པའི་ཤེས་བྱེད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བའི་ཕྱིར། རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས། འདོད་པའི་ཁམས་ལ་སོགས་པའི་ས་དགུ་དག་ཏུ་རྣམ་པར་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། ཞེས་བཤད་པ་དང་འགལ་བས་སོ། །གཞན་ཡང་བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་ཉོན་མོངས་དེ་ལ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་ཡོད་དམ་མེད། མེད་ན་ནི་ཉོན་མོངས་མཚན་ཉིད་པར་འགལ་ལ། ཡོད་ན་ནི་སྒོམ་ལམ་གྱི་བྱེད་པ་འཆད་པའི་ཚེ། སློབ་དཔོན་གྱིས་རྣམ་པ་ཐམས་ཅད་དུ་སེམས་ལ་རང་དབང་ཉིད་དུ་བྱེད་པ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་དང༌། ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཁྱེད་ལ་ནང་འགལ་འདི་ལྟར་འབྱུང་སྟེ། ཐེག་ཆེན་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་དེ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་རྒྱུད་ལ་མ་སྐྱེས་པའི་གང་ཟག་གི་ཁྱོད་ཀྱི་ས་བོན་སྤོང་བ་མི་སྲིད་པར་ཐལ། ཁྱོད་ཐེག་ཆེན་གྱི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཉན་ཐོས་དགྲ་བཅོམ་པས་ཉོན་མོངས་ཀྱི་ས་བོན་མ་ལུས་པར་སྤངས་པ་མ་ཡིན་པར་འགྱུར་ཏེ། དེས་ཐེག་ཆེན་གྱི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཀྱི་ས་བོན་མ་སྤངས་པའི་ཕྱིར། གལ་ཏེ་སྔ་མ་ལ་ཁྱབ་པ་མ་ངེས་ཏེ། ཐེག་པ་ཆེ་ཆུང་གཉིས་ཀའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་རྣམས་ཐུན་མོང་བ་ཡིན་པའི་ཕྱིར། དཔེར་ན་མཐོང་སྤངས་ཉོན་མོངས་བཞིན་ནོ། །ཞེ་ན་དེ་མཚུངས་པ་མིན་ཏེ། ཐེག་དམན་གྱི་མཐོང་སྤངས་དང་སྒོམ་སྤངས་སུ་བཤད་པ་གཉིས་ཀ་ཐེག་ཆེན་གྱི་མཐོང་ལམ་གྱིས་སྤོང་བའི་ཕྱིར། ཐེག་དམན་གྱི་སྒོམ་སྤངས་རྣམས་ཀྱང་ཐེག་ཆེན་གྱི་སྒོམ་སྤངས་སུ་འཆད་དགོས་ན་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤོང་བར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཡོད་པར་ཐལ་བ་དང༌། ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བའི་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཡོད་པར་ཐལ་བ་དང༌། དེ་ཡང་འདོད་ན། གང་ཟག་གི་བདག་མེད་གོམས་པར་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པར་ཐལ་བ་བཟློག་པར་མི་ནུས་སོ། །གསུམ་པ་ནི། ཉན་རང་གི་སྤངས་རྟོགས་གཉིས་ཀ་ས་བརྒྱད་པར་རྫོགས་པ་དང༌། ས་བརྒྱད་པ་མན་ཆད་དུ། ཉན་རང་གི་ལམ་གང་ཡིན་གཟུགས་བརྙན་གྱིས་ཚུལ་གྱིས་ཀྱང་མི་བསྐྱེད་པ་རྣམས་ལོ་ཙཱ་བ་ཆེན་པོས་བཞེད་པ་མ་ཡིན་ཏེ། དེས་མཛད་པའི་རྣམ་བཤད་ལས། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དུ། ཤེས་བྱ་ཉན་ཐོས་ཀྱི་ལམ་རྒྱུད་ལ་བསྐྱེད་ནས་ཤེས་པ་དང༌། ཉན་རང་གི་རྟོགས་པ་དེར་རྫོགས་པར་འདོད་པ་ཤིན་ཏུ་གསལ་བའི་ཕྱིར་རོ། །དེས་མཛད་པའི་རྣམ་བཤད་ལས། ས་བདུན་པ་མན་ཆད་དུ་ཉན་ཐོས་ཀྱི་མཐོང་ལམ་གཟུགས་བརྙན་གྱི་ཚུལ་གྱིས་བསྐྱེད་ཅིང༌། སྒོམ་ལམ་གཟུགས་བརྙན་གྱི་ཚུལ་གྱིས་བསྐྱེད་པ་ལ་དགོས་པ་མེད་ཅིང༌། ཉེས་དམིགས་ཡོད་པའི་ཕྱིར་མི་བསྐྱེད་དོ། །དེའི་རྒྱུ་མཚན་ཡང༌། དེས་ཉན་ཐོས་ཀྱི་སྤངས་རྟོགས་ཀྱི་བྱ་བ་ཇི་སྙེད་པ་བྱེད་པས་སོ། །དེའི་ཤེས་བྱེད་ཀྱང༌། རིགས་དང་དབང་པོ་སོགས་ཁྱད་ཞུགས་པས་སོ། །དེ་ཡང་ཉན་ཐོས་ཀྱི་ཆོས་བཟོད་གཅིག་པུས་ཆོག་པ་ཉི་སྣང་གི་དོན་ནོ། །བསྒོམ་ལམ་མི་བསྐྱེད་པའི་ཤེས་བྱེད་ནི། སྐབས་གསུམ་པར་སྒོམ་ལམ་མི་སྟོན་པ་ལས་སོ། །ཞེས་པ་དགོངས་པའོ། །གཉིས་པ་རྫོགས་སྨིན་སྦྱངས་གསུམ་བྱས་པའི་ཚད་ལ། སྨོན་ལམ་རྫོགས་པའི་ཚད་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གྲུབ་པ་ལ་བྱེད་པ་ཡིན་ལ། དེའི་གོ་དོན་ཡང་ཆོས་དབྱིངས་ལ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ། གཟུགས་སྐུ་གཉིས་ལས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་སྨོན་ལམ་བཏབ་པ་དེ་རྫོགས་པ་ལ་བྱེད་དགོས་པ་ཡིན་ཏེ། སྨོན་ལམ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དང༌།        རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*