ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ག ༽

རྫོགས་ནས་དེ་མངོན་དུ་བྱེད་པར་བཤད་པའི་གོ་དོན་ཡང་དེ་ལ་འབྲེལ་བའི་ཕྱིར་རོ། །དེ་ཡང་དེ་མ་བྱས་པར་དེ་མངོན་དུ་བྱས་ན་ཆད་པའི་མྱང་འདས་སུ་འགྱུར་བ་དང༌། དེ་བྱས་ནས་དེ་མངོན་དུ་བྱས་ན་མི་གནས་པའི་མྱང་འདས་སུ་འཇོག་པ་ཡིན་ནོ། །སེམས་ཅན་སྨིན་པའི་ཚད་ནི། སྐུ་དངོས་ཀྱི་གདུལ་བྱ་རྣམས་དངོས་ཀྱི་སྒྲིབ་པ་སྤོང་རུང་དང༌། དངོས་ཀྱི་གཉེན་པོ་སྐྱེ་རུང་དུ་བྱས་པ་ལ་འཆད་པ་ཡིན་ལ། དེའི་གོ་བ་ཡང་སྐུ་དངོས་ཞེས་པ། བྱང་སེམས་དེ་གང་དུ་སངས་རྒྱས་པའི་སྤྲུལ་པའི་སྐུ་ལ་བྱ་བ་ཡིན་ལ། དེའི་དངོས་ཀྱི་གདུལ་བྱ་ནི། ཚེ་དེ་ལ་ཟག་མེད་ཀྱི་ཡེ་ཤེས་སྐྱེས་པས་ཁྱབ་ལ། དེ་ལྟར་སྐྱེ་རུང་དུ་བྱེད་པ་ནི། བྱང་སེམས་དེས་སློབ་པ་ལམ་གྱི་གནས་སྐབས་སུའོ། །དེའི་ཕྱིར་སྟོན་པས་ཆོས་འཁོར་བསྐོར་བའི་ཚུལ་བསྟན་པ་ལ། དེའི་གདུལ་བྱ་རྣམས་སྒྲིབ་པ་སྤངས་རུང་དུ་བྱས་པ་ལ་འཆད་ན་དོན་མ་གོ་བ་ཡིན་ནོ། །ཞིང་སྦྱངས་པའི་ཚད་ནི། བྱང་སེམས་རང་ཉིད་གང་དུ་སངས་རྒྱས་པའི་སངས་རྒྱས་དེའི་རང་སྣང་ལ་ཞིང་དེ་དག་པ་འབའ་ཞིག་ཏུ་སྣང་བ་ལ་འཆད་པ་ཡིན་ལ། དེའི་གོ་དོན་ཡང་བྱང་སེམས་དེས་ཞིང་དག་པའི་སྦྱོར་བ་བསྒོམ་པའི་ནུས་པ་མཐར་ཐུག་པའོ། །མདོར་ན། གསུམ་པོ་དེ་ནི་བསོད་ནམས་ཀྱི་ཚོགས་ཀྱི་དབང་དུ་བྱས་པ་ཡིན་ལ། དེ་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ། བྱང་སེམས་དེའི་ཤེས་རབ་ཀྱིས་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་ཕྲ་ཞིང་ཕྲ་བ་དེ་སྤོང་བར་མི་བྱེད་པའོ། །དེ་ལྟར་བྱས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། བསོད་ནམས་ཀྱི་ཚོགས་མ་རྫོགས་པར་ཆོས་ཀྱི་སྐུ་མངོན་དུ་བྱས་ན་ཆད་པའི་མྱང་འདས་སུ་འགྱུར་བ་དང༌། གཟུགས་ཀྱི་སྐུ་མི་འགྲུབ་པའི་ཕྱིར། དེ་ལྟར་ན་བོད་ཕྱི་མ་དག་གི་བསམ་པ་ལ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་བྱས་པའི་དོགས་པ་དང༌། དེ་ལྟར་བྱས་ན་ཆད་པའི་མྱང་འདས་སུ་ལྟུང་བའི་ཉེས་དམིགས་ཡོད་པའི་གོ་བ་ནི། ས་བརྒྱད་པ་ལ་འགོག་པ་ལ་སྙོམས་པར་ཞུགས་ན། སངས་རྒྱས་ཀྱིས་དེ་ལས་སློང་དགོས་པའི་རྒྱུ་མཚན་ལ་འཆད་པ་ནི། གོ་བ་དཔྱིས་ཕྱིན་པ་མ་ཡིན་ཏེ། ས་བརྒྱད་པ་ལ་འགོག་པ་ལ་དུས་ཐུང་ངུར་ཞུགས་པ་ཙམ་གྱིས་ནི་དེར་མི་འགྱུར་ལ། དེ་ལ་ཡུན་རིང་དུ་ཞུགས་ན་ནི། དེ་ལས་སངས་རྒྱས་ཀྱིས་མི་སློང་བ་མི་སྲིད་པས། ཡང་དག་མཐའ་མངོན་དུ་བྱེད་པའི་དོན་མེད་པའི་ཕྱིར། དེ་ལས་སློང་བའི་རྒྱུ་མཚན་ཡང༌། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསྒྲུབས་ནས། སངས་རྒྱ་བའི་ཕྱིར་དང༌། རྗེས་ཐོབ་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡིན་པར་མདོ་སྡེ་ས་བཅུ་པ་ལས་བཤད་དོ། །མདོར་ན་ས་བརྒྱད་པར་དེ་ལ་ཞུགས་པ་བརྟག་པ་མཐའ་བཟུང་གི་ཚུལ་གྱིས་སངས་རྒྱས་ཀྱིས་མ་སླངས་ཀྱང་མི་ལྡང་བ་མི་སྲིད་དེ། སེམས་ཅན་ཡིན་པའི་ཕྱིར་རོ། །བསོད་ནམས་ཀྱི་ཚོགས་མ་རྫོགས་པར་ཤེས་སྒྲིབ་ཀྱི་གནས་ངན་ལེན་སྤངས་ན། ཆོས་ཉིད་ལས་ལྡང་བ་མི་སྲིད་དེ། དེ་ལྟ་ན་ཆད་པའི་མྱང་འདས་མངོན་དུ་བྱས་པའི་ཕྱིར། ཆད་པའི་མྱང་འདས་ཀྱི་མཚན་གཞི་འདི་མིན་པ་འཛིན་རྒྱུ་མེད་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་སླ་ཆོས་སུ་བཞག་པར་མི་བྱའོ། །དོན་འདི་དག་ལ་དར་ཊཱིཀ་མཛད་པ་ན་རེ། སྨོན་ལམ་རྫོགས་པའི་ཚད་ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པ་ལ་འཆད་པ་ནི། ཆོས་སྐུ་མ་ཐོབ་པར་ཆོས་སྐུ་མངོན་དུ་མི་བྱའོ་ཞེས་པར་འགྱུར་བས། དོགས་པའི་གནས་མེད་ལ། སེམས་ཅན་སྨིན་པའི་ཚད་བྱང་ཆུབ་སེམས་དཔའི་ལམ་གྱིས་གདུལ་བྱ་རྫོགས་པ་ལ་བྱེད་པ་ཡང༌། སྔ་མ་དང་འདྲ་ཞིང༌། བསྒྲུབ་བྱ་འབའ་ཞིག་གོ །ཡང་སངས་རྒྱས་རང་སྣང་ལ་ཞིང་དག་པ་འབའ་ཞིག་གཟིགས་པ་དང༌། མ་དག་པའི་ཞིང་གདུལ་བྱའི་གཞན་སྣང་ལ་འཇོག་པ་སྐད་བྱེད་པ་ནི། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སྐྱོན་མེད་འཇོག་མི་ཤེས་ཤིང༌། ཐམས་ཅད་མཁྱེན་པའི་གཟིགས་པ་ལོག་པ་ནི་ཐམས་ཅད་དུ་མེད་པར་གོ་བར་བྱེད་དོ། །ཞེས་པའི་རིགས་པ་རྣམ་དག་ཁོང་དུ་མ་ཆུད་པའི་ལོག་པར་རྟོག་པ་འབའ་ཞིག་ཡིན་ཏེ། སངས་རྒྱས་རང་གི་སྣང་བ་ལ་མ་དག་པའི་ཞིང་གི་སྣང་བ་མ་ཤར་ན། མ་དག་པའི་ཞིང་སངས་རྒྱས་ཀྱི་མངོན་སུམ་དུ་མ་གཟིགས་ཤིང༌། ཤུགས་ལ་རྟོགས་པ་ཡང་མི་འཐད་པས་མེད་ངེས་སུ་འགྱུར་དགོས་སོ། །ཞེས་འཆད་པར་བྱེད་དོ། །སུན་འབྱིན་བར་པ་དེ་ཁོ་བོ་ཅག་ལ་མི་འཇུག་པས་བཏང་སྙོམས་སུ་བཞག་ནས། སུན་འབྱིན་དང་པོ་མི་འཐད་པའི་ཚུལ་དང༌། ཕྱི་མ་མི་འཐད་པའི་ཚུལ་གཉིས་འཆད་ལ། དང་པོ་ལ་དོན་གྱི་ལན་ནི་གོང་དུ་བཤད་ཟིན་པ་ཡིན་ཏེ། ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་གཞན་དོན་འབད་མེད་དུ་འབྱུང་བའི་ནུས་པ་མ་ཐོབ་པར་ཡང་ཆོས་སྐུ་མངོན་དུ་བྱེད་པའི་ནུས་པ་ཡོད་པར་བཤད་ཟིན་པ་དེ་ཡིན་ལ། ཆོས་སྐུ་མ་ཐོབ་པར་ཆོས་སྐུ་མངོན་དུ་བྱས་པར་ནི་མི་སྲིད་པའི་ཕྱིར་རོ། །ཚིག་གི་ལན་ནི། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱའོ་ཞེས་པ་ཡང་མི་འཐད་པར་འགྱུར་ཏེ། ཆོས་སྐུ་མ་ཐོབ་པར་ཆོས་སྐུ་མངོན་དུ་མི་བྱའོ་ཞེས་པ་དང་མཚུངས་པས་དོགས་པའི་གནས་མེད་པའི་ཕྱིར་རོ། །གཉིས་པ་ལ། དོན་གྱི་ལན་དང༌། ཚིག་གི་ལན་ནོ། །དང་པོ་ནི་རང་རེའི་སྟོན་པ་ཤཱཀྱ་ཐུབ་པའི་རང་སྣང་ལ་མ་དག་པའི་སྣང་བ་སེམས་ཅན་གཞན་ལ་སྣང་བ་དང་མཚུངས་པར་འཆར་བ་མ་ཡིན་ཏེ། དེ་འཆར་ན་སྔོན་སློབ་པའི་གནས་སྐབས་སུ་ཞིང་དག་པའི་སྦྱོར་བ་མ་བསྒོམ་པའམ། བསྒོམས་ཀྱང་མཐར་མ་ཕྱིན་པར་ཐལ་བའི་ཕྱིར་རོ། །དེའི་ལན་དུ་འདི་སྐད་ཅེས། ཞིང་སྦྱངས་པའི་ཚད་ཀྱང་ཞིང་གང་ཡང་རུང་བ་མ་ཡིན་ཏེ། ལོངས་སྐུའི་ཞིང་དང་སྤྲུལ་སྐུའི་ཞིང་ཁྱད་པར་ཅན་འགྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་རིགས་པ་མིན་ཏེ། ཇི་སྐད་དུ། སེམས་ཅན་འཇིག་རྟེན་ཇི་བཞིན་དུ། །ཞེས་པའི་སྐབས་ནས་འབྱུང་བའི་ཞིང་དག་པའི་སྦྱོར་བ་འདི། སྤྲུལ་སྐུའི་དབང་དུ་བྱས་པར་མདོ་དང་བསྟན་འཆོས་གཉིས་ཀ་ལས་གསལ་བའི་ཕྱིར་དང༌། སྤྲུལ་སྐུ་འགའ་ཞིག་ལ་ཞིང་དག་པའི་སྦྱོར་བ་རྒྱུར་འགྲོ་མི་དགོས་ན་ཧ་ཅང་ཐལ་བའི་ཕྱིར། སངས་རྒྱས་རང་སྣང་ལ་མི་སྣང་བ་ཙམ་གྱིས་མེད་དགོས་པ་མིན་ཏེ། གཞན་སྣང་ལ་སྣང་ཚུལ་མཁྱེན་པའི་ཕྱིར། དཔེར་ན་དོན་སྤྱི་དང༌། ལྐོག་གྱུར་དང༌། ལོག་པའི་ཀུན་རྫོབ་ཀྱི་སྣང་བ་བཞིན་ནོ། །དེ་ཡང་གཅིག་ལ་མཚོན་ན། སངས་རྒྱས་ཀྱི་རང་སྣང་ལ་བུམ་པའི་དོན་སྤྱི་འཆར་བ་མི་སྲིད་ཀྱང༌། དེ་མེད་པར་བཞག་མི་ནུས་པ་བཞིན་ནོ། །དེ་ལ་དེ་འཆར་ན་ནི། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པར་ཐལ། རང་སྣང་ལ་བུམ་པའི་དོན་སྤྱི་ཤར་བའི་ཤེས་པ་ཡིན་པའི་ཕྱིར། འདི་ཡང་གྲུབ་པའི་མཐའ་ཐུན་མོང་བའི་དབང་དུ་བྱས་པ་ཡིན་གྱི། དབུ་མའི་ཐུན་མོང་མ་ཡིན་པའི་ལུགས་ལ་ནི་དོན་སྤྱི་སོགས་ཡོད་པར་ཁས་མི་ལེན་ནོ། །དེའི་ཤེས་བྱེད་ཀྱང་བུམ་པའི་དོན་སྤྱི་ལྟ་བུ་དེ་མིན་དེར་སྣང་བ་ལ་བཏགས་པའི་ཀུན་རྫོབ་བོ། །གཉིས་པ་ཚིག་གི་ལན་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་སྣང་ལ་ཤིན་ཏུ་ལྐོག་གྱུར་སྣང་ངམ་མི་སྣང༌། མི་སྣང་ན་དེ་མེད་པར་ཐལ་བ་བཟློག་མི་ནུས། སྣང་ན་དེ་ལ་དེ་མངོན་གྱུར་དུ་སྣང་ངམ་ལྐོག་གྱུར་དུ་སྣང༌། དང་པོ་ལྟར་ན། ལྐོག་གྱུར་མི་སྲིད་པར་འགྱུར་ཏེ། ཤིན་ཏུ་ལྐོག་གྱུར་དེ་ཤིན་ལྐོག་མ་ཡིན་པའི་ཕྱིར་རོ། །མ་གྲུབ་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དེ་དེ་ཉིད་དུ་སྣང་བར་འགྱུར་རོ། །ཞེས་པའི་ཐལ་བ་ཁྱེད་ཀྱིས་བཟློག་མི་ནུས་སོ། །གཉིས་པ་ལྟར་ན། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པར་ཐལ། ཤིན་ཏུ་ལྐོག་གྱུར་དེ་ལྐོག་ཏུ་གྱུར་པའི་ཚུལ་གྱིས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར་རོ། །གསུམ་པ་ཡང་དག་པའི་མཐའ་དང༌། དེ་མངོན་དུ་བྱས་པའི་ཚད་ལ། རང་ལུགས་བཞག་པ་དང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། སྤྱིར་གཞུང་འགྲེལ་རྣམས་ལས། ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང༌། བློ་བུར་དྲི་བྲལ་གྱི་ཆོས་སྐུ་རྣམས་ལ་བཤད་པ་རྣམས་ནི་དོན་གཅིག་པ་ཡིན་ཏེ། སྔར་བཤད་པ་ལྟར། ཆོས་ཉིད་དེ་བཞིན་ཉིད་དེ་མངོན་དུ་བྱ་བའི་དུས་དང༌། དུས་མ་ཡིན་པ་གཉིས་ལས། དུས་སུ་དེ་བྱས་ན་ཡང་དག་པའི་མཐའ་དང༌། ཆོས་ཀྱི་སྐུ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་ལ། དུས་མིན་དུ་དེ་བྱས་ན་ཆད་པའི་མྱང་འདས་སུ་འགྱུར་བའི་ཕྱིར། དེ་ཡང་དེ་བཞིན་ཉིད་ཡིན་ན། དྲི་བྲལ་ག་ཆོས་སྐུ་ཡིན་མི་དགོས་ཀྱང༌། དེ་མངོན་དུ་བྱས་པ་དང༌། དྲི་བྲལ་གྱི་ཆོས་སྐུ་མངོན་དུ་བྱེད་པ་དོན་གཅིག་པའོ། །དེའི་ཕྱིར་དོན་གསལ་ལས། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་ཞེས་པ་དང༌། ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་དང༌། ཞེས་པ་དང༌། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་པའི་སྐབས་ནས་བསྟན་པའི་གསུམ་པོ་དེ་དོན་གཅིག་ལ་འདུ་དགོས་པར་དེའི་སྐབས་ཀྱི་འཕྲོས་ལས་གསལ་བ་བཞིན་དུ། དེར་འཆད་ཅེས་པའི་དོན་ནི་དེ་ཡིན་ནོ། །མངོན་དུ་བྱས་པའི་ཚད་ནི། དེ་ལ་མཉམ་པར་བཞག་པ་ལས་ལྡང་བ་མི་སྲིད་པའོ། །དེར་བཞག་པའི་དུས་ལ་གཉིས་ཏེ། དུས་མིན་དུ་བཞག་པ་དང༌། དུས་སུ་བཞག་པའོ། །དང་པོ་ནི་བསོད་ནམས་ཀྱི་ཚོགས་མ་རྫོགས་པར་ཤེས་སྒྲིབ་ཀྱི་གནས་ངན་ལེན་སྤངས་པའོ། །གཉིས་པ་ནི་དེ་རྫོགས་ནས་དེ་སྤངས་པའོ། །ཇི་སྐད་དུ་སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་གསུངས་སོ། །དུས་མིན་དུ་བྱས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟར་བྱས་ན་ཆད་པའི་མྱང་འདས་སུ་ལྟུང་བས་དེའི་ཚེ་ན་ནི། སངས་རྒྱས་ཀྱིས་སློང་མི་ནུས་ཤིང༌། སློང་བའི་བཤད་པ་ཡང་མེད་དོ། །ས་བརྒྱད་པར་སློང་བར་བཤད་པ་དེ་ཡང༌། སྐབས་དེར་ཤེས་སྒྲིབ་ཀྱི་གནས་ངན་ལེན་སྤངས་ཀྱི་དོགས་ནས་དེ་མ་སྤངས་གོང་དུ་དེ་ལས་སློང་བ་ཡིན་གྱི། དེ་སྤངས་ནས་ནི་སློང་མི་ནུས་ཤིང༌། དེར་དེ་མི་སྤོང་ན་ནི་ཇི་ཙམ་མཉམ་པར་བཞག་ཀྱང་སངས་རྒྱས་ཀྱི་སློང་བ་ལ་མི་ལྟོས་པར་ཡང་མི་ལྡང་བ་མི་སྲིད་དོ། །གཉིས་པ་ནི། དར་ཊཱིཀ་མཛད་པ་ན་རེ། ཡང་དག་པའི་མཐའ་དེ་བཞིན་ཉིད་ཙམ་ལ་བྱས་ནས། དེ་མངོན་དུ་བྱས་པའི་དོན་དེ་ལས་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་ལ་བྱེད་པ་ནི། སངས་རྒྱས་མ་ཐོབ་པའི་བར་དུ་སངས་རྒྱས་མངོན་དུ་མི་བྱའོ། །ཞེས་པའི་དོན་དུ་སོང་བས། འཐད་པར་དཀའ་འོ། །ཆད་པའི་མྱང་འདས་ལ་བྱེད་པར་ཡང་རྫོགས་སྨིན་སྦྱངས་ནས། མངོན་དུ་བྱ་བར་དོན་གྱིས་བསྟན་པ་དང་འགལ་ལོ། །ཁ་ཅིག་དེ་བཞིན་ཉིད་ཙམ་ལ་མི་ལྡང་བའི་ཚུལ་དུ་མཉམ་པར་འཇོག་པ་དང༌། དྲི་བྲལ་གྱི་དེ་བཞིན་ཉིད་ལ་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་ནུས་མི་ནུས་ཀྱི་ཁྱད་པར་འབྱེད་པ་སྐད་བྱེད་པ་ནི་བཞད་གད་ཀྱི་གནས་སོ། །ཞེས་གཞན་ལུགས་བཀག་ནས་རང་གི་ལུགས་འཇོག་པ་ན། དེ་ལྟར་ན་ཡང་དག་པའི་མཐའ་གང༌། དེ་མངོན་དུ་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་དེ་བཞིན་ཉིད་ཀྱང་ཡང་དག་པའི་མཐའ་ཡིན་ཅིང༌། དེ་མངོན་དུ་བྱེད་ན་དེ་ལ་མཉམ་པར་གཞག་དགོས་མོད་ཀྱང༌། འདིར་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་དབྱིངས་དེ་ཉིད་ཡིན་ལ། ཉན་རང་དགྲ་བཅོམ་ཞི་བའི་དབྱིངས་སུ་ཞུགས་པ་རྣམས་ཀྱིས་ཀྱང༌། སྙོམས་པར་འཇུག་པའི་སྔ་རོལ་དུ། །ཞི་བའི་བདེ་བ་དེས་ཐུགས་འཕྲོགས་ཏེ། བསམ་ངོ་ལ་ལྟོས་ནས་སླར་མི་ལྡང་བའི་ཚུལ་དུ་བསྐལ་པའི་བར་དུ་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་པ་ནི། ཐེག་དམན་གྱི་རིགས་ཅན་གྱི་དབང་དུ་བྱས་ནས། ཡང་དག་པའི་མཐའ་མངོན་དུ་བྱས་པའི་དོན་ཡིན་ནོ། །དེ་ལྟ་བུ་གདུལ་བྱ་ཐེག་པ་དམན་པར་རིགས་ངེས་པ་དེ་ལ་ནི། སྔར་བཤད་པའི་གདམ་ངག་དེ་དང་པོ་ནས་བྱིན་ན། དམན་པའི་རིགས་ལས་ཀྱང་ཉམས་པར་འགྱུར་བ་ཡིན་ནོ། །ཞི་བའི་དབྱིངས་ལས་ལངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་དེ། སྔོན་གོམས་པའི་དབང་གིས་ཡང་དང་ཡང་དུ་སྙོམས་འཇུག་དེ་ལ་སྙོམས་པར་ཞུགས་པར་འགྱུར་མོད་ཀྱི། ཐེག་ཆེན་སེམས་བསྐྱེད་གཏོང་བའི་དྲི་ཙམ་ཡང་མེད་པར་དཔྱོད་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །སློབ་དཔོན་འདིའི་བཞེད་པ་ནི་སྔར་བཤད་པ་ལྟར། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཡང་བཞེད་དེ། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་ཞེས་པའི་ཐད་དུ། གང་ཟག་ལ་བདག་མེད་པའི་མཐའ་ཞི་བ་ཉིད་དེ། ཞེས་ཡང་དག་པའི་མཐའ་ངོས་བཟུང་བ་དང༌། དེའི་ཤེས་བྱེད་དུ་སྒོམ་ལམ་མི་སྟོན་པའི་གཞུང་རྣམས་དྲངས་པ་ནི། སློབ་དཔོན་གྱི་དགོངས་པ་ལེགས་པར་རྟོགས་པའོ། །འོ་ན་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་རྣམས་ཀྱིས། ཆོས་གསུམ་པོ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་བྱེད་ནུས་སམ་མི་ནུས། ནུས་ན་ཚུལ་ཇི་ལྟ་བུ་ཞེ་ན། མངོན་དུ་བྱེད་འདོད་ན་མཐོང་ལམ་ནས་བྱེད་ནུས་ན། ས་བརྒྱད་པ་བས་ལྟ་ཅི་སྨོས། འོ་ན་ས་བདུན་པ་མན་ཆད་དུ་མངོན་དུ་བྱེད་པའི་དོགས་པ་ཆུང་ལ། ས་བརྒྱད་པར་དོགས་པ་ཆེ་བས་རྒྱལ་བ་རྣམས་ཀྱི་འགོག་པ་ལས་སློང་བར་མཛད་དོ། །དེ་ཡང་བརྟག་པ་མཐའ་བཟུང་བའི་ཚུལ་གྱིས་ཡིན་གྱི། ས་བརྒྱད་པ་ཐོབ་ནས་ཡང་དག་པའི་མཐའ་ཆོས་གསུམ་མ་རྫོགས་པར་མངོན་དུ་བྱེད་པ་ག་ལ་སྲིད། གལ་ཏེ་མངོན་དུ་བྱེད་ན། ཞི་བའི་བདེ་བ་དེས་ཐུགས་ལེགས་པར་དྲངས་ནས། དེ་ལ་སྙོམས་པར་འཇུག་པའི་དོན་ཡིན་ལ། དམིགས་བསལ་གསུམ་རྫོགས་ནས་ནི་ཡང་དག་མཐའ་མངོན་དུ་བྱེད་ཀྱང་ཞི་བ་དེས་ཐུགས་འཕྲོགས་ནས། དེའི་གཞན་དབང་དུ་གྱུར་པའི་དོགས་པ་ག་ལ་ཡོད། ཉན་རང་ཞི་བའི་དབྱིངས་ལས་ལངས་ནས་ཐེག་པ་ཆེན་པོར་ཞུགས་པ་རྣམས་བར་བར་དུ་ཡང་དག་པའི་མཐའ་མངོན་དུ་བྱེད་ཀྱང༌། གོམས་པའི་དབང་ཙམ་དུ་ཟད་ཀྱི། འདི་ལ་ཡུན་རིང་དུ་མཉམ་པར་བཞག་པར་བྱའོ་སྙམ་པའི་འཕེན་པ་ནི་ཅུང་ཟད་ཀྱང་མེད་དོ། །གནས་འདི་དག་ནི་ཤིན་ཏུ་རྟོགས་པར་དཀའ་བས་དཔྱོད་ལྡན་རྣམས་ཀྱི་ཐེ་ཚོམ་སྐྱེ་བའི་སྐབས་དེར་ཐག་ཆོད་མི་བྱ་བར་ལེགས་པར་དཔྱད་རིགས་པ་ཁོ་ནའོ། །ཞེས་བྲིས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། གཞན་ལུགས་འགོག་ཚུལ་མི་འཐད་པ་དང༌། རང་ལུགས་འཇོག་ཚུལ་མི་འཐད་པའོ། །དང་པོ་ལ་དོན་གྱི་ལན་དང༌། ཚིག་གི་ལན་གཉིས་ལས། དང་པོ་ནི་སྔར་རྒྱས་པར་བཤད་ཟིན་པའི་དོན་དེ་ལ་རྩོད་པ་འདི་འཇུག་པའི་གོ་སྐབས་ག་ལ་ཡོད། ཚིག་གི་ལན་ནི། ཉེས་པ་དེ་ཁྱེད་ཉིད་ལ་འཇུག་སྟེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔའ་ལ་གདམ་ངག་དེ་འདོམས་མི་དགོས་པར་ཐལ། དེ་ལྟར་འདོམས་པ་དེ་སངས་རྒྱས་མ་ཐོབ་པར་སངས་རྒྱས་མངོན་དུ་མ་བྱེད་ཅིག་ཅེས་པ་དང་མཚུངས་པའི་ཕྱིར། དེ་མཚུངས་པར་ཐལ། དེ་འདྲ་དེ་ལ་དེ་སྐད་མ་གདམས་ཀྱང་དེ་གསུམ་མ་བྱས་པར་དེ་མངོན་དུ་བྱེད་པ་མི་སྲིད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེ་ལྟར་འདོམས་པ་དེ་བརྟག་པ་མཐའ་བཟུང་བའི་ཚུལ་གྱིས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡང་དག་པའི་མཐའ་ངོས་མ་ཟིན་པའི་ཉེས་པ། དེ་མངོན་དུ་བྱས་པའི་ཚད་ངོས་མ་ཟིན་པའི་ཉེས་པའོ། །དང་པོ་ལ་དེའི་མཚན་གཞིར་འདོད་པ་དེ་དེ་མ་ཡིན་པའི་ཉེས་པ། མཚན་གཞི་དེ་ཉིད་ཀྱི་ངོས་འཛིན་ཡང་མ་ཤེས་པའི་ཉེས་པའོ། །དང་པོ་ནི། དེ་དེའི་མཚན་གཞིར་མི་རིགས་ཏེ། དེ་དེར་སྟོན་པའི་ཚད་ལྡན་གྱི་ལུང་ཅིག་ཀྱང་མི་སྣང་བའི་ཕྱིར་དང༌། རིགས་པ་དང་འགལ་བའི་ཕྱིར། ཆོས་ཀྱི་བཤེས་གཉེན་གྱི་ལུང་གིས་ཀྱང་དེ་དེར་བཤད་པ་མིན་ཏེ། དེས་ནི་ཐེག་དམན་གྱི་མྱང་འདས་ལ་དེར་བཤད་ནས། དེས་དེ་མངོན་དུ་མི་བྱེད་པའི་ཤེས་བྱེད་དུ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་གྱི་ལུང་དྲངས་པའི་ཕྱིར། གཉིས་པ་རིགས་པ་དང་འགལ་བ་ནི། འོ་ན་དབྱིངས་དེ་བདེན་པ་གཉིས་ལས་གང་ཡིན། དང་པོ་ལྟར་ན། ས་བརྒྱད་པར་ཀུན་རྫོབ་ཀྱི་བདེན་པ་ལ་ཡུན་རིང་དུ་སྙོམས་པར་ཞུགས་པ་ལ། སངས་རྒྱས་ཀྱི་སློང་དགོས་པ་སོགས་རིགས་པ་དང་འགལ་བ་དང༌། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་ཐེག་ཆེན་སློབ་པའི་མཉམ་བཞག་སྲིད་པར་ཐལ་བ་སོགས་ནང་འགལ་བ་མང་དུ་འབྱུང་ངོ༌། །ཀུན་རྫོབ་བདེན་པའི་ཡུལ་ཅན་ནི། །མཐོང་བ་བརྫུན་པ་ཁོ་ན་ཡིན་པས་དེ་ལ་ཅི་ཙམ་མཉམ་པར་བཞག་ཀྱང་ཆད་པའི་མཐར་ལྟུང་བ་མི་སྲིད་ལ། ཡང་དག་པའི་མཐའ་ཀུན་རྫོབ་ཀྱི་བདེན་པ་ཞིག་ལ་འཆད་པ་ལ་བཞད་གད་བྱ་བར་རིགས་སོ། །གཉིས་པ་ལྟར་ན། དེ་དོན་དམ་པའི་བདེན་པ་ཡིན་ན་དངོས་སུ་འགལ་བ་ཡིན་ཏེ། ཁྱེད་ཉིད་ཀྱིས་མཛད་པའི་རྣམ་པར་བཤད་པ་ལས་འགོག་བདེན་དོན་དམ་པའི་བདེན་པར་འདོད་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་ལྟར་ན་ནི། ཤེར་ཕྱིན་གྱི་མདོའི་སྐབས་འདིར་ཡང་དག་པའི་མཐའ་དེ་བཞིན་ཉིད་འབའ་ཞིག་ལ་བཤད་པར་བྱ་བ་ཁོ་ནའོ། །ཞེས་བཤད་པས་སོ། །འོ་ན་དེར་ཐལ་བར་འགྱུར་ཏེ། འདིར་ཡང་དེ་དོན་དམ་པའི་བདེན་པར་ཁས་ལེན་པའི་ཕྱིར། དེར་མ་ཟད་ལྷག་མེད་མྱང་འདས་ཐོབ་པའི་དགྲ་བཅོམ་པ་ཡིན་ན། དོན་དམ་པའི་བདེན་པ་མངོན་སམ་དུ་རྟོགས་དགོས་པར་ཐལ། དེ་ཡིན་ན་དབྱིངས་དེ་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར། རྟགས་ཚད་མས་གྲུབ། ཁྱབ་པ་དང་བསལ་བ་ཁས་བླངས་སོ། །གཉིས་པ་ནི། ཁྱེད་ཀྱི་རྣམ་པར་བཤད་པ་ལྟར་ན། དབྱིངས་དེ་ངོས་མ་ཟིན་པ་ཡིན་ཏེ། དེ་འདྲའི་དབྱིངས་དེ་ནི་ཐེག་དམན་གྱི་དབང་དུ་བྱས་ན་ཕུང་པོ་ལྷག་མ་མེད་པའི་དབྱིངས་ལ་བྱ་ཞིང༌། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་དབང་དུ་བྱས་ན། སྦྱོར་ལམ་གྱི་ལུས་རྟེན་གང་དུ་བོར་བའི་གནས་སྐབས་དེ་ནས་ཡོད་པ་ཡིན་ལ། ཁྱོད་ཀྱིས་ནི་མཐོང་ལམ་ཐོབ་མ་ཐག་ནས་དབྱིངས་དེ་མངོན་དུ་བྱེད་ནུས་པར་བཤད་པ་དང༌། སློབ་དཔོན་ཆོས་བཤེས་ཀྱི་ལུང་དྲངས་ནས། གང་ཟག་གི་བདག་བཀག་པའི་ཞི་བའི་དབྱིངས་ལ་འཆད་པའི་ཕྱིར་དང༌། ཉན་ཐོས་དགྲ་བཅོམ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་དེས་ཀྱང༌། སྔོན་གོམས་པའི་དབང་གིས་དེ་ལ་ཡང་དང་ཡང་དུ་སྙོམས་པར་འཇུག་པར་འཆད་པའི་ཕྱིར། ཡང་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་ལ་ཉོན་མོངས་མཚན་ཉིད་པ་ཡོད་པར་ཁས་ལེན་པ་དང༌། ས་དང་པོ་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་ཡོད་པར་འདོད་པ་འགལ་བ་ཡིན་ཏེ། ཉོན་མོངས་པ་དང་མཚུངས་ལྡན་དུ་བྱུང་བའི་ཤེས་པ་ཡིན་ན། སྤྱིར་སྡུག་བསྔལ་གྱི་ཕུང་པོ་དང༌། བྱེ་བྲག་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་དགོས་པའི་ཕྱིར། མདོར་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་མ་འགགས་པར་ཡོད་བཞིན་དུ། གང་ཟག་དེའི་རྒྱུད་ལ་དེ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་ཡོད་པར་འདོད་པ་ནི། དབྱིངས་དེ་ངོས་མ་ཟིན་པའི་གཏན་ཚིགས་ཡང་དག་དུ་ཤེས་པར་བྱ་བ་དང༌། དབྱིངས་དེ་འགོག་པའི་བདེན་པ་དང༌། དེ་ཡང་ཀུན་རྫོབ་ཀྱི་བདེན་པར་བཤད་ནས། དེ་ཡང་དག་པའི་མཐའ་ཡིན་ནོ་ཞེས་ཟེར་བ་ནི། ཡང་དག་པའི་མཐའ་ངོས་མ་ཟིན་པའི་གཏན་ཚིགས་ཡང་དག་གོ །ཐེག་ཆེན་གྱི་མཐོང་ལམ་ནས་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་ནུས་པ་ཡོད་པར་འདོད་པ་དེ་ཡང་འཐད་པ་མིན་ཏེ། དེའི་རྗེས་ཐོབ་དུ་མཚན་འཛིན་གྱི་རྟོག་པ་ཉེ་བར་ཞི་བ་ཁོ་ནར་ཐལ་བས་སོ། །གཉིས་པ་མངོན་དུ་བྱས་པའི་ཚད་མི་འཐད་པ་ནི། འོ་ན་ཞི་བའི་བདེ་བ་དེས་ཐུགས་འཕྲོག་ནས་བསྐལ་བ་ལ་སོགས་པར་དབྱིངས་དེ་ལ་སྙོམས་པར་ཞུགས་དེ། ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཚད་ཡིན་ནོ། །ཞེས་ཟེར་བ་མི་རིགས་ཏེ། སངས་རྒྱས་ཀྱི་སར་ཡང་དེ་མངོན་དུ་བྱས་པའི་ཚད་མི་སྲིད་པར་ཐལ་བའི་ཕྱིར་དང༌། ཐེག་ཆེན་གྱི་སློབ་ལམ་དུ་དེ་མངོན་དུ་བྱས་པ་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ལ་འདོད་ནུས་པ་མིན་ཏེ། ས་བདུན་པ་མན་ཆད་དུ་ཡང་དེ་བྱས་པ་མི་སྲིད་ཡན་ཆད་དུ་ཡང་དེ་བྱས་པ་མི་སྲིད་པའི་ཕྱིར། དེ་གཉིས་ཀ་ཁས་བླངས་ཏེ། བདུན་པ་མན་ཆད་དུ་ནི་མཚན་འཛིན་གྱི་རྟོག་པ་མངོན་དུ་འགྱུར་བའི་རྒྱུ་མཚན་གྱིས་དེ་མངོན་དུ་བྱེད་པའི་དོགས་པ་ཆུང་བས། རྒྱལ་བ་རྣམས་ཀྱི་གདམ་ངག་འདོམས་མི་དགོས། བརྒྱད་པ་ཡན་ཆད་དུ་ནི་དེ་འདོམས་པའི་དོན་ཡོད་པའི་ཕྱིར། མདོར་ན་རྫོགས་སྨིན་སྦྱངས་གསུམ་བྱས་ནས། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་མངོན་དུ་བྱས་པ་དེ། ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཚད་དུ་རིགས་པ་མིན་ཏེ། དེའི་དུས་ཀྱི་དེ་འདྲའི་དབྱིངས་དེ་ཁྱེད་རང་ལྟར་ན་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་དང༌། གཞན་གྱི་ལྟར་ན། དེ་འདྲ་དེ་མི་གནས་པའི་མྱང་འདས་མ་ཡིན་པའི་ཕྱིར་རོ། །མདོར་ན་སངས་རྒྱས་རྣམས་མི་གནས་པའི་མྱང་འདས་ལ་བཞུགས་པ་ཡིན་གྱི། ཐེག་དམན་གྱི་ལྷག་མེད་ཀྱི་དགྲ་བཅོམ་དང་ཐུན་མོང་བའི་མྱང་འདས་དེ་འདྲ་ལ་བཞུགས་པ་ག་ལ་སྲིད། ཅེས་བྱ་བ་འདིས་ནི་མཆོད་བརྗོད་ལས་འཕྲོས་པའི་དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་པ་ཡིན་ནོ། །གཉིས་པ་བསྟན་འཆོས་ལ་འཇུག་པའི་ཡན་ལག་དགོས་བྲལ་ལ། འདི་དང་མཆོད་བརྗོད་ཀྱི་འབྲེལ་ནི། བརྒལ་ལན་གྱི་ཚུལ་གྱིས་འབྲེལ་བར་འདོད་པ་དང༌། དྲིས་ལེན་གྱི་ཚུལ་གྱིས་འབྲེལ་བར་འདོད་པ་གཉིས་ལས། དང་པོ་ལྟར་ན། བསྟན་འཆོས་ཀྱི་བརྗོད་བྱ་མངོན་པར་རྟོགས་པ་མཐའ་དག་བཤད་པ་དེ་ལྟ་ན། མདོ་དང་ཟློས་པའི་སྐྱོན་ཡོད་དོ་ཞེས་རྒོལ་བའི་ལན་དུ། དགོས་འབྲེལ་གྱི་གཞུང་འདི་དག་གསུངས་ལ། འཆད་ཚུལ་གཉིས་པ་ལྟར་ན། མཆོད་པར་བརྗོད་པའི་ཤུགས་ལ་བསྟན་འཆོས་རྩོམ་པར་དམ་བཅས་ན། དགོས་པ་ཅིའི་ཕྱིར་དུ་རྩོམ་ཞེ་ན། དེའི་ལན་དུ་གཞུང་འདི་གསུངས་སོ། །དགོས་འབྲེལ་དང་ལུས་རྣམ་བཞག་ནི་དྲིས་ལན་གྱི་ཚུལ་དུ་འབྲེལ་བར་འཆད་ན། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་པ་ལས་འཕྲོས་ནས། བསྟན་འཆོས་འདིས་མདོ་དོན་བདེ་བླག་ཏུ་རྟོགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེས་མདོ་དོན་དངོས་པོ་བརྒྱད་ཀྱི་སྒོ་ནས་བཤད་པའི་ཕྱིར། ཞེས་འཆད་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པའོ། །འདི་ལྟར་འཆད་ན་རྣམ་བཤད་རིགས་པ་དང་མཐུན་པ་ཡིན་ཏེ། ཇི་སྐད་དུ། དགོས་པའི་དོན་ནི་བསྡུས་དོན་ལས། །ཞེས་གསུངས་སོ། །ཉི་ཁྲི་སྣང་བ་ལྟར་ན། ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་ཡུམ་དེ་གང་ཡིན་ཞེ་ན། དེའི་ལན་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་གསུངས་སོ། །དེ་ཡང་སློབ་དཔོན་ལྟར་ན། འདི་དང་མཆོད་བརྗོད་ཀྱི་ཤེར་ཕྱིན་གཉིས་ཀ་ཡང་དངོས་བསྟན་ལ་འབྲས་ཡུམ་ཁོ་ན་ཡིན་ལ། དེས་མཚོན་ནས་དངོས་པོ་བརྒྱད་ཀ་ཡུམ་དུ་འཆད་དགོས་པ་ཡིན་ཏེ། ཡུམ་གྱི་མཚན་ཉིད་ཚང་བའི་ཕྱིར། ཡུམ་གྱི་མཚན་ཉིད་ཚང་བས་ཤེར་ཕྱིན་གྱི་མཚན་ཉིད་ཚང་བའི་ཁྱབ་པ་མེད་དེ། ཡུམ་གྱི་དོན་ནི་འཕགས་པ་རྣམས་སྐྱེད་བྱེད་དང༌། དེའི་བཞེད་དོན་སྒྲུབ་བྱེད་ཡིན་ལ། ཤེར་ཕྱིན་གྱི་དོན་ནི། ཕ་རོལ་ཏུ་ཕྱིན་པར་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་ཟིན་པ་གང་རུང་ལ་འཆད་པའི་ཕྱིར། དེ་ལྟར་བྱས་ན། མཆོད་བརྗོད་དང་བསྡུས་དོན་གྱི་སྐབས་ནས་བསྟན་པའི་ཤེར་ཕྱིན་ཡིན་ན། ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པས་ཁྱབ་ལ། དེ་དང་དེའི་སྐབས་ནས་བསྟན་པའི་ཡུམ་ལ་མངོན་པར་རྟོགས་པ་བརྒྱད་ཀ་ཡོད་དོ་ཞེས་བྱ་བ་འདི་ནི་སློབ་དཔོན་གྱི་དགོངས་པའོ། །དགོས་འབྲེལ་གྱི་སྐབས་སུ། བསྟན་འཆོས་འདིའི་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་དོ་ཞེས་ཟེར་བ་དེ་ནི་ཅུང་ཟད་ཁྱབ་ཆུང་བ་ཡིན་ཏེ། ཡུམ་གྱི་མདོའི་དངོས་ཀྱི་བརྗོད་བྱ་གང་ཡིན་པ་དེ་ཡང་འདིའི་བརྗོད་བྱར་ཁས་ལེན་དགོས་པའི་ཕྱིར་ཏེ། ཇི་སྐད་དུ་རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ། ཞེས་གསུངས་པས་སོ། །མདོར་ན་མདོའི་དངོས་ཤུགས་ཀྱི་བསྟན་བྱ་གཉིས་ཀ་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་གསུམ་ཀ་བསྟན་འཆོས་འདིའི་དངོས་སམ་ཚིག་ཟིན་གྱི་བརྗོད་བྱའོ། །དེ་ཡང་བསྟན་འཆོས་འདིར་དངོས་པོ་བརྒྱད་ཀྱི་ལྡོག་པ་ནས་འཆད་པའི་གཞུང་རྣམས་ཀྱིས་ནི། མདོའི་སྦས་དོན་དེ་ཉིད་དངོས་སུ་བསྟན་པ་ཡིན་ལ། དོན་བདུན་ཅུ་འཆད་པའི་གཞུང་རྣམས་ཀྱིས་ནི། མདོའི་དངོས་བསྟན་དེ་ཉིད་དངོས་ཀྱི་བརྗོད་བྱར་བསྟན་པ་ཡིན་ནོ། །དེ་ཡང་ཅུང་ཟད་ཞིབ་མོར་འབྱེད་ན། སེམས་བསྐྱེད་དང་གདམ་ངག་དང༌། ངེས་འབྱེད་ཡན་ལག་ལ་སོགས་པའི་ཆོས་སོ་སོ་བ་རྣམས་མཚོན་བྱ་མཁྱེན་གསུམ་ལྟ་བུ་ལ་ལྟོས་པའི་མཚོན་བྱེད་ཀྱི་ཆོས་ཡིན་ཡང༌། དེ་དག་རང་རང་སོ་སོའི་ཡན་ལག་འདུན་པ་དང༌། བསམ་པ་སོགས་དང༌། བསྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམ་ངག་ལྟ་བུ་དང༌། ཐེག་ཆེན་གྱི་སྦྱོར་ལམ་གྱི་དམིགས་པའི་ཁྱད་པར་ལྟ་བུ་ལ་ལྟོས་ཏེ་མཚོན་བྱ་དང་མདོའི་ཤུགས་བསྟན་དུ་འགྱུར་ལ། ཉིང་ལག་སོ་སོ་བ་དེ་རྣམས་མདོ་དང་བསྟན་འཆོས་གཉིས་ཀའི་དངོས་ཀྱི་བརྗོད་བྱའོ། །འོ་ན་སྟོང་ཉིད་དང་མངོན་རྟོགས་གཉིས་པོ་ལས་བསྟན་འཆོས་ཀྱི་བརྗོད་བྱའི་གཙོ་བོ་གང་ཡིན་ཞེ་ན། དེས་དེ་གཉིས་ཀ་བརྗོད་བྱར་སྟོན་ཚུལ་ལ་ཁྱད་པར་ཡོད་པ་མ་ཡིན་ལ། ཅུང་ཟད་ཞིབ་མོར་འབྱེད་ན། བསྡུས་དོན་གསུམ་ཀའི་སྐབས་སུ་མངོན་རྟོགས་བརྗོད་བྱའི་གཙོ་བོ་དང༌། སྤྱིར་ཚིག་དོན་ལ་བྱེ་བྲག་འགྲེལ་པས་ཚིག་དོན་འཆད་པའི་སྐབས་སུ་མདོ་དང་དངོས་སུ་སྦྱོར་བ་ཡིན་པས། སྟོང་ཉིད་བརྗོད་བྱའི་གཙོ་བོར་འགྱུར་རོ། །དེ་ལྟ་ན་ཡང༌། བསྟན་བྱའི་གཙོ་བོ་ནི་མངོན་པར་རྟོགས་པ་ཉིད་ཡིན་ཏེ། བསྟན་འཆོས་འདིས་མངོན་པར་རྟོགས་པ་བརྒྱད་པོ་དེ་ཡུམ་གསུམ་གྱི་རྒྱན་དུ་གསལ་བར་བྱས་པས་ན། རྒྱན་ཡིན་པའི་ཕྱིར། འདིའི་སྐབས་ཀྱི་ཆོས་སྤྱོད་བཅུ་ནི། སེམས་བསྐྱེད་ལ་སོགས་པ་རྣམ་མཁྱེན་གྱི་ཆོས་བཅུ་ལ་འཆད་པ་འགྲེལ་ཆེན་གྱི་དགོངས་པར་སྣང་ཞིང༌། དོན་གསལ་ལྟར་ན། བཅུ་པོ་དེ་དང་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་སྟེ། བཅུ་ཚན་གཉིས་ལ་འཆད་པར་མངོན་ནོ། །གསུམ་པ་བསྟན་འཆོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ་གསུམ་སྟེ། རྒྱས་པ་ལ་དགའ་བ་ལ་བརྒྱད་དུ་ཕྱེ། བར་པ་ལ་དགའ་བ་ལ་དྲུག་ཏུ་ཕྱེ། བསྡུས་པ་ལ་དགའ་བ་ལ་གསུམ་དུ་བཤད་པའོ། །འདི་ཡང་ཚིག་རྒྱས་བསྡུས་མ་ཡིན་གྱི། དོན་རྒྱས་བསྡུས་ཀྱི་དབང་དུ་བྱས་པ་ཡིན་ལ། དེ་ཡང་དོན་གྱི་ངོ་བོ་ལ་རྒྱས་བསྡུས་མེད་ཀྱང༌། མངོན་རྟོགས་ཀྱི་རྐང་གྲངས་མང་ཉུང་ལ་རྒྱས་བསྡུས་སུ་བཞག་པའོ། །འོ་ན་བསྡུས་དོན་གསུམ་པོ་ལ་ཁྱད་པར་ཅི་ཡོད་ཞེ་ན། ལོ་ཙཱ་བ་ཆེན་པོ་ནི། མངོན་པར་རྟོགས་པའི་ངོ་བོ་ངེས་པ་དང༌། གྲངས་ངེས་པ་དང༌། གོ་རིམ་ངེས་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་ཤིང༌། འདི་ཉིད་ལེགས་པར་བཤད་པ་ཡིན་ལ། དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། འདི་མི་འཐད་དེ། གསུམ་ཀ་ལ་ཚིག་དོན་རྒྱས་པར་བསྟན་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་བསྡུས་དོན་གསུམ་གྱི་མི་འདྲ་བའི་ཁྱད་པར་ནི། ཡན་ལག་རྒྱས་བཤད་ཀྱི་དོན་རགས་པ་རྣམས་ལ་ཡིད་དཔྱོད་ཀྱིས་ངེས་པ་འདྲེན་ནུས་པ་དང༌། མི་ནུས་པའི་ཁྱད་པར་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་ནི་རིགས་པ་མིན་ཏེ། ཡན་ལག་རྒྱས་བཤད་ཀྱི་དོན་རགས་པ་ལ་ཡིད་དཔྱོད་ཀྱིས་ངེས་པ་འདྲེན་པ་དེ་བསྡུས་དོན་དང་པོའི་ཁྱད་པར་མ་ཡིན་པ་དང༌། ཡིན་དུ་ཆུག་ཀྱང་དེས་བསྡུས་དོན་གསུམ་གྱི་ཁྱད་པར་མི་ཕྱེད་པས་སོ། །དང་པོ་ནི། དེས་དེ་ལ་ངེས་པ་འདྲེན་པའི་རྒྱུ་མཚན་ཅི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པ་ནས། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པའི་བར་གྱིས་དེ་ལ་ངེས་པ་འདྲེན་པའམ། སེམས་བསྐྱེད་པ་དང་ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་གྱིས་དེ་ལ་ངེས་པ་འདྲེན་པ་ཡིན། དང་པོ་ལྟར་ན་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །ཞེས་སོགས་དང༌། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་ཀྱིས་ཀྱང་དེ་ལ་ངེས་པ་འདྲེན་ནུས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྔ་མ་ལ་དངོས་པོ་བརྒྱད་ཀྱི་རྐང་གྲངས་ཙམ་ཞིག་སྨོས་པ་ལས་ལྷག་པ་མེད་ལ། དེ་ནི་ཕྱི་མ་གཉིས་ལ་ཡང་ཡོད་པའི་ཕྱིར་དང༌། དེས་དེ་ལ་དེ་འདྲེན་ནུས་ན་དངོས་པོ་དྲུག་དང་གསུམ་གྱི་རྐང་གྲངས་ཙམ་ཞིག་བསྟན་པས་ཀྱང་དེ་ནུས་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ནི། བསྡུས་དོན་གསུམ་གྱི་ཁྱད་པར་དུ་མ་སོང་སྟེ། མངོན་པར་རྟོགས་པ་བརྒྱད་དང་དྲུག་དང་གསུམ་དུ་བཤད་པའི་ཁྱད་པར་དུ་མ་སོང་བའི་ཕྱིར་དང༌། སེམས་བསྐྱེད་ལ་སོགས་པའི་དོན་བདུན་ཅུའི་རྐང་གྲངས་བཤད་མ་བཤད་ཀྱི་ཁྱད་པར་དུ་སོང་བའི་ཕྱིར། དེ་ཡང་དེ་ལྟར་འདོད་དོ་ཞེ་ན། འོ་ན་བསྡུས་དོན་གསུམ་གྱི་ཁྱད་པར་དོན་བདུན་ཅུའི་རྐང་གྲངས་བསྟན་མ་བསྟན་གྱི་ཁྱད་པར་ཡིན་ནོ་ཞེས་ཁྱེད་ཀྱིས་འཆད་རིགས་པར་འགྱུར་རོ། །དེ་ཡང་དེ་ལྟར་འདོད་ན་ནི། ཆེས་ཤིན་ཏུ་རིགས་པ་མིན་ཏེ། བསྡུས་དོན་གསུམ་ཀ་ཡང་སེམས་བསྐྱེད་ལ་སོགས་པ་དོན་བདུན་ཅུའི་སྒོ་ནས་འཆད་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར་དང༌། སེམས་བསྐྱེད་པ་དང་ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་གྱི་ཚིག་ལེའུར་བྱས་པ་བཅུ་གསུམ་པོ་དེས་ནི། བསྡུས་དོན་གསུམ་ཀ་འཆད་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར། དེས་དེ་མི་འཆད་ན། བསྡུས་དོན་ཕྱི་མ་གཉིས་ལ་འཆད་བྱེད་ཀྱི་དོན་བདུན་ཅུའི་རྣམ་བཞག་མེད་པར་འགྱུར་རོ། །དེ་སྐད་དུ་ཡང་རྒྱས་པར་ནི་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ནི། དེ་ལྟ་ན་བསྡུས་དོན་ཕྱི་མ་གཉིས་ཀྱི་ཁྱད་པར་གང་ཡིན་པ་ཁྱེད་ཀྱིས་འཆད་པར་མི་ནུས་ཏེ། དེ་གཉིས་ལ་ཁྱེད་ཀྱིས་བཤད་པའི་ཁྱད་པར་བཤད་མ་ཐག་པ་དེ་མེད་པའི་ཕྱིར་དང༌། ཁྱད་པར་གཞན་ཡང་ཁྱེད་ཀྱིས་འཆད་པར་མི་ནུས་པའི་ཕྱིར། དེས་ན་འདི་ལྟར་འཆད་དགོས་ཏེ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་དྲུག་གིས་ཡང་དག་བཤད། །མཚན་ཉིད་དེ་ཡི་སྦྱོར་བ་དང༌། །ཞེས་པ་ནས། དོན་བསྡུས་གཞན་ཏེ་རྣམ་པ་དྲུག །སེམས་བསྐྱེད་པ་དང་གདམ་ངག་དང༌། །ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སྦྱར་བར་བྱ་ཞིང༌། བསྡུས་དོན་གསུམ་པ་ལ། ཡང་ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་གསུམ་གྱིས་ཡང་དག་བཤད། །ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པ་ནས། དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །སེམས་བསྐྱེད་པ་དང་ཞེས་སོགས་སྦྱར་བར་བྱ་བ་ཡིན་ནོ། །དེ་ཡང་དངོས་པོ་བརྒྱད་དུ་བསྟན་པ་དེའི་ཚེ་ན་ནི། ལམ་གྱི་རིམ་པ་གཉིས་བསྟན་པ་ཡིན་ཏེ། མཁྱེན་པ་གསུམ་གྱིས་ལམ་གྱི་རིམ་པ་ཆ་ཚང་བ་གཅིག་དང༌། སྦྱོར་བ་བཞི་ཆོས་སྐུ་དང་བཅས་པས་ལམ་གྱི་རིམ་པ་ཆ་ཚང་བ་གཉིས་པ་ཞིག་བསྟན་པའི་ཕྱིར། དངོས་པོ་དྲུག་དང་གསུམ་དུ་བཤད་པ་དེའི་ཚེ་ན་ནི། ལམ་གྱི་རིམ་པ་ཆ་ཚང་བ་རེ་རེ་ཁོ་ན་བསྟན་པ་ཡིན་ཏེ། དྲུག་གི་སྐབས་སུ་མཁྱེན་པ་གསུམ་པོ་དེ་མཚན་གཞིར་བཞག་ནས། སེམས་བསྐྱེད་ལ་སོགས་པའི་ཆོས་སུམ་ཅུ་པོ་དེ་མཚན་ཉིད་དང༌། སྦྱོར་བ་བཞི་པོ་ནི་དེས་དེ་མཚོན་པའི་རྣལ་འབྱོར་དང༌། ཆོས་སྐུ་འབྲས་བུར་འཆད་པ་ཡིན་ལ། དངོས་པོ་གསུམ་གྱི་སྐབས་སུ་ནི། མཁྱེན་པ་གསུམ་པོ་ཡུལ་དང༌། སྦྱོར་བ་བཞི་པོ་ཉམས་སུ་ལེན་པའི་རྣལ་འབྱོར་དང༌། ཆོས་སྐུ་འབྲས་བུར་འཆད་པ་ཡིན་ནོ། །འོ་ན་མཁྱེན་པ་གསུམ་མཚན་གཞིར་བཞག་པ་དང༌། ཡུལ་དུ་བཞག་པའི་ཁྱད་པར་ཅི་སྙམ་ན། མཚན་གཞིར་བཞག་པ་དེའི་ཚེ་ན་ནི། མཚོན་བྱེད་ཀྱི་ཆོས་སུམ་ཅུས་མཚོན་པར་བྱ་བའི་གཞིར་བཞག་པ་ཡིན་ལ། དེའི་ཚེ་ཉམས་སུ་བླངས་བྱར་སོང་བ་ཡིན་ཏེ། ཇི་སྐད་དུ། དེའི་སྦྱོར་བ་དང་ཞེས་པས་ཡུལ་དུ་བཞག་པ་དེའི་ཚེ་ན་ནི། ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཡུལ་དུ་བཞག་པས་སོ། །འོ་ན་དེ་ཙམ་གྱིས་བསྡུས་དོན་གཉིས་པོའི་ཁྱད་པར་དབྱེ་བར་མི་ནུས་སོ་ཞེ་ན། དེ་ཙམ་གྱིས་མི་ནུས་པ་བདེན་མོད་ཀྱང༌། མཁྱེན་པ་གསུམ་པོ་དེ་ཉམས་སུ་ལེན་པར་བྱེད་པའི་རྣལ་འབྱོར་སྦྱོར་བཞིའི་འཇོག་ཚུལ་ལས་ཐ་དད་དུ་དབྱེ་ནུས་ཏེ། དངོས་པོ་དྲུག་གི་སྐབས་སུ་ནི། སྦྱོར་བ་བཞི་པོ་སྔ་མ་ལས་ཕྱི་མ་སྐྱེ་བའི་གོ་རིམ་ངེས་པ་ཅན་གྱི་སྒོ་ནས་བཤད་ལ། དངོས་པོ་གསུམ་གྱི་སྐབས་སུ་ནི། བཞི་ཀ་ལ་ཡང་སྦྱོར་བ་ཞེས་གཅིག་ཏུ་བསྡུས་ནས་གྲངས་དང༌། གོ་རིམ་གཉིས་ཀ་མ་བཤད་པ་ལས་སོ། །དེའི་ཕྱིར་ལོ་ཙཱ་བ་ཆེན་པོས། གསུམ་པོའི་ཁྱད་པར་ངོ་བོ་ངེས་པ་དང༌། གོ་རིམ་ངེས་པ་དང༌། གྲངས་ངེས་པ་ཞེས་གསུངས་པ་དེ་ཉིད་འཐད་པ་ཡིན་ནོ། །དེ་ལྟར་གསུམ་གྱི་ནང་ནས་དང་པོ་བརྒྱད་དུ་ཕྱེ་བ་ལ་གཉིས་ཏེ། ལུས་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྗོད་བྱེད་གཞུང་གི་འཕྲོས་དང༌། བརྗོད་བྱ་དོན་གྱི་བཞུགས་ཚུལ་བཤད་པའོ། །དང་པོ་ནི། སྔར་གོང་དུ་བཤད་པ་ལྟར་མཆོད་བརྗོད་དང་དགོས་འབྲེལ་གཉིས་ནི། བརྒལ་ལན་གྱི་ཚུལ་གྱིས་འབྲེལ་བ་ཡིན་ལ། དགོས་འབྲེལ་དང་ལུས་རྣམ་བཞག་ནི་དྲིས་ལན་གྱི་ཚུལ་གྱིས་འབྲེལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། བསྟན་འཆོས་འདི་ལ་བརྟེན་ནས་མདོ་དོན་བདེན་བླག་ཏུ་རྟོགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པའོ། །བརྒྱད་པོ་གང་ཞེ་ན། རྣམ་ཀུན་མཁྱེན་ཉིད་ནས། བརྒྱད་ཅེས་པའི་བར་རོ། །བརྒྱད་པོ་མདོ་ལས་མ་བསྟན་ནོ་སྙམ་ན། མདོའི་དངོས་བསྟན་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྦྱར་ནས་འཆད་པ་ལ་བརྒྱད་ལས། དང་པོ་ཡུམ་གྱི་མདོའི་དངོས་བསྟན་དུ་གྱུར་པའི་སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་དང༌། སྦས་དོན་དུ་གྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྦྱར་ནས་འཆད་པ་ནི། སེམས་བསྐྱེད་པ་དང་ཞེས་པ་ནས། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པའི་བར་རོ། །ཡང་མདོའི་དངོས་བསྟན་དུ་གྱུར་པའི་ཆོས་བཅུ་གཅིག་དང༌། སྦས་དོན་དུ་གྱུར་པའི་ལམ་ཤེས་པ་ཉིད་ལ་སྦྱར་ནས་འཆད་པ་ནི། མོག་མོག་པོ་བྱེད་ཞེས་པ་ནས། དེ་འདྲར་བཤད་ཅེས་པའི་བར་རོ། །ཡང་དངོས་བསྟན་དུ་གྱུར་པའི་ཆོས་དགུ་དང༌། །ཐམས་ཅད་ཤེས་པ་ཉིད་སྦྱར་ནས་འཆད་པ་ནི། །ཤེས་པས་སྲིད་ལ་མི་གནས་ཤིང༌། །ཞེས་པ་ནས། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་པའི་བར་ཡིན་ལ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ན་མཁྱེན་པ་གསུམ་གྱི་ཆོས་ནི་སུམ་ཅུ་ཁོ་ནར་ངེས་ལ། འདི་དག་མཚོན་བྱེད་ཀྱི་ཆོས་ཞེས་བྱ་སྟེ། དེས་དེ་མཚོན་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །ཞེས་གསུངས་སོ། །དེས་དེ་མཚོན་པ་ཡང་མདོའི་དབང་དུ་བྱས་པ་ཡིན་གྱི། བསྟན་འཆོས་སུ་ནི་དེར་ངེས་པ་མིན་ཏེ། སྐབས་གཉིས་པ་དང་གསུམ་པ་འཆད་པའི་བསྟན་འཆོས་སུ་མཁྱེན་པ་གཉིས་དངོས་སུ་ཚིག་གིས་ཟིན་པར་བསྟན་པ་ཡིན་གྱི། དེས་དེ་མཚོན་ནས་བསྟན་པ་མ་ཡིན་པའི་ཕྱིར་རོ། །སྐབས་དང་པོར་ནི་མདོ་དང་བསྟན་འཆོས་གཉིས་ཀ་ལས་ཆོས་བཅུ་པོས་རྣམ་མཁྱེན་མཚོན་ནས་བསྟན་པ་ཡིན་གྱི། དངོས་སུ་བསྟན་པ་མིན་ནོ། །མཚོན་པའི་ཚུལ་ལ་ལོ་ཙཱ་བ་ཆེན་པོས་རྒྱུས་འབྲས་བུ་མཚོན་པར་བཞེད་ཀྱང༌། ཡུལ་གྱིས་ཡུལ་ཅན་མཚོན་པ་ཉིད་བཟང་པོའི་ཞབས་ཀྱི་བཞེད་པར་གསལ་ལ། རྣམ་རྫོགས་སྦྱོར་བའི་ཆོས་ནི་བཅུ་གཅིག་ཏུ་ཤཱནྟི་པ་དང༌། རཏྣ་ཀིརྟིས་བཤད་པ་ལྟར་ལུས་རྣམ་བཞག་གི་ཚིག་ཟིན་དང་མཐུན་ལ། ཡན་ལག་རྒྱས་བཤད་ལྟར་ན། སྒོམ་པ་པོའི་གང་ཟག་ཀྱང་ཆོས་སོ་སོ་བ་གཅིག་ཏུ་བགྲང་དགོས་པས། བཅུ་གཅིག་ཏུ་གྲངས་ངེས་པ་མེད་དོ། །རྩེ་སྦྱོར་གྱི་ཆོས་ནི་བརྒྱད་ཡིན་པར་བོད་ཀྱི་སློབ་དཔོན་རྣམས་འཆད་ལ། བརྒྱད་པོའི་ངོས་འཛིན་ཡང་སྦྱོར་རྩེ་བཞི་མཐོང་སྒོམ་གྱི་རྩེ་སྦྱོར་གཉིས། བར་ཆད་མེད་རྩེ། བསལ་བྱ་ལོག་བསྒྲུབ་དང་བརྒྱད་དོ་ཞེས་བཤད་པ་དེ་དག་ལ་ནི། ལུང་རིགས་ཀྱི་ཤེས་བྱེད་ཅི་ཡང་ཡོད་པ་མིན་ཏེ། དེ་གཉིས་ཀ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ལུས་རྣམ་བཞག་གི་ཚིག་ཟིན་ལྟར་ན་ནི། སྦྱོར་མཐོང་སྒོམ་པ་གསུམ་ཆར་ལ་བཞི་བཞིར་ཕྱེ་བའི་ཕྱིར་དང༌། བསལ་བྱ་ལོག་སྒྲུབ་དེའི་ཆོས་སུ་བགྲང་དགོས་ན། མཐོང་སྒོམ་ལམ་གྱི་སྤང་བྱ་རྟོག་པ་གཉིས་ཀྱང་བགྲང་དགོས་པར་མཚུངས་པའི་ཕྱིར་དང༌། མཐོང་སྒོམ་གྱི་རྩེ་སྦྱོར་གཉིས་ལ་བཞི་བཞིར་བཤད་ཀྱང་རེ་རེར་བགྲང་ན། སྦྱོར་ལམ་རྩེ་སྦྱོར་ཀྱང་གཅིག་ཏུ་བགྲང་རིགས་པར་མཚུངས་པའི་ཕྱིར། དེས་ན་རྩེ་སྦྱོར་གྱི་ཆོས་ནི་བཅུ་གསུམ་སྟེ། བཅུ་གཉིས་པོའི་སྟེང་དུ་བར་ཆད་མེད་པའི་རྩེ་སྦྱོར་བསྣན་པས་སོ། །འོན་ཀྱང་ཤཱནྟི་པས་ཀྱང་དེའི་ཆོས་བརྒྱད་དུ་བཤད་པས། དེའི་བསམ་པ་ནི་མདོ་ལས་རྟོག་པ་དངོས་སུ་བསྟན་པ་དེའི་གཉེན་པོ་མཐོང་སྒོམ་གཉིས་པོ་ཤུགས་ལ་བསྟན་པས་ཕན་ཚུན་མཚོན་བྱ་མཚོན་བྱེད་ཡིན་པས། སྤང་གཉེན་གཉིས་པོ་རེ་རེ་ཁོ་ནར་བགྲང་ལ། བར་ཆད་མེད་རྩེ་དང༌། བསལ་བྱ་ལོག་བསྒྲུབ་ནི་མདོ་དང་བསྟན་བཅོས་གཉིས་ཀ་ལས་སོ་སོ་ཐ་དད་དུ་བསྟན་པས་ལོགས་སུ་བགྲང་པའོ། །སློབ་དཔོན་འདིའི་བཞེད་པ་ནི་དེ་ལྟ་མ་ཡིན་ཏེ། མཐོང་སྒོམ་གྱི་རྩེ་སྦྱོར་གཉིས་ཀྱི་སྐབས་སུ། ཇི་སྐད་དུ། དེ་དག་སྤང་བ་ཉིད་དུ་གཉེན་པོ་རྣམ་པ་བཞི་ཡང་ཐ་དད་དོ། །ཞེས་བཤད་པས་སོ། །མདོར་ན་རྩེ་སྦྱོར་གྱི་ཆོས་བརྒྱད་དུ་བཤད་པ་དེ་དག་གིས་ནི་དོན་བདུན་ཅུའི་གྲངས་ངེས་བཟུང་བའི་ཕྱིར་ཡིན་ལ། སློབ་དཔོན་འདིའི་བཞེད་པ་ལ་ནི། དོན་བདུན་ཅུའི་གྲངས་ངེས་མི་མཛད་པར་དངོས་སུ་གསལ་ཞིང༌། བཤེས་གཉེན་གྲོ་ལུང་པ་ཆེན་པོ་ནི། དོན་བདུན་ཅུ་རྩ་དྲུག་ཏུ་ངེས་པ་ཉིད་སློབ་དཔོན་གྱི་དགོངས་པར་འཆད་དོ། །ལྷག་མ་གསུམ་གྱི་ཆོས་སོ་སོའི་གྲངས་ནི་གཞུང་ལས་དངོས་སུ་གསལ་ལ། དེ་ཡང་ཆོས་སྐུའི་གཞི་ནི། འཕགས་པས་སྐུ་གསུམ་འཕྲིན་ལས་དང་བཅས་པ་ལ་བཞེད་ཅིང༌། སློབ་དཔོན་ནི་སྐུ་བཞི་པོ་ཉིད་ལ་འཆད་དོ། །རང་གི་རྣམ་པར་རྟོག་པས་བརྟགས་ཏེ་དོན་བདུན་ཅུའི་རྣམ་བཞག་བྱེད་ན། གཞན་རྣམས་སྔ་མ་དང་འདྲ་བ་ལ། རྩེ་སྦྱོར་གྱི་ཆོས་བརྒྱད་ཡིན་པའི་ཚུལ་ནི། སྦྱོར་ལམ་ལ་བཞི། མཐོང་སྒོམ་གཉིས་ལ་མིང་གི་སྒོ་ནས་བཞི་བཞིར་ཕྱེ་བས་བརྒྱད་ཡིན་ཀྱང༌། རྫས་སུ་ནི་བཞིར་འདུས་པ་ཡིན་ཏེ། རེ་རེ་ཡང་སྦྱོར་འཇུག་གཉིས་གཉིས་སུ་འདུས་པས་སོ། །དེའི་ཚེ་ན་མཐོང་ལམ་རྩེ་སྦྱོར་གྱི་སྦྱོར་བ་ཉེར་བསྡོགས་ནི། སྦྱོར་ལམ་དུ་འདུས་པ་ལ་དགོངས་ནས་ཡན་ལག་རྒྱས་བཤད་དུ་ངོས་བཟུང་བ་མེད་པས། འཇུག་པ་བར་ཆད་མེད་ལམ་གཅིག་པུར་ངེས་ཤིང༌། སྒོམ་ལམ་གྱི་རྩེ་སྦྱོར་ལ་ནི། སྦྱོར་འཇུག་གཉིས་སོ་སོར་གཞུང་དུ་ངོས་བཟུང་བས། དེ་ལྟར་བདུན་དང་བར་ཆད་མེད་པའི་རྩེ་སྦྱོར་རྣམས་སོ། །གཉིས་པ་བརྗོད་བྱ་དོན་གྱི་བཞུགས་ཚུལ་བཤད་པ་ལ་གསུམ་སྟེ། མདོ་དང་བསྟན་འཆོས་གཉིས་ཀའི་དངོས་ཤུགས་ཀྱི་བརྗོད་བྱའི་གཙོ་བོ་ཤེར་ཕྱིན་ངོས་བཟུང༌། མདོའི་སྦས་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་རྣམ་པར་བཞག་པ་བཤད། དོན་བདུན་ཅུ་པོ་མདོའི་དངོས་བསྟན་ཇི་ལྟར་ཡིན་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། འཕགས་སེང་གིས་ཇི་ལྟར་བཤད་པའི་ཚུལ་དང༌། དེའི་དགོངས་པ་བཤད་པའོ། །དང་པོ་ནི། འཕགས་པས་མཆོད་བརྗོད་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཤེར་ཕྱིན་དེ་གང་ཡིན་ཞེ་ན། དེ་ངོས་འཛིན་པ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་གསུངས་པར་འཆད་དོ། །སློབ་དཔོན་ནི། ཡུམ་བརྒྱད་སྟོང་པ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་ངེས་པར་འབྱུང་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་པའི་སྐབས་ཀྱི་ཤེར་ཕྱིན་དེ་ངོས་འཛིན་པ་ན། ཇི་སྐད་དུ། འགྲེལ་ཆེན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཚིག་དང༌། ངག་གི་ཚོགས་ཀྱི་གཞུང་དང༌། མཐོང་བ་ལ་སོགས་པའི་ལམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནི་བཏགས་པའོ། །ཞེས་གསུངས་སོ། །འདིའི་དོན་འཆད་པ་ལ། བོད་སྔ་མ་རྣམས་ལ་ལུགས་གཉིས་ཡོད་པ་ལས། དང་པོ་ལ། འབྲས་བུའི་ཤེར་ཕྱིན་ནི་དེ་དངོས་དང༌། གཞུང་ལམ་གཉིས་པོ་དེ་མཐའ་གཅིག་ཏུ་བཏགས་པ་བ་ཁོ་ནར་བཤད་ནས། དེ་དག་དེ་མཚན་ཉིད་པ་ཡིན་པ་ལ་དངོས་ལ་གནོད་བྱེད་སྟོན་པའི་ལུགས་གཅིག་དང༌། ཡང་གཞན་དག་གིས་ནི། ཤེར་ཕྱིན་ལ་གཙོ་ཕལ་གཉིས་སུ་ཕྱེ་ནས་འབྲས་བུའི་ཤེར་ཕྱིན་ནི་དེའི་གཙོ་བོ་དང༌། གཞུང་ལམ་གཉིས་པོ་དེ་ནི། ཤེར་ཕྱིན་ཕལ་པ་ཡིན་ཀྱང་དེ་མཚན་ཉིད་པ་ཡིན་ཏེ། དཔེར་ན་མི་ཕལ་པ་མི་ཡིན་པ་བཞིན་ནོ། །ཞེས་འཆད་དོ། །དེ་ལྟར་འཆད་པ་དེ་གཉིས་ཀས་ཀྱང་ལེགས་པར་བཤད་པ་མ་ཡིན་ཏེ། དེ་ཡང་ལུགས་དང་པོས། གཞུང་ལམ་གང་རུང་ལ་ཤེར་ཕྱིན་མ་ཡིན་པས་ཁྱབ་པར་བཤད་ལ། དེ་ཡང་སློབ་དཔོན་གྱི་དགོངས་པ་མ་ཡིན་པའི་ཕྱིར་ཏེ། ལུགས་གཉིས་པས་གཞུང་ལམ་གྱི་ཤེར་ཕྱིན་ལ་ཤེར་ཕྱིན་གྱིས་ཁྱབ་པར་བཤད་ལ། དེ་ཡང་སློབ་དཔོན་གྱི་དགོངས་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དང་པོ་དེ་མ་ཡིན་ཏེ། འགྲེལ་ཆེན་དུ། གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་དྲངས་པའི་དེ་མ་ཐག་ཏུ། དེའི་ཕྱིར་དེ་དང་འབྲེལ་པས་གཟུགས་བརྙན་དང་བྲལ་བ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཞེས་ངེས་པར་བཟུང་བ་ཡིན་ཏེ། གཙོ་བོ་ལས་དབང་དུ་བྱས་པ་ཡིན་ནོ། །དེ་རྣམས་ཉིད་ཀྱིས་ནི་མ་ཡིན་ཏེ། འདི་མེད་ན་མི་འབྱུང་བས་བྱང་ཆུབ་གཉིས་ཀའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ཡང་འདི་ཉིད་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་ལ། དེ་ལྟར་གསུངས་པ་དེས་ནི་གཟུགས་བརྙན་དང་བྲལ་བའི་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཀའང་ཤེར་ཕྱིན་དུ་བཤད་པའི་ཕྱིར། དེའི་དོན་ཡང་གཟུགས་བརྙན་ཞེས་པ་ནི། སོ་སོ་སྐྱེ་བོ་དང་ཉན་རང་གི་རྒྱུད་ཀྱི་གཞུང་ལམ་གྱི་ཤེར་ཕྱིན་ལ་བྱ་བ་ཡིན་ལ། དེ་ཤེར་ཕྱིན་མ་ཡིན་པའི་ཤེས་བྱེད་ཀྱང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མ་ཡིན་པ་ལ་ཐུག་ལ། ཐེག་ཆེན་འཕགས་པའི་དེ་གཉིས་ཀ་དེ་ཡིན་པའི་ཤེས་བྱེད་ཀྱང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡིན་པ་ལ་ཐུག་གོ །ལུགས་གཉིས་པ་མི་འཐད་པའི་ཤེས་བྱེད་ནི། གཙོ་བོ་ལས་དབང་དུ་བྱས་པ་ཡིན་ནོ། །ཞེས་པས་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་པོ་གཙོ་ཕལ་དུ་སྟོན་པ་མ་ཡིན་ཏེ། འཕྲོས་དང་མི་མཐུན་པས། ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར་དང༌། སློབ་ལམ་ན་ཤེར་ཕྱིན་གཙོ་བོར་བཞག་པ་ཅིག་མེད་པར་ཐལ་བས་སོ། །ཇི་ལྟར་ཞེ་ན། ལུང་དེའི་འཕྲོས་དང་བཅས་པ་ནི། ཤེར་ཕྱིན་གྱི་མདོའི་བརྗོད་བྱ་ལ་གཟུགས་བརྙན་དང་དེ་མ་ཡིན་པའི་ཤེར་ཕྱིན་གཉིས་ཀ་ཡོད་པ་ལས། ཕྱི་མ་དེ་ཤེར་ཕྱིན་གྱི་མདོའི་བསྟན་བྱའི་གཙོ་བོ་དང༌། ཤེར་ཕྱིན་དངོས་སུ་འཆད་པ་ཡིན་ལ། དེའི་བརྗོད་བྱ་མཐའ་དག་ཤེར་ཕྱིན་མཚན་ཉིད་པ་ཁོ་ནར་མ་ངེས་པའི་ཤེས་བྱེད་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི་གཟུགས་བརྙན་དང་བྲལ་བའི་ཤེར་ཕྱིན་དེ་རྣམས་ཉིད་ཀྱི་དབང་དུ་བྱས་ནས་ཤེར་ཕྱིན་གྱི་མདོ་གསུངས་པ་མིན་ཏེ། ཤེར་ཕྱིན་གྱི་མདོ་འདི་མེད་ན་ཉན་རང་གི་བྱང་ཆུབ་ཀྱང་མི་འབྱུང་བས་བྱང་ཆུབ་གསུམ་ཀའི་དབང་དུ་བྱས་པའི་ཕྱིར་རོ། །གཉིས་པ་ལུང་ནི། དེ་ཡང་འདི་ཉིད་ལས་ཉན་ཐོས་ཀྱི་ས་ལ་ཞེས་སོགས་སོ། །ཡང་གང་དག་ཤེར་ཕྱིན་གསུམ་པོ་གཙོ་ཕལ་དུ་འཆད་པ་ཉིད་སློབ་དཔོན་གྱི་དགོངས་པ་ཡིན་གྱི། དངོས་བཏགས་སུ་འཆད་པ་ནི་དེའི་དགོངས་པ་མ་ཡིན་ནོ། །ཞེས་འཆད་པ་དེ་ཡང་རིགས་པ་མིན་ཏེ། འགྲེལ་ཆེན་ལས་དངོས་ཡིན་ལ་ཞེས་དང༌། ཞེས་བྱ་བ་ནི་བཏགས་པ་ཡིན་ནོ། །ཞེས་པའི་ལུང་གོང་དུ་དྲངས་མ་ཐག་པ་དེ་ལས་དངོས་བཏགས་སུ་གསལ་བའི་ཕྱིར། འོ་ན་དེའི་དོན་ཡང་ཅི་ཞེ་ན། གཞུང་ལམ་གྱི་ཤེར་ཕྱིན་གང་ཡིན་སྤྱིར་ཤེར་ཕྱིན་བཏགས་པ་བར་འཆད་པ་ནི་མ་ཡིན་ཏེ། དེ་ཡིན་ན། དེ་མ་ཐག་ཏུ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ཞེས་བཤད་པ་དང་འགལ་བའི་ཕྱིར་དང༌། སློབ་ལམ་ན་ཤེར་ཕྱིན་མཚན་ཉིད་པ་མེད་ན་འོག་ནས་འཆད་པ་ལྟར་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། འདི་ལ་འཆད་ཚུལ་གཉིས་ལས། ཤེར་ཕྱིན་གྱི་སྒྲ་དོན་ཕྱིན་ཟིན་པ་དང༌། ཕྱིན་པར་བྱེད་པ་ལ་འཆད་པ་གཉིས་ལས། དང་པོ་ལྟར་ན། གཞུང་དང་སློབ་པའི་ལམ་མཐའ་དག་ཤེར་ཕྱིན་མ་ཡིན་ཏེ། དེར་ཕྱིན་ཟིན་པ་མ་ཡིན་པའི་ཕྱིར། ཞེས་འཆད་དགོས་པ་ཡིན་ཏེ། འགྲེལ་ཆེན་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སོགས་གོང་དུ་དྲངས་པ་རྣམས་གསུངས་པས་སོ། །འཆད་ཚུལ་གཉིས་པ་ནི། གཟུགས་བརྙན་དུ་གྱུར་པའི་གཞུང་ལམ་རྣམས་ཤེར་ཕྱིན་བཏགས་པ་བར་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེའི་ཤེར་ཕྱིན་དེ་དང་འབྲེལ་བས་གཟུགས་བརྙན་དང་བྲལ་བ་ཞེས་སོགས་དྲངས་མ་ཐག་པ་རྣམས་དང་ཤིན་ཏུ་འབྲེལ་ཆགས་པའི་ཕྱིར། འོ་ན་དེའི་གཟུགས་བརྙན་ལ་དེར་བཤད་པ་ཡོད་དམ་ཞེ་ན། ཤེར་ཕྱིན་ལ་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་ཤེས་བགྱི་བ་འགལ་མ་མཆིས། །ཞེས་དང༌། དོན་གསལ་ཉིད་ལས་ཀྱང༌། ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བཤད་པ་ན། ཇི་སྐད་དུ། གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་པའང་བཤད་ཚུལ་གྱི་སྒོ་ནས་འཆད་དགོས་ཏེ། དེའི་སྒྲ་ཕྱིན་ཟིན་པ་ལ་འཆད་པའི་ཚེ་བཏགས་པ་བ་ཁོ་ན་དང༌། ཕྱིན་པར་བྱེད་པ་ལ་འཆད་པའི་ཚེ། གཟུགས་བརྙན་གྱི་གཞུང་ལམ་བཏགས་པ་བ་ཁོ་ན་དང༌། དེ་དང་བྲལ་བའི་གཞུང་ལམ་གཉིས་ཤེར་ཕྱིན་མཚན་ཉིད་པར་འཆད་དགོས་པ་ཡིན་ནོ། །མཚན་ཉིད་པ་དེ་ལའང་གཙོ་ཕལ་གཉིས་ལས། གཞུང་ནི་མིང་ཚིག་ཏུ་སྣང་བའི་རྣམ་རིག་ལས་མ་འདས་པས། ཕལ་པ་ཁོ་ན་ཡིན་ལ། ལམ་ལ་བདག་མེད་གསུམ་རྟོགས་པའི་དབྱེ་བས། དང་པོ་གཉིས་ཕལ་པ་དང༌། གསུམ་པ་ཤེར་ཕྱིན་གྱི་གཙོ་བོ་ཡིན་པར་ངེས་སོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ལ། དེའི་ཕྱིར་གང་དག །གཞུང་ལམ་དག་ལ་དེ་སྒྲས་བཏགས། །ཞེས་འདོན་པ་ནི་གཞུང་མིན་ནོ། །དེ་ལྟར་གཞན་གྱིས་བཏགས་པའི་མཐའ་བསལ་ནས། རང་གི་འདོད་པ་བཞག་པ་ལ་གཉིས་ཏེ། འགྲེལ་པའི་སྒྲ་ཟིན་བཤད་པ་དང༌། དགོངས་པའི་དོན་ཕྱེ་བའོ། །དང་པོ་ལ་ཉི་སྣང་གི་དོན་ནི། མཆོད་བརྗོད་སྐབས་སུ་དངོས་སུ་བསྟན་པའི་ཡུམ་དེ་ནི་འབྲས་ཡུམ་ཁོ་ནའོ། །ཞེས་འཆད་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པའོ། །དེ་མདོ་དང་རྒྱན་ལས་འཆད་ཚུལ་ཇི་ལྟ་བུ་ཞིག་གི་སྒོ་ནས་འཆད་ཅེ་ན། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པའོ། །འགྲེལ་ཆེན་གྱི་དོན་ནི་བརྒྱད་སྟོང་པའི་ཐོག་མར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ངེས་པར་འབྱུང་བ་ཞེས་པའི་སྐབས་ཀྱི་ཤེར་ཕྱིན་དེ་ནི་རྟེན་གྱི་གང་ཟག་དེ་བཞིན་གཤེགས་པ་ཁོ་ནའི་ཐུགས་རྒྱུད་ལ་ཡོད་པའི་ཤེར་ཕྱིན་ཁོ་ན་ལ་འཆད་དགོས་པ་ཡིན་ཏེ། མདོ་དེ་སེམས་བསྐྱེད་ཀྱི་དམིགས་ཡུལ་འཆད་པའི་མདོ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་ཆེན་ལས། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད། ཉི་ཤུ་རྩ་གཉིས་སུ་ཕྱེ་བའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ཆར་ལ་ཡང༌། ངེས་པར་འབྱུང་བར་འགྱུར་ཞིང༌། ངེས་པར་ཐོབ་པར་འགྱུར་བ་ཞེས་བྱ་བ་ནི། སེམས་བསྐྱེད་ལ་དམིགས་པ་དང་བཅས་པའི་རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་ཡིན་ལ། དེའི་དབྱེ་བ་ཉིད་ནི་མདོའི་དོན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱིས་རབ་འབྱོར་ལ་བཀའ་སྩལ་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པ་མཛད་པ་ཡིན་ནོ། །ཞེས་དང༌། དེའི་དེ་མ་ཐག་ཏུ། འདིར་མདོར་བསྡུས་པ་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ཆར་ཡང་ཇི་ལྟར་རིགས་པའི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་པའི་རིམ་གྱིས་ཡང་དག་པར་ཐོབ་པར་འགྱུར་བ་དེ་བཞིན་དུ། དེ་རྣམས་དང་འབྲེལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ། རྒྱས་པར་བསྟན་པའི་ཕྱིར། རབ་འབྱོར་སོ་སོ་ཡང་དག་པའི་རིག་པ་བཞི་མངོན་དུ་གྱིས་ཤིག་ཅེས་བཀའ་སྩལ་པ་ཡིན་ནོ། །ཞེས་གསུངས་སོ། །འགྲེལ་པ་དེ་དག་གི་སྒྲ་ཇི་བཞིན་པ་ལ་བརྟགས་ན། སངས་རྒྱས་ཀྱི་སའི་གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཐོབ་བྱའི་ཤེར་ཕྱིན་དང༌། དེ་དང་རྗེས་སུ་མཐུན་པ་སློབ་ལམ་གྱི་གཞུང་ལམ་གཉིས་མེད་ཀྱི་ཡེ་ཤེས་གསུམ་པོ་ཐོབ་བྱེད་ཀྱི་ཤེར་ཕྱིན་དུ་བཤད་ནས། ཤེར་ཕྱིན་དང་པོ་དེ་དག་གི་ཆེད་དུ་གཉིས་པོ་དེ་དག་ལ་སྤོབས་པར་བྱོས་ཤིག ཞེས་བྱ་བའི་དོན་ནོ། །འོ་ན་སངས་རྒྱས་ཀྱི་སའི་ལམ་དང་འབྲས་བུ་ལ་ཁྱད་པར་ཅི་ཡོད་ཅེ་ན། འདིར་རྣལ་འབྱོར་སྤྱོད་པའི་གཞུང་དབང་བཙན་པར་བྱས་ནས། གཉིས་མེད་ཀྱི་ཡེ་ཤེས་དང༌། དེ་ལས་གཞན་པའི་ཁྱད་པར་གང་ཡོད་པ་དེ་ཉིད་དོ། །དེ་ཡང་སངས་རྒྱས་ཀྱི་གཞུང་ལམ་གཉིས་ཤེར་ཕྱིན་མཚན་ཉིད་པ་ཡིན་ཀྱང་དེ་ཕལ་པ་དང༌། ས་དེའི་གཉིས་མེད་ཀྱི་ཡེ་ཤེས་ལ་ཤེར་ཕྱིན་གྱི་གཙོ་བོར་བྱས་པ་ནི། ཕྱིན་ཟིན་པའི་ཤེར་ཕྱིན་ལ་གཙོ་ཕལ་དུ་ཕྱེ་བ་དང༌། ཐེག་ཆེན་སློབ་པ་འཕགས་པའི་གཞུང་ལམ་དང༌། གཉིས་མེད་ཀྱི་ཡེ་ཤེས་ལ་གཙོ་ཕལ་དུ་ཕྱེ་བ་ནི། ཕྱིན་པར་བྱེད་པའི་དེ་ལ་གཙོ་ཕལ་དུ་ཕྱེ་བའོ། །གཉིས་པ་དགོངས་དོན་བཤད་པ་ལ། དངོས་དང༌། དོགས་པའི་མཐའ་བསལ་བའོ། །དང་པོ་ལ། མཚན་ཉིད་དང༌། མཚན་གཞིའི་དབྱེ་བའོ། །དང་པོ་ནི། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་ཞིག ཕ་རོལ་ཏུ་ཕྱིན་ཟིན་པའམ། ཕྱིན་པར་བྱེད་པ་གང་རུང་ངོ༌། །གཉིས་པ་ནི། གཞུང་དང་ལམ་དང་འབྲས་བུའི་ཤེར་ཕྱིན་གྱི་དབྱེ་བས་གསུམ་མོ། །དང་པོ་ནི། ཤེར་ཕྱིན་གྱི་མདོའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་ལ་བྱ་བ་ཡིན་ལ། འདི་ནི་རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་ལ་ཡོད་ཅིང༌། སོ་སོ་སྐྱེ་བོ་དང་ཉན་རང་ལ་ཡོད་པ་ནི་དེ་མ་ཡིན་པའི་ཤེས་བྱེད་བཤད་ཟིན་ལ། ཐེག་ཆེན་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ནི་མཚན་ཉིད་པ་ཁོ་ནའོ། །དེ་ལྟ་ན་ཡང་གཉིས་མེད་ཀྱི་ཡེ་ཤེས་དངོས་མ་ཡིན་པའི་ཕྱིར་ཕལ་པའོ། །གཉིས་པ་ནི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེས་ཟིན་པའི་ལམ་གྱི་བདེན་པ་མཐའ་དག་ལ་བྱ་ལ། དེ་ཡང་འདིར་གསུམ་གྱི་ཟླས་ཕྱེ་བའི་ལམ་ནི། གང་ཟག་གི་བདག་མེད་དང་ཀུན་རྫོབ་ལ་དམིགས་པ་ཤས་ཆེ་བ་ཡིན་ཏེ། དེ་ཤེར་ཕྱིན་ཕལ་པར་འཆད་པའི་ཕྱིར། ཕལ་པ་ཡིན་པ་ཙམ་གྱིས་དེ་མཚན་ཉིད་པ་མིན་པར་འཆད་ན་ཧ་ཅང་ཐལ་ཏེ། སློབ་དཔོན་འདིས་ནི། གོང་དུ་བཤད་པ་ལྟར་སངས་རྒྱས་ཀྱི་སར་ལམ་ཤེར་ཕྱིན་ཡོད་པར་བཞེད་པའི་ཕྱིར། གསུམ་པ་ནི། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ལ་བྱ་བ་ཡིན་ལ། འདི་ལ་འབྲས་བུ་ཤེར་ཕྱིན་གྱི་བརྡའ་བཏགས་པ་ནི། ཐ་སྙད་ཟོར་ཡང་བའི་ཕྱིར་ཡིན་གྱི། སློབ་དཔོན་གྱི་འགྲེལ་པ་ན་མེད་ལ། ཤེར་སྙིང་གི་རྒྱ་ཆེར་འགྲེལ་ལས་བྱུང་བ་དེ་ཉིད་སོར་བཞག་ནས་བོད་ཀྱི་ཊཱི་ཀ་བྱེད་པས་བརྡའ་བཏགས་པའོ། །འགྲེལ་ཆེན་གྱི་སྒྲ་སོར་བཞག་ལྟར་ན། གཞུང་ལམ་ཆོས་སྐུའི་ཤེར་ཕྱིན་གསུམ་དུ་ཕྱེ་ནས། སངས་རྒྱས་ཀྱི་སའི་ཡང་གཞུང་ལམ་གཉིས་པོ་ཤེར་ཕྱིན་ཕལ་པ་དང༌། གསུམ་པ་དེ་ཉིད་ཤེར་ཕྱིན་གྱི་གཙོ་བོར་བཞེད་པ་ཡིན་ཅིང༌། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ་མཁན་པོ་ཡང་དེ་ལྟར་བཞེད་པ་ཡིན་ཏེ། འགྲེལ་པ་དེ་ཉིད་ལས། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་དོན་རྣམ་པ་གཉིས་སུ་བསྟན་ཏེ། གཙོ་བོ་དང་ཕལ་པའོ། །དེ་ལ་གཙོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཕལ་པ་ནི་གཞུང་དང་ལམ་གྱི་རང་བཞིན་ནོ། །ཞེས་དང༌། འགྲེལ་ཆེན་ལས་ཀྱང༌། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་བྱ་བའི་ཚུལ་གྱིས་གཙོ་བོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འོ་ན་ཅི་སློབ་ལམ་ན་ཤེར་ཕྱིན་ཡོད་པ་སློབ་དཔོན་གྱི་བཞེད་པར་ཁས་ལེན་ནམ་ཞེ་ན། དེ་ནི་དེ་ལྟར་ཡིན་ཏེ། དེ་ལྟ་མ་ཡིན་ན་ལུང་དང་རིགས་པ་དང་སློབ་དཔོན་རང་ཉིད་ཀྱིས་ཁས་བླངས་པ་རྣམས་དང་འགལ་བའི་ཕྱིར་རོ། །དང་པོ་ནི་ཡུམ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང༌། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་དང༌། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པར་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། གཉིས་པ་རིགས་པ་དང་འགལ་བ་ནི། ཕ་རོལ་ཏུ་ཕྱིན་ཟིན་པ་ཁོ་ན་ལ་ཤེར་ཕྱིན་དུ་འཆད་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ཡང་དེར་ཐལ་བ་མཚུངས་པས། སློབ་ལམ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་ཡང་མེད་པར་འགྱུར་ཞིང༌། དེ་ལྟ་ན་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དུས་མཉམ་པར་བཤད་པ་དང༌། ཕྱིན་དྲུག་རེ་རེ་ཡང་དྲུག་ལྡན་དུ་ཉམས་སུ་ལེན་པར་བཤད་པ་སོགས་ས་ལམ་གྱི་རྣམ་པར་བཞག་པ་ཐམས་ཅད་ཉམས་པར་འགྱུར་རོ། །གསུམ་པ་ནི་ཇི་སྐད་དུ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱི་འགྲེལ་པར། སློབ་དཔོན་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་མཚན་ཉིད་པར་བཤད་པའི་ཕྱིར་དང༌། འཕགས་པས། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །ཞེས་པའི་འགྲེལ་པར། མཁྱེན་པ་གསུམ་ནི་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བཤད་པས་སོ། །མདོར་བསྡུ་ན། བཟང་པོའི་ཞབས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། གཞུང་ལམ་གྱི་ཤེར་ཕྱིན་ལ་ནི་བཏགས་པ་བ་དང༌། མཚན་ཉིད་པའོ། །དང་པོ་ནི། སོ་སོ་སྐྱེ་བོ་དང་ཉན་རང་ལ་ཡོད་པ་རྣམས་སོ། །དེ་ལ་ནི་ཤེར་ཕྱིན་གྱི་མིང་གིས་འདོགས་པའི་ཆོས་གསུམ་ཚང་ཞིང་དངོས་བཏགས་སུ་བཤད་པའི་བཏགས་པ་བ་ནི་དེ་རྣམས་སོ། །གཉིས་པ་ལ། བྱང་སེམས་འཕགས་པ་ལ་ཡོད་པ་དང༌། དེ་བཞིན་གཤེགས་པ་ལ་ཡོད་པའོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་མཚན་ཉིད་པ་ཡིན་ལ། དེ་ལ་ཡང་གཙོ་ཕལ་གཉིས་ལས། ཕྱིན་བྱེད་ཀྱི་གཙོ་བོ་ནི་བྱང་འཕགས་ཀྱི་རྒྱུད་ཀྱི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཉིད་དོ། །དེའི་ཤེས་བྱེད་ཀྱང༌། ཤེས་རབ་ཀྱི་གཙོ་བོ་ཆོས་ཀྱི་བདག་མེད་རྟོགས་པ་ལ་འཆད་པས་སོ། །གཉིས་པ་ནི། འབྲས་བུ་ཤེར་ཕྱིན་མཚན་ཉིད་པ་དང༌། ཕྱིན་ཟིན་པའི་ཤེར་ཕྱིན་མཚན་ཉིད་པ་ཡིན་ལ། དེའི་དུས་ཀྱི་གཙོ་བོ་ནི། སངས་རྒྱས་སའི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ཆ་དེ་ཉིད་ཡིན་ལ། དེ་ལ་ནི་ཆོས་ཀྱི་སྐུ་དང་དེ་བཞིན་གཤེགས་པ་ཞེས་བྱའོ། །གསུམ་པ་དོགས་པ་སྤང་བ་ནི། དེ་ལྟར་སློབ་དཔོན་གྱི་དགོངས་པ་འཆད་པ་དེ་ཁྱོད་ཀྱིས་ཚད་མར་ཁས་བླངས་པའི་རྣམ་བཤད་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། རྣམ་བཤད་ལས་ནི་སློབ་ལམ་གྱི་གཞུང་ལམ་གཉིས་པོ། ཇི་སྐད་དུ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པ་རྫོགས་པར་འཚང་རྒྱ་བར་འདོད་པ་ཞེས་པའི་སྐབས་ཀྱི་སེམས་བསྐྱེད་ཀྱི་དམིགས་ཡུལ་དུ་གྱུར་པའི་ཤེར་ཕྱིན་དེ་མ་ཡིན་པར་འཆད་པ་སློབ་དཔོན་གྱི་དགོངས་པ་ཡིན་པར་བཤད་པའི་ཕྱིར་དང༌། སངས་རྒྱས་ཀྱི་སའི་གཞུང་ལམ་གཉིས་པོ་ཡང་ཤེར་ཕྱིན་གྱི་གཙོ་བོ་མ་ཡིན་པར་འཆད་པ་ཕྱོགས་ཀྱི་གླང་པོའི་དགོངས་པ་ཡིན་པ་བཞིན་དུ་འཆད་པའི་ཕྱིར་རོ། །ཡང་གལ་ཏེ་ཤེར་ཕྱིན་གྱི་མཚན་ཉིད་དེ་ལྟར་འཆད་པ་འོ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཤེར་ཕྱིན་ལ། ངོ་བོ་ཉིད་ཀྱི་ཤེར་ཕྱིན་དང༌། དེ་ལ་བརྟེན་པའི་ཤེར་ཕྱིན་གཉིས་སུ་ཕྱེ་ནས། དང་པོ་ནི། ཆོས་རྣམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་ངོས་བཟུང་ནས་ཤེར་ཕྱིན་མཚན་ཉིད་པ་ཡིན་པ་དང༌། དེའི་ཡུལ་ཅན་གྱི་ཡེ་ཤེས་དེ་ཤེར་ཕྱིན་བཏགས་པ་བར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་སྔར་བཤད་ཟིན་པའི་སློབ་དཔོན་གྱི་དགོངས་པ་དེ་དང་མཐུན་པ་ཁོ་ན་ཡིན་ཏེ། ཤེར་ཕྱིན་ལ་གཙོ་ཕལ་གཉིས་ལས། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཆ་ནས་གཙོ་བོ་དང༌། དེ་མ་ཡིན་པའི་གཞུང་ལམ་ལ་ཕལ་པར་འཆད་པ་ཡིན་ལ། དེའི་དུས་ཀྱི་ལམ་ཡང་སེམས་བསྐྱེད་ལ་སོགས་པའི་ཀུན་རྫོབ་པའི་ཡུལ་ཅན་དང༌། གང་ཟག་གི་བདག་མེད་པ་དང༌། གཟུང་བ་ཆོས་ཀྱི་བདག་མེད་པ་རྟོགས་པའི་ལམ་རྣམས་སོ། །དེ་གཙོ་བོར་འཇོག་པའི་རྒྱུ་མཚན་ཡང༌། སྤྲོས་བྲལ་དེ་མངོན་སུམ་དུ་རྟོགས་པའི་ཆ་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་དེའི་ཤེས་བྱེད་དུ་འཇོག་པའི་རྒྱུ་མཚན་ཡང༌། རྟེན་དེ་བཞིན་ཉིད་མེད་ན་དེ་ལ་བརྟེན་པའི་ཤེར་ཕྱིན་མི་འབྱུང་བའི་ཕྱིར་ཞེས་འཆད་པ་ཡིན་ལ། ལུང་ནི་མང་པས་མ་བྲིས་སོ། །སྐབས་འདིར་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཉིད་ཀྱིས། བདག་མེད་གཞན་གཉིས་ཀྱང་མངོན་སུམ་དུ་རྟོགས་མོད། དེའི་ལྡོག་ཆ་ནས་ཤེར་ཕྱིན་དུ་འཇོག་པ་མིན་གྱི། རང་ལྡོག་ནས་དེར་བཞག་པ་དང༌། བྱང་སེམས་འཕགས་པའི་རྒྱུད་ལ་བདག་མེད་དང་པོ་གཉིས་རྟོགས་པའི་མཁྱེན་པས། སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་དེའི་ཚེ། དེའི་ལྡོག་ཆ་ནས་དེར་འཇོག་གི རང་ལྡོག་དེར་མི་འཇོག་པའི་ཚུལ་ཤེས་པ་ན། གཙོ་ཕལ་གྱི་གོ་བ་རྙེད་པར་འགྱུར་ལ། ཉན་རང་གི་རྒྱུད་ཀྱི་བདག་མེད་གཉིས་རྟོགས་པའི་ཤེས་རབ་ལ་ཤེར་ཕྱིན་གྱི་གཟུགས་བརྙན་དུ་བཤད་པའི་དོན་ཡང་དེས་ཕྱེད་པར་འགྱུར་རོ། །ཞར་བྱུང་སློབ་དཔོན་གཞན་གྱི་འདོད་པ་བཤད་པ་ལ། སློབ་དཔོན་ཤཱནྟི་པ་ནི། ས་བཅུའི་མཉམ་གཞག་ཡེ་ཤེས་རྣམས་ཁོ་ན་ཤེར་ཕྱིན་མཚན་ཉིད་པ་དང༌། སོ་སོ་སྐྱེ་བོ་དང་སངས་རྒྱས་ཀྱི་སའི་ཡེ་ཤེས་ནི་ཤེར་ཕྱིན་བཏགས་པ་བར་བཞེད་པ་ཡིན་ཏེ། དག་ལྡན་ལས། སྦྱོར་བའི་ལམ་ལ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ལ་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྣམ་པར་གཡེང་བའི་རྣམ་པར་རྟོག་པ་བཅུའི་གཉེན་པོའོ་ཞེས་གསུངས་སོ། །སློབ་དཔོན་འདིས་ཀྱང་སེམས་བསྐྱེད་ཀྱི་སྐབས་ཀྱི་ཤེར་ཕྱིན་ཕྱིན་ཟིན་པ་དང༌། གདམ་ངག་གི་སྐབས་ཀྱི་ཤེར་ཕྱིན་ཕྱིན་པར་བྱེད་པ་ལ་འཆད་པར་སྣང་ངོ༌། །འབུམ་ཊཱིཀ་མཁན་པོས་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ཤེར་ཕྱིན་དུ་འཆད་ཅིང༌། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་རྣམས་ལ་འཇིག་རྟེན་པའི་ཡེ་ཤེས་ཞེས་པའི་མིང་གིས་བཏགས་ནས། ཤེར་ཕྱིན་བཏགས་པ་བར་འཆད་པ་ཡིན་ཏེ། ཡུམ་གསུམ་གནོད་འཇོམས་ལས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་རྗེས་ལ་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པ་རྣམས་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང༌། བྱ་བ་བསྒྲུབ་པའི་ཡེ་ཤེས་རྣམས་ནི་དེའི་རྒྱུ་ལས་བྱུང་བའི་ཕྱིར། འབྲས་བུ་ལ་རྒྱུར་བཏགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བསྟན་ཏོ། །ཞེས་གསུངས་སོ། །ལུང་དེས་ནི། སངས་རྒྱས་ཀྱི་རྗེས་ཐོབ་ཀྱང་ཤེར་ཕྱིན་བཏགས་པ་བར་བཤད་དོ། །བོད་སྔ་མ་རྣམས་འབུམ་ཊཱིཀ་གི་དགོངས་པ་རྒྱུན་མཐའི་ཡེ་ཤེས་ཁོ་ན་ལ་ཤེར་ཕྱིན་དུ་འཆད་པ་ནི་དེའི་དགོངས་པ་མིན་ཏེ། དེ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་འདི་རྣམས་ལས། འདིར་ནི་སངས་རྒྱས་ཀྱི་སར་གཏོགས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་དང༌། བརྒྱད་སྟོང་པའི་འགྲེལ་ཆེན་མན་ངག་རྗེས་འབྲང་ལས། རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པས། སངས་རྒྱས་ཀྱི་མི་རྟོག་ཡེ་ཤེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་བཤད་པའི་ཕྱིར་རོ། །དེ་ལྟར་ན། ལུགས་འདི་དང་ཕྱོགས་ཀྱི་གླང་པོའི་བཞེད་པ་མཐུན་པ་ཡིན་ཏེ། འདིས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ལ་ཤེར་ཕྱིན་གཙོ་ཕལ་གཉིས་སུ་ཕྱེ་བས་སོ། །ལུགས་འདིས་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཕ་རོལ་ཏུ་ཕྱིན་པར་བྱེད་པ། སློབ་ལམ་གྱི་མི་རྟོག་ཡེ་ཤེས་དང༌། ཕྱིན་ཟིན་པ་སངས་རྒྱས་པའི་མི་རྟོག་ཡེ་ཤེས་གཉིས་སུ་འབྱེད་པར་ངེས་པ་ཡིན་ནོ། །གཉིས་པ་དངོས་པོ་བརྒྱད་ཀྱི་རྣམ་པར་བཞག་པ་ལ། དབྱེ་གཞི། དབྱེ་ངོ༌། །སོ་སོའི་རྣམ་པར་བཞག་པའོ། །དང་པོ་ནི། དངོས་བཏགས་དང་གཙོ་ཕལ་མ་ཕྱེ་བའི་ཤེར་ཕྱིན་ཙམ་མོ། །དེ་སྐད་དུ་ཡང༌། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། ཞེས་གསུངས་སོ། །གཉིས་པ་ལ་འོ་ན་ཅི་མངོན་པར་རྟོགས་པ་བརྒྱད་དང༌། དངོས་པོ་བརྒྱད་དང༌། སྐབས་བརྒྱད་ཅེས་པ་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཇི་སྐད་དུ། བསྡུས་དོན་སྒྲོན་མེ་ལས། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་རྗོད་བྱེད་ཤནྟི་ཡིན། །ཞེས་གསུངས་པ་དེ་ཉིད་ལེགས་པ་ཡིན་ནོ། །འོ་ན་བརྒྱད་ཀ་མངོན་པར་རྟོགས་པ་ཡིན་ནམ་ཞེ་ན། ཡང་དེ་ཉིད་ལས། མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །མཁྱེན་པ་གསུམ་དང་ཆོས་ཀྱི་སྐུ། །སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིན། །འཕགས་པ་ཐོགས་མེད་དེ་ལྟར་བཞེད། །རྣམ་པར་གྲོལ་བའི་གཞུང་གིས་ནི། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །སྦྱོར་བ་བཞི་པོ་ཁོ་ན་ལ། །མཁྱེན་པ་གསུམ་དང་ཆོས་སྐུ་ནི། །ཡུལ་དང་འབྲས་བུ་དག་ཏུ་འདོད། །གསེར་གླིང་ཤནྟི་རྣམ་གཉིས་ཀྱིས། །མངོན་པར་རྟོགས་པ་བདུན་བདག་ཉིད། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །བརྒྱད་ཀ་མངོན་རྟོགས་སེང་བཟང་དང༌། །སངས་རྒྱས་ཡེ་ཤེས་དཔལ་གྱིས་འདོད། །ཅེས་གསུངས་སོ། །དེ་ལྟ་ན་ཡང་འཕགས་པ་གྲོལ་སྡེས་མངོན་པར་རྟོགས་པ་བཞི་ཁོ་ན་འདོད་པའི་ཤེས་བྱེད་རྣམ་དག་ནི་བཙལ་དགོས་སོ། །གསུམ་པ་ལ། གོ་རིམ་གྲངས་ངེས། སོ་སོའི་རང་བཞིན་ནོ། །དང་པོ་ལ། དངོས་བརྒྱད་སྤྱིའི་གོ་རིམ་དང༌། ནང་ཚན་སོ་སོའི་གོ་རིམ་མོ། །དང་པོ་ནི། མཁྱེན་པ་གསུམ་ནི་ཤེས་པར་བྱ་བའི་ཡུལ་ཡིན་ཅིང༌། ཡུལ་དེ་ཉིད་ཐོག་མར་ཐོས་བསམ་གྱིས་གཏན་ལ་ཕབ་དགོས་པའི་ཕྱིར་དང་པོར་བསྟན་ཏོ། །དེ་ཉིད་རྣལ་འབྱོར་གྱི་རིམ་པས་ཉམས་སུ་ལེན་དགོས་པའི་ཕྱིར། དེའི་འོག་ཏུ་སྦྱོར་བ་བཞི་བསྟན་ནོ། །དེ་ལྟར་གཉིས་ཉམས་སུ་བླངས་པ་ལས་ཆོས་ཀྱི་སྐུ་འབྲས་བུར་འབྱུང་བའི་ཕྱིར། དེའི་འོག་ཏུ་དེ་བསྟན་པ་ཡིན་ནོ། །གོ་རིམ་འདི་ཡང་གང་ཟག་གཅིག་གི་ལམ་གྱི་རིམ་པ་ཆ་ཚང་བ་གཅིག་ཁོ་ན་བསྟན་པའི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་ན་མཁྱེན་པ་གསུམ་ནི། ཡུལ་དང་ཤེས་བྱ་དང༌། མཚོན་བྱར་བཞག་དགོས་པ་ཡིན་ཏེ། དེའི་ཚེ་གསུམ་པོ་སོ་སོའི་མཚན་ཉིད་དང༌། དམིགས་རྣམ་དང༌། དབྱེ་བ་སོགས་འདི་ལྟ་བུ་ཞིག་གོ་ཞེས་ཐོས་བསམ་གཏན་ལ་འབེབས་པ་ཡིན་གྱི། རང་རྒྱུད་ལ་ཉམས་སུ་ལེན་པར་བྱེད་པའི་རྣལ་འབྱོར་དང༌། ཉམས་སུ་བླངས་པའི་འབྲས་བུ་འཇོག་པ་མ་ཡིན་པའི་ཕྱིར། དེ་ཡང་ཡུལ་ཅན་མཁྱེན་པ་གསུམ་གཏན་ལ་འབེབས་པའི་སྔ་རོལ་དུ། ཡུལ་སྐྱེ་མེད་གསུམ་གཏན་ལ་ཕེབས་པ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། ཡུལ་སྐྱེ་མེད་གསུམ་གྱི་རྣམ་གཞག་མ་ཤེས་ན། ཡུལ་ཅན་མཁྱེན་པ་གསུམ་གྱི་རྣམ་གཞག་མི་གོ་བའི་ཕྱིར། འོ་ན་སྐབས་དང་པོ་གསུམ་དུ། སྐྱེ་མེད་གསུམ་གཏན་ལ་འབེབས་པའི་ཚུལ་དང༌། ཡུལ་ཅན་མཁྱེན་པ་གསུམ་གྱི་མཚན་ཉིད་ལ་སོགས་པ་གསལ་བར་མི་འཆད་པ་ཅི་ཞེ་ན། སྐབས་དང་པོ་གསུམ་གྱི་གཞུང་རྣམས་ཀྱིས་ནི། བཤད་བྱ་མཁྱེན་པ་གསུམ་དང༌། མངོན་པར་རྟོགས་པ་ལྷག་མ་ལྔ་ཟུང་དུ་འབྲེལ་བའི་ལམ་རིམ་སྟོན་པ་མིན་གྱི། འཆད་བྱེད་ཆོས་སུམ་ཅུ་པོ་འདི་ཉིད་ཀྱི་རིམ་པ་སྟོན་པའི་ཕྱིར་རོ། །འོ་ན་རིམ་པ་དེ་དེའི་གང་གིས་སྟོན་ཞེ་ན། ཇི་སྐད་དུ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །དེ་ལྟ་མོད་ཀྱི་སྐབས་དང་པོ་གསུམ་དུ་མཁྱེན་པ་གསུམ་བསྟན་ལ། དེ་ཡང་ཤེས་བྱར་བསྟན་པ་ཡིན་ནོ། །ཞེས་བྱ་བ་འདི་ཙམ་ཞིག་མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་ངེས་པ་ལ་ཉེ་བར་མཁོ་བ་ཡིན་གྱི། མཁྱེན་པ་གསུམ་རྒྱུ་འབྲས་བུ་འཆད་པའི་གོ་རིམ་དང༌། ཆོས་སུམ་ཅུའི་གོ་རིམ་རྣམས་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་ངེས་ཚུལ་འཆད་པ་ལ་མཁོ་བ་མ་ཡིན་ནོ། །གཉིས་པ་སོ་སོའི་གོ་རིམ་ལ་གཉིས་ཏེ། མཁྱེན་པ་གསུམ་གྱི་གོ་རིམ་ངེས་པ་དང༌། ལྷག་མ་ལྔའི་གོ་རིམ་ངེས་པའོ། །དང་པོ་ནི། མདོ་དང་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་ཐོག་མར་རྣམ་མཁྱེན་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རྣམ་མཁྱེན་གྱི་རྒྱུ་ལ་འཇུག་པའི་ཕྱིར་ལམ་ཤེས་བསྟན་པ་ཡིན་ནོ། །དེ་ནས་རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་ཤེས་པའི་ཕྱིར། དེའི་འོག་ཏུ་གཞི་ཤེས་བསྟན་པ་ཡིན་ནོ། །རིམ་པ་འདི་དང་གོང་དུ་མཁྱེན་གསུམ་ཤེས་བྱར་བསྟན་པ་གཉིས་ལམ་གྱི་རིམ་པ་སྒྲིག་ཚུལ་ཆེས་ཤིན་ཏུ་མི་འདྲ་བ་ཡིན་ཏེ། འདི་ནི་མཁྱེན་གསུམ་ཉིད་ཀྱི་གོ་རིམ་ངེས་པའི་དབང་དུ་བྱས་པའོ། །གཉིས་པ་ནི། འཕགས་པ་ལྟར་ན། སྦྱོར་བ་སྔ་མ་གཉིས་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་པ་དང༌། སྦྱོར་བ་ཕྱི་མ་གཉིས་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་པས་རིམ་པར་བསྟན་ཏོ། །སློབ་དཔོན་ལྟར་ན། སྦྱོར་བ་སྔ་མ་གཉིས་དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་དབང་དུ་བྱེད་པ་དང༌། ཕྱི་མ་གཉིས་བརྟན་པ་རྒྱུ་འབྲས་ཀྱི་དབང་དུ་བྱས་པ་ཡིན་པས། བཞི་པོ་རིམ་པར་བཤད་ལ། དེ་ལས་ཆོས་ཀྱི་སྐུ་འབྱུང་བའི་ཕྱིར་ཐ་མར་བསྟན་ཏོ། །དེ་ལྟར་དངོས་པོ་བརྒྱད་ལ་ལམ་གྱི་རིམ་པ་ཆ་ཚང་བ་གཉིས་བསྟན་པ་ནི། དངོས་པོ་བརྒྱད་པོའི་གོ་རིམ་སྟེ། དངོས་བརྒྱད་སྤྱིའི་གོ་རིམ་དང་མ་འདྲེས་པར་འཆད་ཤེས་དགོས་པ་ཡིན་ནོ། །དེ་ལྟར་གཉིས་ཀྱི་སྒོ་ནས་འཆད་དགོས་པའི་རྒྱུ་མཚན་ཡང༌། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པ་རྩ་འགྲེལ་དང༌། སྐབས་བརྒྱད་པོ་སོ་སོའི་མཚམས་སྦྱར་ལས་ཤེས་དགོས་པ་ཡིན་ནོ། །ཡང་སྐབས་དང་པོར་སེམས་བསྐྱེད་ནས་གདམ་ངག་ཉན་པ་ལ་སོགས་པའི་གོ་རིམ་ལྟ་བུ་དང༌། སྐབས་གཉིས་པར་ང་རྒྱལ་དང་བྲལ་བའི་རྟེན་ལ་ལམ་ཤེས་སྐྱེ་བ་ལ་སོགས་པའི་ལམ་གྱི་རིམ་པ་རྣམས་ནི། ལམ་གྱི་རིམ་པ་སྔ་མ་གཉིས་ལས་གཞན་ཡིན་པས། མ་འདྲེས་པར་འཆད་ཤེས་པ་གལ་ཆེ་བ་ཡིན་ནོ། །དེ་ལྟར་སོ་སོར་མ་ཕྱེད་པ་ལ་བརྟེན་ནས་བོད་སྔ་མ་རྣམས་ཀྱིས་མཁྱེན་པ་གསུམ་གཏན་ལ་ཕབ་བྱའི་ཡུལ་དང༌། སྦྱོར་བ་བཞི་པོ་དེ་ཉམས་སུ་ལེན་པའི་རྣལ་འབྱོར་ཡིན་ནོ་ཞེས་འཆད་པ་ལ། དར་ཊཱིཀ་མཛད་པས་དགག་པ་མཛད་པ་ན། སྐབས་དང་པོ་གསུམ་དུ། ཐོས་བསམ་གྱི་རིམ་པ་ཁོ་ན་བསྟན་ནས། ཉམས་ལེན་གྱི་རིམ་པ་མ་བསྟན་པ་དང༌། སྐབས་བར་པ་བཞིར་ཉམས་ལེན་གྱི་རིམ་པ་ཁོ་ན་བསྟན་ནོ་ཞེས་པ་ཕྱོགས་སྔ་མར་བཞག་ནས། དེ་ལྟ་ན་སྐབས་དང་པོ་གསུམ་དུ་ཉམས་ལེན་གྱི་རིམ་པ་མ་བསྟན་པས་གཞུང་ལུགས་ཆེན་པོ་ནུབ་པའི་རྐྱེན་དུ་འགྱུར་རོ་ཞེས་སུན་འབྱིན་པར་བྱེད་དོ། །གཉིས་པ་གྲངས་ངེས་ལ། དངོས་བརྒྱད་སྤྱིའི་གྲངས་ངེས་དང༌། སོ་སོའི་གྲངས་ངེས་སོ། །དང་པོ་ནི། དངོས་པོ་བརྒྱད་པོ་འདིས་མདོ་དང་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཉེ་བར་མཁོ་བའི་ལམ་གྱི་རིམ་པ་ཆ་ཚང་བ་གཅིག་ཁོ་ན་སྟོན་པའི་དབང་དུ་བྱས་པ་དེའི་ཚེ། བརྒྱད་པོ་འདི་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་ཕྱིར། མང་མི་དགོས་ཏེ། འདི་ཙམ་གྱིས་ཡུལ་དང་སྦྱོར་བ་དང་འབྲས་བུ་གསུམ་ཆ་ཚང་བར་བསྡུས་པའི་ཕྱིར། ཉུང་ན་ཡང་མི་འདུ་སྟེ། ཡུལ་དང་རྣལ་འབྱོར་དང་འབྲས་བུ་གསུམ་ལས་གང་ཡང་རུང་བ་ཞིག་མ་ཚང་ན་དེ་ལ་མཁོ་བའི་ལམ་གྱི་རིམ་པ་མི་ཚང་བའི་ཕྱིར། ཡུལ་ལ་ཡང་མཁྱེན་པ་གསུམ་དུ་གྲངས་ངེས་ཏེ། གསུམ་པོ་འདི་ཙམ་གྱིས་འཕགས་པའི་མངོན་པར་རྟོགས་པ་མཐའ་དག་བསྡུས་ལ། དེ་ལས་གང་ཡང་རུང་བ་ཅིག་མ་ཚང་ན། དེ་བསྡུ་བར་མི་ནུས་པའི་ཕྱིར། འོ་ན་གདུལ་བྱ་དེས་འཕགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་མཐའ་དག་གཏན་ལ་འབེབས་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དེས་དེ་ཐམས་ཅད་ཀྱི་རྟོགས་རིགས་ཡར་ལྡན་དུ་རྒྱུད་ལ་བསྐྱེད་དགོས་པའི་ཕྱིར་དང༌། རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པའི་ཐབས་ལ་མཁས་པར་བྱ་དགོས་པའི་ཕྱིར་རོ། །དེའི་ཕྱིར་མདོ་དང་རྒྱན་གྱི་བརྗོད་བྱ་ནི། འཕགས་པ་རྣམས་ཀྱི་མངོན་པར་རྟོགས་པ་མཐའ་དག་གོ །གཉིས་པ་སོ་སོའི་གྲངས་ངེས་ལ། མཁྱེན་པ་གསུམ་གྱི་གྲངས་ངེས་དང༌། ལྷག་མ་ལྔའི་གྲངས་ངེས་སོ། །དང་པོ་ནི། མདོ་དང་རྒྱན་གྱི་སྐབས་དང་པོ་གསུམ་པོ་ཙམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེའི་ལམ་གྱི་རིམ་པ་ཆ་ཚང་བ་ལ་གསུམ་པོ་དེ་ཙམ་ཞིག་དགོས་ལ། དེ་ལས་མང་མི་དགོས་པའི་ཕྱིར་རོ། །དེ་ཙམ་ཞིག་དགོས་ཏེ། དེ་ལས་གང་རུང་གཅིག་མ་ཚང་ན། ལམ་དང་འབྲས་བུ་ཆ་མི་ཚང་བའི་ཕྱིར་རོ། །དེ་ལས་མང་མི་དགོས་ཏེ། དེ་ཙམ་གྱིས་དེ་ལ་མཁོ་བའི་ལམ་དང་འབྲས་བུ་མ་ལུས་པར་བསྡུས་པའི་ཕྱིར་རོ། །འོ་ན་མངོན་པར་རྟོགས་པ་ལྷག་མ་རྣམས་དགོས་པ་མེད་པར་འགྱུར་རོ་སྙམ་ན། འདི་ནི་མཁྱེན་གསུམ་གྱིས་གང་ཟག་ཅིག་གི་ལམ་གྱི་རིམ་པ་ཆ་ཚང་བ་ཅིག་སྟོན་པའི་གྲངས་ངེས་ཀྱི་དབང་དུ་བྱས་པ་ཡིན་ལ། དངོས་པོ་བརྒྱད་ཀྱི་གྲངས་ངེས་འཆད་པའི་ཚེ་ནི། མཁྱེན་གསུམ་རྒྱུ་འབྲས་ཡིན་པའི་ཚུལ་མི་འཆད་པར། ཤེས་བྱའི་ཡུལ་ཙམ་དུ་འཇོག་པའི་ཕྱིར་རོ། །དེ་ལྟ་ན་འདི་ཡང་སྔ་མ་དང་མ་འདྲེས་པར་བྱ་དགོས་སོ། །གཉིས་པ་ནི། མདོ་དང་རྒྱན་གྱི་སྐབས་ལྷག་མ་ལྔ་ཙམ་ཞིག་རྫོགས་པར་ཉན་པའི་གདུལ་བྱ་ལ། ཉེ་བར་མཁོ་བའི་ལམ་གྱི་རིམ་པ་ཆ་ཚང་བ་ལ་ལྔ་པོ་འདི་ཙམ་ཞིག་དགོས་ཤིང༌། འདི་ལས་ལྷག་པ་མི་དགོས་པའི་ཕྱིར་རོ། །འོ་ན་འདིར་ཡུལ་མ་བསྟན་པས་མ་ཚང་བའི་སྐྱོན་ཡོད་དོ་སྙམ་ན། ཡུལ་ཅན་སྦྱོར་བ་བསྟན་པ་ན། དེའི་ཡུལ་དོན་གྱིས་གོ་བའི་ཕྱིར་ཉེས་པ་མེད་དོ། །དེ་ལྟར་བཤད་པའི་གྲངས་ངེས་ཚན་པ་མི་འདྲ་བ་གཉིས་པོ་དེ་ནི། བཤད་བྱ་དངོས་པོ་བརྒྱད་སྤྱི་དང་ཁྱད་པར་དུ་བྱས་པའི་གྲངས་ངེས་ཡིན་ལ། འཆད་བྱེད་ཆོས་སོ་སོའི་དབང་དུ་བྱས་པའི་གྲངས་ངེས་ནི། དཔེར་ན་སྐབས་དང་པོ་ཙམ་ཉན་པའི་གདུལ་བྱ་ལ། སེམས་བསྐྱེད་ལ་སོགས་པ་ཆོས་བཅུར་གྲངས་ངེས་པའི་ཚུལ་དང༌། ཡང་སེམས་བསྐྱེད་ཙམ་ཉན་པའི་གདུལ་བྱ་ལ། སེམས་བསྐྱེད་ཉེར་གཉིས་སུ་གྲངས་ངེས་པ་ལྟ་བུའོ། །དེ་ལྟ་ན་བཤད་བྱ་མངོན་པར་རྟོགས་པ་བརྒྱད་དང༌། འཆད་བྱེད་ཆོས་སོ་སོའི་གྲངས་ངེས་མ་འདྲེས་པར་ཤེས་དགོས་ཏེ། དེ་ལྟར་མ་ཤེས་ན་རྣམ་མཁྱེན་ཐོབ་བྱའི་འབྲས་བུར་བཤད་པ་དང༌། སེམས་བསྐྱེད་སོགས་དེ་ཐོབ་བྱེད་ཀྱི་རྒྱུར་བཤད་པ་དང༌། རྣམ་མཁྱེན་ཡུལ་དུ་བཞག་པ་དང༌། ཆོས་བཅུ་པོ་རྣལ་འབྱོར་དུ་བཤད་པ་རྣམས་ཀྱི་ཤན་མི་ཕྱེད་པར་འགྱུར་རོ། །དེ་ལྟར་ཤེས་པ་ན། ལོ་ཙཱ་བ་ཆེན་པོས་མཁྱེན་པ་གསུམ་ནི་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུ་དང༌། སྦྱོར་བཞི་དང་ཆོས་སྐུ་ནི་རྒྱ་ཆུང་བ་རྩྭ་རྩེའི་ཟིལ་པ་ལྟ་བུ་ཡིན་ནོ་ཞེས་གསུངས་པ་དང༌། ཨར་བྱང་ཆུབ་ཡེ་ཤེས། མཁྱེན་པ་གསུམ་ནི་རལ་གྲི་ཐང་ལ་བཞག་པ་དང་འདྲ་ལ། སྦྱོར་བཞི་དང་ཆོས་སྐུ་ནི་རལ་གྲི་ལག་ཏུ་བླངས་པ་དང་འདྲའོ་ཞེས་དང༌། ཨར་གྱི་སློབ་མ་གཞོན་ནུ་ཚུལ་ཁྲིམས་ནི། མཁྱེན་པ་གསུམ་པོ་འཕགས་པའི་གང་ཟག་སྤྱི་དང་འབྲེལ་བས་གཏན་ལ་དབབ་བྱ་ཡིན་ལ། སྦྱོར་བ་བཞི་ནི་གདུལ་བྱ་རང་རང་སོ་སོའི་རྒྱུད་དང་འབྲེལ་བས། གཏན་ལ་འབེབས་བྱེད་ཡིན་ནོ། །ཞེས་གསུང་བ་དེ་དག་ཀྱང་ལེགས་པར་བཤད་པ་ཡིན་ནོ། །གསུམ་པ་སོ་སོའི་མཚན་ཉིད་ལ་གཉིས་ཏེ། མཁྱེན་གསུམ་གྱི་རྣམ་པར་བཞག་པ་དང༌། ལྷག་མ་ལྔའི་རྣམ་པར་བཞག་པའོ། །དང་པོ་ལ། སྤྱིའི་དང༌། སོ་སོའི་རྣམ་པར་བཞག་པའོ། །དང་པོ་ནི། མདོ་དང་རྒྱན་ལས། མཁྱེན་པ་གསུམ་པོ་འཕགས་པ་གསུམ་གྱི་མངོན་རྟོགས་སུ་སོ་སོར་ངེས་པར་བཤད་པ་དང༌། གཞི་ཤེས་ནི་ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པ་དང༌། ལམ་ཤེས་ནི་ཉོན་མོངས་མི་སྤོང་བའི་རང་བཞིན་ཅན་དུ་བཤད་པ་གཙོ་ཆེ་བ་ཡིན་ནོ། །དེ་ལ་བརྟེན་ནས་ལོ་ཙཱ་བ་ཆེན་པོ་མཁྱེན་པ་དང་པོ་གཉིས་ལ། དངོས་དང་དེའི་གཟུགས་བརྙན་དུ་གྱུར་པ་གཉིས་ལས། དང་པོ་ལ་གཞི་ཤེས་ནི་རྟོགས་པའི་ཁྱད་པར་གཞི་རྐྱང་པ་ཤེས་པ་དང༌། སྤང་ བྱའི་ཁྱད་པར་ཉོན་སྒྲིབ་ཙམ་གྱི་གཉེན་པོ་དང༌། རྟེན་གྱི་ཁྱད་པར་ཐེག་དམན་ཁོ་ན་ལ་ཡོད་པའོ། །ལམ་ཤེས་ནི་རྟོགས་པའི་ཁྱད་པར་གཞི་དང་ལམ་གཉིས་ཀ་ཤེས་པ་དང༌། སྤང་བྱའི་ཁྱད་པར་ཉོན་སྒྲིབ་མི་སྤོང་བའི་ཁྱད་པར་དང༌། རྟེན་གྱི་ཁྱད་པར་བྱང་སེམས་ཁོ་ནའི་རྒྱུད་ལ་ཡོད་པའོ། །གཉིས་པ་གཟུགས་བརྙན་ནི། བྱང་སེམས་འཕགས་པས་གཞི་ཤེས་གཟུགས་བརྙན་གྱི་ཚུལ་གྱིས་རང་རྒྱུད་ལ་བསྐྱེད་དགོས་པ་ཡིན་ཏེ། དེས་གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་དགོས་པའི་ཕྱིར། དེ་བཞི་ཤེས་དངོས་མ་ཡིན་ཏེ། སྤངས་རྟོགས་ཉི་ཚེ་བའི་མཁྱེན་པ་མ་ཡིན་པའི་ཕྱིར། དེ་ལམ་ཤེས་ཀྱང་མ་ཡིན་ཏེ། བྱང་སེམས་ཀྱི་རྟོགས་རིགས་སུ་ཐལ་བའི་ཕྱིར་དང༌། དེས་ལམ་གསུམ་ཀ་མི་ཤེས་པའི་ཕྱིར། ཡང་ལམ་ཤེས་ཀྱིས་གཞི་ཤེས་ཀྱང་གཞི་ཤེས་སུ་མི་ཐལ་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གསུམ་ཀ་ཤེས་ཀྱང་དེའི་ཆ་ནས་རྣམ་མཁྱེན་ཁོ་ནར་འཇོག་པ་ཡིན་གྱི། གཞན་གཉིས་སུ་མི་འཇོག་སྟེ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྣམ་མཁྱེན་གཅིག་པུར་ངེས་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེར་གཞི་རྐྱང་པ་ཤེས་པའི་ཡེ་ཤེས་དང༌། ལམ་རྐྱང་པ་ཤེས་པ་དང༌། གསུམ་ཀ་ཤེས་པའི་ཡེ་ཤེས་ལ་མཁྱེན་གསུམ་གྱི་ཐ་སྙད་བྱེད་ཅིང༌། སྔ་མ་གཉིས་གཟུགས་བརྙན་དང༌། ཕྱི་མ་མཚན་ཉིད་པའོ། །དེའི་ཕྱིར་སངས་རྒྱས་ཀྱི་སར་ཡང་དེ་གསུམ་པོ་སྦྲུལ་མགོའི་གདེངས་ཀ་ལྟར་ཐ་དད་པ་ཡིན་ནོ་ཞེས་གསུངས་སོ། །ཡང་བར་སྐབས་སུ་བྱོན་པའི་བོད་ཀྱི་སློབ་དཔོན་མང་པོ་དག་ཀྱང༌། མཁྱེན་གསུམ་སོ་སོ་ལ་འཕགས་པ་སོ་སོའི་མངོན་པར་རྟོགས་པས་ཁྱབ་ཅིང༌། བྱང་སེམས་ཀྱི་རྒྱུད་ལ་རྟོགས་རིགས་གསུམ་ཀ་ཚང་ཡང༌། རྟོགས་རིགས་དང་པོ་དེ་དེའི་རྟོགས་རིགས་ཡིན་གྱི་གཞི་ཤེས་དངོས་མ་ཡིན་པ་དང༌། དེ་བཞིན་དུ་སངས་རྒྱས་སའི་རྟོགས་རིགས་གཉིས་པ་དེ། བྱང་སེམས་ཀྱི་རྟོགས་རིགས་ཡིན་ཀྱང་ལམ་ཤེས་དངོས་མ་ཡིན་པ་ལ་སོགས་པར་ཞལ་གྱིས་བཞེས་སོ། །ལུགས་དེ་དག་ལས་སངས་རྒྱས་ཀྱི་སར་གཞི་རྐྱང་པ་དང་ལམ་རྐྱང་པ་ཙམ་ལས་མི་མཁྱེན་པའི་ཡེ་ཤེས་ཡོད་པར་བཞེད་པ་དེ་ནི། ཆེས་ཤིན་ཏུ་མི་ལེགས་ལ། འཆད་ཚུལ་གཞན་དེ་དག་ནི་མདོ་དང་བསྟན་འཆོས་ཀྱི་དགོངས་པ་མ་ཡིན་པའི་ཤེས་བྱེད་གསལ་པོ་མེད་པས་དཔྱོད་པའི་གཞིར་བཞག་གོ །གཉིས་པ་རང་ལུགས་ལ་གཉིས་ལས། སྤྱིའི་རྣམ་གཞག་དང༌། སོ་སོའི་རྣམ་གཞག་གོ །དང་པོ་ནི། གཞི་གང་ཟག་གི་བདག་མེད་པ་དང༌། ལམ་རང་བཞིན་གྱིས་མེད་པ་དང༌། རྣམ་པ་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་མཁྱེན་པ་ཙམ་གྱིས། སྤྱིར་མཁྱེན་གསུམ་སོ་སོར་མཚོན་ནུས་ལ། དེ་ལྟར་རྟོགས་པའི་བློ་གསུམ་པོ་དེ་གང་ཟག་སོ་སོའི་རྒྱུད་དང་འབྲེལ་བ་ན། མཚན་ཉིད་མི་འདྲ་བ་གསུམ་གྱིས་མཚོན་དགོས་ཏེ། གཞི་གང་ཟག་གི་བདག་མེད་པ་མངོན་སུམ་དུ་རྟོགས་པ་གཞིར་བྱས་པ་ལ། ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བའི་གཉེན་པོའི་རིགས་སུ་གནས་པས་ནི། ཐེག་དམན་གྱི་གཞི་ཤེས་མཚོན་པར་བྱེད་དོ། །ལམ་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གཞིར་བྱས་པ་ལ། ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་རིགས་སུ་གནས་པས་ནི། བྱང་ཆུབ་སེམས་དཔའི་ལམ་ཤེས་དང༌། རྣམ་པ་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གཞིར་བྱས་པ་ལ། ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ། གཞན་དོན་ལྷུན་གྱིས་གྲུབ་པར་མཛད་པས་ནི། རྣམ་མཁྱེན་མཚོན་པར་བྱེད་དོ། །གཞི་ཤེས་ནི་རྟེན་གྱི་གང་ཟག་འཕགས་པ་བཞི་ཀ་ལ་ཡོད་ལ། རྟོགས་པའི་རིགས་ནི། དམན་པའི་རྟོགས་རིགས་སུ་གནས་སོ། །ལམ་ཤེས་ནི་རྟེན་གྱི་གང་ཟག་འཕགས་པ་གཉིས་ལ་ཡོད་ལ། རྟོགས་རིགས་ནི་བྱང་ཆུབ་སེམས་དཔའོ། །རྣམ་མཁྱེན་ནི་རྟེན་གྱི་གང་ཟག་དང༌། རྟོགས་རིགས་གཉིས་སངས་རྒྱས་ཁོ་ནའི་དབང་དུ་བྱས་པའོ། །གསུམ་པོ་སོ་སོའི་རང་ལྡོག་ནས་དེ་ལྟར་ཡིན་ཀྱང༌། དེ་དང་དེ་ཡིན་ན་རྟོགས་རིགས་སོ་སོར་ངེས་པས་མ་ཁྱབ་སྟེ། རྟོགས་རིགས་གསུམ་པོ་ནི་འགལ་ལ། མཁྱེན་པ་གསུམ་པོ་ནི་གཞི་མཐུན་པར་ཡོད་པས་སོ། །གསུམ་པོ་འགལ་བ་ཡིན་ཏེ། གཞི་ཤེས་ཀྱི་རྟོགས་རིགས་ནི་རྫོགས་སྨིན་སྦྱངས་གསུམ་མངོན་དུ་མ་བྱས་པར་ཞི་བའི་མཐའ་མངོན་དུ་བྱེད་པའི་རྟོགས་རིགས་གཅིག་ཡིན་ལ། ལམ་ཤེས་ཀྱི་རྟོགས་རིགས་ནི། དེ་གསུམ་མ་བྱས་པར་དེ་མངོན་དུ་མི་བྱེད་པའི་རྟོགས་རིགས་དང༌། རྣམ་མཁྱེན་ནི། དེ་གཉིས་ཀ་བྱས་པའི་རྟོགས་རིགས་ཡིན་པས་སོ། །གསུམ་པོ་གཞི་མཐུན་པ་ཡིན་ཏེ། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་ན་ལམ་ཤེས་པར་མི་འགྱུར་ལ། ལམ་མ་ཤེས་ན་རྣམ་པ་ཐམས་ཅད་མཁྱེན་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་སོ་སོའི་རྣམ་གཞག་ལ་གསུམ་ལས། དང་པོ་རྣམ་མཁྱེན་ལ། མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ལ་ཡང༌། རྣམ་མཁྱེན་ཙམ་དང་སྐབས་དང་པོའི་བསྟན་བྱའི་གཙོ་བོ་གཉིས་ལས། དང་པོ་ནི། བདེན་གཉིས་ཀྱི་རྣམ་པ་མ་ལུས་པར་ཐུགས་སུ་ཆུད་པའི་ཡེ་ཤེས་སོ། །གཉིས་པ་ནི། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་སོ། །གཉིས་པོའི་ཁྱད་པར་ཡང་གཞུང་གིས་སྟོན་ཚུལ་ལ་སོ་སོར་ཕྱེ་བ་ཡིན་གྱི། འགལ་བ་མིན་ཏེ། དེ་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར་རོ། །འདི་ལ་གཞན་དག་ན་རེ། མཚན་ཉིད་དེར་འཇོག་པ་དང༌། སློབ་དཔོན་གྱི་ལུགས་ཀྱི་ཤེས་བྱ་མཁྱེན་ཚུལ་འགལ་ཏེ། དེའི་ལུགས་ལ་སངས་རྒྱས་ཀྱི་མཉམ་གཞག་གིས་ཀུན་རྫོབ་མི་མཁྱེན་པར་བཞེད་པའི་ཕྱིར་དང༌། དེའི་རྗེས་ཐོབ་ཀྱིས་དོན་དམ་པ་མི་མཁྱེན་པར་བཞེད་པའི་ཕྱིར་ཞེས་ཟེར་རོ། །འགལ་བ་དེ་ཡོད་པ་མིན་ཏེ། སློབ་དཔོན་འདིའི་བཞེད་པ་ནི་རྣལ་འབྱོར་སྤྱོད་པའི་གཞུང་གི་དགོངས་པ་དང་མཐུན་པར། སངས་རྒྱས་ཀྱི་མཉམ་གཞག་ཆོས་སྐུའི་ངོ་ན་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བ་བཞེད་པ་ཡིན་གྱི། དེས་ཀུན་རྫོབ་བདེན་པ་མི་མཁྱེན་པར་མི་བཞེད། མཉམ་གཞག་དེས་དྲངས་པའི་རྗེས་ཐོབ་བམ་གཟུགས་སྐུ་གཉིས་ཀྱི་ངོར་ཀུན་རྫོབ་ཀྱི་སྣང་བ་འཆར་བ་ལྟ་བུར་བཤད་ཀྱང༌། དེས་དོན་དམ་པའི་བདེན་པ་མི་མཁྱེན་པར་མི་བཞེད་པའི་ཕྱིར། དེ་ལས་གཞན་དུ་ན་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གིས་ཤེས་བྱ་ཐམས་ཅད་དུས་ཅིག་ཅར་དུ་མི་མཁྱེན་པར་འདོད་པའི་ཐེག་པ་ཆེན་པོའི་སློབ་དཔོན་སུ་ཡང་མེད་ལ། ཕྱི་རོལ་གྱི་དོན་ལ་སོགས་པ་ཀུན་རྫོབ་བདེན་པའི་སྣང་བ། སངས་རྒྱས་ཀྱི་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱི་རང་སྣང་ལ་འཆར་བར་འདོད་པ་མདོ་སྡེ་སྤྱོད་པའི་དབུ་མ་པ་རྣམས་དང༌། མི་འཆར་བར་འདོད་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པའི་སློབ་དཔོན་རྣམས་སོ། །དོན་འདི་ལ་ཡང་གཞན་དག་ན་རེ། སངས་རྒྱས་ཀྱི་མཉམ་གཞག་ཡེ་ཤེས་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བར་བཞེད་པ་སློབ་དཔོན་གྱི་དགོངས་པར་འཆད་པ་དང༌། འཕགས་སེང་གི་བཞེད་པ་མཉམ་གཞག་སྣང་བཅས་སུ་བཞེད་པར་འཆད་པ་འགལ་བ་ཡིན་ནོ། །ཞེས་ཟེར་རོ། །དེ་ཡང་མ་ཤེས་པ་ཡིན་ཏེ། མཉམ་གཞག་སྣང་བཅས་སུ་འཆད་པ་ནི་སློབ་པའི་མཉམ་གཞག་གི་དབང་དུ་བྱས་པར་བཞེད་པ་ཡིན་ཏེ། དེར་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་དགོས་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཉམ་གཞག་ནི་སྣང་མེད་ཁོ་ན་སྟེ། དེར་དེ་འགྲོ་མི་དགོས་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་སྣང་བ་འཆར་བའི་རྒྱུ་མ་རིག་པའི་བག་ཆགས་ཟད་པར་སྤངས་པའི་ཕྱིར་རོ། །ཡང་རྣམ་མཁྱེན་གྱི་མཚན་ཉིད་དེ་ལྟར་བཞག་པ་ལ་དར་ཊཱིཀ་མཛད་པ་ན་རེ། འདི་སྐབས་ཀྱི་རྣམ་མཁྱེན་བདེན་གཉིས་མཁྱེན་པ་ཙམ་གྱི་སྒོ་ནས་བཞག་པ་ནི། སློབ་དཔོན་གྱི་བཞེད་པ་མ་ཡིན་ཏེ། རང་གི་ཐོབ་བྱའི་རྣམ་མཁྱེན་དེའི་རྟོགས་བྱ་བསྟན་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་ལམ་སྤྱིའི་ལུས་བློ་ཡུལ་དུ་འཆར་བ་གཅིག་དགོས་པས་སོ། །ཞེས་གསུངས་པ་དེ་ཡང་མིན་ཏེ། ཚིག་གི་སྒོ་ནས་མི་འཐད་པ་དང༌། དོན་གྱི་ཆ་ནས་མི་འཐད་པའོ། །དང་པོ་ནི། བདེན་པ་གཉིས་ཀྱི་རྣམ་པ་མ་ལུས་པར་བསྟན་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་ལམ་སྤྱིའི་ལུས་བློ་ཡུལ་དུ་འཆར་བར་མི་ནུས་ན། སེམས་བསྐྱེད་ལ་སོགས་པ་ཆོས་བཅུ་བསྟན་པ་ཉིད་ཀྱིས་དེ་འཆར་བར་ནུས་པ་འགལ་བ་དང༌། རབ་འབྱོར་རྣམ་པ་གང་དག་དང་ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་རྣམ་མཁྱེན་གྱི་མཚན་ཉིད་དེ་ཡང་སློབ་དཔོན་གྱི་བཞེད་པ་མ་ཡིན་པར་འགྱུར་བ་དང༌། མཆོད་ཡུམ་གྱི་རྣམ་མཁྱེན་གྱི་མཚན་ཉིད་ཀྱང་ཁྱེད་རང་གིས་ཁས་བླངས་པ་དེ་མི་རིགས་པར་ཐལ་བ་དང༌། རྣམ་མཁྱེན་ཙམ་ལ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་དང༌། རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པ་གཉིས་སུ་འབྱེད་པ་ཡང་སློབ་དཔོན་གྱི་བཞེད་པ་མ་ཡིན་པར་འགྱུར་ཏེ། རྒྱུ་མཚན་ཁས་བླངས་པ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། སྐབས་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་མཁྱེན་གྱི་མཚན་ཉིད་བསྟན་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་ལམ་སྤྱིའི་ཡུལ་བློ་ཡུལ་དུ་འཆར་དགོས་ན། སྐབས་གཉིས་པར་ལམ་ཤེས་བསྟན་པ་དོན་མེད་པ་དང༌། དེ་བསྟན་པ་ལ་ཟློས་པའི་སྐྱོན་ཡོད་པར་འགྱུར་ཏེ། རྣམ་མཁྱེན་དེའི་རྒྱུ་ཅི་ལྟ་བུ་སྙམ་པའི་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན་ལམ་ཤེས་ཀྱི་མཚན་ཉིད་བསྟན་པས། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་པོའི་རིམ་པ་བློ་ཡུལ་དུ་འཆར་དགོས་པ་དང༌། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཆོས་དགུའི་རིམ་པ་བློ་ཡུལ་དུ་འཆར་དགོས་པ་དེ་སློབ་དཔོན་གྱི་བཞེད་པ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཁྱེད་ལ་ཁས་བླངས་ནང་འགལ་ཏེ། ཁྱེད་རང་གིས་བཞག་པའི་མཁྱེན་པ་ཕྱི་མ་གཉིས་ཀྱི་མཚན་ཉིད་རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་པར་རྟོགས་པ་ཞེས་དང༌། དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་འཕགས་པའི་མངོན་པར་རྟོགས་པ་གང་ཞིག ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་ཞེས་པ་དེ་ཡང་སློབ་དཔོན་གྱི་དགོས་པ་མིན་པར་འགྱུར་ཏེ། མཁྱེན་པ་ཕྱི་མ་གཉིས་ཀྱི་རྟོགས་བྱ་བཤད་པ་ཉིད་ཀྱིས་ཆོས་བཅུ་གཅིག་དང༌། ཆོས་དགུའི་ལམ་གྱི་ལུས་བློ་ཡུལ་དུ་འཆར་དགོས་པའི་ཕྱིར། གཞན་ཡང་རྣམ་མཁྱེན་དང༌། རྒྱུ་ལམ་ཤེས་གཉིས་ཀྱིས་བཤད་པའི་གོ་རིམ་ཇི་ལྟར་ཡིན་པའི་ཚུལ་ཡང་ཁྱེད་ཀྱིས་མ་ཤེས་པ་ཡིན་ཏེ། བདེན་གཉིས་ཀྱི་རྣམ་པ་མ་ལུས་པར་མཁྱེན་པའི་རྣམ་མཁྱེན་དེ་སྐྱེ་བ་ལ་རྒྱུ་ཇི་ལྟ་བུ་ཞིག་དགོས་སྙམ་པ་ལ། སྐབས་གཉིས་པར་ལམ་ཤེས་འཆད་པ་དེ། དེ་གཉིས་ཀྱི་བཤད་པའི་གོ་རིམ་ཡིན་པ་ལ། ཁྱེད་ལྟར་ན་ནི་སྐབས་དང་པོར་རྣམ་མཁྱེན་གྱི་རྟོགས་བྱ་བསྟན་པ་ཉིད་ཀྱིས། རྣམ་མཁྱེན་གྱི་རྒྱུ་ཁོང་དུ་ཆུད་ཟིན་པའི་ཕྱིར་རོ། །གཞན་ཡང་སྐབས་དང་པོར། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་པོ་རེ་རེ་ནས་བསྟན་མི་དགོས་པར་འགྱུར་ཏེ། དེའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་མཁྱེན་གྱི་མཚན་ཉིད་དུ། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་བཞག་པ་ཙམ་གྱིས་ཐེག་པ་ཆེན་པོའི་ལམ་སྤྱིའི་ལུས་བློ་ཡུལ་དུ་ཤར་བའི་ཕྱིར་རོ། །འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མིན་ནམ་ཞེ་ན། ཁོ་བོ་ཅག་ལྟར་ན་སྐབས་དང་པོར་སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་དངོས་སུ་བསྟན་པ་ན། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་རྣམས་མཁྱེན་གྱི་མཚན་ཉིད་དུ་དོན་གྱི་གོ་བ་ཡིན་གྱི། རྣམ་མཁྱེན་གྱི་མཚན་ཉིད་བསྟན་པས་ཆོས་བཅུ་པོ་གོ་བར་འཆད་པ་མ་ཡིན་ཞིང༌། དེ་བཞིན་དུ་སྐབས་གཉིས་པར་ཡུལ་ལམ་གསུམ་པོ་དངོས་སུ་བསྟན་པས། ཡུལ་ཅན་ལམ་ཤེས་ཤུགས་ལ་གོ་བ་ཡིན་གྱི། ཅིག་ཤོས་ཚུར་མ་ཡིན་པ་དང༌། སྐབས་གསུམ་པར་གཞི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་བསྟན་པས། དེ་ཤེས་པའི་གཞི་ཤེས་ཤུགས་ལ་གོ་ནུས་པ་ཡིན་གྱི། ཅིག་ཤོས་ཚུར་མིན་ནོ། །དེའི་ཕྱིར་སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་དང༌། དེའི་རྒྱུ་ལམ་ཤེས་ཏེ། དངོས་པོ་དང་པོ་གཉིས་ཀྱི་འབྲེལ་ནི་རྣམ་མཁྱེན་ཙམ་དང༌། དེའི་རྒྱུ་ལམ་ཤེས་ཀྱི་བཤད་པའི་གོ་རིམ་གང་ཡིན་པ་དེ་ཉིད་ཡིན་གྱི། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་དང༌། ལམ་ཤེས་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་གོ་རིམ་འཆད་པ་མ་ཡིན་ལ། དེ་ལྟ་ན་ཡང༌། སྐབས་དང་པོར་རྣམ་མཁྱེན་བསྟན་ཚུལ་ནི། ཆོས་བཅུ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཤད་པ་ཡིན་མོད། དེ་ལྟར་འཆད་དགོས་པའི་རྒྱུ་མཚན་ཁྱེད་ཀྱིས་བཤད་པ་དེ་ནི་འཁྲུལ་ལོ། །གཉིས་པ་དབྱེ་བ་དང༌། ས་མཚམས་ནི་གོ་བར་ཟད་དོ། །གཉིས་པ་ལམ་ཤེས་ལ་གསུམ་ལས། མཚན་ཉིད་ནི། ལམ་གསུམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །འདི་ལ་དར་ཊཱིཀ་མཛད་པ་ན་རེ། མི་འཐད་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱིས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མ་རྟོགས་པར་འགྱུར་ལ། དེ་ལྟ་ན། བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མངོན་རྟོགས་ཐེག་པ་ཆེན་པོའི་མཐོང་ལམ་གྱི་དུས་སུ་བསྐྱེད་པ་མི་རིགས་པར་ཐལ་བ་དང༌། ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་ལམ་ཤེས་གསུམ་གྱི་དང་པོ་སྒོམ་པ་མིན་པར་ཐལ་བ་དང༌། མི་རྟག་ལ་སོགས་པ་བཅུ་དྲུག་རྟོགས་པ་དེ་ཉིད་ཀྱིས་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་ཡིན་ན་ནི། སློབ་ལམ་ན་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་ཡོད་པར་ཐལ་བ་དང༌། མཉམ་རྗེས་ངོ་བོ་གཅིག་ཏུ་ཡོད་པར་ཐལ་བ་སོགས་མཐའ་ཡས་སོ། །གཞན་ཡང་ལམ་ཤེས་ལ་ཞི་བའི་མཐའ་འགོག་པའི་སྙིང་རྗེ་ཆེན་པོ་ལམ་ཤེས་ཀྱིས་བསྡུས་པ་མེད་པར་ཐལ་བ་དང༌། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་དམིགས་པ་མེད་པའི་སྙིང་རྗེས་ཀྱང་སྟོང་ཉིད་མངོན་སུམ་དུ་མ་རྟོགས་ན། ལམ་ཤེས་ལ་དེས་ཁྱབ་པར་འདོད་ན་ནི། མི་རིགས་པ་ཁོ་ནའོ། །ཞེས་དགག་པ་བརྗོད་ནས། རང་ལུགས་ལ་རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་པ་ཆེན་པོའི་གང་ཟག་གི་མངོན་པར་རྟོགས་པའོ། །ཞེས་གསུངས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། རང་ལུགས་འཇོག་ཚུལ་མི་འཐད་པ་དང༌། གཞན་ལུགས་འགོག་ཚུལ་མི་འཐད་པའོ། །དང་པོ་ནི། དེ་དེའི་མཚན་གཞིར་རུང་བ་ཡིན་ཀྱང༌། མཚན་ཉིད་དུ་འཇོག་པ་མི་འཐད་དེ། ཁྱེད་ཀྱིས་བཤད་པ་དེ་ལ་གཞུང་ལས་འབྱུང་བའི་ལམ་ཤེས་ཀྱི་དོན་ལྡོག་གི་ཟུར་གཅིག་ཀྱང་མི་སྣང་བའི་ཕྱིར། ཇི་ལྟར་ཞེ་ན། མདོ་ལས་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། ཞེས་གསུངས་ལ། སློབ་དཔོན་གྱིས་ནི་ཇི་སྐད་དུ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་དང༌། ཞེས་སོགས་གསུངས་ལ། ཁྱེད་ཀྱི་འདོད་པ་དེ་ལ། དེ་ལྟར་བཤད་པ་རྣམས་ཀྱི་ནང་ནས་ཟུར་གཅིག་ཀྱང་མི་སྣང་བའི་ཕྱིར། གཞན་ཡང་དེ་དེའི་མཚན་ཉིད་དུ་མི་འཐད་དེ། དེ་ལྟར་བཤད་པས་ལམ་ཤེས་ཀྱི་མཚན་གཞི་ཐམས་ཅད་བློ་ཡུལ་དུ་འཆར་ནུས་ཀྱང༌། དེ་ལམ་ཤེས་ཡིན་པའི་དོན་གྱི་གོ་བ་མི་འཆར་བའི་ཕྱིར། དེར་མ་ཟད། ལམ་ཤེས་ཀྱིས་ཤེས་བྱའི་ལམ་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་འདི་ལྟ་བུ་ཞིག་གོ་ཞེས་ཁྱེད་ཀྱིས་མ་བཤད་ཅིང༌། མི་འཆད་པ་དེ་ཁྱེད་ཀྱི་གྲུབ་པའི་མཐར་གནས་ལ། དེ་ལྟ་ན་ལམ་ཤེས་ཀྱི་དོན་ལྡོག་འཆད་པར་མི་ནུས་ཏེ། དཔེར་ན་ཤེས་པར་བྱ་བའི་རྣམ་པ་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་མ་བཤད་ན། རྣམ་མཁྱེན་གྱི་མཚན་ཉིད་འཆད་མི་ནུས་པ་དང༌། ཤེས་པར་བྱ་བའི་གཞི་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་མ་བཤད་ན། གཞི་ཤེས་ཀྱི་མཚན་ཉིད་འཆད་མི་ནུས་པ་བཞིན་ནོ། །གཉིས་པ་ལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་འདོད་པ་མི་འཐད། ལམ་དང་ལམ་ཤེས་ཀྱི་ཁྱད་པར་མི་འབྱེད་པ་མི་འཐད། བྱང་སེམས་འཕགས་པས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་འདོད་པ་མི་འཐད། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློས་ཀུན་རྫོབ་དངོས་ཡུལ་དུ་མི་བྱེད་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་པའོ། །དང་པོ་ལ། ལུང་གིས་མི་འཐད། རིགས་པས་མི་འཐད། ཁས་བླངས་པས་མི་འཐད་པའོ། །དང་པོ་ནི། མི་རྟག་ལ་སོགས་བཅུ་དྲུག་པོ་གང་རུང་མངོན་སུམ་དུ་རྟོགས་པར་འདོད་པའི་བློ་དེ་ཉིད་ཀྱིས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་གཅིག་མི་སྲིད་ན། སློབ་དཔོན་གྱིས་འགྲེལ་པ་དོན་གསལ་ལས། དེ་སྲིད་པར་བཤད་པ་དང་འགལ་ལོ། །ཇི་ལྟར་ཞེ་ན། མངོན་པ་ལས་གསུངས་པའི་གང་ཟག་གི་བདག་མེད་ཀྱི་རྣམ་པ་དང༌། ཤེར་ཕྱིན་ལས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་རྣམས་རྣམ་གྲངས་ཀྱི་རྣམ་པར་སྦྱར་ནས་གསུངས་པས་སོ། །སྐབས་གང་དུ་ཇི་ལྟར་གསུང་ཞེ་ན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་འཆད་པའི་སྐབས་སུ། མངོན་པ་ལས་གསུངས་པའི་མི་རྟག་ལ་སོགས་བཅུ་དྲུག་དང༌། ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཉི་ཤུ་རྩ་དྲུག་པོ་དེ། ངོ་བོ་ཉིད་དང་རྣམ་གྲངས་ཀྱི་རྣམ་པར་སྦྱར་ནས་གསུངས་པ་ཡིན་ལ། དེ་ཇི་ལྟར་སྦྱོར་བའི་ཚུལ་ཡང༌། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ནི། བྱང་སེམས་འཕགས་པས་རང་རྒྱུད་ལ་བསྐྱེད་པའི་ཉན་ཐོས་ཀྱི་རྟོགས་རིགས་དེ་ཉིད་ཡིན་ལ། དེ་ཡང་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་འཆད་དགོས་པ་ལ། ཤེར་ཕྱིན་གྱི་མདོར་ནི། དེ་མ་བཤད་པར་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་བཤད་པས། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ནི་མདོ་ལས་མ་བསྟན་ནོ་སྙམ་པའི་དོགས་པ་དགག་པའི་ཕྱིར་དུ། འགྲེལ་པ་དོན་གསལ་ལས། དེ་ལ་སྡུག་བསྔལ་གྱི་བདེན་པའི་གོ་རིམ་བཞིན་དུ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། ཞེས་པ་ནས་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་དག་དང༌། ལམ་གྱི་བདེན་པའི་ལམ་དང༌། རིགས་པ་དང༌། བསྒྲུབ་པ་དང༌། ངེས་པར་འབྱིན་པའི་རྣམ་པ་རྣམས་ཉན་ཐོས་ཀྱི་ལམ་ཡིན་པར་བྱང་ཆུབ་སེམས་དཔས་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །ཞེས་གསུངས་པ་དང་འགྲེལ་ཆེན་ལས། དེ་རིམ་པ་འདིས་ནི་ཐེག་པ་ཆེན་པོར་རྣམ་པ་ལ་ལ་ནི་རྣམ་གྲངས་ཀྱི་ལ་ལ་ནི་རང་གི་ངོ་བོ་ཉིད་དུ་བསྟན་པ་ཡིན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་གསུངས་སོ། །འདི་ཡང་བྱང་སེམས་འཕགས་པའི་ཐུགས་རྒྱུད་ཀྱི་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་ཤེས་རྣམ་ཉི་ཤུ་རྩ་དྲུག་པོ་དེའི་རང་ལྡོག་ནས་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་རྟོགས་རིགས་སུ་གནས་ཀྱང༌། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ལ། དེ་རྟོགས་པའི་རྟོགས་རིགས་ཀྱི་ཆ་ནས་ཤེས་པར་བྱ་བ་ཉན་ཐོས་ཀྱི་ལམ་དུ་འཇོག་དགོས་པ་ཡིན་པ་དེ་ལྟར་ན། སྐབས་དེའི་ཡུམ་གྱི་མདོ་དེ་རྣམས་ཀྱིས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་བསྟན་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་བཞིན་དུ་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་འཆད་པ་ན། ཉན་ཐོས་ཀྱི་རྟོགས་རིགས་དེའི་ཆ་ནས་འཆད་རྒྱུ་ཡིན་ཀྱང༌། ཇི་སྐད་དུ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་ཆོས་ཀྱི་བདག་མེད་པའི་རྟོགས་ཀྱི་ཆ་ནས་བཤད་ལ། དེ་ལྟར་འཆད་པ་དེ་ཡང༌། དེས་དེ་རྟོགས་པའི་དབང་དུ་བྱས་པ་ལ་དགོངས་སོ། །ཡང་སྐབས་བཞི་པར། གཞི་ཤེས་ཀྱི་ཤེས་རྣམ་འཆད་པ་ན། ཆོས་མངོན་པ་ལས་གསུངས་པའི་རྣམ་པ་བཅུ་དྲུག་དང༌། ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་ཆོས་ཀྱི་བདག་མེད་པའི་རྣམ་པ་བཅུ་དྲུག་སྦྱར་ནས་གསུངས་པ་ཡང་དོན་དེ་ཉིད་ལ་དགོངས་སོ། །དེ་ཡང༌། མེད་པ་དང་མི་སྐྱེ་བ་སོགས་རྟོགས་པའི་ཡེ་ཤེས་དང་པོ་བཅུ་གཉིས་ཆོས་ཅན། མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་ཡིན་ཏེ། དེ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཞེས་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་མཚན་ཉིད་སྟེ། ཞེས་གསུངས་པས་སོ། །ཡང་ལམ་ཤེས་ཀྱི་ཤེས་རྣམ་སོ་དྲུག་འཆད་པའི་སྐབས་སུ། ཡུམ་གྱི་མདོ་ལས་གསུངས་པའི་འདོད་ཆགས་དང་བྲལ་བའི་རྣམ་པ་ནས། ངོ་བོ་ཉིད་ཀྱིས་སྟོང་པའི་བར་ཆོས་ཀྱི་བདག་མེད་པའི་རྣམ་པ་སོ་དྲུག་པོ་དེ་དང༌། མངོན་པ་ལས་གསུངས་པའི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་རྣམས་བྱང་སེམས་འཕགས་པའི་ཐུགས་རྒྱུད་ལ་ཡོད་པ་གཞིར་བྱས་ནས་དོན་གཅིག་པར་བཤད་པའི་ཕྱིར། དེ་ཡང་དཔེར་ན། ཚད་མེད་པ་དང་མཐའ་གཉིས་དང་མ་འབྲེལ་བ་སོགས། ལམ་རིགས་པ་བསྒྲུབ་པ་ངེས་འབྱིན་གྱི་རྣམ་པ་རྣམས་ཀྱི་ངོས་འཛིན་དུ་བཤད་པ་བཞིན་ནོ། །ཅི་སྟེ་ཤེར་ཕྱིན་གྱི་མདོ་ལས་གསུངས་པ་དེ་དག་ཀྱང་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་ཡིན་ནོ་སྙམ་ན། དེ་ལྟར་དུ་ཡང་འཆད་ནུས་པ་མ་ཡིན་ཏེ། འགོག་བདེན་གྱི་རྣམ་པ་བཅུ་དྲུག་ནི། སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་ལ་བཤད་ལ། བཅུ་དྲུག་པོ་དེ་ཡང༌། འགོག་པ། ཞི་བ། གྱ་ནོམ་ངེས་འབྱུང་གི་ཤེས་རྣམ་བཞི་པོའི་ངོས་འཛིན་དུ་འཆད་པ་མི་མཐུན་པ་མེད་ཅིང༌། སྟོང་ཉིད་བཅུ་དྲུག་པོ་གང་ཟག་གི་བདག་མེད་པའི་གོ་དོན་དུ་འཆད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །མདོར་ན་ཤེར་ཕྱིན་གྱི་མདོར། གཞི་ཤེས་ཀྱི་རྟོགས་རིས་འཆད་པ་ན་ཡང་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་བཤད་པ་ལ། བསྟན་འཆོས་དང་འགྲེལ་པ་མཛད་པས། སྐབས་དེ་དང་དེའི་ཆོས་ཀྱི་བདག་མེད་ཀྱི་ཤེས་རྣམ་དེ་དང་དེ། གང་ཟག་གི་བདག་མེད་པ་དང༌། གཟུང་བ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་བཤད་ནས། ཐེག་པ་གསུམ་གྱི་ལམ་གྱི་རྣམ་པར་བཞག་པ་རྒྱས་པར་མཛད་པ་ནི་བསྟན་འཆོས་ཀྱིས་མདོ་འཆད་པའི་ལུགས་བླ་ན་མེད་པ་ཡིན་ཏེ། དཔེར་ན་མདོ་ལས་གསུངས་པའི་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པ་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཀྱང༌། བསྟན་འཆོས་སུ་མཁྱེན་པ་གསུམ་གྱི་སྦྱོར་བའི་དབང་དུ་བྱས་ནས་འཆད་དགོས་པ་བཞིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་གཉིས་སྔ་ཕྱི་རིམ་ཅན་དུ་སྐྱེའམ། ཅིག་ཅར་དུ་སྐྱེ་བ་གང་ཡིན། དང་པོ་ལྟར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་མ་མྱོང་བའི་ཐེག་ཆེན་གྱི་མཐོང་ལམ་ཡོད་པའམ། སྟོང་ཉིད་མངོན་སུམ་དུ་རྟོགས་མ་མྱོང་བའི་ཐེག་ཆེན་གྱི་མཐོང་ལམ་སྲིད་པར་ཐལ་བ་གང་རུང་ལས་མ་འདས་སོ། །གཉིས་པ་ལྟར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཉིད་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པར་གྲུབ་བོ། །གལ་ཏེ་དེ་གཉིས་རྒྱུད་གཅིག་ལ་ཅིག་ཅར་དུ་སྐྱེ་ཡང་གཞི་མཐུན་མི་སྲིད་པར་ཁས་ལེན་དགོས་པས། ཤེས་བྱེད་འཁྲུལ་ལོ་སྙམ་ན། འོ་ན་ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་མ་དང་པོར། ཀུན་རྫོབ་དངོས་ཡུལ་དུ་བྱེད་པ་དང༌། དོན་དམ་དངོས་ཡུལ་དུ་བྱེད་པའི་བློ་གཉིས་ཅིག་ཅར་དུ་ཡོད་པར་ཁྱོད་ཀྱིས་ཁས་བླངས་པས། སློབ་ལམ་ན་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་ཡོད་པར་ཐལ་བ་དང༌། མཉམ་རྗེས་ངོ་བོ་གཅིག་དུ་ཐལ་བའི་ཉེས་པ་སོན་གནས་སོ། །གཞན་ཡང་ཐེག་ཆེན་གྱི་སྦྱོར་ལམ་དུ་ཐེག་པ་གསུམ་ཆར་གྱི་རྟོགས་རིས་མ་ཚང་བར་འདོད་ན་ནི། ལུང་རིགས་ཁས་བླངས་གསུམ་ཆར་དང་འགལ་ལ། ཚང་ན་ནི་ཚང་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པ་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་གྱིས་སོ། །ཞེས་ཟེར་བ་ལས་འོས་མེད་པས། ངོ་བོ་གཅིག་པའི་དོན་རྟོགས་པ་གསུམ་པོ་མི་འགལ་བ་དང༌། ལྡོག་པ་ཐ་དད་པའི་དོན་རྟོགས་རིས་གསུམ་པོ་འགལ་བ་ལ་འཆད་དགོས་པ་ཡིན་ཏེ། དཔེར་ན་སྒྲ་བྱས་མི་རྟག་པ་གསུམ་པོ་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པར་འཆད་ཚུལ་བཞིན་ནོ། །གཞན་ཡང་སྦྱིན་སོགས་ཕར་ཕྱིན་རེ་རེ་ཡང་དྲུག་ལྡན་དུ་ཉམས་སུ་ལེན་པ་མི་སྲིད་པར་ཐལ་བ་དང༌། ཤེར་ཕྱིན་དང་མཚུངས་པར་ལྡན་པའི་ཐེག་ཆེན་གྱི་སེམས་བསྐྱེད་མི་སྲིད་པར་ཐལ་བ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བློ་མི་སྲིད་པར་ཐལ་བ་དང༌། ཐབས་ཤེས་ཟུང་དུ་འབྲེལ་བའི་སློབ་པའི་མཁྱེན་པ་མི་སྲིད་པར་འགྱུར་ཏེ། སློབ་ལམ་དུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་སྦྱིན་སོགས་དང༌། ཀུན་རྫོབ་སེམས་བསྐྱེད་དང༌། སྙིང་རྗེ་ཆེན་པོ་སོགས་མི་སྲིད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ཁས་མ་བླངས་སོ་སྙམ་ན། འོ་ན་སློབ་པའི་ཤེས་རྒྱུད་གཅིག་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རིག་པ་དང༌། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་གཉིས་ཅིག་ཅར་དུ་ཡོད་པར་ཁས་ལེན་དགོས་ཏེ། དེ་དང་མཚུངས་པར་ལྡན་པའི་ཀུན་རྫོབ་སེམས་བསྐྱེད་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་བློ་གཅིག་གིས་བདེན་གཉིས་རྟོགས་པའི་སློབ་པའི་མཁྱེན་པ་མི་སྲིད་པར་འདོད་པ་དེ་ནི། བདག་མེད་རྟོགས་པའི་གོ་དོན་བདག་གཉིས་པོ་གང་དུ་ཡང་མི་དམིགས་པའི་བློ་ལ་བྱེད་པ་མ་གོ་བར། བདག་དེ་དང་དེ་མེད་དོ་ཞེས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པ་ལ་དེའི་གོ་དོན་དུ་ཁས་བླངས་པས་ནོངས་པ་ཡིན་ནོ། །གསུམ་པ་ཁས་བླངས་པ་དང་འགལ་བ་ནི། དར་ཊཱིཀ་མཛད་པས། བདེན་འཛིན་གྱི་ས་བོན་སྤངས་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་བཅུ་དྲུག་རྟོགས་པའི་ཤེས་རྣམ་དང༌། འོག་བདེན་གྱི་འགོག་སོགས་བཞི་པོའི་ཤེས་རྣམ་རྣམ་གྲངས་སུ་སྦྱར་ནས་བཤད་པ་དང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་འཆད་པའི་ཚེ། སེམས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་རྟགས་ཀྱིས་ལམ་བདེན་གྱི་རྣམ་པ་བཞིའི་ཡ་གྱལ་གྱི་བསྒྲུབ་པ་ཡིན་པར་འཆད་པ་དང༌། སྔར་གྱི་དམ་བཅའ་རྣམས་ནང་འགལ་བར་ངེས་པ་དང༌། ཡང་འདི་ལྟར། འོ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཁས་ལེན་ནམ་མི་ལེན། མི་ལེན་ན་སློབ་དཔོན་འདི་དང༌། སློབ་དཔོན་ཟླ་བ་གྲགས་པའི་མཐོང་ལམ་གྱི་རྣམ་གཞག་འཆད་ཚུལ་ལ། རང་རིག་ཁས་ལེན་མི་ལེན་སོགས་ཀྱི་ཁྱད་པར་ཡོད་ཀྱང༌། སྐད་ཅིག་མའི་གྲངས་ངེས་ཀྱི་རྣམ་གཞག་འཆད་ཚུལ་ཁྱད་པར་མེད་དོ་ཞེས་ཁྱེད་ཀྱིས་འཆད་པ་དང་འགལ། དང་པོ་ལྟར་ན། དེ་འདྲའི་རང་རིག་དེ་བཟོད་ཤེས་གང་རུང་དུ་འདུས་པས། སྤྱིར་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང༌། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་གཞི་མཐུན་ཡོད་པར་ཐལ་བ་དང༌། བྱེ་བྲག་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དེ་དང་དེའི་གཞི་མཐུན་ཡོད་པར་འགྱུར་ཏེ། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་སྤྱིར་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཡིན་པ་དང༌། ཁྱད་པར་དེ་མངོན་སུམ་དུ་རྟོགས་པའི་བཟོད་ཤེས་གང་རུང་དུ་ཁས་བླངས་པས་སོ། །ཐལ་བ་སྔ་མ་འདོད་ནུས་པ་མིན་ཏེ། ཐེག་ཆེན་སློབ་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀུན་རྫོབ་མངོན་སུམ་དུ་རྟོགས་པར་འདོད་པ་ལ་དབུ་མའི་དྲི་ཙམ་ཡང་མི་བྲོའོ་ཞེས་ཁྱེད་ཀྱིས་སྨྲས་པའི་ཕྱིར། ཡང་གང་ཟག་གི་བདག་མེད་ཀུན་རྫོབ་ཀྱི་བདེན་པར་འདོད་པ་དང༌། སློབ་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀུན་རྫོབ་བདེན་པ་མངོན་སུམ་དུ་རྟོགས་མི་སྲིད་པར་འདོད་པ་ནང་འགལ་ལོ། །གཞན་ཡང་ཐེག་ཆེན་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་ཐལ། ལམ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་ཐལ་བའི་ཆོས་ཀྱང་ཁས་བླངས་པ་ཡིན་ཏེ། དེའི་རྒྱུད་ལ་དེ་མེད་པར་ཁས་བླངས་པས་སོ། །དེ་ཡོད་པར་ཁས་ལེན་ན་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དང༌། རྗེས་ཐོབ་ཀྱི་གཞི་མཐུན་ཡོད་པར་ཁས་བླངས་པས། དེ་འདྲའི་གཞི་མཐུན་དུ་གྱུར་པའི་མཁྱེན་པ་དེ་ཆོས་ཅན། ཀུན་རྫོབ་དངོས་ཡུལ་དུ་བྱེད་པར་ཐལ། རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན། སྟོང་ཉིད་མངོན་སུམ་རྟོགས་པའི་སློབ་པའི་མཁྱེན་པ་མ་ཡིན་པར་འགྱུར་རོ། །ཞེས་འཕངས་པས་འཁོར་གསུམ་ཚང་བ་ཡིན་ནོ། །ཡང་གལ་ཏེ་རྗེས་ཐོབ་དེ་དང་དེའི་ཚེ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་དབང་དང་ལྡན་པས་ལྡན་པ་ཡིན་གྱི། མངོན་གྱུར་དུ་ལྡན་པ་མ་ཡིན་ནོ་སྙམ་ན། འོ་ན་དེའི་ཚེ་ཀུན་རྫོབ་དངོས་ཡུལ་དུ་མི་བྱེད་པའི་བློ་ཞིག་དབང་ལྡན་གྱི་ཚུལ་གྱིས་རྒྱུད་དེ་དང་དེ་ལ་ཡོད་པར་འགྱུར་ལ། དེ་ལྟ་ན་རྗེས་ཐོབ་ཀྱི་དུས་སུ་མཉམ་ཞག་དབང་ལྡན་དུ་ཡོད་པར་འགྱུར་ཏེ། དེའི་དུས་སུ་རྒྱུད་དེ་ལ་སྟོང་ཉིད་འབའ་ཞིག་དངོས་ཡུལ་དུ་བྱེད་པའི་མཁྱེན་པ་དབང་ལྡན་དུ་ཡོད་པའི་ཕྱིར་རོ། །ཞེས་འཕངས་ན་ཡང་འཁོར་གསུམ་ཚང་བ་ཡིན་ནོ། །གཉིས་པ་ལམ་དང་ལམ་ཤེས་ཀྱི་ཁྱད་པར་མི་འབྱེད་པ་མི་འཐད་པ་ལ་གསུམ་སྟེ། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་པ་དང་འགལ་བའོ། །དང་པོ་ནི། བྱང་སེམས་འཕགས་པའི་ཐུགས་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཉིད་ཤེས་པར་བྱ་བའི་ལམ་དང༌། ལམ་ཤེས་གཉིས་ཀ་ཡིན་པར་འདོད་པ་དང༌། དེ་བཞིན་དུ་དེའི་རྒྱུད་ཀྱི་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཉིད་ཤེས་པར་བྱ་བ་རང་རྒྱལ་གྱི་ལམ་དང༌། ལམ་ཤེས་གཉིས་ཀ་ཡིན་པར་འདོད་པ་ནི་ལུང་དང་འགལ་བ་ཡིན་ཏེ། འདི་ལྟར་ཇི་སྐད་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །ཞེས་ཤེས་པ་དང་བསྐྱེད་པ་ལ་རྣམ་དབྱེ་ཐ་དད་དུ་གསུངས་པ་དང༌། ཇི་ལྟར་ཤེས་པའི་ཚུལ་འཆད་པ་ན། ཇི་སྐད་དུ། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་དང༌། དེའི་འགྲེལ་པ་ལས། ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ། ཉན་ཐོས་ཀྱི་ལམ་བྱང་ཆུབ་སེམས་དཔས་དེ་ལྟར་ཡོངས་སུ་ཤེས་པར་བྱའོ་ཞེས་གསུངས་པ་དང༌། རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་པ་དེར་ཡང༌། ཤེས་པའི་ཁྱད་པར་ནི། དམིགས་པ་རང་རྒྱལ་གྱི་ལམ་ཁྱད་པར་གསུམ་ལྡན་དེ་ལ་དམིགས་ནས། ངོ་བོ་ཉིད་མེད་པའི་རྣམ་པ་ཅན་དུ་ཤེས་པ་ལ་འཆད་དགོས་པ་ཡིན་གྱི། གཞན་དག་གིས་འཆད་པ་ལྟར་ན། རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་རྒྱུད་ལ་བསྐྱེད་པ་ཙམ་ལ་ཤེས་པའི་དོན་དུ་འཆད་དགོས་ལ། དེ་ཡང་དེའི་དོན་མ་ཡིན་ཏེ། ཇི་སྐད་དུ། བྱང་སེམས་ཀྱི་རྣམ་དག་འཆད་པ་ན། །ལམ་གསུམ་སྒྲིབ་ཉམས་ཕྱིར། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཞེས་ལམ་གསུམ་ལ་མཚན་མར་འཛིན་པའི་རྟོག་པ་དང་བྲལ་བ་ལ་ལམ་ཤེས་པའི་དོན་དང༌། བྱང་ཆུབ་སེམས་དཔའི་རྣམ་དག་ཏུ་བཤད་པའི་ཕྱིར་དང༌། གཞན་དུ་ན་ཤེས་བསྐྱེད་གཉིས་ཀྱི་ཁྱད་པར་དབྱེ་མི་ནུས་པའི་ཕྱིར་དང༌། དོན་གསལ་ལས། བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་རྣམས་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱི་ཞེས། ལམ་ཤེས་ཀྱི་དོན་ལྡོག་ལམ་སྐྱེ་མེད་དུ་རྟོགས་པའི་ཆ་ནས་བཤད་པའི་ཕྱིར་དང༌། འགྲེལ་ཆེན་ལས་ཀྱང༌། ཡུལ་ལམ་དང༌། ཡུལ་ཅན་ལམ་ཤེས་ཀྱི་ཁྱད་པར་སོ་སོར་ཕྱེ་ནས་བཤད་པ་ཡིན་ཏེ། ཇི་སྐད་དུ། འདིས་ཀྱང་ལམ་ཤེས་པ་ཉིད་ལམ་ཐམས་ཅད་ཀྱི་ཡུལ་ཅན་དུ་བརྗོད་པ་ཡིན་ཏེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པའི་ཡུལ་ཅན་ལམ་ཤེས་པ་འདི་ལ་མ་བརྟེན་པར་སྲིད་པ་མིན་ཏེ། དེ་ལྟ་མིན་ན་རྟོགས་པ་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་རིགས་པས་མི་འཐད་པ་ནི། སྐབས་གཉིས་པར། ཡུལ་ཤེས་པར་བྱ་བའི་ལམ་གསུམ་དངོས་སུ་བསྟན་ནས། དེ་ཤེས་པའི་ཡུལ་ཅན་ལམ་ཤེས་གསུམ་ཤུགས་ལ་མཚོན་པ་མིན་པར་འགྱུར་ཏེ། དངོས་བསྟན་གྱི་ལམ་གསུམ་པོ་དེ་ཉིད་ཡུལ་ཅན་ལམ་ཤེས་ཡིན་ནོ་ཞེས་གཞུང་གིས་སྟོན་པའི་ཕྱིར། དེ་ལ་འདོད་མི་ནུས་པའི་རྒྱུ་མཚན་ནི། ཇི་སྐད་དུ། རྩ་བར་མཚན་ཉིད་ཅེས་དང༌། འགྲེལ་པར་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་མཚན་ཉིད་དོ་ཞེས་གསུངས་པས་སོ། །གཞན་ཡང་སྐབས་གཉིས་པར་ལམ་ཤེས་བསྟན་པའི་ཚུལ་དང༌། སྐབས་གསུམ་པར་གཞི་ཤེས་བསྟན་ཚུལ་ལ་ཁྱད་པར་མེད་པར་འགྱུར་ཏེ། སྐབས་གཉིས་པར་ཡང༌། ཐེག་པ་གསུམ་པོ་རང་རང་སོ་སོའི་རྟོགས་རིས་ཀྱི་ཆ་ནས་ལམ་གསུམ་པོ་སོ་སོར་ཤེས་པའི་ལམ་ཤེས་སུ་བཞག་ཅིང༌། སྐབས་གསུམ་པར་ཡང༌། སྲིད་ཞི་ལ་གནས་པ་དང་མི་གནས་པའི་གཞི་ཤེས་སོགས་ཀྱང་རྟོགས་རིགས་གསུམ་པོ་སོ་སོའི་རང་ལྡོག་ནས་བཤད་པའི་ཕྱིར་རོ། །གཞན་ཡང་སྐབས་ཐོག་མཐའ་གཉིས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་མཁྱེན་པ་གཉིས་ལ་ཡང་ཡུལ་དང་ཡུལ་ཅན་གྱི་ཆ་སོ་སོར་མི་འབྱེད་པར། ཡུལ་དུ་བཞག་པའི་རྣམ་པ་དེ་ཉིད་རྣམ་མཁྱེན་དུ་ཁས་ལེན་དགོས་པ་དང༌། ཡུལ་དུ་བཞག་པའི་གཞི་དེ་ཉིད་གཞི་ཤེས་སུ་ཁས་ལེན་དགོས་པར་འགྱུར་ཏེ། སྐབས་གཉིས་པར། ཤེས་པར་བྱ་བའི་ཡུལ་དུ་བཤད་པའི་ལམ་དེ་ཉིད་ཡུལ་ཅན་ལམ་ཤེས་སུ་ཡང་ཁྱེད་ཀྱིས་འཆད་དགོས་པའི་ཕྱིར་རོ། །གཞན་ཡང་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ལམ་ཡིན་པར་འགྱུར་ཏེ། དེས་འདའ་བར་བྱེད་པའི་ལམ་ཡིན་པའི་ཕྱིར། ཡུལ་ཅན་ལམ་ཤེས་ཀྱི་རྟོགས་རིས་ཡིན་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། ཐེག་པ་དམན་པའི་རྟོགས་རིགས་སུ་གནས་པ་མིན་པར་ཐལ། ཐེག་པ་ཆེན་པོའི་རྟོགས་རིགས་སུ་གནས་པའི་ཕྱིར། རྟགས་ཁས་བླངས་ཤིང༌། དེར་ཐལ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་རྟོགས་རིགས་སུ་གནས་པའི་ཕྱིར་ཏེ། ལམ་ཤེས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར་རོ། །འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། ཁོ་བོ་ཅག་ལྟར་ན་ནི། ལམ་ཤེས་རང་ལྡོག་དང་དོན་ལྡོག་ནས་དེའི་རྟོགས་རིགས་སུ་གནས་པ་ཡིན་ཀྱང༌། དེ་ཡིན་པ་ལ་དེའི་རྟོགས་རིགས་སུ་གནས་པས་ཁྱབ་པ་ཁས་མི་ལེན་ལ། ཁྱེད་ལྟར་ན་ནི་ལམ་ཤེས་ཡིན་པ་ལ་ལམ་ཤེས་ཀྱི་རྟོགས་རིགས་ཀྱིས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་ཡིན་ལ་དེའི་རྟོགས་རིགས་མ་ཡིན་པ་ངོས་བཟུང་དུ་མེད་པའི་ཕྱིར་རོ། །དེ་ཡང་ཤེས་པར་བྱ་བའི་དམན་པའི་ལམ་གཉིས་པོ་འདའ་བར་བྱ་བའི་ལམ་ཡིན་པ་དང༌། དེ་ཤེས་པའི་ཡུལ་ཅན་ལམ་ཤེས་དེ་ལམ་དེ་གཉིས་ལ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་པའི་ལམ་ཡིན་པའི་ཁྱད་པར་མ་ཕྱེད་པས་ནོངས་པ་དང༌། ལམ་ཤེས་དང་གཞི་ཤེས་ལ་རྟོགས་རིགས་མི་འདྲ་བའི་ཁྱད་པར་འབྱེད་རྒྱུ་ཡིན་པ་ལ། དེ་མེད་པར་ལམ་ཤེས་གསུམ་པོ་རྟོགས་རིགས་མི་འདྲ་བར་འབྱེད་པས་ནོངས་པ་དང༌། ལམ་ཤེས་ཡིན་ན་ལམ་གསུམ་ཀ་ཤེས་པའི་ལམ་ཤེས་ཡིན་དགོས་པར་གཞུང་ལས་བཤད་པ་དེ་བོར་ནས། ལམ་ཤེས་གསུམ་པོ་རྟོགས་རིགས་འགལ་བར་ཁས་བླངས་པས་ནོངས་པ་དང༌། ཤེས་པར་བྱ་བའི་ལམ་གསུམ་པོ་རྟོགས་རིགས་འགལ་བ་དང༌། དེ་ཤེས་པའི་ལམ་ཤེས་གསུམ་རྟོགས་རིགས་མི་འགལ་བའི་ཤན་མ་ཕྱེད་པས་ནོངས་པ་དང༌། ལམ་ཤེས་བསྐྱེད་གཉིས་ཀྱི་ཁྱད་པར་མ་ཕྱེད་པས་ནོངས་སོ། །གསུམ་པ་ཁས་བླངས་པ་དང་འགལ་བ་ནི། གཞི་ཤེས་ཀྱི་རང་ལྡོག་ནས་ཐེག་པ་དམན་པའི་རྟོགས་རིགས་སུ་ཁས་ལེན་པ་དང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རང་ལྡོག་ནས་བྱང་ཆུབ་སེམས་དཔའི་རྟོགས་རིགས་སུ་ཁས་མི་ལེན་པ་ནང་འགལ་བ་དང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་ངོ་བོར་གྱུར་པའི་ཐེག་པ་ཆེན་པོའི་མཐོང་ལམ་གྱི་རིགས་རྒྱུན་གོམས་པར་བྱེད་པའི་ཐེག་པ་ཆེན་པོའི་སྒོམ་ལམ་མི་སྲིད་པས་ཁས་ལེན་པ་དང༌། ལམ་ཤེས་ཉིད་ཀྱི་སྐབས་སུ་སྒོམ་པའི་ལམ་ལོགས་ཞིག་ཏུ་སྟོན་ཞིང༌། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་སྒོམ་པའི་ལམ་ལོགས་ཤིག་ཏུ་མི་འཆད་པའི་རྒྱུ་མཚན་རྒྱས་པར་འཆད་པ་ནང་འགལ་བ་དང༌། ལམ་ཤེས་ཀྱི་འཛིན་སྟངས་གང་ཡིན་ཐམས་ཅད་ཆོས་ཀྱི་བདག་མེད་པའི་འཛིན་སྟངས་ཅན་དུ་མི་འཆད་པ་དང༌། གཞི་ཤེས་འཛིན་སྟངས་གང་ཡིན་ཐམས་ཅད་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་འཆད་པ་ནང་འགལ་བ་དང༌། བྱང་སེམས་འཕགས་པའི་རྒྱུད་ཀྱི་རྟོགས་རིགས་དང་པོ་གཉིས་དམན་པའི་ལམ་ཤེས་པའི་ལམ་ཤེས་སུ་འདོད་པ་དང༌། དེ་འདྲ་དེ་ཐེག་པ་ཆེན་པོའི་ལམ་ཤེས་པའི་ལམ་ཤེས་སུ་མི་འདོད་པ་ནང་འགལ་ཏེ། ལམ་ཤེས་ཡིན་ན་ཐེག་པ་གསུམ་ཀའི་ལམ་ཤེས་པའི་ཆ་ནས་ལམ་ཤེས་སུ་འཇོག་དགོས་པའི་ཕྱིར་རོ། །གསུམ་པ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གཞི་མཐུན་མི་སྲིད་པར་འདོད་པར་མི་འཐད་པ་ནི། ལུང་དང་རིགས་པ་དང་ཁས་བླངས་གསུམ་ཆར་དང་འགལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། རེ་ཞིག་ལུང་ནི་མདོ་སྡེའི་རྒྱན་ལས། སྙིང་རྗེ་གསུམ་གྱི་དམིགས་རྣམ་འཆད་པ་ན། དམིགས་པ་རྣམ་པ་གསུམ་ལ་འཇུག །ཅེས་དང༌། ཉོན་མོངས་ཅན་དང་དེ་དག་བསྟན་འཆོས་དང༌། །དེ་ཡི་དེ་བཞིན་དེ་ཉིད་ལ་ལེགས་པར་འཇུག །ཅེས་དམིགས་མེད་ལ་དམིགས་པའི་སྙིང་རྗེས་དེ་བཞིན་ཉིད་ལ་དམིགས་པར་བཤད་པ་དང༌། དབུ་མ་འཇུག་པ་ལས། འགྲོ་བ་གཡོ་བ་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །འགྲོ་ལ་སྙིང་རྗེ་ཞེས་དམིགས་མེད་ལ་དམིགས་པའི་སྙིང་རྗེས་སྟོང་པ་ཉིད་མཐོང་བར་བཤད་པ་དང༌། དེ་ལྟར་འཆད་པ་ལུང་གི་དོན་མ་ཡིན་ན། སྐབས་དེར་སྙིང་རྗེ་གསུམ་གྱི་ཁྱད་པར་དབྱེར་མི་ནུས་པ་དང༌། གསུམ་པོའི་ཁྱད་པར་ཡང་དམིགས་པ་སེམས་ཅན་ལ་དམིགས་པར་འདྲ་ཡང༌། སྙིང་བརྩེ་བ་ཙམ་གྱི་རྣམ་པ་ཅན་དང༌། གཡོ་བར་མཐོང་བས་ཁྱད་པར་དུ་བྱས་པའི་སྙིང་བརྩེ་བ་དང༌། སྟོང་པར་མཐོང་བས་ཁྱད་པར་དུ་བྱས་པའི་སྙིང་བརྩེ་བའོ། །གཉིས་པ་རིགས་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་མི་འཐད་པར་ཐལ་བ་དང༌། དེ་མི་འཐད་ན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཉིད་མི་འཐད་པར་ཐལ་བ་དང༌། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་མཉམ་གཞག་གི་གནས་སྐབས་སུ། སྙིང་རྗེ་ཆེན་པོ་དང༌། ཀུན་རྫོབ་སེམས་བསྐྱེད་སོགས་མི་སྲིད་པར་ཐལ་བ་དང༌། དེ་མི་སྲིད་ན་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་མི་སྲིད་པར་ཐལ་བ་དང༌། སྣང་ལ་རང་བཞིན་མེད་པར་རྟོགས་པའི་བློ་མི་སྲིད་པར་ཐལ་བ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མི་སྲིད་པར་ཐལ་བ་རྣམས་འཇུག་གོ །འོ་ན་སྙིང་རྗེ་དང་ཤེས་རབ་ཀྱི་ཁྱད་པར་ཅི་ཞེ་ན། བློ་གཅིག་ཉིད་སེམས་ཅན་ལ་བརྩེ་བའི་ཆ་ནས་སྙིང་རྗེ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཆ་ནས་ཤེས་རབ་ཏུ་བཞག་པ་ཡིན་ཅིང༌། དེ་ལྟ་བུའི་སྙིང་རྗེ་དེས་ཡུལ་སྟོང་པ་ཉིད་རྟོགས་པའི་ཆ་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱ་བ་ཡིན་ནོ། །གསུམ་པ་ཁས་བླངས་པ་དང་འགལ་བ་ནི། དམིགས་པ་མེད་པའི་སྙིང་རྗེས་སྟོང་ཉིད་མ་རྟོགས་པར་འདོད་ན། དེ་དང་དེ་རྟོགས་པའི་ཤེས་རབ་མཚུངས་ལྡན་དུ་འབྱུང་བར་ཁས་ལེན་པ་གཉིས་ནང་འགལ་བ་དང༌། དེ་ལྟར་ཁས་ལེན་པ་དང༌། བྱང་སེམས་འཕགས་པའི་ཐབས་ཀྱི་ཆ་རྣམས་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་ཁས་ལེན་པ་དང་ནང་འགལ་བ་དང༌། དེ་དེས་ཟིན་པའི་གོ་དོན་ཤེས་རྒྱུད་གཅིག་ལ་དེ་གཉིས་ཅིག་ཅར་དུ་འབྱུང་བ་ཁས་ལེན་ན། སློབ་པའི་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུད་གཅིག་ལ་བདེན་གཉིས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་བློ་གཉིས་ཅིག་ཅར་དུ་མི་འབྱུང་བར་ཁས་ལེན་པ་རྣམས་ནང་འགལ་བ་ཡིན་ནོ། །བཞི་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློས་ཀུན་རྫོབ་དངོས་ཡུལ་དུ་མི་བྱེད་པ་འཕགས་སེང་གི་དགོངས་པ་མ་ཡིན་པར་བསྟན་པ་ལ་གཉིས་ཏེ། ལུང་དང་རིགས་པའོ། །དང་པོ་ནི། རྒྱན་རྩ་འགྲེལ་གྱི་སྐབས་སུ། དེས་དེ་དངོས་ཡུལ་དུ་མི་བྱེད་པར་འཆད་པ་ནི་ཆེས་ཤིན་ཏུ་རིགས་པ་མ་ཡིན་ཏེ། རྩ་བར་དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་ཐེག་ཆེན་གྱི་བསྒྲུབ་པ་དེས་དམིགས་པ་ཆོས་ཅན་སྣ་ཚོགས་ལ་དམིགས་པར་བཤད་པའི་ཕྱིར་དང༌། འགྲེལ་པ་མཛད་པའི་སློབ་དཔོན་གཉིས་ཀྱིས་མཉམ་གཞག་སྣང་བཅས་སུ་བཞེད་པ་ཡིན་ནོ། །ཞེས་འཆད་པ་ལ་སྔོན་གངས་ཅན་དུ་བྱོན་པའི་ཆེན་པོ་དག་མི་མཐུན་པ་མེད་པའི་ཕྱིར་རོ། །དེ་དག་གིས་དེ་ལྟར་བཞེད་པའི་ཤེས་བྱེད་ཀྱང༌། རྩ་བར། ཡང་དག་ཉིད་ལ་ཡང་དག་ལྟ། །ཞེས་ལྟ་བའི་ཡུལ་དུ་བཤད་པའི་ཡང་དག་པ་ཞེས་བྱ་བ་དེ། ཡང་དག་པའི་ཀུན་རྫོབ་ལ་འཆད་པ་ཡིན་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟགས་པར་བྱ་སྟེ། ཞེས་གསུངས་པ་དང༌། རྣལ་འབྱོར་གྱི་ས་བཞི་པའི་སྒོམ་བྱུང་གི་རྣལ་འབྱོར་འཆད་པ་ན། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིགས་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན། རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་ཞེས་གསུངས་པ་ཡིན་ལ། འདི་ཉིད་མདོ་དང་རྒྱན་གྱི་དགོངས་པ་ཡིན་གྱི། ཇི་སྐད་དུ། བསྒྲུབ་པའི་རྟེན་དང་དམིགས་པའི་ཁྱད་པར་འཆད་པ་ན། བསྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཞེས་སོགས་ཐེག་ཆེན་གྱི་བསྒྲུབ་པ་རྣམས་ཀྱི་རྟེན་ནི་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་དང༌། དམིགས་པ་ནི་ཆོས་ཅན་སྣ་ཚོགས་ལ་དམིགས་པར་བཤད་པའི་ཕྱིར་དང༌། གཞན་དག་གི་འཆད་ཚུལ་ལྟར་ན། ཐེག་ཆེན་གྱི་བསྒྲུབ་པ་དེ་རྟེན་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་བཞིན་དུ། དམིགས་པ་ཡང་ཆོས་ཀྱི་དབྱིངས་ཁོ་ན་ལ་དམིགས་སོ་ཞེས་འཆད་དགོས་པ་ལས། དེ་ལྟར་བཤད་ན་ནི་མདོ་དང་རྒྱན་རྩ་འགྲེལ་མཐའ་དག་ལས་ཕྱིན་ཅི་ལོག་ཏུ་འགྱུར་བར་ངེས་སོ། །གཉིས་པ་རིགས་པ་ནི། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་དབྱིངས་ཁོ་ན་ལ་དམིགས་པར་འདོད་པ་ལ་འཕགས་སེང་གཉིས་ཀྱིས་གནོད་བྱེད་ཀྱི་རིགས་པ་དང༌། ལོག་ཕྱོགས་ལ་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེ་ལྟར་བཤད་པ་ལ་མདོ་དང་འགལ་བའི་རྩོད་པ་སྤོང་བ་གསུམ་མཛད་པ་ཡིན་ནོ། །དང་པོ་ནི། དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་ཐལ། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་དབྱིངས་ཤིན་ཏུ་རྣམ་དག་ཁོ་ན་ལ་དམིགས་པའི་ཕྱིར། ཞེས་འཕེན་པ་ཡིན་ཏེ། ཇི་སྐད་དུ་འགྲེལ་ཆེན་ལས། གང་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ནི་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ནི། རྟག་ཏུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར། གོང་ནས་གོང་དུ་རྣམ་པར་དག་པ་ཁྱད་པར་དུ་འགྲོ་བ་ཇི་ལྟར་བརྗོད་པར་ཞེས་གསུངས་སོ། །དོན་འདི་ལ་གཞན་དག་ན་རེ། དེ་ལྟར་བཤད་པ་དེ་སེམས་ཙམ་པས་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་འདོད་པ་འགོག་པ་ཡིན་གྱི། ཐེག་ཆེན་བསྒྲུབ་པའི་དམིགས་པ་ཆོས་དབྱིངས་ཁོ་ནར་ངེས་པ་ལ་གནོད་བྱེད་ཀྱི་རིགས་པ་འཆད་པ་མ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ་འགྲེལ་ཆེན་ལས། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་པས། གཉིས་ཀ་ཡང་གཉིས་ཀ་ཡིན་པ་ལ་ནི་དགག་པ་མེད་དོ། །ཞེས་བྱ་བ་ནི་རྟེན་དང་དམིགས་པའི་མཚན་ཉིད་ཀྱི་དམིགས་པའི་དབྱེ་བ་ཡིན་ནོ། །དམིགས་པ་རྣམ་པར་བཞག་པ་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། ཤིན་ཏུ་སྤྲོས་པས་ཆོག་གོ །ཞེས་འཕགས་པ་རྣམ་པར་གྲོལ་བའི་སྡེ་གསུངས་སོ། །ཞེས་བཤད་པས་སོ། །གཉིས་པ་ལོག་ཕྱོགས་ལ་སྒྲུབ་བྱེད་ནི། གང་ཤེས་པ་ཡིན་ན་བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་པས་ཁྱབ། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་རྣམས་ཀྱང་ཤེས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་འཆད་དགོས་པ་ཡིན་ཏེ། འགྲེལ་ཆེན་ལས། གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་དུ་རྟ་ལ་སོགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པ་ལྟ་བུའོ། །རྩོད་པའི་གནས་སུ་གྱུར་པ་རྣམ་པར་མི་རྟོག་པའི་ཡིད་འདི་ཡང་ཤེས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གཏན་ཚིགས་སོ། །ཞེས་གསུངས་སོ། །མདོར་ན་སློབ་དཔོན་འདི་ཉིད་ཀྱི་བཞེད་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡིན་ན། ཆོས་ཅན་རང་མཚན་ཞིག་དངོས་ཡུལ་དུ་བྱེད་པས་ཁྱབ་པ་བཞེད་པ་ཡིན་ཏེ། སྤྱི་མཚན་དངོས་ཡུལ་དུ་བྱེད་པའི་མངོན་སུམ་ཡོད་པ་ལ། འགྲེལ་ཆེན་གཉིས་ཀ་ལས། ཡེ་ཤེས་སྟོང་པའི་ཡུལ་ཅན་དུ་ཐལ་བ་དང༌། སྟོང་ཉིད་འདུས་བྱས་སུ་ཐལ་བ་ཞེས་བྱ་བའི་རིགས་པ་གཉིས་བརྗོད་པར་མཛད་པ་ཡིན་པའི་ཕྱིར་རོ། །རྒྱས་པར་འོག་ནས་འཆད་པར་འགྱུར་རོ། །གསུམ་པ་རྩོད་པ་སྤོང་བ་ནི། ཇི་སྐད་དུ་འགྲེལ་ཆེན་ལས། ཁྱེད་ཀྱི་ཕྱོགས་ལྟར་ན་ཡང༌། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི། དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བས་དམིགས་པ་དག་པ་མཐར་ཐུག་པ་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་དེ། གང་གི་ཕྱིར་རིགས་པའི་རྗེས་སུ་འགྲོ་བའི་དངོས་པོ་མེད་པའི་ཕྱིར་ན། དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་སྒྲིབ་པ་དེ་རིམ་གྱིས་སྒྱུ་མ་ལྟ་བུར་རྟོགས་པ་ཉིད་ནི་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་པ་དེའི་དོན་ནི། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་ནི་ཡང་དག་པའི་ཀུན་རྫོབ་སྒྱུ་མ་ལྟ་བུ་དེ་ཉིད་ཡིན་པས། དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པའི་སྐྱོན་ལས་གྲོལ་ཞེས་བྱ་བའི་དོན་ནོ། །དེ་ལྟར་ཞར་ལ་བྱུང་བ་བརྗོད་ཟིན་ནས། གཉིས་པ་དབྱེ་བ་ལ་དམིགས་ཡུལ་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །དེ་ཇི་ལྟར་ཤེས་པའི་ཚུལ་ལ་གཉིས་ཏེ། རང་རིག་པའི་ཚུལ་གྱིས་ཤེས་པ་དང༌། གཞན་རིག་གི་ཚུལ་གྱིས་ཤེས་པའོ། །དང་པོ་ནི། རང་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱ་བ་ཡིན་ལ། དེའི་ཚེ་དམིགས་པ་ནི། ལམ་གསུམ་པོ་དེ་ཉིད་ཡིན་ལ། རྣམ་པ་ནི་རང་བཞིན་མེད་པའི་རྣམ་པ་ཅན་ནོ། །དེའི་ཚེ་ལམ་དང་པོ་གཉིས་ནི། ཉན་རང་གི་ལམ་གྱི་གཟུགས་བརྙན་ཡིན་གྱི། ལམ་དངོས་མ་ཡིན་ཏེ། འདིས་བསྒྲོད་པ་དང༌། འདིར་བགྲོད་པའི་ལམ་གང་དུ་ཡང་མི་རུང་བའི་ཕྱིར་རོ། །ལོ་ཙཱ་བ་ཆེན་པོས་འདི་གཉིས་ལ་དམན་པའི་ལམ་གྱི་གཟུགས་བརྙན་ཞེས་གསུངས་སོ། །ལམ་གསུམ་པ་ནི། ལམ་དང་ལམ་ཤེས་གཉིས་ཀ་མཚན་ཉིད་པའོ། །གཉིས་པ་ནི། རྟོགས་པའི་ཆོས་ཀྱི་སྤྱན་ལས་གཞན་རིག་གི་ཚུལ་གྱིས་འཕགས་པ་གཞན་རྒྱུད་ལ་ཡོད་པའི་ལམ་གསུམ་པོ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ཏེ། ཇི་སྐད་དུ། རྟོགས་པའི་ཆོས་ཀྱི་སྤྱན་འཆད་པ་ན། འཕགས་པའི་གང་ཟག་ཐམས་ཅད་རྟོགས་པ་དང༌། ཞེས་བཤད་པ་ལྟར་རོ། །འདི་ཡང་གཞན་གྱིས་ཤེས་པའི་གཟུགས་བརྙན་ཞིག་རང་གི་ཤེས་རྒྱུད་ལ་ཤར་བར་རྒྱུད་གཞན་གྲུབ་པ་ལས་གསུངས་པས་ལེགས་པར་བརྟགས་ན་རང་རིག་ལས་མ་འདས་སོ། །འོ་ན་བྱང་སེམས་རང་རྒྱུད་ལ་བསྐྱེད་པའི་ཤེས་པར་བྱ་བའི་ལམ་དང་པོ་གཉིས་པོ་དེ་ཡུལ་ཅན་ལམ་ཤེས་ཡིན་ནམ་མ་ཡིན། གཉིས་པ་ལྟར་ན། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་ལམ་ཤེས་ཀྱིས་མ་ཁྱབ་པར་འགྱུར་ལ། དང་པོ་ལྟར་ན། ལམ་དང་ལམ་ཤེས་སོ་སོར་མ་ཕྱེད་པའི་ཉེས་པ་ཁྱེད་ཉིད་ལ་འཇུག་པ་མིན་ནམ་ཞེ་ན། བརྟག་པ་དང་པོ་ཁས་ལེན་ཀྱང༌། ཉེས་པ་དེ་ཡོད་པ་མིན་ཏེ། དམན་པའི་རྟོགས་རིགས་སུ་གནས་པའི་ཆ་ནས་ལམ་དུ་ཁས་ལེན་ཀྱང༌། དེའི་ཆ་ནས་ཡུལ་ཅན་ལམ་ཤེས་སུ་འཇོག་པ་མིན་ཏེ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་ཡུལ་ཅན་ལམ་ཤེས་སུ་འཇོག་པ་ཡིན་ཀྱང༌། དེའི་ཆ་ནས་ཤེས་པར་བྱ་བའི་དམན་པའི་ལམ་དུ་འཇོག་པ་མ་ཡིན་པས་སོ། །དཔེར་ན་བྱས་པ་ལ་མི་རྟག་པས་ཁྱབ་ཀྱང༌། རྒྱུ་རྐྱེན་ལས་སྐྱེས་པའི་ཆ་ནས་བྱས་པར་འཇོག་པ་ཡིན་གྱི། མི་རྟག་པར་འཇོག་པ་མ་ཡིན་པ་བཞིན་ནོ། །གསུམ་པ་ས་མཚམས་ལ། བོད་སྔ་རབ་པ་མང་པོ་དག་ན་རེ། མཁྱེན་པ་དང་པོ་གཉིས་ནི་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པར་སྟོན་པའི་རྒྱན་རྩ་འགྲེལ་གྱི་ལུང་མེད་པའི་ཕྱིར་དང༌། མཁྱེན་པ་དང་པོ་གཉིས་ཀྱི་ཤེས་རྣམ་ནི། ཚོགས་སྦྱོར་གྱི་གནས་སྐབས་ན་ཡང་ཡོད་པར་འདོད་དགོས་ཏེ། དེ་མེད་ན་དེའི་སྦྱོར་བ་མི་འབྱུང་བའི་ཕྱིར། དེ་ན་དེ་ཡོད་པར་གྲུབ་པ་ན། མཁྱེན་པ་དང་པོ་གཉིས་ཀྱང་སྐབས་དེ་དག་ན་ཡོད་པར་གྲུབ་སྟེ། དེ་དང་དེའི་འཛིན་སྟངས་ཀྱི་བྱེ་བྲག་ལ་དེའི་ཤེས་རྣམ་གྱི་མིང་གིས་བཏགས་པའི་ཕྱིར། ཞེས་གསུངས་པ་དེ་ནི་རིགས་པ་མ་ཡིན་ཏེ། ལམ་ཤེས་པ་དང་གཞི་ཤེས་པར་འཇོག་པ་ལ་དེ་དང་དེ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་སྐྱེ་མེད་དུ་ཤེས་པ་ལ་འཇོག་དགོས་པར་འཕགས་པས་བཞེད་པའི་ཕྱིར། དེ་སྐད་དུ་ཡང་མདོ་ལས། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ། ཞེས་པའི་དོན་རྣམ་པར་འགྲེལ་བ་ན། ཉི་སྣང་ལས། རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་སྨོས་ལ། མཐོང་བ་རྟོག་པ་བསལ་བའི་དོན་དུ་ཤེས་པ་སྨོས་སོ། །ཞེས་གསུངས་ལ། གཞི་ལམ་སྐྱེ་མེད་དུ་རྟོགས་བྲལ་མ་འཁྲུལ་བའི་ཚུལ་གྱིས་ཤེས་པ་ནི་འཕགས་པ་མ་ཡིན་པ་ལ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཚོགས་སྦྱོར་གྱི་གནས་སྐབས་ན་མཁྱེན་པ་དང་པོ་གཉིས་རྗེས་མཐུན་པ་ཡོད་པར་ཁས་ལེན་དགོས་པ་ཡིན་ཏེ། སྐབས་དེ་ན་དེ་གཉིས་ཀྱི་ཤེས་རྣམ་ཡོད་པར་ཁས་ལེན་དགོས་པའི་ཕྱིར། དེའི་སྐབས་ཀྱི་ཤེས་རྣམ་དེ་ཡང༌། དེ་དང་དེའི་ཤེས་རྣམ་མཚན་ཉིད་པ་མིན་ཏེ། གཞི་ཤེས་ཀྱི་ཤེས་རྣམ་མཚན་ཉིད་པ་ནི་ཟག་མེད་དུ་བཤད་ལ། ཚོགས་སྦྱོར་གྱི་མཉམ་གཞག་དུ་ལམ་ཟག་མེད་མི་འབྱུང་བའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཇི་སྐད་དུ་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གི་གོ་རིམ་བཞིན་དུ་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ་ཞེས་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཟག་པ་མེད་པའི་ལམ་གཅིག་དང༌། ཞེས་གསུངས་པས་སོ། །དེ་ལྟར་ཡིན་ཀྱང་གནས་སྐབས་དེ་ན་མཁྱེན་པ་དང་པོ་གཉིས་ཀྱི་སྦྱོར་བ་ནི་མཚན་ཉིད་པ་ཡོད་པར་ཁས་ལེན་དགོས་ཏེ། གཞན་དུ་ན་རྣམ་མཁྱེན་གྱི་སྦྱོར་བ་མི་སྲིད་པར་ཐལ་བས་སོ། །གསུམ་པ་གཞི་ཤེས་ལ་མཚན་ཉིད་ནི། གཞི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །དེ་ཙམ་གྱི་ཆ་ནས་གཞི་ཤེས་སུ་བཞག་ནུས་ཀྱང༌། ཡུམ་གཞི་ཤེས་དང་ཐེག་དམན་གྱི་རྟོགས་རིགས་སུ་ནི་བཞག་མི་ནུས་ཏེ། དེ་དང་དེར་འཇོག་པ་ལ་དམན་པའི་བཞེད་དོན་བསྒྲུབ་པ་དང༌། ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བའི་རྟོགས་རིགས་ཀྱི་ཆ་ནས་བཤད་དགོས་པའི་ཕྱིར། གཉིས་པ་དབྱེ་བ་ལ། རྟེན་གྱི་སྒོ་ནས་དབྱེ་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པར་ནི། ཇི་སྐད་དུ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གི་ཞེས་དང༌། ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་རྣམས་ཀྱང་བསྡུས་པས། ཞེས་བཤད་པ་ལས་ཤེས་ལ། སངས་རྒྱས་ཀྱི་ས་ན་ཡོད་པར་ཡང་ཇི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་ཞེས་དང༌། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ། །ཞེས་སངས་རྒྱས་ཀྱི་ས་ན་ཉན་རང་གི་ཡུམ་ཡོད་པར་བཤད་པ་དང༌། དང་ཞེས་པའི་སྒྲས་བསྡུས་པའི་ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ཏེ་ཞེས་བཤད་པ་ལས་ཤེས་སོ། །ཡང་གང་ཟག་གི་བདག་མེད་ཙམ་རྟོགས་པའི་གཞི་ཤེས་དང༌། ཆོས་ཀྱི་བདག་མེད་ཀྱང་རྟོགས་པའི་གཞི་ཤེས་གཉིས་པོའི་མཚན་གཞི་ནི། རྟེན་གྱི་གང་ཟག་ཐེག་པ་ཆེ་ཆུང་གི་དབྱེ་བས་སོ་སོར་བཤད་པར་བྱ་བ་ཡིན་ནོ། །དེ་ཡང་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ལྟ་བུ་དེ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་ནི་གཞི་ཤེས་སུ་འཇོག་པ་མིན་ཏེ། དེའི་ཆ་ནས་ལམ་ཤེས་དང་བྱང་སེམས་ཀྱི་རྟོགས་རིགས་སུ་འཇོག་པས་སོ། །དེས་གང་ཟག་གི་བདག་མེད་རྟོགས་པའི་ཆ་ནས་དེར་བཞག་པ་ཡིན་ཏེ། དེའི་ཆ་ནས་དམན་པའི་རྟོགས་རིགས་དང༌། དེའི་བཞེད་དོན་སྒྲུབ་བྱེད་སོགས་སུ་འཇོག་པས་སོ། །གཞི་ཤེས་ཀྱི་འཇོག་མཚམས་དེ་ལྟར་ཡིན་ཀྱང༌། གཞི་ཤེས་ལ་དེ་དང་དེས་ཁྱབ་པར་ཁས་ལེན་པ་མིན་ཏེ། ཐེག་ཆེན་གྱི་གཞི་ཤེས་ལ་རྟོགས་རིགས་གསུམ་ཀ་ཚང་བའི་ཕྱིར། ཡང་བོད་སྔ་རབས་པ་དག་གིས་སྲིད་ཞི་ལ་གནས་མི་གནས་ཀྱི་གཞི་ཤེས་གཉིས་དང༌། འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་གཉིས་དང༌། མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་གཉིས་གཉིས་ཏེ་དྲུག་དུ་འཆད་ལ། དེ་དག་གི་ཁྱད་པར་ཡང་སྔ་མ་ལྟར་རྟེན་གྱི་གང་ཟག་ཐེག་པ་ཆེ་ཆུང་གི་དབྱེ་བས་རྣམ་པར་བཞག་པ་ཡིན་ནོ། །ཐ་སྙད་དེ་ལྟར་བྱེད་པ་ཧ་ཅང་ལེགས་པ་མིན་མོད་ཀྱང༌། འཇོག་མཚམས་ཤེས་ན་སྐྱོན་མེད་པས། འདི་ལྟར་ཤེས་དགོས་ཏེ། དེ་དང་དེ་དག་གཞི་ཤེས་སུ་འཇོག་མཚམས་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ཞེས་བྱ་བ་གཅིག་པོ་དེ་ཉིད་ཡིན་ལ། སྲིད་ཞི་ལ་གནས་མི་གནས་སོགས་ནི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་དང༌། མཚན་མར་འཛིན་པའི་དབྱེ་བ་ལས་སོ། །དེ་དུས་ཀྱི་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་དེ་གཞི་ཤེས་དངོས་ཡིན་ལ། མཚན་འཛིན་གྱི་བློ་དང་གཞི་ཤེས་ཀྱི་གཞི་མཐུན་ནི་སྲིད་པ་མ་ཡིན་ཏེ། དེ་ཡིན་ན་སྒྲ་དོན་འཛིན་པའི་རྟོགས་པ་ཡིན་དགོས་པའི་ཕྱིར། དེ་དང་མཚུངས་ལྡན་དུ་བྱང་བའི་བློ་ཡིན་ན་ཡང་གཞི་ཤེས་མ་ཡིན་དགོས་ཏེ། སྒྲ་དོན་འཛིན་པའི་རྟོག་པ་དང་རྣལ་འབྱོར་མངོན་སུམ་མཚུངས་ལྡན་དུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་མཚན་འཛིན་དང་འཛིན་སྟངས་དངོས་སུ་མི་འགལ་ཞིང༌། དེའི་ས་བོན་དྲུངས་འབྱིན་པར་མི་ནུས་པའི་གཞི་ཤེས་རྣམས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་སོགས་པ་གསུམ་གྱི་མིང་གིས་བཏགས་པར་ཟད་དོ། །གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཞེས་པ་ཡང༌། གང་ཟག་གི་བདག་ཏུ་འཛིན་པའི་གཉེན་པོ་ཡིན་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། མཚན་འཛིན་གྱི་གཉེན་པོའམ། ཆོས་ཀྱི་བདག་ཏུ་འཛིན་པའི་གཉེན་པོ་ཡིན་པའི་ཆ་ནས་གཉེན་པོར་བཞག་པ་ཡིན་པས། གཉེན་པོ་དང་གཞི་ཤེས་ཀྱི་འཇོག་མཚམས་སོ་སོར་ཕྱེད་དགོས་སོ། །དེ་བཞིན་དུ་སྲིད་ཞི་ལ་མི་གནས་པ་དང༌། འབྲས་ཡུམ་ལ་ཉེ་བ་དང༌། དེའི་གཞི་ཤེས་ཀྱི་འཇོག་མཚམས་ཀྱང་ཆོས་ཀྱི་བདག་མེད་དང༌། གང་ཟག་གི་བདག་མེད་སོ་སོར་རྟོགས་པའི་ལྡོག་ཆ་ནས་ཐ་དད་དུ་བཞག་པ་ཡིན་མོད། དེ་གཉིས་ཀ་རྟོགས་པའི་གཞི་མཐུན་པ་ཡིན་པའི་ཆ་ནས་མི་གནས་པའི་གཞི་ཤེས་ལ་སོགས་པའི་ཐ་སྙད་བཏགས་སོ། །གསུམ་པ་ས་མཚམས་ནི། བཤད་ཟིན་པ་ལྟར་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་དོ། །གཉིས་པ་མངོན་པར་རྟོགས་པ་ལྷག་མ་ལྔའི་རྣམ་པར་བཞག་པ་ལ་གཉིས་ཏེ། ཉམས་སུ་ལེན་པའི་སྦྱོར་བ་བཞིའི་དང༌། འབྲས་བུ་ཆོས་སྐུའི་རང་བཞིན་རྣམ་པར་བཞག་པའོ། །དང་པོ་ལ། འཕགས་པའི་དགོངས་པས་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་དང༌། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་དབྱེ་བས་གཉིས་སོ། །སློབ་དཔོན་གྱི་དགོངས་པས་ནི། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་སོ། །འཆད་ཚུལ་གཉིས་པོ་འགལ་བ་ནི་མ་ཡིན་ཏེ། གཉིས་ཀ་ཡང་གཅིག་ཤོས་འཆད་པའི་ཐབས་སུ་འགྱུར་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། སྦྱོར་བ་དང་པོ་གཉིས་ནི་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་པ་ཡིན་ཏེ། རྩེ་སྦྱོར་གྱི་གནས་སྐབས་སུ་སྤང་གཉེན་གྱི་རྣམ་གཞག་རྒྱས་པར་འབྱུང་ལ། རྣམ་རྫོགས་སྦྱོར་བ་ནི་དེའི་ཡན་ལག་གམ་སྔོན་འགྲོ་ལྟ་བུར་བཞག་དགོས་པའི་ཕྱིར། ཕྱི་མ་གཉིས་ནི་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་ཏེ། སྐབས་དེ་དང་དེར་སྤང་བྱ་སྤོང་ཚུལ་གྱི་ཆ་ནས་མ་བཤད་པར། ཡོན་ཏན་གཞན་མངོན་དུ་བྱེད་པའི་ཆ་ནས་བཤད་པའི་ཕྱིར། དེ་ཡང་སློབ་དཔོན་ལྟར་ན། སྦྱོར་བ་བཞི་ཀའི་སྐབས་སུ། སྐྱེ་མེད་གསུམ་ལ་རྣལ་འབྱོར་དུ་བྱེད་པར་འདྲ་ཡང༌། ཕྱི་མ་གཉིས་ཡོན་ཏན་གཞན་དང་གཞན་མངོན་དུ་བྱེད་པའི་ཆ་ནས་ལྷག་པ་དང་བཅས་པ་ཡིན་ནོ། །འཕགས་པ་ལྟར་ན། སྦྱོར་བ་སྔ་མ་གཉིས་སུ་སྐྱེ་མེད་གསུམ་པོ་ཁོ་ན་མི་མཐུན་ཕྱོགས་ཀྱི་གཉེན་པོར་བསྒོམ་ལ། ཕྱི་མ་གཉིས་སུ་ཉམས་སུ་བླངས་བྱའི་གཙོ་བོ་ནི་ཆོས་བཅུ་གསུམ་དང༌། ཟག་མེད་ཀྱི་ཆོས་བཞི་ལ་སོགས་པའོ། །ལུགས་འདི་ལ་སྐྱེ་མེད་གསུམ་ཁོ་ན་ལ་བརྟན་པ་ཐོབ་ཕྱིར་དུ་སྦྱོར་བ་ཕྱི་མ་གཉིས་བསྒོམ་པར་མི་བཞེད་ཀྱང༌། སྤྱིར་སྐྱེ་མེད་གསུམ་ལ་སྦྱོར་བ་ཕྱི་མ་གཉིས་ཀྱིས་རྣལ་འབྱོར་དུ་བྱེད་པར་མི་བཞེད་པ་ནི་མིན་ཏེ། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་དེ་དང་དེ་དག་གི་ནང་དུ་སྐྱེ་མེད་གསུམ་གྱི་རྣལ་འབྱོར་ཡང་འདུས་པའི་ཕྱིར་རོ། །ཞེས་མདོར་བསྟན་ནས། འཕགས་སེང་གཉིས་པོའི་དགོངས་པས་སྦྱོར་བ་བཞིའི་འཆད་ཚུལ་ཞིབ་མོར་བཤད་པ་ནི་འདི་ཡིན་ཏེ། སྤྱིར་རྣམ་རྫོགས་སྦྱོར་བ་ལ་གཉིས་ཏེ། རྣམ་པ་ཀུན་མངོན་པར་རྟོགས་པའི་རྣལ་འབྱོར་དང༌། སྐྱེ་མེད་གསུམ་གྱི་རྣམ་པ་ལ་དབང་ཐོབ་ཕྱིར་དུ་སྒོམ་པའི་རྣལ་འབྱོར་རོ། །དང་པོ་ནི། སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འཇུག་པ་ཡིན་ལ། དེ་ཡང་ཐེག་ཆེན་གྱི་སྦྱོར་བ་ཙམ་དང་དོན་གཅིག་པས་དེའི་མཚན་ཉིད་ནི། སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་དུ་བསྡུས་ནས་བསྒོམ་པའི་རྣལ་འབྱོར་རོ། །འདི་ནི་སྐབས་བཞི་པར་བསྒོམ་བྱ་རྣམ་པ་ནས་བཟུང་སྟེ། ངོ་བོ་ཉིད་མཚན་ཡན་ཆད་ཀྱིས་རྒྱས་པར་གཏན་ལ་ཕབ་པ་དེ་ཡིན་ནོ། །གཉིས་པ་ནི། སྦྱོར་བ་བཞིའི་ཟླས་ཕྱེ་བའི་རྣམ་རྫོགས་སྦྱོར་བ་དེ་ཡིན་ལ། དེའི་མཚན་ཉིད་ནི། སྐྱེ་མེད་གསུམ་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་ལ་དབང་ཐོབ་ཕྱིར་དུ་བསྒོམ་པའི་རྣལ་འབྱོར་རོ། །དེ་ལ་ཐ་སྙད་དང༌། དོན་གཉིས་ལས། དང་པོ་ནི་ཇི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར་ཞེས་སོགས་དང༌། དེ་ནས་དབང་དུ་བྱ་བའི་ཕྱིར་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་ལ་སྦྱོར་བས། ཞེས་པས་བསྟན་ནོ། །དོན་ནི་ཇི་སྐད་དུ། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་ཐར་ཆ་དང༌། ངེས་ཆ་སྟོན་པའི་གཞུང་གཉིས་ཀྱིས་རྣམ་ཀུན་གྱི་སྦྱོར་བ་ཐོག་མར་སྐྱེས་པའི་རིམ་པ་དང༌། དེ་ནས་སྦྱོར་མཐོང་སྒོམ་གསུམ་གྱི་རྗེས་ཐོབ་དུ་ཕྱིར་མི་ལྡོག་པ་མཚོན་བྱེད་ཀྱི་རྟགས་རྣམས་ཇི་ལྟར་འབྱུང་བའི་ཚུལ་དང༌། དེ་གསུམ་གྱི་མཉམ་གཞག་དུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སོགས་གསུམ་ཇི་ལྟར་འབྱུང་བའི་ཚུལ་བཤད་དོ། །འདི་གསུམ་ནི་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འབྱུང་བའི་ཡོན་ཏན་ཡིན་གྱི།       རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*