རྣམ་ཀུན་སོགས་སྦྱོར་བ་སོ་སོ་བ་ཁོ་ནར་མ་ངེས་ལ། འདི་དག་ལ་ཡང་དབང་ཐོབ་ཕྱིར་སོགས་ཀྱི་རིམ་པས་ཕྱེ་ན་སོ་སོར་ངེས་པ་མི་འགལ་ལོ། །བཤད་མ་ཐག་པའི་རྣམ་ཀུན་གྱི་སྦྱོར་བ་གཉིས་པོ་དེ་ལ། ཨར་གྱིས། རྣམ་ཀུན་ཙམ་དང༌། རྣམ་ཀུན་ཁྱད་པར་ཅན་ཞེས་བྱ་བའི་མིང་གིས་བཏགས་པ་དེ་ཉིད་ཤིན་ཏུ་རིགས་པས། དེའི་རྣམ་གཞག་ལ་གཉིས་ཏེ། ཐོག་མ་གང་ནས་སྐྱེ་བའི་ས་མཚམས། དེ་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཐེག་ཆེན་གྱི་ཐར་ཆ་ལ་ཐོས་བསམ་བསྒོམ་པ་གསུམ་ཡོད་ཀྱང་འདི་བསྒོམ་བྱུང་གི་མཉམ་གཞག་ནས་ཐོག་མར་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། ཡང་དག་བསྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་གསུངས་སོ། །དེ་ལས་དངོས་སུ་བྱུང་བའི་སྦྱོར་ལམ་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། དང་པོ་ནི། རྩེ་སྦྱོར་གྱི་ཐོག་མ་ཡིན་པས་དེ་འདིར་མི་འཆད་པར། གཉིས་པ་དེ་འདིར་རྣམ་ཀུན་གྱི་སྦྱོར་བར་འཆད་པ་ཡིན་ཏེ། ཇི་སྐད་དུ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་དང༌། འགྲེལ་པ་ལས། རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་རྟོགས་པ་འདི་ལ་ཞེས་པ་ནས། དེ་ལྟར་ངེས་ཕར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །ཞེས་པའི་བར་གསུངས་པ་ཡིན་ནོ། །དེ་ལྟར་ན་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་ལ་གཉིས་ཏེ། རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོའོ། །དང་པོ་ནི། རྣམ་ཀུན་གྱི་སྦྱོར་བ་ཡིན་ལ། གཉིས་པ་ལ་སྦྱོར་འཇུག་གི་དབྱེ་བས་གཉིས་དང༌། འཇུག་པ་ལའང་མཐོང་སྒོམ་བར་ཆད་མེད་པའི་དབྱེ་བས་གསུམ་སྟེ། བཞི་པོ་དེ་དག་ནི་རྩེ་མོའི་སྦྱོར་བ་ཡིན་ནོ། །དང་པོ་རྣམ་ཀུན་ལ་གསུམ་སྟེ། མཐོང་སྤངས་དང༌། སྒོམ་སྤངས་དང༌། གནས་ངན་ལེན་གྱི་དྲི་མ་རྣམ་པར་སུན་འབྱིན་པའི་གཉེན་པོ་རྣམ་པ་གསུམ་གྱི་དབྱེ་བས་སོ། །དང་པོ་ནི་ཐེག་ཆེན་ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་བ་གང་ཡིན་པ་དེ་དག་གོ །དེར་མ་ཟད་སྦྱོར་ལམ་གྱི་རྗེས་ཐོབ་ན་ཡོད་པའི་རྣམ་རྫོགས་སྦྱོར་བ་གང་ཡིན་པ་དེ་དག་ཀྱང་རྣམ་པར་སུན་འབྱིན་པའི་གཉེན་པོའི་དབང་དུ་བྱས་པ་ཡིན་ཏེ། དེའི་སྤོང་གཉེན་དུ་གྱུར་པའི་སྦྱོར་བ་དངོས་ཀྱི་སྔ་ལོགས་སུ་བྱུང་ཞིང་དེའི་དངོས་ཀྱི་གཉེན་པོ་མ་ཡིན་པས་སོ། །གཉིས་པ་ནི། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པའི་རྣམ་ཀུན་གྱི་རྣལ་འབྱོར་རྣམས་དང༌། གསུམ་པ་ནི་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པའི་རྣམ་ཀུན་གྱི་རྣལ་འབྱོར་རྣམས་སོ། །དོན་དེ་ལ་དགོངས་ནས་རྣམ་པ་ཀུན་ཁྱད་པར་ཅན་གྱི་སྒོམ་རིམ་མན་ཆད་གཞུང་དུ་རྗེས་ཐོབ་ཀྱི་དབང་དུ་བྱས་ནས་བཤད་པ་གཙོ་ཆེ་བ་ཡིན་ནོ། །དབང་ཐོབ་ཕྱིར་དུ་བསྒོམ་པ་ལ་ཡང་རྣམ་པ་གསུམ་སྟེ། མཐོང་སྤངས་རྟོག་པའི་གཉེན་པོ་ལ་དབང་ཐོབ་ཕྱིར་དང༌། དེ་ལ་དེ་ཐོབ་ཀྱང་སྒོམ་སྤངས་རྟོག་པའི་གཉེན་པོ་ལ་དབང་ཐོབ་ཕྱིར་དང༌། དེ་ལ་དེ་ཐོབ་ཀྱང་གནས་ངན་ལེན་གྱི་གཉེན་པོ་བྱེད་པ་ལ་དབང་ཐོབ་ཕྱིར་དུ་བསྒོམ་པ་རྣམས་སོ། །དེ་ལ་དབང་ཐོབ་མ་ཐོབ་ཀྱི་དོན་ཡང༌། སྤང་བྱ་དེ་དང་དེའི་སྤོང་གཉེན་དུ་གྱུར་པ་དང༌། མ་གྱུར་པའོ། །དེ་ལྟར་ན་རྣམ་ཀུན་གྱི་ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ། །ཡང་ན་འདི་ལྟར་ཡང་འཆད་ནུས་ཏེ། ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་གྱི་མཉམ་གཞག་གཞིར་བྱས་པ་ལ་སྦྱོར་བ་དང་པོ་གསུམ་གྱི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་རོ། །འོ་ན་གསུམ་པོའི་ཁྱད་པར་ཅི། གཞུང་གང་གིས་བསྟན་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི་སྐྱེ་མེད་གསུམ་གྱི་རྣམ་པ་ལ་དབང་ཐོབ་ཕྱིར་དང༌། དེ་ཐོབ་པའི་ཚུལ་གྱིས་དང༌། བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་ངེས་འབྱེད་ཆ་མཐུན་དང་གསུམ་མོ། །གཉིས་པ་ནི། སྐབས་བཞི་པར་ཉེ་རིང་མེད་པར་མཉམ་པ་ལ་སོགས་པའི་རྗེས་ཐོབ་ཀྱི་སྤྱོད་པ་བཅུ་གཉིས་ཀྱིས་མཚོན་ནས་བསྟན་པའི་སྦྱོར་ལམ་གྱི་རྣལ་འབྱོར་དང༌། སྐབས་ལྔ་པར་རྟགས་དང་རྣམ་འཕེལ་གྱིས་མཚོན་ནས་བསྟན་པའི་སྦྱོར་ལམ་གྱི་རྣལ་འབྱོར་དང༌། སྐབས་དྲུག་པར་དྲན་པ་ཉེར་གཞག་ལ་སོགས་སམ། མཐར་གྱིས་བྱ་བ་ཞེས་བྱ་བའི་མིང་གི་མཚོན་ནས་བསྟན་པའི་སྦྱོར་ལམ་གྱི་རྣལ་འབྱོར་རོ། །དེ་ལྟར་ན་སྦྱོར་ལམ་མཉམ་གཞག་གི་དབང་དུ་བྱས་པའི་སྦྱོར་བ་དང་པོ་གསུམ་རིམ་ཅན་ཁོ་ནར་སྐྱེ་དགོས་པས། དེའི་ཕྱིར་སྦྱོར་ལམ་དྲོད་ཀྱི་ཐོག་མ་ཁོ་ནར་ནི་རྣམ་ཀུན་གྱི་སྦྱོར་བ་དང༌། དེ་ནས་རྩེ་མོའི་སྦྱོར་བ་དང༌། དེ་ནས་མཐར་གྱིས་པའི་སྦྱོར་བའི་ས་མཚམས་བཤད་པར་བྱ་བ་ཡིན་གྱི། དྲོད་སྐད་ཅིག་དང་པོ་ནས་རྩེ་སྦྱོར་གྱི་ཐོག་མ་བཟུང་བར་བྱ་བ་ནི་མ་ཡིན་ནོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་རྟོགས་པ་ཐོབ་པ་ལ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས་ཞེས་དང༌། རྩེ་མོའི་མངོན་པར་རྫོགས་པ་རྟོགས་པ་ཐོབ་པ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བླགས་ནས་བརྟན་པོར་བྱ་བའི་ཕྱིར་ཞེས་དང༌། མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམ་པ་ནི་ཤིན་ཏུ་གོམས་པར་བྱ་བའི་ཕྱིར། དེ་དག་ཉིད་སྐད་ཅིག་མ་གཅིག་གིས་བསྒོམ་པས། ཞེས་གསུངས་པ་ལས་གསལ་བར་ཤེས་པ་དང༌། ཡང་ཇི་སྐད་དུ། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་ལ་སོགས་པ་གསུམ་ལ་ནི་བསྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱི་རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་རིམ་གྱིས་སྐྱེ་བ་ཡིན་པས། ཅིག་ཅར་སྐྱེ་བ་དགག་པར་བྱ་བའི་ཕྱིར། ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལས་ཤེས་ཏེ། འདིའི་དོན་ཡང་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་སྦྱོར་བ་དང་པོ་གཉིས་མི་མཐུན་པའི་ཕྱོགས་རྣམ་པར་སུན་འབྱིན་པ་དང༌། སྤོང་བའི་གཉེན་པོའི་དབང་དུ་བྱས་ནས་བཤད་པ་ན། ཐེག་པ་ཆེན་པོའི་ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་གསུམ་གྱི་དབང་དུ་བྱས་པར་བཤད་ནས། སྦྱོར་བ་ཕྱི་མ་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་བཤད་པ་ན། སྦྱོར་མཐོང་སྒོམ་གསུམ་གྱི་ཁྱད་པར་གྱི་ལམ་གྱི་གནས་སྐབས་གང་དང་གང་ཡིན་དེའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་ཤུགས་ལ་མཐོང་སྒོམ་གྱི་རྣམ་པར་གྲོལ་བའི་ལམ་གང་དང་གང་ཡོད་པ་དེ། གཞུང་དུ་གསལ་བར་མ་གསུངས་ཀྱང༌། དོན་གྱིས་འཕངས་པས་བདེ་བླག་ཏུ་རྟོགས་པར་ནུས་ལ། རྣམ་པར་གྲོལ་བའི་ལམ་ཡོངས་སུ་རྫོགས་པ་ནི་འབྲས་བུ་ཆོས་ཀྱི་སྐུའོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་པ་ན་སྦྱོར་བ་བཞི་པོ་སོ་སོའི་མཚན་ཉིད། དབྱེ་བ་ས་མཚམས་རྣམས་དོན་གྱིས་གོ་བས་ལོགས་སུ་བཤད་མི་དགོས་སོ། །གཉིས་པ་འབྲས་བུ་ཆོས་ཀྱི་སྐུ་ལ་གསུམ་ལས། མཚན་ཉིད་ནི་མི་མཐུན་ཕྱོགས་སྤོང་བ་དང༌། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གཉིས་མཐར་ཐུག་པའི་སྟོབས་ཀྱིས་ཐོབ་པའི་རྣམ་སྨིན་ནོ། །མཚན་གཞི་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཀྱི་སྐུའོ། །གཉིས་པ་དབྱེ་བ་ལ། གནས་ཚུལ་གྱི་སྐུ་དང༌། སྣང་ཚུལ་གྱི་སྐུའོ། །དང་པོ་ནི་མཚན་གཞིར་བཤད་མ་ཐག་པ་དེ་ཡིན་ལ། དེ་ཉིད་དེ་དག་གི་རྣམ་སྨིན་དངོས་དང༌། དོན་དམ་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་མཚན་ཉིད་པའོ། །འདི་ཉིད་ལ་ལྡོག་པས་ཕྱེ་ན་སྐུ་གསུམ་དུ་འགྱུར་བ་ཡིན་གྱི། གཟུགས་ཀྱི་སྐུར་སྣང་བའི་ཆ་ནི་ངེས་དོན་གྱི་ལོངས་སྤྲུལ་གྱི་སྐུར་མི་བཞག་གོ །གཉིས་པ་ནི་ཆོས་ཀྱི་སྐུ་དེ་ཉིད་གདུལ་བྱ་གཞན་ལ་སྣང་ཚུལ་གྱི་དབྱེ་བས་གཉིས་ཏེ། བྱང་སེམས་འཕགས་པ་ལ་སྣང་ཚུལ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཉན་རང་དང་སོ་སོ་སྐྱེ་བོ་ལས་དག་པ་ལ་སྣང་ཚུལ་ལས་མཆོག་གི་སྤྲུལ་པའི་སྐུའོ། །སྐུ་འདི་གཉིས་ལ་ནི་ཀུན་རྫོབ་པའི་སྐུ་དང༌། གཞན་སྣང་གི་སྐུ་ཞེས་བྱ་ཞིང༌། རྣམ་སྨིན་དངོས་མིན་ཏེ། གདུལ་བྱ་གཞན་རྒྱུད་ཀྱིས་བསྡུས་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་ཆེན་ལས། དེ་བས་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་འབར་བ་དང་ལྡན་པ་སེམས་ཅན་སྐལ་བ་ཅན་རྣམས་ཀྱིས་མཐོང་བ་འདི་ནི། སྟོན་པའི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་སྐུ་མ་ཡིན་མོད་ཀྱི། འོན་ཀྱང་མཆོག་ཏུ་དྲི་མ་མེད་པའི་ཡོན་ཏན་མཐའ་ཡས་པའི་ཚོགས་དང་ལྡན་པ་ཆོས་ཀྱི་སྐུའི་དབང་གིས་དེ་རྣམས་ཀྱི་རང་གི་ཤེས་པ་དེ་ལྟ་བུའི་གཟུགས་ཀྱི་སྐུའི་རྣམ་པར་སོ་སོར་སྣང་སྟེ། གང་གིས་རང་གི་ཤེས་པ་དེ་བཞིན་གཤེགས་པར་སྣང་བའི་ངོ་བོར་མི་ཤེས་པ་དག་འདི་ནི་ཕྱི་རོལ་གྱི་བཅོམ་ལྡན་འདས་ཡིན་ནོ་ཞེས་སྟོན་པའི་བློ་རྣམ་པར་རྟོག་ཅིང༌། བལྟ་བ་དང་ཕྱག་འཚལ་བ་ལ་སོགས་པས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་སྣོད་དུ་འགྱུར་བའི་རིམ་གྱིས་ལོག་པར་སོ་སོར་སྣང་བ་ཡིན་ཀྱང༌། མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ། དངོས་པོ་དང་འབྲེལ་བས་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་ཕན་པའི་རྒྱུ་ཉིད་དུ་འགྱུར་བར་མཐོང་བ་ཁོ་ན་སྟེ། མྱུར་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་ཇི་སྲིད་དངོས་པོ་ལ་མངོན་པར་ཞེན་པས་ཤེས་བྱ་ལ་ཤེས་པ་ཀུན་ཏུ་འབྱུང་བར་འགྱུར་བ་དེ་སྲིད་དུ་དེ་མ་ཡིན་པ་དེར་འཛིན་པས་དེ་ཁོ་ན་མཐོང་བ་ལ་ཐག་རིང་བ་ཁོ་ན་ཡིན་ནོ། །ཞེས་དང༌། མྱུར་དུ་དེ་བཞིན་གཤེགས་པའི་གནས་སྐབས་ཐོབ་པར་འདོད་པས་ཀྱང་དེ་བཞིན་གཤེགས་པའི་དབང་གིས་བྱུང་བ་རང་གི་ཤེས་པའི་གཟུགས་བརྙན་གཟུགས་ཀྱི་སྐུའི་དེ་བཞིན་གཤེགས་པ་འགྲོ་བའི་བླ་མ་ལ་མངོན་པར་ཞེན་པའི་ཚུལ་གྱིས་བསྒྲུབ་པ་སྙིང་པོར་གྱུར་པས་དད་པར་བྱའོ། །ཞེས་གསུངས་སོ། །མདོར་ན་གནས་ཚུལ་གྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་དང༌། དེའི་ངོས་འཛིན་ཡང་སྤངས་རྟོགས་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་ཞིག་ཡིན་ལ། གཞན་སྣང་གི་སྐུ་ནི་ལོངས་སྤྲུལ་གཉིས། མཛད་པ་འཕྲིན་ལས་དང་བཞིའོ། །ཞེས་བྱ་བ་ནི་འཕགས་པའི་བཞེད་པ་ཡིན་ལ། བཟང་པོའི་ཞབས་ཀྱིས་ནི་གནས་ཚུལ་གྱི་སྐུ་ལ་ཆོས་ཉིད་ཀྱི་སྐུ་དང༌། ཆོས་ཅན་གྱི་སྐུ་གཉིས་སུ་ཕྱེ་ནས། དང་པོ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་ལ་བཞེད་པ་ཡིན་གྱི། སྒྲིབ་པ་གཉིས་དང་བྲལ་ཙམ་གྱི་མེད་དགག་གི་ཆ་ལ་བཞེད་པ་ནི་མིན་ཏེ། ཇི་སྐད་དུ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད། ཅེས་བཤད་པའི་ཕྱིར། དེར་མ་ཟད་སློབ་དཔོན་འདིས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་བཞེད་པ་ཡིན་ཏེ། ཇི་སྐད་དུ་འགྲེལ་ཆེན་ལས། གང་དུ་མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་བཞིན་དུ་བྱང་ཆུབ་ཀྱང་མདོ་ལས་སྟོང་པ་ཉིད་དུ་བཤད་པ་དེའི་དགོངས་པ་ཡང་གཉིས་མེད་ཀྱི་ཡེ་ཤེས་ལ་བཞེད་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་ཇི་ལྟ་ཞེས་པའི་འགྲེལ་པར། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅེས་གསུངས་སོ། །གཉིས་པ་ཆོས་ཀྱི་སྐུ་ནི། ཆོས་དབྱིངས་ཀྱི་ངོ་བོར་གྱུར་པའི་ཡེ་ཤེས་དེའི་སྟེང་ན་ཡོད་པའི་ཟག་པ་མེད་པའི་ཡོན་ཏན་སྡེ་ཚན་མི་འདྲ་བ་ཉི་ཤུ་རྩ་གཅིག་པོ་རྣམས་སོ། །དེ་ཡང་ཡེ་ཤེས་གཅིག་ཉིད་ཤེས་བྱ་ཇི་ལྟ་ཇི་སྙེད་པ་ལ་འཇུག་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། རང་བཞིན་འོད་གསལ་བ་སེམས་ཅན་ལ་ཡོད་པ་དང་ཁྱད་པར་མེད་པའི་ཆ་ནས་ཆོས་ཉིད་ཀྱི་སྐུའོ། །ཞེས་བྱ་བ་འདི་བཟང་པོའི་ཞབས་ཀྱི་བཞེད་པ་ཡིན་གྱི། སྤངས་པའི་ཆ་ལ་ངོ་བོ་ཉིད་ཀྱི་སྐུ་དང༌། རྟོགས་པའི་ཆ་ལ་ཆོས་ཀྱི་སྐུའོ་ཞེས་འཆད་པ་ནི་དེའི་བཞེད་པ་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་དེ་འདྲ་དེ་ལ་ངོ་བོ་ཉིད་ཀྱི་སྐུར་འཆད་པའི་ཚད་ལྡན་གྱི་གཞུང་ཁུངས་ཐུབ་གཅིག་ཀྱང་མི་སྣང་བའི་ཕྱིར་རོ། །མཛད་པ་འཕྲིན་ལས་ལ་ཡང༌། བྱེད་པ་པོ་ལ་ཡོད་པ་ནི། རྫོགས་པའི་སངས་རྒྱས་ཉིད་ཡིན་པས་སྐུ་གསུམ་ལས་གཞན་དུ་མེད་ལ། བྱ་བ་ཡུལ་ལ་ཡོད་པ་ནི་གདུལ་བྱ་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་དོན་བདུན་ཅུ་མདོའི་དངོས་བསྟན་ཇི་ལྟར་ཡིན་པའི་ཚུལ་ལ་གཉིས་ཏེ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་མདོའི་དངོས་བསྟན་ཇི་ལྟར་ཡིན་པའི་ཚུལ་དང༌། ལྷག་མ་རྣམས་དེ་ཇི་ལྟར་ཡིན་པའི་ཚུལ་ལོ། །དང་པོ་ལ་རགས་པའི་རྣམ་གཞག་ཞིབ་མོའི་རྣམ་བཞག་གོ །དང་པོ་ནི། སེམས་བསྐྱེད་ནས་གཞི་ཤེས་ཀྱི་མཐོང་ལམ་གྱི་བར་དུ་ཆོས་སུམ་ཅུ་པོ་དེ་ནི་ཡུམ་གྱི་མདོའི་དངོས་བསྟན་དང༌། མཁྱེན་པ་གསུམ་པོ་དེའི་ཤུགས་བསྟན་དུ་ཁས་ལེན་དགོས་པ་ཡིན་ཏེ། ཡུམ་གྱི་མདོར་དེས་དེ་མཚོན་ནས་བསྟན་པས་དེ་གཉིས་མཚོན་བྱ་མཚོན་བྱེད་དུ་ཁས་ལེན་དགོས་པའི་ཕྱིར་དང༌། མཚོན་བྱེད་ཀྱང་ཤུགས་བསྟན་དུ་ཁས་བླངས་ན། དེ་ལ་ཡང་མཚོན་བྱེད་གཞན་ཞིག་དགོས་པས་མཚོན་བྱེད་ཐུག་མེད་དུ་འགྱུར་བའི་ཕྱིར་དང༌། མཚོན་བྱེད་གཉིས་པས་མཚོན་དགོས་པ་དེ་ནི་མཚོན་བྱེད་དུ་མི་རུང་སྟེ། བྱེད་བསྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ལ། མཚན་ཉིད་གཉིས་པ་མི་དགོས་པ་ནི། རིགས་པའི་གཞུང་ལུགས་ཡིན་པའི་ཕྱིར་རོ། །དཔེར་ན་དོན་བྱེད་ནུས་པ་ལ་མཚན་ཉིད་གཉིས་པ་མི་འཇོག་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་ན་ཡང༌། བྱང་ཆུབ་ཏུ་སེམས་བསྐྱེད་ནས་གདམ་ངག་ཉན་པ་ལ་སོགས་པའི་མངོན་པར་རྟོགས་པའི་རིམ་པ་ཆེས་ཤིན་ཏུ་གསལ་པོ་འདི་དང༌། ཡུལ་ཅན་ལམ་ཤེས་ཀྱིས་ཤེས་པར་བྱ་བའི་ལམ་ལ་གསུམ་དུ་ཕྱེ་ནས། དང་པོ་གཉིས་མཐོང་ལམ་གྱི་སྐབས་ཁོ་ན་དང༌། གསུམ་པ་ལ་མཐོང་སྒོམ་གཉིས་སུ་ཕྱེ་ནས་འཆད་པའི་རིམ་པ་གསལ་པོ་འདི་ནི། མངོན་པར་རྟོགས་པའི་རྒྱན་ལ་མ་ལྟོས་པར་བདེ་བླག་ཏུ་རྟོགས་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། མདོ་དོན། བདེ་བླག་དུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། སྐབས་ལྷག་མ་ལྔའི་ཡུམ་གྱི་མདོའི་དངོས་བསྟན་ནི། རྣམ་པ་དང་སྦྱོར་བ་སོགས་དོན་ཚན་བཞི་བཅུ་པོ་ཤུགས་ལ་གོ་བར་བྱེད་པའི་མདོའི་དངོས་ཀྱི་བརྗོད་བྱ་མེད་པ་དང༌། མི་སྐྱེ་བའི་ཕ་རོལ་ཏུ་ཕྱིན་པ་སོགས་ཡིན་ལ། ཤུགས་བསྟན་ནི་བསྒོམ་བྱ་རྣམ་པ་སོགས་བཞི་བཅུ་པོ་རྣམས་ཏེ་དེས་དེ་དག་ཤུགས་ལ་གོ་ནུས་པའི་ཕྱིར། མངོན་པར་རྟོགས་པ་ལྔ་པོ་ནི་སྦས་དོན་ཡིན་ཀྱང་ཤུགས་བསྟན་དུ་མི་བཞག་སྟེ། བསྟན་བཅོས་ལ་མ་རག་པར་མདོ་སྡེ་ཉིད་ལ་བརྟེན་ནས་ཤུགས་ལ་གོ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ཡུམ་གྱི་མདོའི་ཚིག་ཟིན་གྱི་བརྗོད་བྱའི་གཙོ་བོ་ནི། སྟོང་པ་ཉིད་དང༌། ཕྱིན་དྲུག་དང༌། བྱང་ཕྱོགས་སོགས་མངོན་རྟོགས་ཀྱི་རིམ་པ་ཡོད་ལ། ཤུགས་བསྟན་གྱི་བརྗོད་བྱའི་གཙོ་བོ་ནི། དོན་བདུན་བཅུར་གྲགས་པ་རྣམས་སོ། །མདོའི་དངོས་བསྟན་ཡིན་ཀྱང་དགོས་འབྲེལ་གྱི་བསྟན་འཆོས་ལ་མ་ལྟོས་པར་མི་རྟོགས་པ་ནི་མི་འགལ་ཏེ། སྟོང་པ་ཉིད་ཀྱི་རིམ་པའང་རྒྱན་དང་རིགས་ཚོགས་ལ་ལྟོས་པ་བཞིན་ནོ། །མདོའི་ཤུགས་བསྟན་གྱི་གཙོ་བོ་ནི་དངོས་པོ་བརྒྱད་ཀྱི་རིམ་པ་ཡིན་ལ། དེ་ཉིད་བསྟན་འཆོས་ཀྱི་དངོས་བསྟན་དུ་འཆད་དགོས་པ་ཡིན་ནོ། །དེའི་དངོས་བསྟན་ལའང་གཉིས་ཏེ། ཚིག་ཟིན་གྱི་དང༌། དངོས་བསྟན་གྱི་གཙོ་བོའོ། །དང་པོ་ལ་ཡང་གཉིས་ཏེ། ལུས་རྣམ་གཞག་གི་དང༌། ཡན་ལག་རྒྱས་བཤད་ཀྱིའོ། །དང་པོ་ནི་དངོས་པོ་བརྒྱད་པོ་དེ་ཉིད་ཡིན་ལ། གཉིས་པ་ནི་དོན་བདུན་ཅུར་གྲགས་པ་རྣམས་སོ། །དེ་ལྟར་ན་དོན་བདུན་ཅུ་པོ་ཡན་ལག་རྒྱས་བཤད་ཀྱི་ཚིག་ཟིན་གྱི་བརྗོད་བྱ་དང༌། དངོས་པོ་བརྒྱད་པོ་ནི་དེའི་ཚིག་ཟིན་མ་ཡིན་ཀྱང་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོ་ཡིན་ནོ། །ཡན་ལག་རྒྱས་བཤད་ཀྱི་ཚིག་ཟིན་ལ་ཡང་གཉིས་ཏེ། སྟོང་ཉིད་ཀྱི་རིམ་པ་དང༌། མངོན་རྟོགས་ཀྱི་རིམ་པའོ། །དང་པོ་ནི། མདོའི་ཚིག་ཟིན་ལ་ཡོད་པའི་སྟོང་ཉིད་ཀྱི་རིམ་པ་གང་ཡིན་པ་དེ་ཉིད། བསྟན་འཆོས་སུ་ཡན་ལག་རྒྱས་བཤད་དུ་ཡང་ཚིག་ཟིན་གྱི་བརྗོད་བྱ་ཡིན་ཏེ། དཔེར་ན། ཇི་སྐད་དུ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོག་འགོག །ཅེས་སོགས་སུ། མདོའི་ཚིག་ཟིན་ཉིད་སོར་བཞག་ནས་ཚིགས་བཅད་དུ་སྡེབས་པ་ཡིན་ནོ། །མདོར་ན་མདོའི་དངོས་བསྟན་དང༌། སྦས་དོན་གཉིས་ཀ་བསྟན་འཆོས་སུ་དངོས་སུ་གསལ་བར་བཀོད་པ་ན། བསྟན་འཆོས་འདི་ཤེར་ཕྱིན་གྱི་མན་ངག་ཏུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་བསྟན་འཆོས་འདིའི་དངོས་བསྟན་གྱི་བསྟན་བྱའི་གཙོ་བོ་ནི། མངོན་པར་རྟོགས་པ་བརྒྱད་ཡིན་ལ། ཚིག་ཟིན་གྱི་བརྗོད་བྱའི་གཙོ་བོ་ལ་སྟོང་པ་ཉིད་ཀྱི་རིམ་པ་དང༌། མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད་ཀྱང༌། གཙོ་བོ་ནི་མངོན་རྟོག་ཀྱི་རིམ་པ་ཡིན་ཏེ། དོན་བདུན་ཅུ་པོ་ཉིད་དེའི་ཚིག་ཟིན་གྱི་བརྗོད་བྱའི་གཙོ་བོ་ཡིན་པའི་ཕྱིར། དེ་ཡིན་ཏེ། བསྟན་འཆོས་འདི་གཙོ་བོར་མངོན་པར་རྟོགས་པའི་རྒྱན་དུ་སྦྱར་བའི་ཕྱིར། དེ་ལྟར་ན་བསྟན་འཆོས་འདི་ཡུམ་གྱི་མདོའི་མངོན་རྟོགས་ཀྱི་རིམ་པ་དང༌། སྟོང་ཉིད་ཀྱི་རིམ་པ་གཉིས་ཀ་གསལ་བར་བསྟན་པ་ཡིན་པས། ཡུམ་གྱི་མདོའི་དགོངས་འགྲེལ་གྱི་བསྟན་འཆོས་གཞན་ལས་ཁྱད་པར་དུ་འཕགས་སོ། །བསྟན་འཆོས་འདི་ལ་མ་བརྟེན་པར་མངོན་རྟོགས་ཀྱི་རིམ་པ་ལྟ་ཞོག སྟོང་པ་ཉིད་ཀྱི་རིམ་པའང་ཇི་བཞིན་འཆད་པར་མི་ནུས་ཏེ། དཔེར་ན་མདོའི་དངོས་བསྟན་ལ་སྟོང་ཉིད་ཀྱི་རིམ་པ་གཅིག་མ་གཏོགས་བདག་མེད་གསུམ་གྱི་དབྱེ་བ་སོ་སོར་མ་བཤད་ཀྱང༌། བསྟན་འཆོས་སུ་སོ་སོར་ཕྱེ་ནས་བཤད་པ་བཞིན་ནོ། །དེའི་ཕྱིར་དངོས་བསྟན་གྱི་ཆ་ལའང་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་ཀྱང་ཁྱད་པར་དུ་འཕགས་སོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐོས་བསམ་གྱི་གཏན་ལ་ཕབ་པར་བྱ་བའི་ཡུལ་ལ་མཁྱེན་པ་གསུམ། དེ་ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི། ཉམས་སུ་བླངས་པའི་འབྲས་བུ་ཆོས་ཀྱི་སྐུའོ། །དེ་སྐད་དུ་ཡང༌། བསྡུས་དོན་སྒྲོན་མ་ལས། ཐོས་བསམ་ཡུལ་དུ་མཁྱེན་པ་གསུམ། །བསྒོམ་པའི་དུས་སུ་སྦྱོར་བ་བཞི། །འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ། །ཞེས་གསུངས་ལ། དོན་དེ་ཉིད་བསྟན་འཆོས་ཀྱི་དགོངས་པ་ཡིན་ཏེ། ཇི་སྐད་དུ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞིའི་བདག་ཉིད་དང༌། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །ཞེས་གསུངས་སོ། །དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། འདི་མི་འཐད་དེ། མངོན་པར་རྟོགས་པ་བརྒྱད་ཀ་ཐོས་བསམ་གྱིས་གཏན་ལ་འབེབས་ན་འབེབས་མཉམ་དང༌། ཉམས་སུ་ལེན་ན་ལེན་མཉམ་དུ་མཚུངས་པའི་ཕྱིར་དང༌། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་པོ་འདི་སྐབས་བརྒྱད་ཀའི་ཉམས་ལེན་གྱི་གཙོ་བོ་ཡིན་པའི་ཕྱིར། དེས་ན་ས་བཅད་དེ་ལྟར་བྱེད་པ་དེ་ནི། རྟ་དཀྱུས་ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་པ་དང་འདྲ་བས་འབྲེལ་མེད་པ་ཡིན་ནོ། །ཞེས་གསུངས་པ་དེ་ནི་ལེགས་པ་མ་ཡིན་ཏེ། མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་སྒྲིག་ཚུལ་དང་མཚོན་བྱེད་ཀྱི་ཆོས་སོ་སོའི་གོ་རིམ་སྒྲིག་ཚུལ་གཅིག་ཏུ་འདྲེས་པའི་ཀླན་ཀ་ཡིན་པའི་ཕྱིར། མཁྱེན་གསུམ་གཏན་ལ་དབབ་བྱར་ཆད་པ་དེའི་ཚེ། སེམས་བསྐྱེད་ལ་སོགས་པའི་ཆོས་སོ་སོ་བ་རྣམས་གཏན་ལ་དབབ་བྱར་འཆད་པ་མ་ཡིན་གྱི་དེས་མཚོན་པའི་མཁྱེན་པ་གསུམ་པོ་དེ་གཏན་ལ་དབབ་བྱར་སྟོན་པའི་ཕྱིར་དང༌། ཆོས་སུམ་ཅུ་ནི། མཁྱེན་པ་གསུམ་གཏན་ལ་འབེབས་བྱེད་ཡིན་གྱི། གཏན་ལ་དབབ་བྱ་དངོས་མ་ཡིན་པའི་ཕྱིར། འོ་ན་སྐབས་བར་པ་བཞིར་ཡང༌། མཚོན་བྱེད་ཀྱི་ཆོས་སོ་སོ་བ་རྣམས་ཉམས་སུ་ལེན་པའི་རྣལ་འབྱོར་དུ་མི་འཆད་པར། དེས་མཚོན་པའི་སྦྱོར་བ་བཞི་པོ་ཉིད་ཉམས་ལེན་གྱི་རྣལ་འབྱོར་དུ་འཆད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སྐབས་དང་པོ་གསུམ་དུ་མཁྱེན་པ་གསུམ་མཚོན་ནས་བསྟན་པ་དང༌། སྐབས་བར་པ་རྣམས་སུ་སྦྱོར་བ་བཞི་པོ་རང་གི་ངོ་བོའི་སྒོ་ནས་བསྟན་པ་ཡིན་པས། ཤིན་ཏུ་མི་མཚུངས་པའི་ཕྱིར། རྟ་དཀྱུས་ས་གཞན་དུ་བསྟན་ནས་ཞེས་སོགས་ཀྱི་དཔེ་དོན་ཡང་འགྲིག་པ་མ་ཡིན་ཏེ། མཁྱེན་པ་གཏན་ལ་ཕབ་ནས་སྦྱོར་བ་བཞི་ཉམས་སུ་བླངས་ན་ཤིན་ཏུ་འབྲེལ་ཆགས་པའི་ཕྱིར། གཞན་ཡང་ཁྱེད་ཀྱིས་བོད་སྔ་མའི་འདོད་པ་མ་ལོངས་པར་བཀག་པ་ཡིན་ཏེ། གཞན་བོད་སྔ་མ་དག་གིས་སྐབས་དང་པོ་གསུམ་གྱིས་ཐོས་བསམ་བྱ་ཚུལ་ཁོ་ན་བསྟན་གྱི་ཉམས་ལེན་མ་བསྟན་ཞེས་པ་ཞིག་ཁས་བླངས་པར་བྱས་ནས་དགག་པ་མཛད་ལ། དེ་ལྟར་ཁས་ལེན་པའི་བོད་མཁས་པ་སུ་ཡང་མེད་པའི་ཕྱིར། དེ་ལྟར་ན་སྔར་བཤད་མ་ཐག་པ་དེ་ཉིད་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་འཆད་པའི་མཚམས་སྦྱར་ལས་གསལ་བས་སོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི། ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམ་ཤེས་པ་ཉིད་ཅེས་དང༌། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་ན་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་ཅེས་དང༌། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར་ཞེས་མཁྱེན་པ་གསུམ་ཤེས་བྱར་བཤད་ལ། དེ་ཡང་མཁྱེན་པ་གསུམ་དང་སྦྱོར་བ་བཞིའི་གོ་རིམ་ངེས་པའི་དབང་དུ་བྱས་པ་ཡིན་ལ། ཡང་ཇི་སྐད་དུ། རྣམ་པ་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་རྣམ་པར་སྒོམ་པར་བྱེད་པས། ཞེས་དང༌། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་ཞེས་པ་ནས། རྣམ་པར་སྒོམ་པར་བྱེད་པས་ཞེས་དང༌། མཐར་གྱིས་པའི་མངོན་པར་རྟོགས་པ་བསྒོམ་པ་ནི། ཞེས་དང༌། སྐད་ཅིག་མ་གཅིག་གིས་བསྒོམ་པས་ཞེས་གསལ་པོར་གསུངས་པའི་ཕྱིར་རོ། །སྐབས་དྲུག་པའི་མཚམས་སྦྱར་དུ། སོ་སོ་བ་དང་བསྡུས་པ་ཞེས་གསུངས་པ་ཡང་ཐོས་བསམ་གྱི་དམིགས་པ་དང༌། ཉམས་ལེན་གྱི་རྣམ་པ་ལ་བྱ་ལ། དེ་ཡང་མཁྱེན་པ་གསུམ་དང་སྦྱོར་བ་བཞིའི་དབང་དུ་བྱས་པར་ཆོས་བཤེས་དང༌། གསེར་གླིང་པས་བཤད་དོ། །དེ་ལྟར་གསུམ་ལས། དང་པོ་ལ། ཐོབ་པར་བྱ་བའི་འབྲས་བུ་རྣམ་མཁྱེན། ཐོབ་པར་བྱེད་པའི་རྒྱུ་ལམ་ཤེས། རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་ཤེས་པའི་གཞི་ཤེས་སོ། །དང་པོ་ལ། སྐབས་དང་པོར་ཇི་ལྟར་བསྟན་པའི་ཚུལ་དང༌། དེ་སྟོན་བྱེད་ཀྱི་ཆོས་སོ་སོའི་གོ་རིམ་དང་ངོ་བོ་ངོས་བཟུང་བའོ། །དང་པོ་ནི། འོ་ན་སྐབས་དང་པོས་རྣམ་མཁྱེན་སྟོན་ནོ་ཞེས་པ་མི་འཐད་དེ། མདོ་དང་བསྟན་འཆོས་ཀྱི་ཡན་ལག་རྒྱས་བཤད་གང་དུ་ཡང༌། དེའི་མཚན་ཉིད་དང༌། མཚན་གཞི་དང༌། མཚོན་བྱའི་ཐ་སྙད་གང་ཡང་མ་བཤད་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། དེ་དག་གིས་དེ་མཚོན་ནས་བསྟན་པས་སོ། །ཇི་ལྟར་མཚོན་ཞེ་ན། ལོ་ཙཱ་བ་ཆེན་པོ་ནི་རྒྱུས་འབྲས་བུ་མཚོན་པར་བཞེད་ལ། དེའི་ཚུལ་ཡང༌། རྒྱུ་ནི་བསྒྲུབ་པ་ཡིན་ལ། དེ་ཡང་རྟེན་དང་དམིགས་པ་དང༌། ཆེད་དུ་བྱ་བ་རང་གི་ངོ་བོ་སྟེ་བཞི་དང་ལྡན་པ་ཡིན་ནོ། །རྟེན་ཡང་ཁྱད་པར་བཞི་དང་བཅས་པ་ཡིན་ཏེ། བསམ་པའི་ཁྱད་པར་སེམས་བསྐྱེད་པ། སྦྱོར་བའི་ཁྱད་པར་གདམ་ངག་ཉན་པ། འབྲས་བུ་ངེས་འབྱེད་ཡན་ལག་ལ་གནས་པ། རིགས་ཀྱི་ཁྱད་པར་ཆོས་དབྱིངས་དང་ལྡན་པའོ། །ཞེས་གསུངས་སོ། །འབྲེ་ཆེན་པོ་ཤེས་རབ་འབར་ནི། དེ་མི་འཐད་དེ་སྐབས་གཉིས་པར་ལམ་ཤེས་ཀྱིས་རྣམ་མཁྱེན་མཚོན་པའི་ཚུལ་ཞིག་ཡོད་པ་དེ་དང་ཟློས་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ཡུལ་གྱིས་ཡུལ་ཅན་མཚོན་པ་ཡིན་ནོ་ཞེས་གསུངས་ལ། འདི་ཉིད་འགྲེལ་ཆེན་གྱི་དགོངས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཆོས་བཅུའི་གོ་རིམ། སོ་སོའི་རྣམ་གཞག་གོ །དང་པོ་ལ་མདོའི་གོ་རིམ་དང་བསྟན་འཆོས་ལས་འབྱུང་བའི་གོ་རིམ་མོ། །དང་པོ་ནི། ཤཱ་རིའི་བུ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གང་དང་ཅི་འདོད་པས་ཤེར་ཕྱིན་ལ་བསླབ་པར་གསུངས་པའི་མདོ་རྣམས་ཀྱིས་ནི་སེམས་བསྐྱེད་བསྟན་པ་ཡིན་ནོ། །དེ་ལས་འཕྲོས་ནས། ཤཱ་རིའི་བུས་གསོལ་པ། དེ་དང་དེ་འདོད་པས་དེ་ལ་ཇི་ལྟར་བསླབ་ཅེས་ཞུས་པའི་ལན་དུ། ཤཱ་རིའི་བུ་དེ་དེ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་དེ་ཡང་དག་པར་རྗེས་སུ་མ་མཐོང༌། ཞེས་སོགས་ཀྱིས་གདམ་ངག་དང༌། སྒོམ་ལམ་འདོམས་པའི་གདམ་ངག་གི་ཐད་དུ། བྱང་ཆུབ་སེམས་དཔའ་ཆེན་པོ་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་པ་ལས་འཕྲོས་ནས། དེ་གང་ཡིན་ཞེས་དྲིས་པའི་ལན་དུ། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་སྨྲས་པ། བྱང་ཆེན་ཀྱི་སྐྱོན་ནི། ཆོས་ལ་སྲེད་པའོ་ཞེས་དང༌། ཆོས་ལ་སྲེད་པ་གང་ཡིན་དྲིས་པའི་ལན་དུ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ཞེས་པ་ནས། ཀུན་ཤེས་པ་འདི་ནི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་སོགས་ཀྱིས་ངེས་འབྱེད་ཡན་ལག་རྣམ་པ་བཞི་དང༌། སྐབས་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་ལན་མང་དུ་གསུངས་པ་ལས་འཕྲོས་ནས། དེའི་མིང་གི་གདགས་གཞི་དྲིས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། དཔེར་ན་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །ཞེས་སོགས་ཀྱིས་རྟེན་རིགས་དང༌། སྐབས་དེར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རྟོགས་པར་བྱའོ་ཞེས་པ་ལས་འཕྲོས་ནས། རབ་འབྱོར་གྱིས་ཆོས་ཐམས་ཅད་གང་ལགས་ཞེས་དྲིས་པའི་ལན་དུ། ཆོས་ཐམས་ཅད་ཅེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་བསྟན་པ་དང་མ་བསྟན་པ་དང༌། ཞེས་སོགས་ཀྱིས་དམིགས་པ་བསྟན་ནོ། །ཡང་གོང་དུ་བྱང་ཆུབ་སེམས་དཔའ་ཞེས་ལན་མང་དུ་གསུངས་པ་ལས་འཕྲོས་ནས། རབ་འབྱོར་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་འདི་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་དང་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇོག་པའི་རྒྱུ་མཚན་བཤད་པས་ནི་ཆེན་པོ་གསུམ་གསུངས། བྱམས་མའི་བུ་གང་པོས་དེར་འཇོག་པའི་རྒྱུ་མཚན་བཤད་པས་ནི། གོ་ཆའི་བསྒྲུབ་པ་བསྟན་ནོ། །གོ་བསྒྲུབ་ལས་འཕྲོས་ནས་ཤཱ་རིའི་བུས་ཐེག་ཆེན་ལ་འཇུག་པ་དང་འཛེག་པ་གང་ཡིན་དྲིས་པའི་ལན་གྱིས་འཇུག་པའི་བསྒྲུབ་པ་བསྟན་ནོ། །ཡང་གོ་ཆའི་བསྒྲུབ་པ་ལས་འཕྲོས་ནས་ཇི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་པ་ལགས། ཞེས་ཞུས་པའི་ལན་གྱིས་ཚོགས་བསྒྲུབ་དང་པོ་བཅུ་བསྟན་ནོ། །འཇུག་བསྒྲུབ་ལས་འཕྲོས་ནས། ཐེག་པ་ཆེན་པོ་གང་ལགས། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཞུགས་པ་ལགས། ཐེག་པ་དེ་གང་ནས་འབྱུང་བ་ལགས། གང་དུ་འབྱུང་བ་ལགས། གང་ཞིག་འབྱུང་བར་འགྱུར་བ་ལགས། ཞེས་ཞུས་པའི་ལན་དུ། དྲི་བ་དང་པོའི་ལན་གྱིས། ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་དང༌། དྲི་བ་གཉིས་པའི་ལན་གྱིས་སའི་ཚོགས་དང༌། དྲི་བ་གསུམ་པའི་ལན་གྱིས་གཉེན་པོའི་ཚོགས་བསྟན་པ་ཡིན་ནོ། །གཉིས་པ་མངོན་རྟོགས་ཀྱི་གོ་རིམ་ནི། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཐོག་མར་སེམས་བསྐྱེད་བསྟན་ནོ། །དེ་ནས་དེའི་གཉེར་བྱ་རྫོགས་པའི་བྱང་ཆུབ་ཀྱི་ཐབས་འཚོལ་བ་ལ་འཇུག་པས། དེའི་འོག་ཏུ་གདམ་ངག་བསྟན་ནོ། །འདི་གཉིས་ཀྱི་ཐོག་མའི་ས་མཚམས་ནི། ཐེག་པ་ཆེན་པོའི་ཚོགས་ལམ་གྱི་སྐབས་སོ། །གདམ་ངག་དེའི་དོན་ཉམས་སུ་བླངས་པ་ལས། བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་གི་ཐོག་མར་ངེས་འབྱེད་ཡན་ལག་འབྱུང་བས། དེའི་འོག་ཏུ་ངེས་འབྱེད་ཡན་ལག་བསྟན་ནོ། །དེ་ཐོབ་ནས་བསྒྲུབ་པའི་རྟེན་དུ་གྱུར་པའི་རིགས་དང་ལྡན་ཞིང༌། ཐེག་པ་ཆེན་པོར་རིགས་ངེས་པས་དེའི་འོག་ཏུ་རྟེན་དུ་གྱུར་པའི་རིགས་བསྟན་ནོ། །ཐེག་ཆེན་གྱི་བསྒྲུབ་པ་དེ་རྟེན་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་བཞིན་དུ། དམིགས་པ་ཡང་དེ་ཁོ་ན་དམིགས་སམ་སྙམ་པའི་དོགས་པ་སེལ་བའི་ཕྱིར་དུ། དེའི་འོག་ཏུ་ཆོས་ཐམས་ཅད་དེའི་དམིགས་པ་ཡིན་པར་བཤད་དོ། །འོ་ན་ཆེད་དུ་བྱ་བའི་དམིགས་པ་ཡང་དེ་ཉིད་ཡིན་ནམ་སྙམ་པ་ལ། དེའི་ཆེད་དུ་བྱ་བའི་དམིགས་པ་ནི་ཆེན་པོ་གསུམ་མོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་དེའི་འོག་ཏུ་ཆེད་དུ་བྱ་བ་བསྟན་ནོ། །འོ་ན་ཁྱད་པར་དེ་གསུམ་དང་ལྡན་པའི་བསྒྲུབ་པ་ཡང་ངེས་འབྱེད་ཡན་ལག་ཁོ་ནར་ངེས་སམ་སྙམ་པ་ལ། སྦྱོར་བ་དང་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་གྱི་གནས་སྐབས་ཀྱི་དབྱེ་བས་བཞི་ཡོད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ། དེའི་འོག་ཏུ་བསྒྲུབ་པ་བཞི་བསྟན་ནོ། །གཉིས་པ་སོ་སོའི་མཚན་ཉིད་ལ་གཉིས་ཏེ། བསམ་པ་སེམས་བསྐྱེད་པ་དང༌། སྦྱོར་བ་བསྒྲུབ་པ་ལ་འཇུག་པའོ། །དང་པོ་ལ་མཚན་ཉིད་དབྱེ་བ་ས་མཚམས་སོ། །དང་པོ་ལ་འཕགས་སེང་གི་ལུགས་དང༌། ཐོགས་མེད་སྐུ་མཆེད་ཀྱི་ལུགས་སོ། །དང་པོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་གཙོ་བོ་རྣམ་རིག་གོ །དེ་ལ་དམིགས་ཚུལ་གཉིས་ཏེ། བྱང་ཆུབ་སེམས་དཔའི་གནས་སྐབས་སུ། རང་ཉིད་ཀྱི་དོན་དུ་གཉེར་བྱར་དམིགས་པ་དང༌། རྫོགས་པའི་སངས་རྒྱས་ཀྱི་སྐབས་སུ་གཞན་གྱི་དོན་དུ་གཉེར་བྱར་དམིགས་པའོ། །དེ་ལྟར་གཉིས་ཡོད་ཀྱང༌། མདོ་དང་གཞུང་འགྲེལ་གྱི་དངོས་བསྟན་ནི་དང་པོའི་དབང་དུ་བྱས་སོ། །དེ་ཡང་ཆེད་དུ་བྱ་བའི་དམིགས་པ་ནི་རྫོགས་པའི་བྱང་ཆུབ་དང༌། དངོས་ཀྱི་དམིགས་པ་ནི་གཞན་གྱི་དོན་ཡིན་ལ། དེ་ལས་ལོག་སྟེ་བཤད་ན་ཅུང་ཟད་འཁྲུལ་བར་འགྱུར་རོ། །འདིའི་ངོ་བོ་ནི་གཙོ་བོ་རྣམ་རིག་དུ་འདོད་པ་ཡིན་ཏེ། ཉི་སྣང་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ། སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །བསྐྱེད་པ་ཞེས་སྨོས་པ་ནི། མ་སྐྱེད་པ་བསྐྱེད་པར་ཤེས་པར་བྱེད་པ་ཡིན་པའི་ཕྱིར་ན། སེམས་ཀྱི་རྟོགས་པའི་ཆོས་དང་པོའི་ས་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུའོ། །ཞེས་གསུངས་སོ། །འདིར་རྣམ་ཤེས་དངོས་སུ་བསྟན་པ་ནི། སློབ་པའི་ཀུན་རྫོབ་སེམས་བསྐྱེད་ཀྱི་དབང་དུ་བྱས་པ་དང༌། དེ་ཡང་སྒྲ་དོན་འཛིན་པའི་རྟོག་པའི་དབང་དུ་བྱས་པ་ཡིན་གྱི། དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་དང༌། སངས་རྒྱས་ཀྱི་སར་ནི་དེའི་ངོ་བོ་རྣམ་ཤེས་སུ་འོང་བའི་དོན་མེད་དོ། །དེར་མ་ཟད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་དང་མཚུངས་པར་ལྡན་པའི་ཀུན་རྫོབ་སེམས་བསྐྱེད་ཀྱང་རྣམ་ཤེས་སུ་འཆད་མི་ནུས་ཏེ། དེ་ཡང་ཡེ་ཤེས་སུ་འཆད་དགོས་པས་སོ། །འོ་ན་རྫོགས་བྱང་དང་གཞན་དོན་དོན་གཉེར་གྱི་འདུན་པ་གཉིས་ཀ་སེམས་བསྐྱེད་ཀྱི་འཁོར་དུ་ཅིག་ཅར་འབྱུང་བ་ཡིན་ནམ་ཞེ་ན། གཞུང་ལས་འདོད་པ་དང་པོ་རྒྱུ་དང༌། གཉིས་པ་གྲོགས་སུ་བཤད་ཀྱང༌། སྔར་མ་སྐྱེས་གསར་དུ་སྐྱེས་པའི་དབང་དུ་བྱས་པ་ཡིན་གྱི། སྐྱེས་ཟིན་པའི་འོག་ཏུ་ནི་གཉིས་ཀ་གྲོགས་སུ་འབྱུང་དགོས་པ་ཡིན་ཏེ། དུས་ཀྱི་ཀུན་སློང་གཞན་དོན་དོན་གཉེར་གྱི་བློ་མེད་ན། འཇུག་པ་སེམས་བསྐྱེད་དུ་མི་རུང་ཞིང༌། སྨོན་པ་སེམས་བསྐྱེད་དུ་ཡང་མི་རུང་སྟེ། རྒྱུའི་ཀུན་སློང་གཞན་དོན་དོན་གཉེར་གྱི་བློ་ཡོད་ཀྱང༌། དུས་ཀྱི་ཀུན་སློང་རང་དོན་དོན་གཉེར་གྱི་བློ་དང་མཚུངས་པར་ལྡན་པ་དེའི་ཚེ་ནི། ཐེག་པ་དམན་པའི་སེམས་བསྐྱེད་དུ་འགྱུར་བའི་ཕྱིར། ཆེན་པོ་གང་དག་སངས་རྒྱས་ཀྱི་ས་ན་ཀུན་རྫོབ་སེམས་བསྐྱེད་ཡོད་པར་འདོད་བཞིན་དུ། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་དེའི་མཚན་ཉིད་དུ་བཞེད་པ་ནི་ཅུང་ཟད་རྣམ་པར་མ་བརྟགས་པའོ། །འོ་ན་འཕགས་སེང་གཉིས་ཀྱིས་དེའི་ངོ་བོ་གཙོ་བོ་རྣམ་རིག་ཏུ་བཞེད་པ་ལ་རྒྱུ་མཚན་ཅི་ཞིག་གཟིགས་ནས་དེ་ལྟར་བཞེད་པ་ཡིན་ཅེ་ན། འཕགས་པས་ནི། སེམས་བྱུང་ལ་སེམས་བསྐྱེད་ཀྱི་སྒྲ་བཤད་དུ་མེད་པ་ལ་དགོངས་པ་ཡིན་ལ། དེའི་སྒྲ་དོན་ཡང་སེམས་བསྐྱེད་པར་བྱ་བས་ན་དེའོ། །འོ་ན་སེམས་དེ་གང༌། དེ་བསྐྱེད་པར་བྱེད་མཁན་དེ་སུ་ཞེ་ན། དང་པོ་ནི། གཞན་དོན་དང་རྫོགས་བྱང་དོན་གཉེར་གྱི་གཙོ་བོ་རྣམ་རིག་གོ །གཉིས་པ་ནི། དེ་འདྲ་དེ་ཕྲལ་དང་ཕྲལ་དུ་བསྐྱེད་པར་བྱེད་པའི་འདོད་པ་དང་འདུན་པའོ། །སློབ་དཔོན་གྱིས་ནི། མདོ་སྡེའི་རྒྱན་ལས། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་པ་འདིས་གཙོ་བོ་རྣམ་རིག་དུ་བསྟན་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། སེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ། ཞེས་པའི་སྐབས་ཀྱི་འབྲེལ་ལས་གསལ་བ་ཡིན་ནོ། །གཉིས་པ་ནི། སྐུ་མཆེད་གཉིས་ཀྱིས་ནི་དེའི་ངོ་བོ་སེམས་བྱུང་སེམས་པ་ལ་འཆད་པ་ཡིན་ཏེ། ཇི་སྐད་དུ་རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། དོན་ཆེ་བ་དང་འབྱུང་བ་ཆེ། བྱང་ཆུབ་སེམས་དཔའི་སེམས་པ་སྟེ། ཞེས་པའི་འགྲེལ་པར། དོན་གཉིས་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ་ཞེས་དང༌། བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་གསུངས་ལ། སྨོན་ལམ་ཡང༌། སེམས་བྱུང་སེམས་པ་ལ་འདོད་དགོས་པ་ཡིན་ཏེ། ཇི་སྐད་དུ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གསུངས་པས་སོ། །གཉིས་པ་དབྱེ་བ་ལ་སྤྱིར་བཤད་པ་དང༌། སྐབས་སུ་བབ་པའི་དོན་བཤད་པའོ། །དང་པོ་ནི། དོན་དམ་སེམས་བསྐྱེད་ཅེས་བྱ་བའི་རྣམ་པར་བཞག་པ་ནི་གཞུང་གཞན་ལས་རྒྱས་པར་འབྱུང་ཡང༌། ཡུམ་གྱི་མདོ་དང་རྒྱན་འདིར་མ་བཤད་པས། འདིར་རྒྱས་པར་འཆད་མི་དགོས་མོད། དེ་ལྟ་ན་ཡང་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་ཀྱི་ཐ་སྙད་ཀཱ་མ་ལ་ཤཱི་ལས་གསུངས་པ་ཡིན་ཏེ། ཇི་སྐད་དུ། སྒོམ་རིམ་བར་པ་ལས། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པ་ཅན་གྱི་སེམས་དང་པོ་བསྐྱེད་པའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི། འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ་དོན་དམ་པའི་སྤྱོད་ཡུལ་དྲི་མ་མེད་པ། རླུང་མེད་པའི་མར་མེ་བཞིན་དུ་མི་གཡོ་བའོ། །ཞེས་གསུངས་སོ། །གཉིས་པོའི་ཁྱད་པར་ལ། དར་ཊཱིཀ་མཛད་པ། སངས་རྒྱས་ཀྱི་ཀུན་རྫོབ་པའི་སྐུ་ལ་དམིགས་པ་དང༌། དེའི་གནས་ཚུལ་དོན་དམ་པ་ཡུལ་དུ་བྱེད་པའོ། །ཞེས་གསུངས་པ་ནི་མིན་ཏེ། ཀུན་རྫོབ་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་ནི་དོན་དམ་པའི་སྐུ་ཡིན་གྱི། ཅིག་ཤོས་མིན་པའི་ཕྱིར་དང༌། ཀུན་རྫོབ་སེམས་བསྐྱེད་ཀྱང་དེར་ཧ་ཅང་ཐལ་བ་ཡིན་ཏེ། ཤེས་བྱེད་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྒྱན་ལས། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་གསུངས་པ་དེས་དེ་ཉིད་ངོས་བཟུང་བ་ཡིན་ལ། དེའི་དོན་ཡང་སངས་རྒྱས་དང་རང་གི་ཆོས་དབྱིངས་དབྱེར་མེད་པར་རྟོགས་ནས། དེ་ཉིད་ལ་མཉམ་པར་འཇོག་པའི་གཙོ་བོ་རྣམ་རིག་གམ། དེའི་འཁོར་དུ་བྱུང་བའི་སེམས་པ་ལ་དོན་དམ་པའི་སེམས་པ་ཞེས་བྱའོ། །མོས་པས་སྤྱོད་པ་དང༌། ལྷག་བསམ་དག་པ་སོགས་ཀྱི་དབྱེ་བ་ཡང༌། མདོ་སྡེའི་རྒྱན་ལས་གསུངས་མོད། དེ་དག་ཀུན་རྫོབ་སེམས་བསྐྱེད་ལས་ཕྱེ་བའི་དབྱེ་བ་ཡིན་པའི་ངེས་པ་མེད་ཅིང༌། འདིར་མ་བཤད་པས་འཆད་མི་དགོས་སོ། །གཉིས་པ་ལ། སྨོན་འཇུག་གི་དབྱེ་གཞི། གཉིས་པོའི་ཁྱད་པར། ཆོ་གའི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། ཡུམ་གྱི་མདོ་དང༌། རྒྱན་ན། དབྱེ་བ་ཉེར་གཉིས་པོ་ཙམ་ཞིག་བཤད་ཀྱང༌། སྨོན་འཇུག་གི་དབྱེ་བས་གཉིས་སུ་ཕྱེ་བ་མེད་ལ། སློབ་དཔོན་བདག་ཉིད་ཆེན་པོའི་འགྲེལ་པ་ལས་གཉིས་སུ་ཕྱེ་བ་འདི་ནི། མདོ་དང་བསྟན་འཆོས་རྣམ་པར་དག་པ་གཞན་ལས་འབྱུང་བ་བཞིན་བཀོད་པ་ཡིན་གྱི། ཉེར་གཉིས་པོ་ལ་སྨོན་འཇུག་གི་ཕྱེ་གསལ་བྱས་ནས་འཆད་པ་ནི་དཀའོ། །སློབ་དཔོན་ཡེ་ཤེས་གྲགས་པས། ཇི་སྐད་དུ། འདུན་སོགས་གསུམ་གྱི་དབྱེ་བ་ལས། །སྨོན་པ་ཞེས་བྱའི་སེམས་ནི་གསུམ། །འཇུག་པ་ཞེས་བྱའི་སེམས་བསྐྱེད་ནི། །བཅུ་དགུ་རྣམས་སུ་བཤད་པ་ཡིན་ཏེ། །ཞེས་འཆད་པ་ལ་ཡང་ཚད་ལྡན་གྱི་ཁུངས་མེད་ཅིང༌། དེ་ཉིད་ཀྱང་འཐད་པར་དཀའ་སྟེ། བསམ་པ་དང་ལྡན་པ་ཕར་ཕྱིན་དྲུག་དང་ལྡན་པའི་བསམ་པ་ལ་བཤད་པས། བསླབ་པའི་གྲོགས་ཀྱིས་ཟིན་པ་ཁོ་ན་ཡིན་པ་དང༌། འདུན་པ་དང་ལྡན་པ་ཡང་ཉེར་གཉིས་པོ་སྤྱིའི་ཁྱབ་བྱེད་དུ་འགྲོ་དགོས་པའི་ཕྱིར་རོ། །ཡང་གཞན་དག་འཇུག་སེམས་གང་ཡིན་ཀུན་རྫོབ་སེམས་བསྐྱེད་ཀྱི་དབྱེ་བར་འཆད་པ་ཡང༌། དེ་ཁོ་ན་ལྟར་མིན་ཏེ། རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་བྱུང་བའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གཙོ་བོ་རྣམ་རིག་ལ་ནི། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཞུགས་པའི་ཕྱིར་དང༌། བྱེ་བྲག་ཏུ་འཕགས་སེང་གི་ལུགས་འདི་ལ་སེམས་བསྐྱེད་པ་ཞེས་བྱ་བའི་སྒྲ་ནི་གཙོ་བོ་རྣམ་རིག་གི་ཆ་ནས་འཇོག་ལ། དེའི་ཚེ་ན་དེ་ཡང་དེའི་གྲོགས་ཀྱིས་ཟིན་པ་ཁོ་ནར་འཆད་དགོས་པའི་ཕྱིར། ལུགས་གཞན་ལ་འཇུག་སེམས་ཀྱི་ངོ་བོ་བྱང་སེམས་ཀྱི་སྡོམ་པ་ལ་འཆད་པ་ལྟར་ན། དེ་དེར་ཅུང་ཟད་བཤད་དཀའ་བ་ཡིན་ནོ། །དེ་ལྟ་ན་ཡང་འདིར་ནི་ཐེག་པ་ཆེན་པོའི་ཀུན་རྫོབ་སེམས་བསྐྱེད་ཙམ་ཞིག་དབྱེ་གཞིར་བཞག་གོ །གཉིས་པ་ལ། གཞན་གྱི་བཞེད་པ་བཀོད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་དགའ་བ་ནས་བརྩམས་ཏེའོ། །ཞེས་ས་ཐོབ་མ་ཐོབ་ལ་བཤད། ལོ་ཙཱ་བ་ཆེན་པོ་ཡང་དེ་ལྟར་དུ་བཞེད་པ་ལ། རྗེ་བཙུན་ས་སྐྱ་པའི་གསུང་གིས་དེ་ལྟར་འཆད་པ་དེ་ནི་ལུང་ཆོས་ལ་འདྲིས་ཆུང་བར་ཟད་པ་ཡིན་ཏེ། བསླབ་བཏུས་སུ་འཇུག་པའི་སྡོམ་པ་སོ་སོ་སྐྱེ་བོ་ཉིད་ལ་སྐྱེ་བར་གསུངས་པས་སོ། །དེས་ན་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང༌། དེའི་དོན་དུ་སྤྱོད་པ་གྲུབ་པར་འདོད་པའོ། །ཞེས་གསུངས་སོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། སྨོན་པ་ཞེས་བྱ་བ་ནི་སྨོན་པ་ཙམ་སྟེ། ཚོགས་མ་བསགས་པ་སེམས་དེ་བསྐྱེད་པའི་ཆོ་གས་བླང་བར་ཡང་མ་བྱས་པའོ། །འཇུག་པ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ། ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ། བར་ཆད་མེད་པའི་ལམ་གྱི་བར་དུ་གཏོགས་པའི་བསྒྲུབ་པའི་སྤྱོད་པའོ། །ཞེས་གསུངས་སོ། །གཉིས་པ་ལ། སྤྱིར་གཉིས་པོའི་ཁྱད་པར་ནི་ཇི་སྐད་དུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང༌། བསླབ་བཏུས་ལས། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང༌། བྱང་ཆུབ་ཏུ་ཆས་པའི་སེམས་སོ། །ཇི་སྐད་དུ་སྡང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སྨོན་པ་དེ་དག་དཀོན་ནོ། །དེ་བས་ཀྱང་དེར་ཆས་པའི་སེམས་ཅན་དེ་དག་ཤིན་ཏུ་དཀོན་ནོ། །ཞེས་གསུངས་པ་འདི་དག་གཞིར་བྱས་ནས་འཆད་དགོས་པ་ལས། འདི་ལ་ལུགས་གཉིས་ཏེ། སློབ་དཔོན་སེང་གེ་བཟང་པོའི་རྗེས་སུ་འབྲངས་པ་དག་གི་ལུགས་དང༌། དེ་ལས་གཞན་པའི་ལུགས་སོ། །དང་པོ་ལ་རང་གི་འཆད་ཚུལ་དང༌། གཞན་གྱི་འཆད་ཚུལ་མི་འཐད་པའོ། །དང་པོ་ནི། བཤད་མ་ཐག་པའི་གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་དེ་གཞིར་བྱས་པ་ལ། བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་དང༌། ཟིན་པའོ། །དེའི་བསླབ་པ་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་གསུམ་མམ། ཡང་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་བོ། །མདོར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་གང་ཡང་རུང་བས་ཁྱད་པར་དུ་བྱས་པའི་སེམས་པའོ། །དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་འཇུག་པ་སེམས་བསྐྱེད་ནི་ལམ་དུ་མ་ཞུགས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་ལ། སྨོན་པ་ནི་ཐེག་ཆེན་གྱི་སྦྱོར་ལམ་ཡན་ཆད་དུ་འགྲོ་བ་མི་སྲིད་དེ། དེར་ནི་དེའི་བསླབ་པའི་གྲོགས་ཀྱིས་ཟིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་འཐད་པ་ཡིན་ཏེ། གོང་དུ་སྡུད་འགྲེལ་དང༌། ཚིག་གསལ་གྱི་ལུང་དྲངས་མ་ཐག་པ་དང༌། ཤེར་འབྱུང་གིས་ཀྱང༌། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་དང་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱའོ། །ཞེས་དང༌། སློབ་དཔོན་དགེ་བའི་ལྷས་ཀྱང་སྨོན་པ་ནི་འགྲོ་བར་འདོད་པ་ཙམ་ཡིན་གྱི། འགྲོ་བ་ཉིད་ནི་མ་ཡིན་ནོ་ཞེས་དང༌། སྒོམ་རིམ་ལས་ཀྱང༌། དང་པོར་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་དུ། སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བླངས་པ་ནས་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི། དར་ཊཱིཀ་མཛད་པ་ན་རེ། འཇུག་སྡོམ་བླངས་ནས་སྤྱོད་པ་ལ་སློབ་པའི་ཚེ་སྨོན་སེམས་མེད་པར་འདོད་པ་ནི་ལུང་དེ་དག་གི་དོན་མ་ཡིན་ཏེ། དེ་ཡང་འདི་ལྟར། འཇུག་སྡོམ་བཟུང་བའི་རྗེས་སུ་ཡང༌། སྤྱོད་པ་ལ་སློབ་པ་ལ་བློའི་འཇུག་ཚུལ་གཉིས་ཡོད་དེ། སེམས་བསྐྱེད་ཀྱིས་ཀུན་ནས་ལང་བ་ཙམ་དུ་མ་ཟད། གཏོང་བའི་སེམས་པ་སྤེལ་བའི་རྣམ་པར་ཤར་བའི་དུས་ཉིད་ན་རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པ་ནི། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་དོན་ཡིན་ལ། དེ་ལྟ་བུ་མེད་པའི་དུས་ནི་དངོས་སུ་མ་ཟིན་པའོ། །དེས་ན་ས་ཐོབ་ནས་ཀྱང་སྨོན་སེམས་ཁས་བླངས་པ་ལ་ཉེས་པ་མེད་དེ། ས་ཐོབ་ནས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་ཀྱང༌། དེས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་སྐབས་དུ་མར་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། སྨོན་འཇུག་གི་ཁྱད་པར་འབྱེད་ལུགས་དང་པོ་མི་འཐད། གཉིས་པ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། དོན་ལ་སྐྱོན་ཞུགས་པ་དང༌། ཚིག་ལ་སྐྱོན་ཞུགས་པའོ། །དང་པོ་ནི། གཉིས་པོའི་ཁྱད་པར་དེ་འདྲའི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་མེད་ཀྱིས་འབྱེད་པ་ནི་ཤིན་ཏུ་མི་ལེགས་ཏེ། དེ་ལས་བཟློག་སྟེ་འཆད་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྣམ་མཁྱེན་དོན་གཉེར་གྱི་འདུན་པ་དངོས་སུ་ཡོད་པའི་ཆ་ནས་སྨོན་སེམས་སུ་འཇོག་དགོས་རྒྱུ་ཡིན་པ་ལ། ཁྱེད་ཀྱིས་ནི་དེ་མེད་པའི་ཆ་ནས་དེར་བཞག་པའི་ཕྱིར། དེ་ཡང་འདི་ལྟར། གཞུང་ལུགས་ཀྱི་དགོངས་པ་ནི་རྒྱུའི་ཀུན་སློང་རྫོགས་བྱང་དོན་གཉེར་གྱིས་ཀུན་ནས་བསླངས་པ་ཡིན་ཀྱང༌། དུས་ཀྱི་ཀུན་སློང་ལ་དེ་ཡོད་དམ་མེད་ཀྱང་རུང༌། སྤྱོད་པའི་ཉམས་ལེན་གྱིས་ཟིན་པ་ནི་འཇུག་པ་དང༌། རྒྱུ་དུས་ཀྱི་ཀུན་སློང་གཉིས་ཀ་ལ་དེ་ཡོད་ཅིང༌། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པ་ལ་སྨོན་པར་འཇོག་དགོས་པ་ཡིན་པས་སོ། །གཉིས་པ་ནི། དོན་གཉེར་གྱི་དྲན་འདུན་དུ་རེ་བ་ཞེས་པ་བློ་རིས་ཀྱིས་འབྱེད་ཚུལ་ལ་སྐྱོན་ཆགས་པ་ཡིན་ཏེ། དྲན་པ་ནི་འདས་པ་ཁོ་ན་ལ་དམིགས་པ་ཡིན་པས། དེ་དང་མ་འོངས་པ་དོན་གཉེར་གྱི་འདུན་པའི་བློ་གཉིས་འཛིན་སྟངས་འགལ་བའི་ཕྱིར་དང༌། བློ་གཅིག་ལ་དྲན་འདུན་འོང་བ་ལྟ་ཞོག གཙོ་བོ་རྣམ་རིག་གཅིག་གི་འཁོར་དུ་དེ་གཉིས་ཅིག་ཅར་དུ་འབྱུང་མི་སྲིད་པའི་ཕྱིར་རོ། །མཛོད་དུ། འདུན་དང་རེག་དང་བློ་གྲོས་དྲན། །ཅེས་སེམས་ཀྱི་ས་མང་པོ་པར་བཤད་པའང༌། གཙོ་སེམས་ཀུན་གྱི་འཁོར་དུ་འབྱུང་སྲིད་པའི་དོན་ཡིན་གྱི། ཅིག་ཆར་དུ་འབྱུང་བའི་དོན་མིན་ནོ། །གལ་ཏེ་འདི་སྙམ་དུ་གཉིས་པོའི་ཁྱད་པར་དེ་འདྲའི་དྲན་འདུན་ཡོད་པ་གཞིར་བྱས་ཀྱི་སྟེང་དུ། གཏོང་བའི་སེམས་པ་སྤེལ་བའི་རྣམ་པ་སོགས་ཤར་མ་ཤར་ལ་འཇོག་པ་ཡིན་ནོ་ཞེ་ན། དེ་སྐད་དུ་སྨྲ་བ་རིགས་ཀྱི། དེ་ལྟ་བུའི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པ་དང༌། མེད་པ་ཞེས་སྨྲ་བ་མི་རིགས་སོ། །གཉིས་པ་ནི། ས་ཐོབ་ནས་སྨོན་སེམས་ཡོད་པའི་སྒྲུབ་བྱེད་དེ་ལྟ་ཡིན་ན། ཐེག་པ་ཆེན་པོའི་ཀུན་རྫོབ་སེམས་བསྐྱེད་གཞིར་བྱས་པ་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་ཟིན་མ་ཟིན་ལ་གཉིས་པོའི་ཁྱད་པར་བཞག་པར་སོང་བས། དེ་ཡང་རིགས་པ་མིན་ཏེ། དེ་ལྟ་ན་དེས་དངོས་སུ་མ་ཟིན་ཅིང༌། འཇུག་པའི་སྡོམ་པས་དངོས་སུ་ཟིན་པའི་འཇུག་པ་སེམས་བསྐྱེད་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་སློབ་དཔོན་གཞན་གྱི་ལུགས་ལ་གཉིས་ཏེ། དངོས་དང་རྒྱན་རྩ་འགྲེལ་གྱི་ལུགས་དང་མི་མཐུན་པ་འབྱུང་བའི་ཤེས་བྱེད་དོ། །དང་པོ་ནི། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་ལྟར་ན། གཙོ་བོ་རྣམ་རིག་གཅིག་གི་འཁོར་ན། རྫོགས་བྱང་དོན་གཉེར་གྱི་འདོད་པ་དང༌། འཇུག་པའི་སྡོམ་པ་གཉིས་ཅིག་ཅར་དུ་འབྱུང་བ་དེའི་ཚེ་སྔ་མ་ལ་སྨོན་པའི་སེམས་དང༌། རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་ཞེས་བྱ་ལ། གཉིས་པ་ལ་འཇུག་པ་སེམས་བསྐྱེད་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་བྱའོ། །གཉིས་པོའི་ས་མཚམས་ལ། ཡ་མཐའ་ནི་ཇི་སྲིད་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡོད་པས་འདྲ་ལ། མ་མཐའ་ནི། སྨོན་སེམས་སྔར་བསྐྱེད་ནས་དེའི་རྗེས་སུ་བྱང་སེམས་ཀྱི་སྡོམ་པ་ལེན་པར་བྱེད་པ་ཡིན་ནོ། །དེ་ལྟར་འཆད་པའི་ལུགས་འདི་ཡང་རྗེ་བཙུན་ས་སྐྱ་པས་སྡོམ་པ་ཉི་ཤུ་པའི་རྣམ་བཤད་དང༌། སེམས་བསྐྱེད་པའི་ཆོ་ག་ལས་གསུངས་པའི་དགོངས་པའོ། །འདི་ལ་གཞན་དག་གིས། དེ་ལྟ་ན་འཇུག་པ་སེམས་བསྐྱེད་ལ། ཇི་སྐད་དུ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་མཚན་ཉིད་མ་ཚང་བར་འགྱུར་རོ། །ཞེས་གསུངས་པ་དེ་ནི་འཕགས་སེང་གི་ལུགས་འཆད་པ་ན་དེ་ལྟར་ཁས་བླངས་པ་ལ་སྐྱོན་དེ་འཇུག་ཀྱང༌། ལུགས་འདི་ལ་འཇུག་པ་མིན་ཏེ། ཐོགས་མེད་སྐུ་མཆེད་ཀྱི་ལུགས་འདི་ལ་འཇུག་སེམས་རང་གི་ངོ་བོ་རྫོགས་བྱང་དོན་གཉེར་གྱི་བློ་ཡིན་པར་མི་འཆད་ཀྱང༌། རྒྱུའི་ཀུན་སློང་དེས་ཀུན་ནས་བསླངས་ཤིང༌། དུས་ཀྱི་ཀུན་སློང་དེ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཉིས་པ་ནི། འཕགས་སེང་གི་ལུགས་འདི་ལ། རྫོགས་བྱང་དོན་དུ་གཉེར་བའི་ཆ་ནས་སྨོན་པ་དང༌། བསླབ་པ་དང་ལྷན་ཅིག་ཏུ་འཇུག་པའི་ཆ་ནས་འཇུག་པ་སེམས་བསྐྱེད་དོ། །ཞེས་འཆད་དུ་རུང་བ་མ་ཡིན་ཏེ། ལུགས་འདི་ལ་ནི། སེམས་བསྐྱེད་གཉིས་ཀའི་ངོ་བོ་གཙོ་བོར་རྣམ་རིག་ཏུ་འདོད་དགོས་ལ། དེའི་ཚེ་ན་འཇུག་པ་སེམས་བསྐྱེད་ཀྱང་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཞིག་ལ་འཆད་དགོས་པས། དེ་འདྲའི་གཙོ་བོ་རྣམ་རིག་དེ་དེ་དང་མཚུངས་པར་ལྡན་པའི་ཆ་ནས་སྨོན་སེམས་དང༌། བསླབ་པ་དང་ལྷན་ཅིག་འཇུག་པའི་ཆ་ནས་འཇུག་སེམས་དུ་ཁས་བླངས་ན་དེ་གཉིས་ཀྱི་གཞི་མཐུན་ཁས་བླངས་པར་འགྱུར་ལ། དེ་ལྟ་ན་ནི་མདོ་དང་ཞི་བ་ལྷའི་གཞུང༌། སློབ་དཔོན་ཉིད་ཀྱིས་ཤེས་བྱེད་དུ་དྲངས་པ་རྣམས་དང་འགལ་བའི་ཕྱིར་རོ། །ལུགས་གཅིག་ཤོས་ལ་ནི་མི་མཚུངས་ཏེ། གཙོ་བོ་རྣམ་རིག་གཅིག་གི་འཁོར་དུ་བྱུང་བའི་འཇུག་སྡོམ་དང༌། རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་གྱི་གཞི་མཐུན་མི་སྲིད་པར་ཁས་བླངས་པས་ཆོག་པའི་ཕྱིར་རོ། །གསུམ་པ་ཆོ་གའི་ཁྱད་པར་ལ། སྨོན་སེམས་ཆོ་གས་ལེན་པ་ཡོད་མེད་ཀྱི་དཔྱད་པ་དང༌། ཤིང་རྟའི་སྲོལ་འབྱེད་གཉིས་ལས་བྱུང་བའི་ཆོ་གའི་ཁྱད་པར་མདོ་ཙམ་བཤད་པའོ། །དང་པོ་ལ་སེམས་ཙམ་པའི་ལུགས་ཀྱི་ཆོ་ག་ལ་དེ་མེད་པའི་ཚུལ་དང༌། དབུ་མ་པའི་ལུགས་ལ་ཇི་ལྟར་ཡིན་པའོ། །དང་པོ་ནི། ལུགས་དེ་ལ་དེའི་ཆོ་ག་བཞེད་པ་མིན་ཏེ། བྱང་སའི་ཚུལ་ཁྲིམས་ཀྱི་ལེའུར། བྱང་སེམས་ཀྱི་སྡོམ་པ་ལེན་པའི་ཚུལ་རྒྱས་པར་གསུངས་ཀྱང༌། སྨོན་སེམས་ལེན་པའི་ཆོ་ག་མ་གསུངས་པ་དང༌། སྡོམ་པ་ཡང་འཇུག་སྡོམ་ཁོ་ནའི་དབང་དུ་བྱས་ནས་གསུངས་ཀྱི། སྨོན་པ་ལ་སྡོམ་པ་མ་གསུངས་པ་དང༌། རྩ་བའི་ལྟུང་བ་དང་ཉེས་བྱས་ཀྱི་རྣམ་གཞག་འཆད་པ་ན་ཡང༌། སྨོན་པའི་དབང་དུ་བྱས་པ་གཅིག་ཀྱང་མི་སྣང་བ་དང༌། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ། སྐྱབས་འགྲོས་རིགས་སད་པར་བྱས་ནས། དེའི་འོག་ཏུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་གསུངས་ལ། ཐེག་པ་ཆེན་པོའི་སྐྱབས་འགྲོ་སྐྱེས་པ་དང༌། སྨོན་སེམས་སྐྱེ་བ་དོན་གཅིག་ལ་འདུ་བའི་ཕྱིར་དང༌། བྱང་སར་ཐོག་མར་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། དེའི་འོག་ཏུ་སྡོམ་པ་ལེན་པར་གསུངས་ལ། སྨོན་སེམས་བསྐྱེད་པའི་རྒྱུ་ཡང་ཇི་སྐད་དུ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབུ་མའི་ལུགས་ལ། སྨོན་འཇུག་གཉིས་ཀ་ལ་ཆོ་གའི་སྒོ་ནས་ལེན་པ་ནི་མེད་ན་མི་འབྱུང་བའི་རྒྱུར་དགོས་པ་མ་ཡིན་ཏེ། ཆོ་ག་ལ་མ་ལྟོས་པར་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་དང༌། དེའི་ཆེད་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སློབ་པར་འདོད་པའི་སེམས་བྱུང་སེམས་པ་གཉིས་ཀ་རིགས་སད་པ་དང༌། ཐེག་པ་ཆེན་པོའི་སྡེ་སྣོད་ཐོས་པ་ལྟ་བུའི་རྐྱེན་གྱིས་དེ་མཚན་ཉིད་ཡོངས་སུ་རྫོགས་པ་སྐྱེ་བ་སྲིད་པའི་ཕྱིར། དེ་ལྟ་ན་ཡང་དེ་གཉིས་ཀ་ལེན་པའི་ཆོ་ག་མི་བཞེད་པ་ནི་མ་ཡིན་ཏེ། སྤྱོད་འཇུག་གི་དགོངས་པ་ཛེ་ཏ་རིས་རྣམ་པར་བཀྲལ་བ་ལས། སྨོན་འཇུག་ཕྱོགས་གཅིག་ཏུ་ལེན་པའི་ཆོ་ག་མཛད་པ་དང༌། བསླབ་བཏུས་ལས་ཀྱང༌། སྨོན་པ་ལ་སྡོམ་པ་བཤད་པའི་ཕྱིར་ཏེ། དེ་མ་བཤད་ན་སྨོན་པའི་སེམས་བཏང་བ་རྩ་བའི་ལྟུང་བར་འཆད་པ་དོན་མེད་པའི་ཕྱིར་དང༌། བསླབ་བཏུས་སུ། འཇམ་དཔལ་གྱི་ཞིང་གི་བཀོད་པའི་ཡོན་ཏན་གྱི་མདོ་དྲངས་པའི་ཆོ་ག་དེ་ཉིད་ཀྱང༌། སྨོན་སེམས་ལེན་པའི་ཆོ་གར་གསལ་བའི་ཕྱིར་དང༌། ཛེ་ཏ་རིས། ཡི་དམ་བླང་བའི་ཆོ་ག་ལས། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་གསུངས་པ་དང༌། དོན་དེ་ཉིད་ཇི་སྐད་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །ཞེས་སོགས་ཀྱི་དགོངས་པར་སོང་བ་ཡིན་ཏེ། གཞུང་དེས་ཐེག་ཆེན་སེམས་བསྐྱེད་ལེན་པ་དང༌། དེའི་བསླབ་བྱ་ལ་སློབ་པའི་སྡོམ་པ་ལེན་པའི་ཆོ་ག་གཉིས་ཀ་བསྟན་པར་གསལ་ཞིང༌། དེ་ལས་གཞན་པའི་སྨོན་འཇུག་ལུགས་འདི་ལ་མེད་པའི་ཕྱིར། དེ་ཡང་ལུགས་འདི་ལ། སེམས་བསྐྱེད་ཀྱི་ངོ་བོ་ནི། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སེམས་དང་སེམས་ལས་བྱུང་བ་གང་ཡང་རུང་བ་ལ་འཆད་ལ། དེའི་སྡོམ་པ་ནི། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སློབ་པའི་སེམས་བྱུང་སེམས་པ་ཞིག་ཡིན་ལ། དེ་གཉིས་སྟབས་ཅིག་ཏུ་ལེན་པའི་ཆོ་ག་ནི། གཞུང་དེས་བསྟན་པ་ལ་བསྙོན་མི་ནུས་ལ། དེ་གཉིས་ལ་གོ་རིམ་བཞིན་དུ་སྨོན་འཇུག་གི་སེམས་བསྐྱེད་ཀྱི་མིང་འདོགས་པ་ནི། སྤྱོད་འཇུག་མཁན་པོའི་ལུགས་འདི་ལ་ཤིན་ཏུ་གསལ་བར་བཞུགས་པ་ཡིན་ནོ། །འོ་ན་ཇི་སྐད་དུ། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་སྨོན་སེམས་ལ་ཆོ་གས་བླངས་མ་བླངས་གཉིས་ཡོད་པ་ལས་དང་པོའི་དབང་དུ་བྱས་པར་ཟད་དོ། །འོ་ན་དེ་ལྟར་སྨོན་སེམས་ལ་མཐའ་གཅིག་ཏུ་ཆོ་ག་མི་དགོས་པའི་ལུགས་དང༌། ཆོ་གས་ལེན་པ་ཡང་ཡོད་པའི་ལུགས་གཉིས་ལས། འཕགས་སེང་གི་དགོངས་པ་གང་དུ་འཆད་ཅེ་ན། འཕགས་པ་ཐོགས་མེད་ཀྱི་ལུགས་ལྟར་འཆད་དགོས་པ་ཡིན་ཏེ། སློབ་དཔོན་སེང་གེ་བཟང་པོའི་རྗེས་སུ་འབྲངས་པའི་མཁས་པ་གསུམ་གྱི་ལུང་གོང་དུ་དྲངས་ཟིན་པ་ལྟར། དེ་དག་གིས་དེའི་དགོངས་པ་དེར་བཀྲལ་བའི་ཕྱིར་དང༌། རིགས་པས་ཀྱང་གྲུབ་སྟེ། ལུགས་འདི་ལ་སྤྱོད་འཇུག་ནས་བཤད་པ་ལྟ་བུའི་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་ཆོ་གས་ཐོབ་པའི་སྨོན་འཇུག་གི་སེམས་བསྐྱེད་ཞིག་ཡོད་ན། སྨོན་འཇུག་གཉིས་ཀྱི་གཞི་མཐུན་ཞིག་ཁས་ལེན་དགོས་པ་ལས། དེ་ཡང་དེར་མི་བཞེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ལུགས་འདི་ལ་རྫོགས་བྱང་དོན་གཉེར་གྱི་འདོད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་གཉིས་པོ་སོ་སོ་ནས་སྨོན་འཇུག་སོ་སོར་ཁས་ལེན་དུ་མི་རུང་ལ། དེ་གཉིས་ཀ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་དེ་སྨོན་འཇུག་གི་སེམས་བསྐྱེད་དུ་ཁས་ལེན་དགོས་པའི་ཕྱིར་དང༌། རྟགས་གཉིས་པ་གྲུབ་སྟེ། སློབ་དཔོན་འདིས་འགྲེལ་ཆེན་དུ། སྨོན་འཇུག་གཉིས་ཀྱི་ཤེས་བྱེད་དུ། སྤྱོད་འཇུག་གི་ལུང་དྲངས་པས་དེ་གཉིས་འགལ་བར་བཤད་དགོས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རྣམ་བཤད་དུ་སྤྱོད་འཇུག་ལས་འབྱུང་བའི་སེམས་བསྐྱེད་ཀྱི་ཆོ་གའི་དགོངས་པ་འགྲེལ་ཚུལ་ཇི་སྐད་བཤད་པ་དེ་སློབ་དཔོན་སེང་གེ་བཟང་པོའི་འགྲེལ་པའི་དབང་དུ་བྱས་པ་ཡིན་པར་གྲུབ་པ་དང༌། ཡང་ཇི་སྐད་དུ། རྗེ་བཙུན་ས་སྐྱ་པཎྜི་ཏའི་གསུང་གིས། བདག་གི་བླ་མ་དཔལ་ལྡན་ས་སྐྱ་པའི་ཞལ་ནས། སྨོན་འཇུག་གཉིས་ལ་སྨོན་པའི་སེམས། སྨོན་པའི་སེམས་བསྐྱེད་པ། སྨོན་པ་མི་ཉམས་པར་བསྲུང་བ་གསུམ་དང༌། འཇུག་པའི་སེམས། འཇུག་པའི་སེམས་བསྐྱེད་པ། འཇུག་པ་མི་ཉམས་པར་བསྲུང་བ་དང་གསུམ་ཡོད་དོ་ཞེས་གསུང་བ་ནི། མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་སོ། །ཞེས་གསུངས་པ་དེ་ནི་ཐོགས་མེད་ཀྱི་དགོངས་པ་ཐད་སོར་བཞག་པ་དང༌། ཞི་བ་ལྷའི་དགོངས་པ་ཛེ་ཏ་རིས་བཀྲལ་བ་དེའི་དབང་དུ་བྱས་ནས་གསུངས་པ་ཡིན་པར་གྲུབ་བོ། །གསུམ་པོའི་ངོས་འཛིན་སེམས་བསྐྱེད་ཀྱི་ཆོ་གར་བཤད་པ་དེ་ལ་ཡི་གེའི་སྐྱོན་ཅུང་ཟད་སྣང་བས་འདི་ལྟར་བཤད་དགོས་ཏེ། བྱང་ཆེན་དོན་གཉེར་གྱི་འདུན་པ་ནི་སྨོན་པའི་སེམས་སོ། །དེ་མི་ཉམས་པར་ཁས་བླངས་པའི་སེམས་བྱུང་སེམས་པ་ནི་དེའི་སྡོམ་པ་དང་དེ་བསྐྱེད་པའོ། །སྨོན་པའི་བསླབ་བྱ་ཡན་ལག་བདུན་པ་མི་ཉམས་པར་བྱ་བ་ལྟ་བུ་ནི། དེ་མི་ཉམས་པར་བསྲུང་བའོ། །བྱང་ཆེན་ཀྱི་ཆེད་དུ་ཕྱིན་དྲུག་ལ་སྤྱོད་པར་འདོད་པ་ནི་འཇུག་པའི་སེམས་སོ། །དེ་མི་ཉམས་པར་བསྲུང་བ་ཆོ་གས་ཁས་བླངས་པ་ནི། དེའི་སྡོམ་པའམ་དེ་བསྐྱེད་པའོ། །ཕྱིན་དྲུག་ལ་སློབ་ཅིང་ཉམས་སུ་ལེན་པ་ནི་དེ་མི་ཉམས་པར་སྲུང་བའོ། །ཞེས་འཆད་དགོས་པ་ཡིན་ཏེ། ལུང་གཞན་ལས་དེ་ལྟར་གསལ་བའི་ཕྱིར་རོ། །དེ་ནས་ཞར་ལ་དོན་དམ་སེམས་བསྐྱེད་ཆོ་གའི་སྒོ་ནས་ལེན་པ་ཡོད་མེད་ཇི་ལྟ་བུ་ཞེ་ན། དེ་ལེན་པའི་ཆོ་ག་ནི། གསང་བ་འདུས་པའི་རྒྱུད་དུ་དོན་དམ་བྱང་ཆུབ་ཀྱི་སེམས་ངོས་བཟུང་བ་དེའི་དགོངས་པ་འགྲེལ་པ་ན། འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ཞེས་བྱ་བའི་བསྟན་འཆོས་ཀྱི་ཐོག་མར་དེ་ལེན་པའི་ཆོ་ག་གསུངས་པ་དང༌། རྣམ་སྣང་མངོན་བྱང་ལས་ཀྱང༌། དེ་ལེན་པའི་ཆོ་ག་གསལ་བར་གསུངས་པ་ཡིན་མོད། དེ་ལྟ་ན་ཡང༌། བརྗོད་པ་གསུམ་གྱི་ཐ་མ་ལ་དེ་སྐྱེ་བར་ཁས་ལེན་པ་ནི་གཞུང་ལུགས་ཀྱི་དགོངས་པ་མིན་ཏེ། ཐོག་མར་དམ་བཅའི་སྒོ་ནས་སྡོམ་པ་དེ་བཟུང་ཞིང་བཟུང་བའི་དོན་དེ་བསྒོམ་པ་ལས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ན་དེ་སྐྱེས་པར་འཇོག་པའི་ཕྱིར་རོ། །དཔེར་ན་རྣལ་འབྱོར་གྱི་རྒྱུད་དུ་རིགས་ལྔའི་སྡོམ་པ་ཐོག་མར་དམ་བཅའི་སྒོ་ནས་བཟུང་ཞིང༌། བཟུང་བ་ལྟར་དབང་གི་ངོ་བོ་སེམས་ཀྱི་རྒྱུད་ལ་སྐྱེས་པ་དེའི་ཚེ། རིགས་ལྔའི་སྡོམ་པ་སྐྱེས་པར་འཇོག་པ་བཞིན་ནོ། །གཉིས་པ་སྲོལ་འབྱེད་གཉིས་ཀྱི་ཆོ་གའི་ཁྱད་པར་ལ། སྤྱིར་ཚད་ལྡན་གྱི་གཞུང་ལས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་དང༌། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་དང༌། འཇིགས་མེད་འབྱུང་གནས་ལ་སོགས་པས་དེ་གཉིས་གཅིག་ཏུ་བསྲེས་པའི་ལུགས་དང་གསུམ་འབྱུང་ཡང༌། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ནི། ལུགས་ཕྱི་མ་འདི་འགོག་ཅིང༌། ལུགས་སྔ་མ་གཉིས་མ་འདྲེས་པར་མཛད་ནས་ཐ་དད་དུ་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་གཉིས་མ་འདྲེས་པར་བྱ་དགོས་པའི་ཤེས་བྱེད་ཀྱང༌། སྲོལ་གཉིས་པོ་གང་ལས་བླང་བར་བྱ་བའི་ཡུལ་མི་འདྲ། གང་གིས་ལེན་པར་བྱེད་པའི་རྟེན་གྱི་གང་ཟག་མི་འདྲ། ཇི་ལྟར་ལེན་པའི་ཆོ་ག་མི་འདྲ། ཉམས་ན་ཕྱིར་བཅོས་མི་འདྲ་བའོ། །དང་པོ་ཇི་སྐད་དུ། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་དང༌། རྟག་པར་དགེ་བའི་བཤེས་གཉེན་ནི། །ཞེས་སོགས་ཀྱི་ཁྱད་པར་ལས་དང༌། གཉིས་པ་ནི་ཇི་སྐད་དུ། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །ཞེས་སོགས་དང༌། མདོ་ལས་ལྷ་དང་ལྷ་མིན་ལ་སོགས་པ་འགྲོ་བ་མཐའ་དག་ལ་སྐྱེ་བར་བཤད་པའི་ཁྱད་པར་ལས་དང༌། གསུམ་པ་ནི། འཕགས་པ་ཐོགས་མེད་ཐོག་མར་སྨོན་པ་བླངས་ནས། ཕྱིས་འཇུག་པ་ལེན་པ་དང༌། བར་ཆད་དྲི་བ་སོགས་མཛད་ལ། འཕགས་པ་ཀླུ་སྒྲུབ་ནི་སྨོན་འཇུག་སྟབས་གཅིག་ཏུ་ལེན་པར་མཛད་པའི་ཁྱད་པར་ལས་དང༌། བཞི་པ་ནི། འཕགས་པ་ཐོགས་མེད་རྩ་བའི་ལྟུང་བ་བཞིར་བཞེད་ཅིང༌། འཕགས་པ་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བ་ལྔ། བློན་པོ་ལ་ལྔ། ཕལ་པ་ལ་བརྒྱད། ཐུན་མོང་དུ་སྨོན་པའི་སེམས་བཏང་བ་དང་བཅུ་དགུར་བཞེད་པ་དང༌། ཐོགས་མེད་ཉན་ཐོས་དང་བསྟུན་ནས། །སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་འདུན་དུ་ལྷག་མ་རྣམས། །ཞེས་གསུངས་ལ། དབུ་མ་པའི་ལུགས་ལ་ནི། འཕགས་པ་ནམ་མཁའི་སྙིང་པོ་ལ་གསོལ་བ་གདབ་པ་དང༌། དེ་བཞིན་གཤེགས་པ་ལ་སོགས་པའི་ཡི་གེ་བརྒྱ་པས་ལྟུང་བ་འདག་པར་མཛད་དོ། །ཞེས་བྱ་བ་ལ་སོགས་པར་རྒྱས་པར་གསུངས་སོ། །འདིའི་དོན་རྣམ་པར་འཆད་པ་ལ། འཆད་པ་པོ་གཞན་དག་གིས་དད་པའི་རྗེས་སུ་འབྲངས་ཏེ། ཚིག་སྔ་མ་དེ་ཉིད་ལན་དུ་མར་བཟླས་པ་ལས། ཕྱི་མ་ཕྱི་མ་རྣམས་སྐད་གསང་ཇེ་མཐོ་ཇེ་མཐོར་གྱུར་པ་ལ་གཞུང་འཆད་པ་ཞེས་བྱ་བའི་མིང་གིས་བཏགས་པར་ཟད་ཀྱི། དཔྱིས་ཕྱིན་པར་བཤད་པ་མ་མཐོང་ངོ༌། །དེ་བས་ན་འདི་ལར་རྣམ་པར་བཤད་པར་བྱ་སྟེ། དབུ་སེམས་གཉིས་ལ་ཆོ་ག་མི་འདྲ་བ་དེ་འདྲ་འབྱུང་བའི་འཐད་པ། དེ་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ལ། དངོས་དང་དེས་གྲུབ་པའི་དོན་ནོ། །དང་པོ་ནི། ལུགས་དེ་གཉིས་ལ་ཆོ་ག་མི་འདྲ་བ་འབྱུང་བའི་ཤེས་བྱེད་ནི། དབུ་མའི་ལུགས་ཀྱི་ཆོ་ག་ནི་སྨོན་འཇུག་གི་སྡོམ་པ་གཉིས་ཀ་ལེན་པའི་ཆོ་ག་ཡིན་པ་དང༌། ཅིག་ཤོས་ནི། འཇུག་པའི་སྡོམ་པ་ཁོ་ན་ལེན་པའི་ཆོ་ག་ཡིན་པ་ལས་སོ། །དེ་ཡང་ཆོ་ག་དང་པོས་བླངས་ན། གདུལ་བྱ་བློ་མཐོ་བ་དང༌། དབང་པོ་རྣོ་བ་རྣམས་ལ་ནི་སྨོན་འཇུག་གཉིས་ཀའི་སྡོམ་པ་སྐྱེ་བ་དང༌། དེ་ལས་གཞན་པ་རྣམས་ལ་སྨོན་པའི་སྡོམ་པ་རྐྱང་པ་སྐྱེ་བ་ཡིན་ནོ། །དེ་སྐད་དུ་ཡང༌། བསླབ་བཏུས་ལས། དེ་བས་ན་རང་གི་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་དག་པར་བླངས་ལ་བསྲུང་བར་བྱ་སྟེ། འདི་སྨན་གྱི་བླ་བཻ་ཌཱུ་རྻ་འོད་ཀྱི་རྒྱལ་པོའི་མདོ་ལས་བལྟ་བར་བྱའོ། །ཞེས་གསུངས་སོ། །དེའི་ཚེ་གང་གིས་ལེན་པར་བྱེད་པའི་གང་ཟག་ནི། དོན་གོ་ཞིང་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཅུང་ཟད་སད་པ་ནི། བློ་ཇི་ལྟར་དམན་ཡང༌། སྨོན་པའི་སྡོམ་པ་ཙམ་ཞིག་མི་སྐྱེ་བ་མི་སྲིད་པ་ལ་དགོངས་ནས། ལུགས་དང་པོ་ལ་ཡུལ་དང༌། རྟེན་དང༌། ཆོ་གའི་ཁྱད་པར་རྣམས་ཡངས་ཤིང་རྒྱ་ཆེ་ལ། ཆོ་ག་གཉིས་པས་ལེན་པ་ལ་ནི། སྨོན་པའི་སྡོམ་པ་ལེན་པའི་ཆོ་ག་མེད་པས། ཡུལ་རྟེན་ཆོ་གའི་ཁྱད་པར་རྣམས་རྒྱ་ཆུང་ཞིང་དོག་པ་ཡིན་ནོ། །དེ་ཡང་སྨོན་པ་ནི་རྒྱལ་པོ་ནས་ཤན་པའི་བར་ལ་སྐྱེ་ལ། འཇུག་པ་ནི། སོ་ཐར་གྱི་སྡོམ་མིན་ཅན་ལ་མི་སྐྱེའོ། །འོ་ན་ཅི་ལུགས་དེ་ལ་སྨོན་པའི་སྡོམ་པ་མ་བཤད་ལ། ཅིག་ཤོས་ལ་འཆད་པ་ཅི་ཞེ་ན། དེའི་ཤེས་བྱེད་ནི་ཇི་སྐད་དུ། དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་གསུངས་ལ། ལྟ་བ་ཡངས་དོག་གི་གོ་དོན་ཡང༌། ཁྱབ་པའི་སྟོང་ཉིད་དང༌། ཉི་ཚེ་བའི་སྟོང་ཉིད་ཀྱི་དབང་དུ་བྱས་ནས་འཆད་དགོས་པ་ཡིན་གྱི། སྤྱོད་པ་ཡངས་དོག་ལ་འཆད་པའི་གོ་བ་བླངས་ནས་ཉེས་པ་བརྗོད་པར་བྱེད་པ་དེ་དག་ནི་སུན་འབྱིན་གྱིས་འཕོངས་པ་ཡིན་ཏེ། ལུགས་འདི་ནི་ལྟ་བ་ཇི་ཙམ་མཐོ་བ་བཞིན་སྡོམ་པ་འཛིན་དགོས་མང་བར་ཞལ་གྱིས་བཞེས་པའི་ཕྱིར་ཏེ། དབུ་སེམས་ཀྱི་ཁྱད་པར་སྨོན་པ་ལ་སྡོམ་པའི་རྣམ་གཞག་མཛད་མི་མཛད་དེ་ལས་ཕྱེ་བས་སོ། །འོ་ན་ལྟ་བ་མཐོ་བའི་ཚེ་སེམས་བསྐྱེད་ཀྱི་སྡོམ་པ་སྐྱེ་སླ་བར་སོང་བས། དེའི་ཤེས་བྱེད་ཅི་ཞེ་ན། དེའི་རྒྱུ་མཚན་ནི་ཐེག་པ་སྤྱི་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་ལས་ཤིན་ཏུ་གསལ་བ་ཡིན་ཏེ། ཐེག་པ་དང་གྲུབ་པའི་མཐའ་གང་དུ་ཆོས་ཀྱི་བདག་མེད་ཁས་ལེན་པ་དེར། བྱང་སེམས་ཀྱི་སྡོམ་པའི་རྣམ་གཞག་འབྱུང་ལ། དེ་མེད་པ་དེར་ཅིག་ཤོས་ཀྱང་མ་གསུངས་པའི་ཕྱིར་དང༌། བྱེ་བྲག་ཏུ་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་ན། སྨོན་སེམས་དང༌། སོ་ཐར་རིས་བདུན་སོགས་སྔོན་དུ་མ་སོང་ཡང༌། འཇུག་པའི་སྡོམ་པ་བསྲུང་བ་ལ་དཀའ་བའི་གནས་མི་འབྱུང་བའི་ཕྱིར་དང༌། སྟོང་པ་ཉིད་ཀྱི་ལྟ་བ་དེ་སྔོན་དུ་སོང་ན། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཡང་རང་གི་ངང་གིས་འབྱུང་བའི་ཕྱིར། དོན་དེ་ལ་དགོངས་ནས་དབུ་མའི་གཞུང་ལས་ཆོ་གའི་ཚུལ་དེ་ལྟར་མཛད་པ་ཡིན་ཏེ། དཔེར་ན་དབུ་མ་རྒྱན་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །ཞེས་སྟོང་པ་ཉིད་ཀྱི་ལྟ་བ་སྔོན་དུ་བཏང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གསུངས་སོ། །དེ་ལྟ་ན་ཡང་སེམས་བསྐྱེད་ལེན་པའི་རྟེན་དེས་དབུ་མའི་ལྟ་བ་རྟོགས་དགོས་པའི་ཁྱབ་པ་འཛིན་པ་མ་ཡིན་གྱི། དབུ་མའི་ལྟ་བ་དང་སྨོན་སེམས་རྐྱང་པ་ཐབས་ཤེས་ཟུང་དུ་འཇུག་པར་འགྱུར་ལ། སེམས་ཙམ་གྱི་ལྟ་བ་དང་ཐབས་ཤེས་ཟུང་དུ་འཇུག་པ་ལ་འཇུག་སེམས་དགོས་པའི་དོན་ཏེ། དབུ་མའི་ལུགས་ཀྱི་ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ཀ་འདུས་ལ། སེམས་ཙམ་ལུགས་ཀྱི་དེའི་ནང་དུ་དེ་མི་འདུག་པས་སོ་སྙམ་དུ་དགོངས་པའོ། །གཉིས་པ་ནི་དེ་ལྟར་ན། དབུ་མའི་ཆོ་གས་བླངས་པའི་སེམས་བསྐྱེད་ཀྱི་སྡོམ་པ་ཡོངས་སུ་རྫོགས་པ་དེའི་ནང་དུ། ཅིག་ཤོས་ཀྱི་ཆོ་གས་བླངས་པའི་སྡོམ་པ་དང༌། བསླབ་བྱ་རྣམས་ཀྱང་འདུས་པ་ཡིན་ཏེ། དེའི་ནང་དུ་འཇུག་པའི་སྡོམ་པ་རྫོགས་པར་འདུས་པའི་ཕྱིར། ཅིག་ཤོས་ཀྱི་ནང་དུ་དེ་ཕར་འདུས་པ་མིན་ཏེ། ཅིག་ཤོས་ཀྱི་ཆོ་གས་སྨོན་པའི་སྡོམ་པ་མ་བཟུང་བའི་ཕྱིར། དེ་ལྟར་ན་བྱང་ས་ནས་གསུངས་པའི་སྡོམ་པའི་རྟེན་ལ། བསླབ་བཏུས་ནས་གསུངས་པའི་རྩ་བའི་ལྟུང་བ་མཐའ་དག་འབྱུང་བའི་ཁྱབ་པ་མེད་ལ། བསླབ་བཏུས་ཀྱི་ཆོ་གས་བླངས་པའི་སྡོམ་པའི་རྟེན་ལ་ནི། ཅིག་ཤོས་ཀྱི་རྩ་བའི་ལྟུང་བ་རྣམས་རྩ་ལྟུང་དུ་ངེས་པར་བཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། བསླབ་བཏུས་རྔོག་འགྱུར་ལས། རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་བཟུང་བ་དང༌། འགའ་ཞིག་གི་ལུགས་གནས་པར་བྱ་བའི་ཕྱིར་བསྡུ་བའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པའི་ལྟུང་བར་འདོད། །ཅེས་པ་ནས། རྨི་ལམ་འཕགས་པ་ནམ་མཁའི་སྙིང་པོ་ཡི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་བརྡེག་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། །ཞེས་གསུངས་ལ། དེ་ཡང་བཤགས་པར་བྱ་ཞེས་པ་ཡན་ཆད་ནི། རྩ་བའི་ལྟུང་བ་བདེ་བླག་ཏུ་བཟུང་བ་དང༌། ཞེས་པ་དེའི་རྒྱས་བཤད་དུ་གསུངས་པ་ཡིན་ལ། བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཞེས་པ་མན་ནི། འགའ་ཞིག་གི་ལུགས་གནས་པར་བྱ་བའི་ཕྱིར་ཞེས་པ་དེའི་རྒྱས་བཤད་དུ་གསུངས་པ་ཡིན་ཏེ། དེ་དག་གིས་ནི་བྱང་ས་དང་སྡོམ་པ་ཉི་ཤུ་པ་ནས་འབྱུང་བའི་སྡོམ་པ་གཏོང་བའི་རྒྱུ་དང༌། རྩ་བའི་ལྟུང་བ་བཞིའམ་བརྒྱད་པོ་དེ་ཉིད་འཆད་པ་ཡིན་པའི་ཕྱིར་རོ། །དེར་འགའ་ཞིག་གི་ལུགས་ཞེས་གསུངས་པ་དེ། འཕགས་པ་ཐོགས་མེད་ཀྱི་ལུགས་ལ་བྱེད་པ་ནི་སྔོན་གྱི་བསླབ་བཏུས་འཆད་པ་པོ་རྣམས་ཀྱི་ལུགས་སོ། །དེ་ཡང་བསླབ་བཏུས་ནས་རྩ་ལྟུང་བཅུ་དགུ་པོ་དེ་ནི་སྨོན་པའི་སྡོམ་པ་དང་འགལ་བའི་ལྟུང་བ་དང༌། དེ་ལས་དང་པོ་བཅོ་བརྒྱད་པོ་སྡོམ་པའི་གཏོང་རྒྱུ་མ་ཡིན་པ་དང༌། ཆགས་དང་སེར་སྣ་མི་བཟད་པས། །ཞེས་སོགས་ཡང་ས་དང་ཐུན་མོང་བ་རྣམས་ནི་འཇུག་པའི་རྩ་ལྟུང་དང༌། འཇུག་སྡོམ་ཀྱི་གཏོང་རྒྱུ་ཡིན་ཀྱང༌། ཆོ་ག་འདིས་ཐོབ་པའི་སྡོམ་པ་རྫོགས་པའི་གཏོང་རྒྱུ་མ་ཡིན་པར་ཤིན་ཏུ་འགྲིག་པ་ཡིན་པས། བོད་གཞན་དག་ནམ་སྙིང་གི་མདོ་དེའི་བཅོ་བརྒྱད་པོ་རྩ་ལྟུང་བཏགས་པ་བ་ཡིན་པར་འཆད་པ་རྣམས་དོར་བྱ་ཁོ་ནའོ། །གཉིས་པ་དེ་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བ་ནི། བོད་ཕྱི་མ་ཁ་ཅིག་ན་རེ། ཚུལ་འདི་རྣམ་པར་དཔྱད་ན་ལྷག་མ་མེད་པར་འཇིག་པ་ཡིན་ཏེ། འདི་ལྟར། ཆོ་གའི་ཚུལ་གཉིས་པོ་བླང་བར་བྱ་བའི་ཡུལ་མི་འདྲ་བ་མི་འཐད་དེ། ལུང་དེ་གཉིས་ཚིག་ཐ་དད་པ་ཙམ་དུ་ཟད་ཀྱི། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གཅིག་ཏུ་སྣང་བའི་ཕྱིར། ལེན་པའི་གང་ཟག་གི་ཁྱད་པར་མི་འཐད་དེ། བྱང་ཆུབ་ལམ་སྒྲོན་གྱི་ལུང་དེ་ནི་སྡོམ་པ་ཁྱད་པར་ཅན་སྐྱེ་བའི་དབང་དུ་བྱས་པའི་ཕྱིར་ཏེ། དེའི་སྔ་འགྲེལ་ལས། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས། ཞེས་གསུངས་པས་སོ། །གཞན་ཡང་དེའི་རྟེན་དུ་སོ་ཐར་རིས་བདུན་གང་རུང་དགོས་པ་ནི་བྱང་སའི་དགོངས་པ་གཏན་ནས་མིན་ཏེ། དེའི་དགོངས་པ་དེ་ཡིན་པ་ཐུབ་པ་དགོངས་རྒྱན་དུ་གསལ་བར་བཀག་པའི་ཕྱིར་དང༌། ལྷ་ལ་ཡང་བྱང་སེམས་ཀྱི་སྡོམ་པ་སྐྱེ་བར་ཡོད་པ་ནི་ཤིང་རྟ་ཆེན་པོ་མཐའ་དག་བཞེད་པའི་ཕྱིར། ཡང་འགྲོ་བ་རིས་དྲུག་པོ་ཐམས་ཅད་བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་སྨྲ་བ་ནི་ངོ་མཚར་ཆེ་བ་ཡིན་ཏེ། གཟུགས་མེད་ཁམས་ཀྱི་ལྷ་ལ་སྡོམ་པ་འབོགས་པའི་ཆོ་ག་སུས་ཀྱང་བསྒྲུབ་པར་མི་ནུས་པའི་ཕྱིར། གཞན་ཡང་བྱང་ས་ནས་བཤད་པའི་ཆོ་ག་ལ་བརྟེན་ནས་བྱང་སེམས་སྡོམ་པ་ཐོབ་ལ་མ་ཉམས་པའི་ལས་དང་པོ་པ་ཆོས་ཅན། ཁྱོད་ཀྱིས་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་ན་ཁྱོད་ལ་བྱང་སེམས་ཀྱི་རྩ་ལྟུང་འབྱུང་བར་ཐལ། ཁྱོད་བྱང་སེམས་ཀྱི་སྡོམ་ལྡན་གང་ཞིག ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའི་ལྟུང་བ་ཡིན་ན། བྱང་སེམས་ཀྱི་རྩ་ལྟུང་ཡིན་དགོས་པའི་ཕྱིར། ཞེས་བརྗོད་ལན་ཅི་ཡོད། དེའི་ཕྱིར་ཆོ་ག་གཉིས་ཀྱི་ལྟུང་བ་ཐ་དད་པར་སྨྲ་བ་ནི། བྱང་སེམས་ཀྱི་སྡོམ་པའི་རྟེན་ཅན་རྣམས་དོན་མིན་པ་ལ་སྦྱོར་བའི་གཡང་ས་མི་བཟད་པའོ། །གཞན་ཡང་སྤྱོད་འཇུག་ལས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་གསུངས་པ་འདི་སྨོན་འཇུག་གཉིས་ཕྱོགས་གཅིག་ཏུ་ལེན་པའི་ཆོ་ག་ཡིན་ན། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །ཞེས་སོགས་ཀྱི་སྒོ་ནས། རིགས་ལྔའི་སྡོམ་པ་བཟུང་བའི་ཆོ་ག་གསུངས་པ་འདི། སྔགས་དང་བྱང་སེམས་ཀྱི་སྡོམ་པ་གཉིས་སྟབས་གཅིག་ཏུ་ལེན་པའི་ཆོ་ག་ཡིན་པར་འགྱུར་ལ། དེ་འདོད་ན། ཚད་ལྡན་མང་པོས། རིགས་ལྔའི་སྡོམ་བཟུང་གི་སྔ་རོལ་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་བྱང་སེམས་ཀྱི་སྡོམ་པ་ལེན་པར་གསུངས་པ་དང་འགལ་ལོ། །ཡང་ལུགས་གཉིས་པོའི་ཕྱིར་བཅོས་ཀྱི་ཁྱད་པར་འཆད་པ་ན། སྡོམ་པ་སླར་ཡང་ལེན་དགོས་མི་དགོས་ཀྱི་སྒོ་ནས་འཆད་པ་དང༌། སླར་ཡང་དབུ་མ་ལུགས་ཀྱི་ཕྱིར་བཅོས་འཆད་པ་ན། ཐུན་ཚོད་འདས་ཏེ་རྩ་ལྟུང་འབྱུང་བ་ན། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་པ། རང་ཚིག་འགལ་བ་ཇི་ལྟར་མིན། །སྨོན་སེམས་རྐྱང་པ་ཆོ་གས་བླངས་པ་ལ་བར་མ་དགེ་བ་ཙམ་ཡོད་ཀྱི། བྱང་སེམས་ཀྱི་སྡོམ་པ་མེད་པས་བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་ལྟུང་བ་རྣམ་པར་བཞག་ཏུ་མེད་པའི་ཕྱིར། ལྟུང་བ་དང་ལྟུང་བ་མ་ཡིན་པའི་གཟུགས་བརྙན་སོགས་སྨོན་སེམས་རྐྱང་པའི་བསླབ་བྱར་འཆད་པའང་མི་འཐད་དོ། །ཡང་རྩ་ལྟུང་བསྐྱེད་པ་ལ། ཐུན་ཚོད་འདས་པར་འདོད་དགོས་པ་ཤིན་ཏུ་མང་བར་འདུག་ཀྱང་མི་འཐད་དེ། ཉེ་བར་འཁོར་གྱིས་ཞུས་པའི་མདོའི་དགོངས་པ་མ་ཡིན་ཞིང༌། ཤེས་བྱེད་གཞན་ཡང་མེད་པའི་ཕྱིར་རོ། །དེས་ན་སློབ་དཔོན་བྱང་ཆུབ་བཟང་པོ་དང༌། མཁས་པ་ཆེན་པོ་ཨ་བྷྱ་ཀཱ་རས་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་བསྲེས་ནས་མཛད་པ་ཉིད་ཆེས་ཤིན་ཏུ་ལེགས་པ་ཡིན་ནོ། །ཞེས་ཟེར་རོ། །ཀླན་ཀ་དེ་དག་རིམ་པ་བཞིན་དུ་བསལ་བར་བྱ་སྟེ། དང་པོ་ཡུལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གཅིག་པ་ལུང་དེ་གཉིས་ཀྱི་དགོངས་པ་མ་ཡིན་ཏེ། སྡོམ་པ་ཉི་ཤུ་པ་ལས། ནུས་དང་ལྡན་ལས་བླང་བར་བྱ། །ཞེས་ཚིག་འབུར་དུ་དོད་པ་འབྱུང་ལ། དེའི་དོན་ཡང༌། བྱང་སའི་ལུགས་ལ་སློབ་དཔོན་གྱི་ལུས་ཀྱི་བྱ་བ་ཕྱོགས་བཞིར་ཕྱག་འཚལ་བ་དང༌། མེ་ཏོག་འཐོར་དགོས་པ་ལ་སོགས་པ་ལུས་ཀྱི་བྱ་བ་མང་པོ་དགོས་པས། དེ་ལྟར་ནུས་པ་ལས་ལེན་ཞེས་པའི་དོན་ཡིན་ལ། ཅིག་ཤོས་ལ་དེ་མི་དགོས་པའི་ཕྱིར་རོ། །གཉིས་པ་གང་གིས་ལེན་པའི་རྟེན་གྱི་ཁྱད་པར་ལ། རྒོལ་བའི་ཀླན་ཀ་དེ་ཡང་འཇུག་པ་མ་ཡིན་ཏེ། དེའི་རྟེན་དུ་དགོས་པའི་སོ་སོར་ཐར་པ་དེ་ཐེག་པ་ཐུན་མོང་གི་འདུལ་བ་ལས་འབྱུང་བའི་སོ་སོར་ཐར་པ་ལ་མི་འཆད་པར། ཐེག་པ་ཆེན་པོའི་སོ་སོ་ཐར་པ་ལ་འཆད་དགོས་པར། རྗེ་བཙུན་ས་སྐྱ་པའི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ལས་འབྱུང་བའི་ཕྱིར། ཁྱེད་ཀྱིས་འཆད་པའི་རྟེན་ཁྱད་པར་ཅན་ཞེས་པ་དེ་ཡང་འཐད་པ་མིན་ཏེ། ལྷ་ལ་བྱང་སེམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་མེད་པར་ཐལ་བའི་ཕྱིར་དང༌། སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པའི་ངེས་བཟུང་གི་ཚིག་དང་འགལ་བའི་ཕྱིར། གཟུགས་མེད་ཁམས་པ་ཞེས་སོགས་ཀྱི་ལྟག་ཆོད་ལ་ནི་སྙིང་པོ་ཅི་ཡང་མི་སྣང་བས། དཔྱོད་ལྡན་གྱིས་དཔྱད་པར་བྱ་བའི་གནས་མ་ཡིན་མོད། འོན་ཀྱང་ལྟག་ཆོད་ཇི་ལྟར་ཡིན་པའི་ཚུལ་བཤད་ན། འགྲོ་བ་རིས་དྲུག་པོ་ཐམས་ཅད་སྡོམ་པ་དེའི་རྟེན་ཡིན། གཟུགས་མེད་ཁམས་པ་དེའི་རྟེན་ཡིན་པས་ཁྱབ་པར་འདོད་པ་ནི། ཚིག་གི་སྤུ་རིས་མ་ཕྱེད་པས་འཁྲུལ་པ་དང༌། གཟུགས་མེད་ཁམས་པ་བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་མི་རུང་ན། རྟེན་དེ་ལ་བྱང་ཆུབ་སེམས་དཔའ་མེད་པར་འདོད་དགོས་པས་འཁྲུལ་བ་དང༌། རྟེན་དེ་ལ་བྱང་སེམས་ཀྱི་སྡོམ་པ་གསར་དུ་སྐྱེ་བ་ཡོད་ན། གཞན་གྱི་ལུས་ངག་གི་རིག་བྱེད་ལ་ལྟོས་པས་ཁྱབ་པར་འདོད་པ་ཡང་འཁྲུལ་བ་ཡིན་ཏེ། གཞན་གྱི་ཆོ་ག་ལ་མ་ལྟོས་པར་རང་ཉིད་ཀྱིས་དེར་བསྐྱེད་པས་ཆོག་པའི་ཕྱིར་དང༌། གཟུགས་མེད་ཁམས་ཀྱི་ཉན་ཐོས་རྟེན་དེ་ལ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་མི་སྲིད་པར་འདོད་དགོས་ལ། དེ་ལྟ་ན་དེའི་རྟེན་ཅན་གྱི་དགྲ་བཅོམ་པས་ལྷག་མེད་དུ་མྱ་ངན་ལས་འདས་པ་དེ། འདོད་གཟུགས་གང་རུང་དུ་སྐྱེ་བ་བླངས་ནས། ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པར་ཐལ་བའམ། ཡང་ན་ཟག་མེད་ཀྱི་ལས་ཀྱི་དབང་གིས་བྱུང་བའི་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་དེ་བྱང་སེམས་ཀྱི་སྡོམ་པ་གསར་དུ་སྐྱེ་བའི་རྟེན་དུ་རུང་ན། གཟུགས་མེད་ཁམས་པ་དེར་མི་རུང་བ་ལ་རྒྱུ་མཚན་ཅི་ཡང་མེད་པས་མཚུངས་པ་ཡིན་ནོ། །གཞན་ཡང་ལྟག་ཆོད་དེ་ལྟར་སྨྲ་བ་ཁྱེད་ཀྱི་ལྟར་ན། རིན་ཆེན་འཕྲེང་བ་ལས། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ། །སེམས་བསྐྱེད་བཅུག་ནས་བསྙེན་བྱས་ན། །རི་དབང་རྒྱལ་པོ་ལྟར་བརྟན་པའི། །བྱང་ཆུབ་སེམས་དང་རྟག་ལྡན་འགྱུར། །ཞེས་དང༌། ཡུམ་གྱི་མདོ་ལས། ལྷའི་བུ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་གིས་ཀྱང་དེ་བསྐྱེད་པར་བྱའོ། །ཞེས་གསུངས་པ་དེ་ལ་ཡང་ཁྱེད་ཀྱིས་སྨྲས་པའི་ཀླན་ཀ་དེ་ཉིད་ཀྱི་གླགས་ཡོད་པར་བྱོས་ཤིག ཡང་དབུ་མའི་ལུགས་ཀྱི་ཆོ་གས་བླངས་པའི་སྡོམ་ལྡན་ལ། བྱང་ས་ནས་འབྱུང་བའི་རྩ་བའི་ལྟུང་བ་རྣམས་མི་འབྱུང་བ་ནི། ས་སྐྱ་པཎྜི་ཏའི་བཞེད་པ་མ་ཡིན་པས་ཀླན་ཀ་དེ་སེལ་མི་དགོས་ལ། ཁྱེད་ཀྱིས་ཅིག་ཤོས་ལ་དབུ་མའི་ལུགས་ཀྱི་རྩ་བའི་ལྟུང་བ་རྣམས་འབྱུང་བར་སྒྲུབ་བྱེད་ཀྱི་གཏན་ཚིགས་དེ་ལ་ནི། ཁྱབ་པ་མ་ངེས་པ་དང༌། གཏན་ཚིགས་གཉིས་པ་འཁྲུལ་བའི་ཉེས་པ་གཉིས་གདོན་མི་ཟ་བར་འཇུག་གོ །དང་པོ་ལ། དངོས་དང༌། གཞན་ཡང་མཚོན་པའོ། །དང་པོ་ནི་འོ་ན་བྱང་ས་ནས་བཤད་པའི་ཆོ་གས་ཐོབ་པའི་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པའི་ལས་དང་པོ་པ་དེ་ཆོས་ཅན། ཁྱོད་ཀྱིས་སྨོན་པ་བྱང་ཆུབ་ཀྱི་སེམས་བཏང་ན་ཁྱོད་ལ་རྩ་བའི་ལྟུང་བ་འབྱུང་བར་ཐལ། ཁྱོད་བྱང་སེམས་ཀྱི་སྡོམ་ལྡན་གང་ཞིག བྱང་སེམས་ཀྱི་སྡོམ་པ་དང་ལྡན་པས་དེ་བཏང་བ་རྩ་བའི་ལྟུང་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བསླབ་བཏུས་ལས། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པ་ཡིད་ལ་བྱེད་པས་གནས་ན་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ། །ཡིད་ལ་བྱེད་པ་དེ་མ་སྤངས་ན། སངས་རྒྱས་ཀྱི་ས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ། །ཞེས་མདོ་ཚིག་སོར་བཞག་ནས་གསུངས་པ་དང༌། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ན་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །རྩ་བ་ལ་འདོད་ནུས་པ་མ་ཡིན་ཏེ། དེ་ནས་གསུངས་པའི་ཕམ་པ་ལྟ་བུའི་ལྟུང་བ་ལ་བཞི་ལས་ལྷག་པ་བཤད་པ་མེད་པའི་ཕྱིར་དང༌། དེར་མ་བཤད་ཀྱང་དེར་ཁས་ལེན་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། བྱང་སར་བྱང་ཆུབ་ཀྱི་སེམས་བཏང་བ་དེ་སྡོམ་པའི་གཏོང་རྒྱུར་བཤད་ཀྱང༌། རྩ་བའི་ལྟུང་བར་མ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ་དེ་ཉིད་ལས། སྡོམ་པ་གཏོང་བའི་རྒྱུ་ནི་གཉིས་ཏེ། བྱང་ཆུབ་ཀྱི་སེམས་བཏང་བ་དང༌། ཕམ་པ་ལྟ་བུའི་ཆོས་བཞི་བྱུང་བའོ། །ཞེས་གསུངས་སོ། །གཞན་ཡང༌། བཟློག་པར་ནི་མི་ནུས་པའི་ཐལ་བ་འདི་འཇུག་སྟེ། སྨོན་པ་བྱང་ཆུབ་ཀྱི་སེམས་དེ། བྱང་ས་ནས་གསུངས་པའི་སེམས་བསྐྱེད་ཀྱི་སྡོམ་པ་ལེན་པའི་དུས་སུ་བླངས་པ་དང་གསར་དུ་ཐོབ་པར་ཐལ། དེ་འདྲའི་སྡོམ་ལྡན་དེས་དེ་བཏང་བ་དེ་འཇུག་སྡོམ་ལ་ལྟོས་པའི་རྩ་བའི་ལྟུང་བ་ཡིན་པའི་ཕྱིར། མདོར་ན་སྡོམ་པ་གང་ལ་ལྟོས་པའི་རྩ་བའི་ལྟུང་བ་ཡིན་ན་ལྟུང་བ་དེའི་འགལ་ཟླ་དེ་སྡོམ་པ་དེ་ལེན་པའི་ཆོ་ག་ལ་བརྟེན་ནས་ཐོབ་པ་ཡིན་པས་ཁྱབ། དཔེར་ན་སོ་ཐར་དང་སྔགས་ཀྱི་རྩ་བའི་ལྟུང་བ་བཞིན། སྨོན་སེམས་བཏང་བ་ཡང་འཇུག་སྡོམ་ལ་ལྟོས་པའི་རྩ་བའི་ལྟུང་བར་ཁས་བླངས་སོ། །ཞེས་བྱ་བ་ནི་བཟློག་པར་མི་ནུས་པའི་ཐལ་བའོ། །གཞན་ཡང་བསླབ་བཏུས་ནས་གསུངས་པའི་རྩ་བའི་ལྟུང་བ་དང་པོ་བཅོ་བརྒྱད་པོ་དེས། བྱང་སའི་ཆོ་གས་བླངས་པའི་སྡོམ་པའི་གཏོང་བར་འགྱུར་ཏེ། དེ་དེ་ལ་ལྟོས་པའི་རྩ་བའི་ལྟུང་བ་གང་ཞིག སྤྱིར་བྱང་སའི་ལུགས་ལ། ཀུན་དཀྲིས་ཆེན་པོས་ཀུན་ནས་སླང་བའི་རྩ་བའི་ལྟུང་བས་བྱང་སེམས་ཀྱི་སྡོམ་པ་གཏོང་བའི་ཕྱིར་རོ། །འདོད་ནུས་པ་མིན་ཏེ། དེས་སྤྱིར་བྱང་སེམས་ཀྱི་སྡོམ་པ་གཏོང་བར་བྱང་ས་དགོངས་འགྲེལ་དང་བཅས་པ་ལས་མ་བཤད་ཅིང༌། བསླབ་བཏུས་ལས་ནི། དེས་དེ་མི་གཏོང་བར་བཤད་པའི་ཕྱིར་རོ། །དེར་དེས་དེ་མི་གཏོང་བར་བཤད་པ་ཡིན་ཏེ། དེར་རྩ་བའི་ལྟུང་བ་དེ་དག་བཤགས་པས་འདག་པར་གསུངས་པའི་ཕྱིར། མདོར་ན་བསླབ་བཏུས་ཀྱི་དགོངས་པ་ནི། སྨོན་པའི་སྡོམ་པ་ལ་ལྟོས་པའི་རྩ་བའི་ལྟུང་བ་ནི་བཅུ་དགུ་པོ་དེ་ཉིད་ཡིན་ཅིང༌། འཇུག་པ་ལ་ལྟོས་པའི་རྩ་བའི་ལྟུང་བ་ནི། བྱང་ས་ནས་འབྱུང་བའི་བཞི་པོ་དེ་ཉིད་ཡིན་པར་བཞེད་པའི་ཚུལ་ནི་གཞུང་གི་སྔ་ཕྱིའི་འབྲེལ་ལ་བརྟགས་ན་གསལ་བར་འཐོན་པ་ཡིན་ནོ། །དེའི་ཚེ་ཡང་འཇུག་སྡོམ་གྱི་གཏོང་རྒྱུ་ནི་རྩ་བའི་ལྟུང་བ་བཞི་པོ་དེ་འཇུག་པའི་གཏོང་རྒྱུར་བཞེད་པ་ཡིན་ཏེ། བསླབ་བཏུས་ཀྱི་གཞུང་དེར་བཞི་པོ་དེ་ལ་བཤགས་ཐབས་མ་བཤད་ཅིང་རྩ་བའི་ལྟུང་བ་གཞན་རྣམས་ལ་བཤགས་ཐབས་བཤད་པ་ལས་ཤེས་པའི་ཕྱིར་རོ། །སྨོན་པའི་སྡོམ་པའི་གཏོང་རྒྱུ་ནི་བྱང་ཆུབ་ཀྱི་སེམས་གཏོང་བ་གཅིག་པུ་ཡིན་ཏེ། དེ་ཉིད་དེའི་རྩ་ལྟུང་དུ་བཤད་ཅིང༌། བཤགས་པའི་ཐབས་མ་བཤད་པར་མ་ཟད་གཏོང་བའི་རྒྱུ་ཡིན་པར་གོང་དུ་དྲངས་མ་ཐག་པའི་ལུང་ཚིག་གིས་ཟིན་པ་ཡིན་པའི་ཕྱིར་རོ། །རྩ་བའི་ལྟུང་བ་གཞན་རྣམས་ནི་དེའི་གཏོང་རྒྱུ་མིན་ཏེ། རྩ་བའི་ལྟུང་བར་བཤད་ཀྱང་དེ་ལས་ལྡང་བའི་ཐབས་བཤད་པའི་ཕྱིར། དཔེར་ན་ཐེག་པ་ཐུན་མོང་གི་འདུལ་བ་ནས་བཤད་པའི་ཕམ་པ་འཆབ་མེད་བཞིན་ནོ། །གཉིས་པ་གཞན་ལ་མཚོན་པ་ནི། བཅས་པ་དང་ལྡན་པའི་དགེ་སློང་ཕ་ཆོས་ཅན། དགེ་སློང་མའི་ཐུན་མོང་མ་ཡིན་པའི་ཕམ་པ་བཞི་པོ་དེ་ཁྱོད་ཀྱིས་སྤྱད་ན་ཁྱོད་ལ་རྩ་བའི་ལྟུང་བ་འབྱུང་བར་ཐལ། ཁྱོད་དགེ་སློང་གི་སྡོམ་ལྡན་གང་ཞིག བཞི་པོ་དེ་གང་རུང་ཡིན་ན་སོ་ཐར་གྱི་སྡོམ་པའི་རྩ་བའི་ལྟུང་བ་ཡིན་པས་ཁྱབ་པའི་ཕྱིར་རོ། །གཞན་ཡང་ཁོ་བོ་ཅག་ལྟར་ན་ནི། སྨོན་པའི་སྡོམ་པ་དང་ལྡན་ཞིང༌། འཇུག་པའི་སྡོམ་པ་དང་མི་ལྡན་པའི་ལས་དང་པོ་པ་དེ་ཆོས་ཅན། ཁྱོད་ཀྱིས་བྱང་ས་ནས་གསུངས་པའི་ཕམ་པ་ལྟ་བུའི་ཆོས་བཞི་སྤྱད་ན་ཁྱོད་ལ་ལྟུང་བ་འབྱུང་བར་ཐལ། ཁྱོད་བྱང་སེམས་ཀྱི་སྡོམ་ལྡན་གང་ཞིག དེ་བཞི་པོ་གང་རུང་ཡིན་ན་བྱང་སེམས་ཀྱི་རྩ་བའི་ལྟུང་བ་ཡིན་དགོས་པའི་ཕྱིར། ཞེས་པའི་མ་ངེས་པ་འཇུག་གོ །གཉིས་པ་རྟགས་མ་ངེས་པ་ནི། ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་དཀོན་མཆོག་གི་དཀོར་འཕྲོག་པའི་ལྟུང་བ་ཡིན་ན་བྱང་སེམས་ཀྱི་རྩ་ལྟུང་ཡིན་དགོས་སོ་ཞེས་པ་དེ་ལ་མ་ངེས་པ་འདི་འཇུག་སྟེ། བྱང་སེམས་ཀྱི་སྡོམ་པ་རྒྱུད་ལ་མེད་པའི་བཅས་ལྡན་དགེ་སློང་གིས་དེ་ཚང་བའི་སྒོ་ནས་དེ་འཕྲོག་པའི་ལྟུང་བ་དེ་ཆོས་ཅན། བྱང་སེམས་ཀྱི་རྩ་ལྟུང་ཡིན་པར་ཐལ། དེ་ཚང་བའི་སྒོ་ནས་དེའི་དཀོར་འཕྲོག་པའི་ལྟུང་བ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ཡང་ཁྱེད་ཀྱིས་བཟློག་པར་མི་ནུས་པས། ལན་ཅི་ཞིག་ཡོད་ཅེས་པའི་ལན་ནི་དེ་ཡིན་ནོ། །ཡང་རིགས་ལྔའི་སྡོམ་བཟུང་གི་ཆོ་ག་འདི་སྔགས་དང་བྱང་སེམས་ཀྱི་སྡོམ་པ་ཅིག་ཅར་དུ་འཛིན་པའི་ཆོ་ག་ཡིན་པར་ཐལ་བ་ལ་བསལ་བ་གཉིས་པོ་གང་ཡང་མི་འཇུག་པ་ཁོ་ནར་མ་ཟད། ལུང་དང་རིགས་པ་དང་ཁས་བླངས་པ་ཐམས་ཅད་ཀྱིས་དེ་དེར་འགྲུབ་པ་ཡིན་ལ། ཁྱོད་ཀྱིས་དེ་ལ་བསལ་བ་སྟོན་པ་ན། དཀྱིལ་ཆོག་ཚད་ལྡན་མང་པོར། དེའི་སྔ་རོལ་དུ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་སོགས་ཀྱིས་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པར་བཤད་པའི་ཕྱིར་ཞེས་ཟེར་བ་ནི་ལྟག་ཆོད་འབའ་ཞིག་ཡིན་ཏེ། སྤྱིར་ལུང་དེ་རྡོ་རྗེ་རྩེ་མོའི་རྒྱུད་ཚིག་ཡིན་པ་ལ། དཀྱིལ་ཆོག་མཁན་པོའི་སློབ་དཔོན་དག་གིས་དེའི་གོང་དུ་ཚིག་གཞན་བཅུག་པ་ཁྱེད་ཀྱི་ཤེས་བྱེད་དང༌། ཅིག་ཤོས་ལ་གནོད་བྱེད་དུ་མི་རུང་བ་དང༌། དེར་མ་ཟད་ཁྱེད་རང་གི་ལྟར་ན་ཡང༌། ལུང་དེས་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་ཅིག་མ་བསྟན་པར་འགྱུར་ཏེ། དཀྱིལ་ཆོག་ཚད་ལྡན་མང་པོར། དེའི་སྔོན་དུ་སེམས་བསྐྱེད་ཀྱི་སྡོམ་པ་འཛིན་པའི་ཆོ་ག་བཤད་པའི་ཕྱིར་ཞེས་འཕངས་ན་བཟློག་པར་ནུས་པ་མ་ཡིན་ནོ། །ཡང་དབུ་མའི་ལུགས་ཀྱི་ཕྱིར་བཅོས་འཆད་པ་ན་སྡོམ་པ་སླར་ཡང་ལེན་དགོས་པའི་བཤད་པ་མཛད་པས་ན། རང་ཚིག་འགལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། དབུ་མའི་ལུགས་ལ་ཡང་རྩ་བའི་ལྟུང་བ་གཞན་རྣམས་ཀྱིས་སྡོམ་པ་མི་གཏོང་ཡང༌། བྱང་ཆུབ་ཀྱི་སེམས་གཏོང་བའི་རྩ་བའི་ལྟུང་བ་བྱུང་ན་སྡོམ་པ་གཏོང་ཞིང་སླར་ཡང་བླངས་ན་སྐྱེ་བར་བཞེད་པའི་ཕྱིར། ཡང་སྨོན་སེམས་རྐྱང་པ་ཆོ་གས་བླངས་པ་ལ་བར་མ་དགེ་བ་ཙམ་ཡོད་ཀྱི། བྱང་སེམས་ཀྱི་སྡོམ་པ་མེད་དོ་ཞེས་ཟེར་བ་ཡང༌། ལུང་རིགས་ཁས་བླངས་པ་གསུམ་ཆར་དང་འགལ་ལོ། །ཇི་ལྟར་ཞེ་ན། རེ་ཤིག་ལུང་ནི། བསླབ་བཏུས་ལས། དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བསྒོམ་ནས། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་ཡང་སྦྱར་ནས་བླངས་ཏེ། སྡོམ་པ་བཟུང་བར་བྱའོ། །དེ་ལྟ་མ་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ། །ཞེས་སྨོན་འཇུག་གཉིས་ཀ་ཚང་བར་བསྲུང་མི་ནུས་པའི་གང་ཟག་གིས་སྨོན་པ་ཙམ་ལེན་གྱི་འཇུག་པ་ཡང་བླངས་ན། འཇིག་རྟེན་བསླུས་པར་གསུངས་པ་དང༌། བསླབ་བཏུས་སུ། རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ་དྲངས་པ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་བ། བྱེད་པ་མང་བས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསླབ་པ་ལ་སློབ་པར་མི་ནུས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་སྒོམས་ཤིག དེ་ལྟར་བྱས་ན་རྒྱལ་པོའི་བྱ་བ་ཡང་མི་ཉམས་ལ། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སྨོན་པ་རྐྱང་པ་ལེན་པ་དང༌། དེའི་བསླབ་བྱ་ཡང་རྒྱས་པར་གསུངས་ལ་དེ་བར་མ་ཡིན་པའི་ཤེས་བྱེད་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་སྨོན་སེམས་ལ་སྡོམ་པ་མེད་ན། སྨོན་སེམས་བཏང་བ་དེ་རྩ་ལྟུང་དུ་བཤད་པ་མི་འཐད་པར་འགྱུར་ཏེ། དེ་གང་གི་རྩ་ལྟུང་དུ་འཇོག་པའི་སྡོམ་པ་སྣང་རུང་མ་དམིགས་པའི་ཕྱིར། གལ་ཏེ་དེ་འཇུག་སྡོམ་གྱི་རྩ་བའི་ལྟུང་བའོ་ཞེ་ན། དེ་ལྟ་ན་འཇུག་པའི་སྡོམ་པ་དང༌། རྫོགས་བྱང་དོན་གཉེར་གྱི་སེམས་བྱུང་སེམས་པའི་གཞི་མཐུན་ཡོད་པར་འགྱུར་ལ། དེ་ལྟ་ན་སྨོན་སེམས་ཐོབ་ལ་མ་ཉམས་པའི་རྟེན་ལ་འཇུག་སྡོམ་ལེན་པར་འདོད་པ་དང་འགལ་ལོ། །གལ་ཏེ་འདི་སྙམ་དུ། འཇུག་སྡོམ་ལེན་པའི་དུས་དུ་སྨོན་སེམས་བླངས་པ་མ་ཡིན་ཀྱང༌། དེའི་དུས་སུ་སྨོན་པའི་སེམས་སྔར་ཐོབ་ཟིན་པ་དེ་ཡང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཉམས་པར་བསྲུང་བར་ཁས་བླངས་པ་ཡིན་ལ། དེ་ལ་ལྟོས་ནས་སྔ་མ་རྩ་ལྟུང་དུ་འཇོག་པ་ཡིན་ནོ་ཞེ་ན། དེ་ནི་ལེགས་པར་སྨྲས་པ་ཡིན་ཏེ། འཇུག་སྡོམ་དང་ལྷན་ཅིག་ཏུ་བླངས་ཤིང་ཐོབ་པའི་སྨོན་པའི་སྡོམ་པ་ཞེས་བྱ་བ་ནི་དེ་ཁོ་ན་ལ་འཇོག་དགོས་པའི་ཕྱིར། ཁྱེད་ཀྱི་ལྟར་ན་དེ་འདྲ་དེ་སྨོན་སེམས་དང་འགལ་བར་ཁས་ལེན་དགོས་ཏེ། རྩ་ལྟུང་གི་འགལ་ཟླར་གྱུར་པའི་སྡོམ་པ་ཡིན་ན་སྨོན་སེམས་སུ་འགལ་བའི་ཕྱིར་རོ། །དེ་ལྟ་ན་སྨོན་སེམས་ཡིན་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འཛིན་པར་ཁས་མ་བླངས་པ་ཞིག་དགོས་སོ་ཞེས་ཟེར་དགོས་པས་ཤིན་ཏུ་ནོངས་པ་ཡིན་ཏེ། དུས་ཀྱི་ཁྱད་པར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བཟུང་བའི་སྨོན་སེམས་མི་སྲིད་པར་ཐལ་བ་དང༌། རྒྱལ་པོ་ལ་གདམས་པའི་མདོར་སྨོན་སེམས་ཁོ་ནའི་དབང་དུ་བྱས་ནས་རྟག་ཏུ་མི་ཆད་པར་ཡིད་ལ་གྱིས་ཤིག་ཅེས་འདོམས་པ་དང་ཡང་འགལ་བས་སོ། །ཁས་བླངས་པ་དང་འགལ་བ་ནི། འོ་ན་སྨོན་སེམས་ལེན་པའི་ཆོ་ག་ཞིག་ཚད་ལྡན་གྱི་གཞུང་ལས་གསུང་བར་འགྱུར་ཏེ། དེ་ལས་ཐོབ་པའི་སྨོན་སེམས་དེ་བར་མ་ཙམ་དུ་ཁས་ལེན་དགོས་པའི་ཕྱིར། འདོད་ན་དེའི་མཚན་གཞི་གང་ཡིན། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་ཀྱིས་བསྟན་པར་འདོད་པ་ལས་འོས་གཞན་མེད་པས། དེ་ལྟ་ན་ནི། དེས་སྨོན་འཇུག་ལྷན་ཅིག་ཏུ་ལེན་པའི་ཆོ་ག་ཞིག་བསྟན་པར་འགྱུར་རོ། །ཡང་རྩ་ལྟུང་ལ་ཐུན་ཚོད་ཀྱི་མཐའ་འདས་པ་ཞིག་དགོས་པར་འཆད་པ་ལ་ཁུངས་མེད་དོ། །ཞེས་ཟེར་བ་དེ་ཡང་ཕྱོགས་སྔ་མའི་འདོད་པ་མ་ལོངས་པ་དང༌། ཕྱོགས་ཕྱི་མའི་འདོད་པ་འཁྲུལ་བ་ཡིན་ཏེ། ཇི་སྐད་དུ། ཉེ་བར་འཁོར་གྱིས་ཞུས་པ་ལས། ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བཅོས་སུ་ཡོད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་བསླབ་པ་བཅོས་སུ་མེད་པ་ཡིན་ཅེ་ན། ཉེ་བར་འཁོར། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། གལ་ཏེ་སྔ་དྲོའི་དུས་ཀྱི་ཚེ་ཉེས་པ་དེ་བྱུང་ལ། གུང་ཚིགས་ཀྱི་དུས་ཀྱི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་གནས་པར་བྱེད་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །ཞེས་པ་ནས་གུང་ཚིགས་དང་ཕྱི་དྲོ་སྦྱར། ཕྱི་དྲོ་དང་མཚན་མོའི་ཐུན་དང་པོ་སྦྱར། ཐུན་དང་པོ་དང་མཚན་མོའི་གུང་ཐུན་སྦྱར། གུང་ཐུན་དང་ཐུན་ཐ་མ་གཉིས་ལ་ཡང་དེ་བཞིན་དུ་སྦྱར་ནས་གསུངས་པའི་མཐར། ཉེ་བ་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་འགྱོད་པའི་ཀུན་ནས་ལྡང་བ་ཧ་ཅང་བསྐྱེད་པར་མི་བྱ་ཞིང༌། ཡིད་ལ་གཅགས་པར་ཡང་མི་བྱའོ། །ཉེ་བ་འཁོར། དེ་ལ་ཉན་ཐོས་ཀྱི་ཐེག་པ་པས་ཡང་དང་ཡང་དུ་ཉེས་པ་བྱུང་ན་ནི། ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དང༌། ཡོངས་སུ་གཏུགས་པ་ཡིན་པར་རིགས་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་ལ། དེའི་དོན་ནི་སྔ་དྲོ་རྩ་བའི་ལྟུང་བ་དེ་དང༌། དེའི་ཡན་ལག་གི་རྩི་བ་རྣམ་པར་བཞག་པ་གཞན་རྣམས་ཚང་བར་བྱུང་ཡང༌། གུང་ཚིགས་ཀྱི་དུས་སུ་སྨོན་པ་བྱང་ཆུབ་ཀྱི་སེམས་མ་བརྗེད་པར་སླེབས་ན། བྱང་སེམས་ཀྱི་སྡོམ་པ་མི་གཏོང་བ་ལ་སོགས་པའི་དོན་ཡིན་ནོ། །དེ་ཡང་རྩ་ལྟུང་གིས་སྡོམ་པ་གཏོང་བར་འདོད་པའི་ཕྱོགས་ལ་ཡང༌། རྩ་ལྟུང་བྱུང་མ་ཐག་སྡོམ་པ་གཏོང་བར་འདོད་པ་ཡང་མ་ཡིན། ཐུན་ཚོད་ལས་འདས་པ་རྩ་ལྟུང་གི་ཡན་ལག་ཏུ་དགོས་པར་བཞེད་པ་ཡང་མ་ཡིན་གྱི། རྩ་ལྟུང་བྱུང་བ་དང་ཐུན་ཚོད་ལས་འདས་པ་གཉིས་ཚོགས་ན། སྡོམ་པ་གཏོང་བ་ཞེས་བྱ་བ་འདི་བཞེད་པ་ཡིན་ནོ། །དེས་དེ་མི་གཏོང་བར་བཞེད་པའི་ཕྱོགས་ལྟར་ན་ཡང༌། རྩ་བའི་ལྟུང་བ་བྱུང་ཡང༌། སྨོན་སེམས་ཐུན་ཚོད་ལས་འདས་པར་མ་བཏང་ན་སྡོམ་པ་མི་གཏོང་ལ། དེ་བཏང་ནས་ཐུན་ཚོད་ཀྱི་མཐའ་འདས་ན་ནི། རྩ་ལྟུང་གཞན་མ་བྱུང་ཡང་སྡོམ་པ་གཏོང་བར་བཞེད་དོ། །ལམ་སྒྲོན་གྱི་འགྲེལ་པར་ཡང༌། དོན་དེ་ཉིད་བཤད་པ་ཡིན་ཏེ། ཇི་སྐད་དུ། ཐུན་ཚིགས་དྲུག་པོ་དུམ་བུ་བཅོ་བརྒྱད་འགྱུར། །སྔ་དྲོའི་ཐུན་ལ་དུམ་བུ་གསུམ་ཡོད་ཅིང༌། །དུམ་བུ་དང་པོ་དུམ་བུ་བར་མ་ལ། །ཉེས་པ་བྱུང་བ་དུམ་བུ་ཐ་མ་དེར། །བྱང་ཆུབ་སེམས་བརྗེད་བྱང་ཆུབ་སེམས་དཔའ་ཉམས། །ཕྱི་མ་ལྔ་ཡང་དེ་བཞིན་བསྒྲེ་བར་བྱ། །ཞེས་གསུངས་སོ། །ལུང་དེའི་དོན་ལ་གཞན་དག་ན་རེ། སྔ་དྲོ་ལྟུང་བ་བྱུང་བས་སྡོམ་པ་བཏང་ཡང་གུང་ཚིགས་ཀྱི་དུས་སུ་སྡོམ་པ་བླང་དུ་ཡོད་པས། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་པ་ཡིན་ལ། དེར་དེ་བླང་དུ་མེད་ན། ཉན་ཐོས་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་ཡོད་པར་འགྱུར་བ་ཡིན་ནོ། །ཞེས་འཆད་དགོས་པ་ཡིན་ནོ་ཞེས་ཟེར་བ་ནི་མ་ཡིན་ཏེ། དེ་ལྟར་འཆད་པ་ལ། ཐུན་དྲུག་ཏུ་འབྱེད་པའི་ཕྱེ་བསལ་དེ་ལྟར་མི་དགོས་པའི་ཕྱིར་དང༌། རྩ་བའི་ལྟུང་བ་བྱུང་བའི་འོག་ཏུ་ཚུལ་ཁྲིམས་བླངས་པས་སྐྱེའོ་ཞེས་ཚིག་གཅིག་སྨྲས་པས་ཆོག་པའི་ཕྱིར་དང༌། སྡོམ་པ་སླར་ཡང་ལེན་པ་ཐུན་ཚོད་ཀྱི་དུས་ངེས་པ་ལ་ལྟོས་པར་ཧ་ཅང་ཐལ་བའི་ཕྱིར་དང༌། སྔ་དྲོད་རྩ་ལྟུང་བྱུང་བ་ལ། གུང་ཚིགས་ཀྱི་དུས་སུ་སྨོན་པའི་སེམས་ཀྱིས་སླེབ་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ། །ཞེས་བྱ་བ་འདི་མདོའི་དོན་དུ་བཞུགས་པ་ཡིན་གྱི། ཁྱེད་ཀྱི་འཆད་ཚུལ་ལྟར་ན། དུས་དེར་འཇུག་སྡོམ་གྱིས་སླེབས་ན་དེའི་ཕུང་པོ་ལ་མཐའ་མེད་དོ། །ཞེས་བྱ་བའི་དོན་དུ་སྣང་བའི་ཕྱིར། འདིར་སྨྲས་པ། སྲོལ་འབྱེད་གཉིས་ཀྱི་སེམས་བསྐྱེད་ཀྱི། །ཆོ་གའི་ཁྱད་པར་འབྱེད་པ་ལ། །རང་ལུགས་ཇི་ལྟར་ཡིན་པ་དང༌། །གཞན་གྱིས་བཏགས་པའི་ཀླན་ཀ་རྣམས། །ཇི་བཞིན་མིན་པའི་ཚུལ་དག་ནི། །གསལ་བར་བཤད་པ་མ་མཐོང་ནས། །གང་འདིར་འབད་ནས་བཤད་པ་ཡང༌། །བྱང་ཆུབ་ཆེན་པོའི་དོན་དུ་བསྔོ། །ད་ལྟར་སྐབས་འདིར་ཞར་ལས་བྱུང་བའི་དོན་བརྗོད་ནས། དཀྱུས་མ་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ཇི་ལྟར་ཡིན་བཤད་པར་བྱ་སྟེ། འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི། ས་མཚམས་གསལ་བར་ཕྱེ་བ་མེད་ལ། དབྱིག་གཉེན་ཞབས་ཀྱིས། མདོ་སྡེའི་རྒྱན་གྱི་འགྲེལ་པར། མི་ཟད་པ་བརྒྱད་ཅུ་དང་ཉེར་གཉིས་པོ་སྦྱར་ནས་བཤད་པ་ཉིད་ཀྱིས་ཉེར་གཉིས་པོའི་ས་མཚམས་རྟོགས་པ་ཡིན་ནོ་ཞེས་མཁས་པ་ཆེན་པོ་ཤཱནྟི་པ་དང༌། བདག་ཉིད་ཆེན་པོ་ལོ་ཙཱ་བ་གསུང་ལ། སློབ་དཔོན་གྱི་བཞེད་པ་ནི་འགྲེལ་པ་ཇི་ལྟ་བ་བཞིན་ནོ། །འདིར་ཆུ་བོའི་རྒྱུན་ལྟ་བུའི་དཔེས་མཚོན་པ་བགྲོད་པ་གཅིག་པའི་སེམས་བསྐྱེད་སངས་རྒྱས་ཀྱི་མཉམ་གཞག་ཏུ་བཞག་པ་དང༌། སྤྲིན་ལྟ་བུའི་སེམས་བསྐྱེད་སངས་རྒྱས་ཀྱི་རྗེས་ཐོབ་ལ་བཞག་པ་དང༌། ལྷའི་རྔ་བོ་ཆེའི་དཔེས་མཚོན་པའི་སེམས་བསྐྱེད་ས་བཅུ་པ་ཙམ་པོའི་གོང་དུ་བཞག་པ་ལ། ལོ་ཆེན་དཔོན་སློབ་ཀྱིས་དེ་གསུམ་ཀ་ནོར་བ་ཡིན་ནོ་ཞེས་འཆད་ལ། དེའི་ཤེས་བྱེད་ཀྱང་སྤྲིན་ལྟ་བུའི་སེམས་བསྐྱེད་ས་བཅུ་པ་དང༌། བཅུ་གཅིག་པ་གཉིས་ཀ་ལ་བཞག་དགོས་ཏེ། ས་བཅུ་པ་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བའི་དོན་བྱེད་པར་ནུས་པའི་ཕྱིར། བགྲོད་པ་གཅིག་པ་ས་བརྒྱད་པ་ནས་བཞག་དགོས་ཏེ། མདོ་སྡེ་རྒྱན་དུ་དག་པ་སར་སངས་རྒྱས་དང་བྱང་སེམས་དཔའ་ཐམས་ཅད་རྟེན་འདྲེས་ནས་འཕྲིན་ལས་རྒྱ་མཚོར་འཇུག་པར་བཤད་པའི་ཕྱིར། ཆོས་ཀྱི་མདོ་བཤད་རྡོ་རྗེ་ལྟ་བུའི་སྐབས་སུ་འཇོག་པ་ཡང་མི་འཐད་དེ། ས་དགུ་པ་ནས་དེ་ཐོབ་པའི་ཕྱིར་རོ། །ཞེས་གསུང་ངོ༌། །དེ་ལྟ་མོད་ཀྱི་སློབ་དཔོན་གྱི་བཞེད་པ་འདི་ནི། སྐྱོན་དང་བཅས་པ་མིན་ཏེ། མདོ་ལས་སེམས་བསྐྱེད་ཉེར་གཉིས་པོ་བྱང་སེམས་ཀྱི་རྟེན་ཅན་དུ་བཤད་པས། སངས་རྒྱས་ཀྱི་སར་དེ་མེད་དམ་སྙམ་པའི་དོགས་པ་དགག་པའི་ཕྱིར་དུ། སློབ་དཔོན་གྱིས་སེམས་བསྐྱེད་པ་ཐ་མ་གསུམ་ནི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱི་སར་རྫོགས་བྱང་དོན་དུ་གཉེར་བའི་འདུན་པ་ཡོད་པར་འགྱུར་རོ་སྙམ་ན་སྐྱོན་མེད་དེ། དོན་དུ་གཉེར་བྱེད་ཀྱི་འདུན་པ་མེད་ཀྱང༌། དོན་དུ་གཉེར་བྱའི་གཙོ་བོ་རྫོགས་པའི་བྱང་ཆུབ་ཡོད་ལ། དེ་ཙམ་གྱིས་དེ་ཡོད་པར་འགྲུབ་སྟེ། འདིས་སེམས་བསྐྱེད་པ་དང༌། འདིར་སེམས་བསྐྱེད་པ་གཉིས་ཀ་དང༌། གང་གིས་སེམས་བསྐྱེད་པ་དང༌། གང་དུ་སེམས་བསྐྱེད་པ་གཉིས་ཀ་ལ། སེམས་བསྐྱེད་ཀྱི་མིང་དངོས་མིང་དུ་འཇུག་པའི་ཕྱིར། དེ་སྐད་དུ་ཡང༌། གནད་ཀྱི་ཟླ་འོད་ལས། འོ་ན་དོན་དུ་གཉེར་བའི་རྣམ་པར་རྟོག་པ་དང༌། ལྷན་ཅིག་རྒྱུ་བའི་སེམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་འབྱུང་ཞེ་ན། བདེན་ཏེ་དོན་དུ་གཉེར་བ་ནི་དོན་དུ་གཉེར་བར་བྱེད་པ་ཅན་གྱི་བྱེད་པ་པོའི་ཆོས་ཏེ། ཇི་ལྟར་རིགས་པར་སྔོན་གྱི་སེམས་སོ་སོ་བ་རྣམས་སོ། །དོན་དུ་གཉེར་བར་བྱ་བ་ཉིད་དང༌། འདོད་པར་བྱ་བ་ཉིད་ནི་ལས་ཀྱི་ཆོས་ཏེ། མཆོག་གི་སེམས་སོ་ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱི་སར་ཀུན་རྫོབ་སེམས་བསྐྱེད་ཡོད་པར་ཁས་བླངས་ན། དེར་འཇུག་སེམས་ཀྱང་ཡོད་པར་ཁས་ལེན་དགོས་ལ། དེ་ལྟ་ན་དེར་འཇུག་པའི་སྡོམ་པ་ཡང་ཁས་ལེན་ནམ་ཞེ་ན། གཞན་དག་ནི་དེར་དེ་དང་དེ་ཡོད་པར་ཁས་ལེན་མོད་ཀྱང་རིགས་པ་མིན་ཏེ། ཇི་སྐད་དུ། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་དང༌། མདོ་ལས་ཀྱང་འཇུག་སེམས་ཡིན་ན་བྱང་ཆུབ་ཏུ་ཆས་པའི་སེམས་བསྐྱེད་ཡིན་དགོས་པར་བཤད་པའི་ཕྱིར་དང༌། དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་ལྷན་ཅིག་ཏུ་སློབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར། དེར་དེའི་སྡོམ་པ་ཡོད་པ་ཡང་མི་འཐད་དེ། དེའི་སྡོམ་པ་ནི་བྱང་ཆུབ་མ་ཐོབ་བར་དུ་ཁས་བླངས་པའི་སྡོམ་པ་ཡིན་པའི་ཕྱིར། དེ་ན་དེ་མེད་པའི་ཤེས་བྱེད་དུ་བོད་སྔ་མ་དག རྟེན་རིགས་ལོག ཁས་བླངས་པའི་དུས་ལས་འདས། རྫོགས་བྱང་ཐོབ་པར་འདོད་པའི་བློ་མེད་པའི་ཕྱིར། ཞེས་གསུངས་པ་ནི་རིགས་པ་ཡིན་ལ། དེ་ལ་གཞན་དག་འོ་ན་དེར་སེམས་བསྐྱེད་ཀྱང་མེད་པར་ཐལ། ཤེས་བྱེད་གསུམ་པོ་དེ་དག་གི་ཕྱིར་རོ། །ཞེས་ཟེར་བ་ནི་མི་མཚུངས་ཏེ། དེའི་སྡོམ་པ་བཏང་ཡང་དེ་མི་གཏོང་བ་ནི་སོ་ཐར་དང་སྔགས་བཞིན། དེས་ན་དེའི་སེམས་བསྐྱེད་ནི་སྨོན་འཇུག་གང་དུ་ཡང་ཁས་མི་ལེན་ཅིང༌། ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གང་དུ་ཡང་ཁས་བླངས་པས་ཆོག་པ་ཡིན་ནོ། །མདོར་ན་སེམས་བསྐྱེད་པར་བྱ་བས་ན་སེམས་བསྐྱེད་ཅེས་འཆད་པའི་ལུགས་འདི་ལ་སངས་རྒྱས་ཀྱི་སར་དེ་ཡོད་དགོས་ཏེ། གཞན་དོན་དང་བྱང་ཆེན་དོན་གཉེར་གྱི་སེམས་དཔའ་དེས་བསྐྱེད་པར་བྱ་བའི་གཙོ་བོ་རྣམ་རིག་ཞིག་དེར་ཡོད་དགོས་པས་སོ། །སེམས་བསྐྱེད་པར་བྱེད་པས་ན་དེ་ཞེས་འཆད་པ་སྐུ་མཆེད་གཉིས་ཀྱི་ལྟར་ན། དེར་དེ་ཡོད་པར་འཇོག་པ་མི་ལེགས་ཏེ། གང་གིས་བསྐྱེད་པར་བྱེད་པ་དེ་དང་དེ་དོན་གཉེར་གྱི་བློ་གཉིས་པོ་མེད་པའི་ཕྱིར། ཞེས་བྱ་བ་འདིས་ནི་སེམས་བསྐྱེད་པ་སྤྱིའི་དོན་གྲུབ་པ་ཡིན་ནོ། །སྨྲས་པ། མཁས་པས་ཁྲེལ་བའི་སྙེམས་པ་མེད་དེ་དག །གཞན་གྱི་ཟེར་སྒྲོས་དབྱངས་སུ་ལེན་པ་ལ། །ཆེན་པོར་འཆོས་པའི་ཁུར་གྱིས་ངལ་དེ་ཀུན། །ལེགས་པར་བཤད་པའི་བསྟི་གནས་འདི་ལྟོས་ཤིག །གཉིས་པ་བསྒྲུབ་པའི་ཐབས་སྟོན་པའི་གདམ་ངག་ལ། སྤྱིའི་རྣམ་པར་བཞག་པ་དང༌། རྟོགས་དཀའ་བ་སོ་སོའི་རྣམ་པར་བཞག་པའོ། །དང་པོ་ལ། མཚན་ཉིད། དབྱེ་བ། འཆད་པ་པོ་དང༌། ཉན་པ་པོའི་མཚམས་སོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་སྟོན་པའི་ངག་གོ །དེ་ཡིན་ན་ངག་ཡིན་དགོས་པའི་ཤེས་བྱེད་ནི། འདིར་སློབ་དཔོན་གྱིས་ལུང་འབོགས་པ་དང་ཞེས་གསུངས་པ་དང༌། དག་ལྡན་ལས་ཀྱང༌། ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམ་ངག་གོ །ཞེས་དང༌། བསྡུས་དོན་སྒྲོན་མ་ལས། ངོ་བོ་ངག་གི་འཁོར་ལོ་ཡིན། །ཞེས་གསུངས་སོ། །དེ་ལྟ་ན་ཡང༌། རྗོད་བྱེད་ཀྱི་སྒྲ་ཡིན་དགོས་པ་ནི་མིན་ཏེ། གོང་དུ་བཤད་ཟིན་པ་ལྟར། མིང་ཚིག་ཡི་གེ་དང༌། བཀའ་དང་བསྟན་འཆོས་དང༌། ལུང་གི་ཆོས་འཁོར་སོགས་ཀྱི་རྣམ་པར་བཞག་པ་ཐམས་ཅད་དེ་དང་དེར་སྣང་བའི་རྣམ་རིག་ལ་འཆད་པ་ཡིན་གྱི། ཕྱི་རོལ་གྱི་དོན་ལ་འཆད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན། དེའི་ཚེ་རང་སངས་རྒྱས་ཀྱིས་ཀྱང་རང་གི་གདུལ་བྱ་ལ་གདམ་ངག་སྟོན་པ་ཡོད་དེ། དེས་ལུས་ཀྱི་རྣམ་འགྱུར་ཙམ་བསྟན་པ་ལ་བརྟེན་ནས། དེར་སྣང་བའི་རྣམ་རིག་སྐྱེ་བ་ཡོད་པའི་ཕྱིར། དེ་སྐད་དུ་ཡང༌། སྒྲ་མེད་ཀྱང་སྟེ་དེ་ལྟར་སྣང༌། །ཞེས་དང༌། ཆོས་སྟོན་པའི་སྒྲའི་དོན་ནི། འདི་ལྟར་ཞེས་གསུངས་སོ། །གཉིས་པ་དབྱེ་བ་ལ། དགོས་པའི་སྒོ་ནས་གདམས་པ་དང༌། རྗེས་སུ་གདམས་པ་གཉིས། ཡུལ་གྱི་སྒོ་ནས་བཅུའོ། །གཉིས་པོའི་ཁྱད་པར་ནི། གཞན་དག་ཡོན་ཏན་མ་ཐོབ་པ་ཐོབ་པ་དང༌། ཐོབ་ཟིན་མི་ཉམས་པར་བསྲུང་བའི་ཕྱིར་དུ་འདོམས་པ་ལ་འཆད་པ་ནི་ནོར་བ་ཡིན་ཏེ། དེ་ལས་བཟློག་སྟེ་འཆད་རྒྱུ་ཡིན་པར་འགྲེལ་པ་གསུམ་ཀ་ལས་གསལ་བའི་ཕྱིར། དེ་ཡང་དཔེར་ན། སྔར་ཐོབ་ཟིན་པའི་ཡོན་ཏན་སེམས་བསྐྱེད་སོགས་མི་ཉམས་པར་བསྲུང་བའི་ཕྱིར་དུ་འདོམས་པ་ནི་གདམས་པ་ཡིན་ལ། མ་ཐོབ་པའི་ཡོན་ཏན་ངེས་འབྱེད་སོགས་ཐོབ་པའི་ཕྱིར་དུ་འདོམས་པ་ནི། རྗེས་སུ་གདམས་པའོ། །དེ་སྐད་དུ་ཡང༌། ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་པ་དང༌། གོང་ནས་གོང་དུ་མངོན་པར་འཕེལ་བའི་ཕྱིར་ཞེས་གསུངས་ལ། འགྲེལ་ཚིག་དེ་གཉིས་ནི། ཇི་སྐད་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེས་འཕངས་པའི་ཆོས་འགྲུབ་པའི་ཕྱིར། ཞེས་པའི་ཚིག་གཉིས་དང་གོ་རིམ་བཞིན་དུ་སྦྱར་རོ། །གཉིས་པ་ནི། དེར་གྲངས་ངེས་པའི་རྒྱུ་མཚན་ཡང༌། དེའི་ཡུལ་ལ་བཅུ་པོ་དེ་ཙམ་དུ་གྲངས་ངེས་པ་ཡིན་ལ། དེའི་ཤེས་བྱེད་ཀྱང་ཇི་སྐད་དུ། འདི་ཙམ་ཁོ་ནས་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་གདམ་ངག་ནི་རྣམ་པ་བཅུའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ། ཉན་པ་པོའི་ས་མཚམས་ནི་གཉིས་ཏེ། ཞིང་འདིར་ཉན་པ་དང༌། ཞིང་གཞན་གྱི་སངས་རྒྱས་ལ་གདམ་ངག་ཉན་དུ་འགྲོ་བའི་ས་མཚམས་སོ། །དང་པོ་ནི། ཐེག་པ་ཆེན་པོའི་རིགས་ཅན་ཕལ་ཆེ་བ་རྣམས་དང༌། ཉན་ཐོས་དང་རང་སངས་རྒྱས་སྲིད་པ་ཐ་མ་པ་མ་གཏོགས་པ་རྣམས་ཀྱང་ངོ༌། །དེ་ཡང་ཉན་ཐོས་སློབ་པ་རྣམས་ནི་རང་གིས་ཉམས་སུ་མི་ལེན་ཀྱང༌། གཞན་ལ་སྟོན་པའི་ཕྱིར་དུ་ཐེག་པ་ཆེན་པོའི་གདམ་ངག་ཉན་པར་བྱེད་ལ། ཉན་ཐོས་དགྲ་བཅོམ་པ་འགའ་ཞིག་ནི། ཐེག་པ་ཆེན་པོའི་གདམ་ངག་ཐོས་ནས་དེའི་ལམ་དུ་འཇུག་པར་བྱེད་དོ། །ལྷག་མེད་དུ་མྱ་ངན་ལས་འདས་པ་རྣམས་ཀྱང༌། ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་ཐེག་པ་ཆེན་པོའི་ཆོས་ཉན་པར་བཤད་དོ། །རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱང་སྲིད་པ་ཐ་མ་པའི་སྔ་རོལ་དུ། མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་དགེ་བའི་བཤེས་གཉེན་ལས་ཐེག་པ་གསུམ་གྱི་དབང་དུ་བྱས་པའི་ཆོས་ཉན་པར་གསུངས་སོ། །བར་ཆད་མེད་ལམ་ལ་གནས་པ་ནི་གདམ་ངག་ཉན་པ་པོ་མིན་པར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་བཞད་པ་ཡིན་ཏེ། ཚིག་གསལ་ལས། བར་ཆད་མེད་པའི་ལམ་ལ་ནི་དེ་དོན་དུ་གཉེར་བ་མེད་དེ། རང་བྱུང་གི་ཡེ་ཤེས་བསྐྱེད་པར་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །འཆད་པ་པོ་ནི། ཉན་ཐོས་དང་རང་སངས་རྒྱས་དང༌། སོ་སོ་སྐྱེ་བོའི་དགེ་བའི་བཤེས་གཉེན་དང༌། བྱང་སེམས་འཕགས་པ་རྣམས་དང༌། སངས་རྒྱས་ཀྱི་ལོངས་སྤྲུལ་གཉིས་ཀྱིས་ཀྱང་ཐེག་པ་ཆེན་པོའི་གདམ་ངག་འཆད་པ་ཡིན་ལ། ཡེ་ཤེས་ཀྱི་སྐུ་ནི་ཐ་སྙད་དུ་དེར་འཆད་པ་པོར་མ་བཞག་གོ །དེ་ཡང་ལོངས་སྤྲུལ་གཉིས་འཆད་པ་པོ་ཡིན་པ་དེའི་ཚེ། འཆད་པ་པོ་དང༌། ཉན་པ་པོ་རྒྱུད་ཐ་མི་དད་པའི་རྣམ་པར་བཞག་པ་དགོས་པ་ཡིན་ཏེ། དེའི་ཚེ་འཆད་པ་པོ་དེ་གཉིས་ནི། ཉན་པ་པོའི་སེམས་རྒྱུད་ཀྱིས་བསྡུས་པ་ཁོ་ན་ཡིན་གྱི། དེ་ལས་རྫས་ཐ་དད་པའི་གཟུགས་ཀྱི་སྐུ་ཁས་མི་ལེན་པའི་ཕྱིར། འོ་ན་འཆད་པ་པོ་ལ་མ་ལྟོས་པར་ཁོང་དུ་ཆུད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཆོས་ཀྱི་སྐུའི་བདག་རྐྱེན་ལ་རག་ལས་པའི་ཕྱིར། དེའི་ཕྱིར་ངེས་པའི་དོན་དུ་ན། ཡེ་ཤེས་ཀྱི་སྐུ་ཁོ་ན་ཆོས་སྟོན་པ་པོར་བཞག་གོ །གཉིས་པ་ནི། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་རྣམས་ཏེ། ཇི་སྐད་དུ། དེའི་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམ་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུངས་པས་སོ། །དེར་མ་ཟད་རྫུ་འཕྲུལ་གྱི་མངོན་ཤེས་ཐོབ་པ་ཡང་དགོས་ཏེ། དེ་ཉིད་ལས། བསམ་གཏན་ལས་ཐོབ་མངོན་པར་ཤེས། མངོན་པར་བསྒྲུབ་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་གསུངས་སོ། །འདི་ལ་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། ས་མཚམས་སོ། །དང་པོ་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཆོས་ཀྱི་ཚིག་དོན་གྲངས་ལས་འདས་པར་འཛིན་པར་ནུས་པའི་དྲན་པ་ཤེས་རབ་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། ཆོས་གསུང་རབ་ཀྱི་ཚིག་དོན་རྒྱུན་མ་ཆད་པར་འཛིན་པར་ནུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །གསུམ་པ་ནི་འགྲེལ་ཆེན་དུ། འཇིག་རྟེན་ཆོས་མཆོག་གི་ཏིང་ངེ་འཛིན་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཅེས་བྱའོ། །ཞེས་པ་ནི་མཚན་གཞི་ངོས་བཟུང་བ་ཡིན་ལ། ས་མཚམས་དངོས་ནི་ཚོགས་ལམ་ནས་ཀྱང་ཐོབ་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་ཆེན་ལས། ཚོགས་ཀྱིས་འདི་ཉིད་དུ་སེམས་ལས་སུ་རུང་བར་གྱུར་པ་ན་གང་གིས་ཐོབ་པས་ཚིག་དང་དོན་འཛིན་པར་ནུས་པའི་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ལ། ཞེས་གསུངས་པ་ལྟར་རོ། །དེས་ན་འདི་ལྟར་ཡིན་ཏེ། ཞིང་གཞན་དུ་འགྲོ་བ་ནི་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་བྱེད་ལ། ཆོས་ཀྱི་ཚིག་དོན་འཛིན་པ་ནི་ཏིང་ངེ་འཛིན་དེས་བྱེད་པའོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། བདེན་པ་གཉིས་དང་བཞི་བཤད་པ། དཀོན་མཆོག་གསུམ་དང་སྤྱན་དང་མངོན་པར་ཤེས་པ་རྣམས་བཤད་པ། ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་རྣམས་རྒྱས་པར་བཤད་པའོ། །དང་པོ་ལ། བདེན་པ་གཉིས་བཤད་པ་དང༌། བཞི་བཤད་པའོ། །དང་པོ་ལ། དབྱེ་གཞི། དབྱེ་ངོ༌། དབྱེ་དོན། གྲངས་ངེས། སྒྲ་དོན། སོ་སོའི་རྣམ་པར་བཞག་པ་དང་དྲུག་གིས་བཤད་པར་བྱའོ། །དང་པོ་ལ་གཉིས་ཏེ། ཐ་སྙད་བཟུང་བདེ་བའི་དབང་དུ་བྱས་ནས་རྟེན་འབྲེལ་དང༌། ཤེས་བྱ་ཙམ་དབྱེ་གཞིར་བཞག་པ་དང༌། འཕགས་པའི་བློ་ལ་ལྟོས་ནས་གཉིས་པོའི་དབྱེ་གཞི་མི་སྲིད་པར་བསྟན་པའོ། །དང་པོ་ནི། ཤེས་པར་བྱ་བ་ཙམ་སྟེ། ཇི་སྐད་དུ། ཡབ་སྲས་འཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་གཉིས་པོ་འདི་ཙམ་དུ་ཟད་དེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ། །དེ་ཡང་གཉིས་སུ་དབྱེ་དགོས་ཏེ། བློ་འཁྲུལ་པའམ་རྣམ་ཤེས་ཀྱི་ཤེས་བྱ་དང༌། བློ་མ་འཁྲུལ་པའམ་ཡེ་ཤེས་ཀྱི་ཤེས་བྱའོ། །དེ་ཡང་ཚུ་རོལ་མཐོང་བ་རྣམས་ལ་ནི། བློ་དང་པོ་ཁོ་ན་ཡོད་ཀྱི། གཉིས་པ་མེད། དེའི་རྒྱུ་མཚན་གྱིས་བློ་གཉིས་པའི་ཡུལ་མཚན་ཉིད་པ་གང་དང་གང་ཡིན་པ་དེ། གྲུབ་མཐའ་ལ་མ་ཞུགས་པའི་ཚུ་རོལ་མཐོང་བ་རྣམས་ཀྱི་ངོར་བདེན་པ་དང་མི་བསླུ་བའི་ཆོས་སུ་མི་འགྱུར། རྫོགས་པའི་སངས་རྒྱས་ལ་ནི་བློ་གཉིས་པ་ཡོད་ཀྱི། དང་པོ་མེད་པས། བློ་དང་པོའི་ཡུལ་རྣམས་དེའི་ངོར་བདེན་པ་དང་མི་བསླུ་བའི་ཆོས་སུ་མི་བཞག འཕགས་པ་སློབ་པ་ལ་ནི་བློ་གཉིས་ཀ་ཡོད་ལ། དེའི་བློ་གཅིག་གི་ངོར་བདེན་པ་གཉིས་ཀ་བཞག་མི་ནུས་ཀྱང༌། བློ་སོ་སོ་ལ་ལྟོས་ནས་མྱུ་གུ་དང༌། དེའི་གནས་ལུགས་སྟོང་པ་ཉིད་ལྟ་བུ་བདེན་པ་སོ་སོ་བཞག་གོ །གཉིས་པ་ནི། བདེན་པ་གཉིས་ཀའི་དབྱེ་གཞིར་གྱུར་པའི་བདེན་པ་ཙམ་ནི། དབུ་མ་པའི་ལུགས་འདིར་ཁས་མི་ལེན་ཏེ། མྱུ་གུ་ལ་སོགས་པ་འཕགས་པ་རྣམས་ཀྱིས་ཀུན་རྫོབ་དུ་ཐ་སྙད་དུ་བྱས་པ་དེ་དག་བདེན་པ་དང་མི་བསླུ་བར་ཁས་ལེན་པ་དེའི་ཚེ་ནི། མྱུ་གུ་བདེན་སྟོང་ལྟ་བུ་དོན་དམ་པའི་བདེན་པར་ཐ་སྙད་བྱས་པ་རྣམས་བདེན་པ་དང་མི་བསླུ་བར་ཁས་མི་ལེན། མྱུ་གུ་བདེན་སྟོང་ལྟ་བུ་བདེན་པར་ཁས་ལེན་པ་དེའི་ཚེ་ནི། ཆོས་ཅན་མྱུ་གུ་ལྟ་བུ་བདེན་པར་ཁས་ལེན་པ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། མྱུ་གུ་བདེན་ན་དེའི་གནས་ལུགས་སྟོང་པ་ཉིད་བདེན་པར་འགལ་བའི་ཕྱིར། དེ་བཞིན་དུ་དབུ་མ་པས། ཇི་སྲིད་ལས་རྒྱུ་འབྲས་ལ་སོགས་པ་ཐབས་ཀྱི་ཆ་དེ་དང་དེའི་རྣམ་བཞག་བྱེད་པ་ན། འཇིག་རྟེན་ལ་གྲགས་པའི་བདེན་པ་ཉིད་ཁས་ལེན་པ་ཡིན་ལ། དེའི་ཚེ་ན་འཕགས་པ་ལ་གྲགས་པའི་བདེན་པ་དེ་དང་དེ། སྤྱིར་ཤེས་བྱ་དང༌། ཡོད་པར་ཁས་མི་ལེན་ཏེ། འཇིག་རྟེན་ན་གྲགས་པའི་བདེན་པ་ནི་བུམ་སྣམ་ལ་སོགས་པ་འཕགས་པས་ཡང་དག་ཀུན་རྫོབ་ཀྱི་ཐ་སྙད་བྱས་པ་རྣམས་ཡིན་ལ། དེ་དང་དེ་ཡོད་པར་འཇོག་པ་དེའི་ཚེ། དེའི་གནས་ལུགས་སྟོང་པ་ཉིད་ཡོད་པར་ཁས་མི་ལེན་པའི་ཕྱིར་ཏེ། ཇི་སྐད་དུ། ཟླ་བའི་ཞབས་ཀྱིས། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དང༌། བདེན་གཉིས་རྣམ་པར་འབྱེད་པ་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་གསུངས་སོ། །དོན་དེ་ལ་བསམ་ནས་བོད་ཀྱི་དབུ་མ་པ་ཆེན་པོ་རྣམས། ཇི་སྲིད་མྱུ་གུ་ལྟ་བུའི་གནས་ཚུལ་སེམས་པ་ལ་མ་ཞུགས་པ་དེ་སྲིད་དུ། མྱུ་གུ་སོགས་ཡོད་པ་དང༌། བདེན་པར་ཁས་ལེན་ལ། དེར་ཞུགས་པའི་ཚེ་དེ་ཡོད་པར་ཁས་མི་ལེན་ཅིང༌། དེའི་ཚེ་མྱུ་གུ་མ་རྙེད་པ་དེ་དོན་དམ་པའི་བདེན་པར་ཁས་ལེན་པ་ཡིན་ཞེས་གསུང་ངོ༌། །ཡང་ཇི་སྲིད་འཕགས་པ་ལ་གྲགས་པའི་སྟོང་པ་ཉིད་དང༌། དོན་དམ་པའི་བདེན་པ་ལ་སོགས་པ་ཤེས་རབ་ཀྱི་ཕྱོགས་ལ་བརྟེན་པའི་རྣམ་བཞག་བྱེད་པའི་ཚེ་ན་ནི། འཇིག་རྟེན་ན་དོན་དམ་དང་བདེན་པར་འཇོག་པའི་བུམ་སྣམ་ལ་སོགས་པ་བདེན་པར་ལྟ་ཞོག ཡོད་པར་ཡང་ཁས་མི་ལེན་ཏེ། བུམ་སྣམ་ལ་སོགས་པར་ཐ་སྙད་བཏགས་པའི་དོན་རིགས་པས་བཙལ་བའི་ཚེ། རྙེད་རྒྱུ་ཅི་ཡང་མ་བྱུང་བ་དེ་ལ་བདེན་སྟོང་དང་དོན་དམ་བདེན་པ་ལ་སོགས་པའི་མིང་བཏགས་པ་ཡིན་ལ། དེའི་ཚེ་ཡང༌། བློ་དེའི་ངོར་བུམ་སོགས་ཁས་བླངས་ན། དེའི་གནས་ལུགས་དེ་དང་དེ་འཇོག་མི་ཤེས་པའི་ཕྱིར་རོ། །འོ་ན་ཅི། བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱ་བ་དང༌། སྣང་ལ་རང་བཞིན་མེད་པ་ཞེས་བྱ་བ་དང༌། དམིགས་པ་བུམ་སོགས་ལ་དམིགས་ནས་རང་བཞིན་མེད་པའི་རྣམ་པ་ཅན་ཞེས་པའི་རྣམ་གཞག་རྣམས་འཇིག་པར་འགྱུར་རོ་ཞེ་ན། ཉེས་པ་དེ་ཡོད་པ་མིན་ཏེ། རྣམ་ཤེས་ལ་སྣང་ལ་ཡེ་ཤེས་ཀྱི་རང་བཞིན་མེད་པར་རྟོགས་པ་དང༌། བློ་འཁྲུལ་པས་རྙེད་པའི་ཀུན་རྫོབ་དེ་ཉིད་ལས་ལོགས་སུ་བློ་མ་འཁྲུལ་བས་དོན་དམ་འཚོལ་མ་དགོས་པ་དང༌། བློ་འཁྲུལ་པའི་རྙེད་དོན་དེ་ཉིད་བློ་མ་འཁྲུལ་བས་ཅིར་ཡང་མ་དམིགས་པ་ལ་བདེན་གཉིས་ཟུང་དུ་འཇུག་པ་ཞེས་དང༌། རྣམ་ཤེས་ཀྱི་དམིགས་པ་ལ། ཡེ་ཤེས་ཀྱིས་རང་བཞིན་མེད་པར་རྟོགས་པ་ལ་དེ་དང་དེའི་ཐ་སྙད་བྱས་པ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་རྟོགས་པ་མཚན་ཉིད་པ་ཡོད་ཀྱི། ཀུན་རྫོབ་དམིགས་པ་མཚན་ཉིད་པ་མེད། སོ་སོ་སྐྱེ་བོ་ལ་དེ་དམིགས་པ་མཚན་ཉིད་པ་ཡོད་ཀྱང༌། ཅིག་ཤོས་མེད། འཕགས་པ་སློབ་པ་ལ་དེ་གཉིས་ཀ་ཡོད་ཀྱང༌། ཀུན་རྫོབ་དམིགས་པའི་བློ་དེ་འཁྲུལ་པར་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་དབྱེ་ངོ་ནི། བདེན་པ་གཉིས་སོ། །དེ་ཡང་འདི་ལྟར་དབྱེ་དགོས་ཏེ། རྣམ་ཤེས་ཀྱི་ཤེས་བྱ་ལ་དབྱེ་བའི་བདེན་པ་གཉིས་དང༌། ཡེ་ཤེས་ཀྱི་ཤེས་བྱ་ལ་དབྱེ་བའི་དེ་གཉིས་སོ། །དང་པོ་ལ། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་གཉིས་ལས། དང་པོ་ནི། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང༌། ཟླ་གཉིས་དང༌། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་དང༌། གྲུབ་མཐས་བཏགས་པའི་རྟག་གཅིག་རང་དབང་ཅན་གྱི་བདག་ལ་སོགས་པའོ། །དེ་དག་ཆོས་ཅན། རྣམ་ཤེས་ཀྱི་ཤེས་བྱ་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། དེ་ལ་ལྟོས་ཏེ་མཐོང་བ་བརྫུན་པས་རྙེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་པ་ཀུན་ལ་མཐུན་སྣང་དུ་གྲུབ་པའི་འབྱུང་བ་བཞི་དང༌། བུམ་སྣམ་ལ་སོགས་པ་རྣམས་དང༌། བདག་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་བཟུང་བྱར་གྱུར་པ་རྣམས་སོ། །དེ་དག་ཆོས་ཅན། རྣམ་ཤེས་སམ་འཇིག་རྟེན་ལ་ལྟོས་པའི་དོན་དམ་བདེན་པ་ཞེས་བྱ་སྟེ། དེ་ལ་ལྟོས་ཏེ་མཐོང་བ་ཡང་དག་པས་རྙེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་འཕགས་པའི་ཡེ་ཤེས་ལ་ལྟོས་པའི་ཤེས་བྱ་ལ་ཡང་གཉིས་ལས། དང་པོ་ནི། བཤད་མ་ཐག་པའི་འཇིག་རྟེན་ལ་གྲགས་པའི་དོན་དམ་པའི་བདེན་པ་དེ་དང་དེ་ དག་རྣམས་སོ། །དེ་དག་ཆོས་ཅན། འཕགས་པའི་ཡེ་ཤེས་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། དེ་ལ་ལྟོས་ཏེ་མཐོང་བ་བརྫུན་པས་རྙེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་ནི། བདེན་སྟོང་སྤྲོས་བྲལ་ལ་སོགས་པའི་ཐ་སྙད་བསྟན་འཆོས་ལས་གསུངས་པ་རྣམས་སོ། །དེ་དག་ཆོས་ཅན་དེ་ལ་ལྟོས་པའི་དེ་ཡིན་ཏེ། དེ་ལ་ལྟོས་པའི་མཐོང་བ་ཡང་དག་པས་རྙེད་པའི་དོན་ཡིན་པའི་ཕྱིར། མདོར་ན་ལུགས་གཉིས་པོ་གང་དང་གང་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ལུགས་དེ་དང་དེ་ལ་ལྟོས་པའི་ཡོད་པ་དང་ཤེས་བྱ་སོགས་མ་ཡིན་དགོས་ཏེ། ལུགས་དེ་དང་དེ་ལ་ལྟོས་པའི་ཀུན་རྫོབ་དེ་དང་དེའི་ཡུལ་ཅན་དེ་ཡིན་ན། རང་གི་ཡུལ་མེད་བཞིན་དུ་སྣང་བའི་སྒོ་ནས་མཐོང་བ་བརྫུན་པར་བཞག་པས་ཁྱབ་པའི་ཕྱིར། ཇི་སྐད་དུ། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་དང༌། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་སོ། །གསུམ་པ་དབྱེ་དོན་ལ། བོད་ཕྱི་མ་རྣམས་བདེན་པ་གཉིས་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པ་ཡིན་ནོ་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། དབུ་མ་པས་རང་ལུགས་ལ་དོན་དམ་གྱི་ངོ་བོ་ཁས་ལེན་པ་དེའི་ཚེ། ཀུན་རྫོབ་ཀྱི་ངོ་བོ་ཁས་མི་ལེན་ལ། མཐར་ནི་དོན་དམ་གྱི་ངོ་བོ་ཡང་ཁས་མི་ལེན་པའི་ཕྱིར་དང༌། ལྡོག་པ་ཞེས་བྱ་བ་ནི་གཞན་སེལ་ཡིན་ལ། དེ་ཡང་ཀུན་རྫོབ་ཁོ་ན་ཡིན་པས། དེ་གཅིག་དང་ཐ་དད་ཀྱི་རྣམ་དབྱེ་ཤེས་པས། དེ་གཉིས་གཅིག་དང་ཐ་དད་ཀྱི་རྣམ་དབྱེ་ཁོང་དུ་ཆུད་པ་ལ་ཅི་ཡང་མི་ཕན་པའི་ཕྱིར་དང༌། བདེན་པ་གཉིས་ཀའི་ངོ་བོ་སྣང་ནས། དེ་གཉིས་གཅིག་ཏུ་འཛིན་པའི་བློ་མ་འཁྲུལ་བ་ནི་མི་སྲིད་པའི་ཕྱིར་རོ། །དེས་ན་གཉིས་པོ་དེ་ཉིད་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་དང༌། རྟོག་གེའི་ཐ་སྙད་ཀྱིས་བརྟགས་ན་གཅིག་པ་བཀག་པའི་ཐ་དད་ཅེས་བྱའོ། །ཐ་སྙད་འདི་ཡང་གང་རུང་གཅིག་མེད་ཅིག་ཤོས་ཡོད་པ་ལ་འཇོག་པ་ཡིན་གྱི། དངོས་པོ་དང་དངོས་མེད་ཁོ་ནའི་སྟེང་ནས་འཇོག་པ་ནི་མ་ཤེས་པ་ཁོ་ནའོ། །བཞི་པ་གྲངས་ངེས་ནི། སྤྱིར་བློ་ལ་འཁྲུལ་མ་འཁྲུལ་གཉིས་སམ། རྣམ་ཤེས་དང་ཡེ་ཤེས་གཉིས་སམ། མཐོང་བ་ཡང་ལོག་གཉིས་སམ། སྣང་ཚུལ་དང་གནས་ཚུལ་ལ་འཇུག་པའི་བློ་གཉིས་སམ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་བློ་དང༌། དེ་ལ་སྒྲིབ་བྱེད་མ་ཡིན་པའི་བློ་གཉིས་སུ་གྲངས་ངེས་པའི་ཕྱིར་ན་བདེན་པ་གཉིས་སུ་གྲངས་ངེས་སོ། །འདི་ཡང་འཕགས་པ་དང་འཕགས་པ་མ་ཡིན་པ་གཉིས་ཀའི་ཐ་སྙད་ཕྱོགས་གཅིག་ཏུ་བསྡོམས་པའི་གྲངས་ངེས་ཡིན་གྱི། གང་རུང་ཅིག་ལ་ལྟོས་པའི་གྲངས་ངེས་མ་ཡིན་པ་དང༌། བློ་འཁྲུལ་མ་འཁྲུལ་གཉིས་ཀ་ཕྱོགས་གཅིག་ཏུ་བསྡོམས་པའི་གྲངས་ངེས་ཡིན་གྱི། ལུགས་དེ་དག་གང་ལ་ཡང༌། དེ་གཉིས་ལས་མང་མི་དགོས་ཤིང༌། ཉུང་ན་མི་འདུ་བའི་གྲངས་ངེས་ནི་མ་ཡིན་ནོ། །དོན་དེ་ལ་དགོངས་ནས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་དང༌། ཟླ་བས། མྱ་ངན་ལས་འདས་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ། ཞེས་གནས་སྐབས་བདེན་པ་གཅིག་ཁོ་ན་དང༌། མཐར་ཐུག་གཅིག་པོ་དེ་ཡང་ཁས་མི་ལེན་པར་བསྟན་ལ། གནས་སྐབས་ཁས་ལེན་པའི་རྒྱུ་བདེན་པ་གཅིག་པོ་དེ་ཡང༌། འཇིག་རྟེན་དང་འཕགས་པ་གང་ལ་ལྟོས་ཀྱང༌། དོན་དམ་པའི་བདེན་པ་ཁོ་ནའོ། །ལྔ་པ་སྒྲ་དོན་ནི། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར། ཀུན་རྫོབ་ཅེས་བྱ་ལ། དེའི་མཚན་གཞི་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །དེའི་ངོར་བདེན་པ་དང་མི་བསླུ་བའི་ཕྱིར་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །བྱིས་པའི་བློ་ལ་ལྟོས་ནས་དོན་དམ་པ་ནི་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་བྱ་བ་ཡིན་ལ། དེའི་ཡུལ་དུ་བློ་གཞན་གྱིས་ཐ་སྙད་བྱས་པའི་གནས་ལུགས་སྟོང་པ་ཉིད་དེ་ལ། འཕགས་པའི་ཐ་སྙད་ཀྱི་བདེན་པར་བཞག་པའི་ཕྱིར། དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ཡང་ཇི་སྲིད་དོན་དམ་བདེན་པའི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ་འདི་སྐབས་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་དོན་དམ་པའི་བདེན་པར་ཁས་ལེན་དགོས་པ་ཡིན་ཏེ། ཅིག་ཤོས་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་དགོས་པའི་རིགས་པ་ལས་སོ། །དེ་ལས་གཞན་དུ་ན། ཡུལ་ཅན་དོན་དམ་པ་དེ་དོན་དམ་པ་དང༌། ཀུན་རྫོབ་ཀྱི་གཞི་མཐུན་དུ་ཁས་ལེན་དགོས་པ་དང༌། དེ་དེ་མ་ཡིན་པར་ཀུན་རྫོབ་དུ་ཁས་ལེན་ན། དེའི་ཡུལ་དུ་བཞག་པའི་གནས་ལུགས་དེ། དོན་དམ་པའི་བདེན་པ་མིན་པར་འགྱུར་ཏེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་བློས་རྙེད་པའི་དོན་དུ་ཁས་བླངས་པའི་ཕྱིར་རོ། །དྲུག་པ་རྣམ་གཞག་ལ་མཚན་ཉིད། མཚན་གཞི། དེ་གཉིས་ཀྱི་རྣམ་གཞག་ཁས་ལེན་མི་ལེན་གྱི་ས་མཚམས་བསྟན་པའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་དག་ན་རེ། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་གང་ཞིག དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བ་ཞེས་དང༌། མཐར་ཐུག་དཔྱོད་པའི་ཚད་མས་རྙེད་པའི་རྙེད་དོན་གང་ཞིག དེ་ཁྱོད་ལ་དེར་སོང་བའོ། །ཚད་མ་གཉིས་པོའི་མཚན་གཞི་ཡང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །ཞེས་གསུངས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། དོན་མི་འཐད་པ་དང༌། ཚིག་མི་འཐད་པའོ། །དང་པོ་ནི། བདེན་པ་དང་པོའི་ཡུལ་ཅན་སངས་རྒྱས་ཀྱི་ཡེ་ཤེས་ལ་འཇོག་པ་ནི་ཆེས་ཤིན་ཏུ་མི་རིགས་ཏེ། གཞུང་འགྲེལ་པ་དང་བཅས་པ་ལ་བདེན་པ་དང་པོའི་ཡུལ་ཅན་གྱི་བློ་ངོས་འཛིན་པ་ན། མཐོང་བ་བརྫུན་པ་ཞེས་བྱ་བ་དང༌། མ་རིག་པས་འཁྲུལ་པར་བསྐྱེད་པའི་བློ་ཞེས་བྱ་བ་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་བློ་ཞེས་བྱ་བར་བཤད་པ་ཤ་སྟག་སྣང་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ལྟ་ཞོག སྤྱིར་ཚད་མར་བཤད་པ་ཙམ་ཡང་མི་སྣང་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་བདེན་པ་མི་སྣང་ན། ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ། །ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། སྤྱིར་དབུ་མ་པ་རང་ལུགས་ལ་ཚད་མས་གྲུབ་པའི་དོན་ཞིག་མི་མཁྱེན་ན། ཐམས་ཅད་མཁྱེན་པ་མིན་པར་འགྱུར་ཡང༌། དེར་མ་གྲུབ་པ་ཞིག་མི་མཁྱེན་པས། དེ་མ་ཡིན་པར་མི་འགྱུར་ཏེ། དཔེར་ན་རུས་སྦལ་གྱི་སྤུ་མི་མཁྱེན་པས་ཐམས་ཅད་མི་མཁྱེན་པར་མི་འགྱུར་བ་བཞིན་ནོ། །ཀུན་རྫོབ་བདེན་པ་ཡིན་ན། ཚད་མས་དམིགས་དགོས་པ་ནི། འཕགས་པའི་ཐ་སྙད་ལྟ་ཞོག འཇིག་རྟེན་གྱི་ཐ་སྙད་ལ་ཡང་ཡོད་པ་མ་ཡིན་ཏེ། དེའི་ལུགས་ལ་ཡང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ལ་སྣང་བའི་དོན་ཡིན་ན། ཀུན་རྫོབ་ཀྱི་བདེན་པ་ཡིན་དགོས་པ་དང༌། དེ་ཡིན་ན་ཚད་མས་མ་དམིགས་དགོས་པར་ཁས་ལེན་པའི་ཕྱིར། འོ་ན་ཇི་སྐད་དུ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཕྱིས་ནས་སྟོབས་ལྡན་བདག་གིས་བསྟེན་པར་བགྱི། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་སེམས་ཙམ་པས་འདོད་པའི་ཀུན་རྫོབ་བདེན་པ་ལ་རྒོལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། དེས་དེ་འཇོག་པའི་ཚེ། ཕྱི་རོལ་གྱི་དོན་མེད་ཅིང་དོན་སྣང་གི་ཤེས་པ་ཡོད་པར་ཁས་བླངས་པ་ལ། དབུ་མ་པས་སྨྲས་པ། དེའི་འཇོག་ཚུལ་དེ་ལ་དེ་ལྟར་ཁས་ལེན་དུ་རུང་བ་མིན་ཏེ། དེའི་འཇོག་ཚུལ་ལ་ནི། ཡུལ་ཡུལ་ཅན་གཉིས་ཀ་ཡོད་པར་ཁས་ལེན་དགོས། རང་ལུགས་ལ་ནི་གཉིས་ཀ་མེད་པར་ཁས་ལེན་དགོས་པའི་ཕྱིར། ཞེས་འཆད་པ་ཡིན་ཏེ། ཇི་སྐད་དུ། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །ཞེས་བཤད་པའི་ཕྱིར། འཕགས་སེང་གི་ལུགས་འདིར་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཞལ་གྱིས་བཞེས་པས་ཕྱི་རོལ་གྱི་དོན་མི་བཞེད་པར་མ་ཟད། ཟླ་བའི་རང་ལུགས་ལ་ཕྱི་རོལ་གྱི་དོན་ཡོད་པར་ཁས་མི་ལེན་ཏེ། དེ་མེད་པ་ལ་ལུང་གི་སྒྲུབ་བྱེད་དང༌། ཡོད་པ་ལ་རིགས་པའི་གནོད་བྱེད་གཉིས་ཀ་བཤད་པའི་ཕྱིར། དང་པོ་ནི། ཇི་སྐད་དུ། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་སོ། །གཉིས་པ་གཅིག་ཕྱོགས་ལ་གནོད་བྱེད་ནི། ཇི་སྐད་དུ། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌། །རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཞེས་ཕྱི་དོན་ཚད་མས་གྲུབ་ན་ལྷ་མི་ཡི་དྭགས་གསུམ་ཆར་གྱི་འཕྲལ་གྱི་འཁྲུལ་རྒྱུ་དང་བྲལ་བའི་མིག་བློ་ཚད་མར་ཁས་ལེན་དགོས་པས་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ་བ་དང༌། ཕྱི་དོན་མེད་པའི་ཤེས་བྱེད་དུ། ལྷ་མི་ཡི་དྭགས་གསུམ་གྱི་རྟོག་མེད་ཀྱི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་ལ། དངོས་པོ་གཅིག་ཉིད་ཆུ་དང་རྣག་ཁྲག་ལ་སོགས་པ་འགལ་བ་ཅན་ཐ་དད་དུ་སྣང་བའི་ཕྱིར། ཞེས་པའི་གཏན་ཚིགས་ཀྱང་གསུངས་པ་དང༌། ཇི་སྐད་དུ། དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཅར་བདེན་པས་ཏེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་རྣམ་ཤེས་མ་འཁྲུལ་བ་དང༌། འཁྲུལ་བའི་སྣང་བ་གཉིས་ཀ་འཁྲུལ་ངོར་ཡོད་མཉམ་དང༌། དབུ་མའི་ལུགས་ལ་མེད་མཉམ་དུ་བཤད་པའི་ཕྱིར་རོ། །གཉིས་པ་ཚིག་ལ་སྐྱོན་ཆགས་པ་ནི། གཞུང་ལས་བཤད་པའི་བདེན་གཉིས་ཀྱི་མཚན་ཉིད་གང་ཡིན་པ་དེ་འདོར་དགོས་པར་འགྱུར་བ་དང༌། མ་བཤད་པའི་མཚན་ཉིད་འཇོག་ལུགས་དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་ཐལ་བ་དང༌། མཚོན་བྱ་ལས་མཚན་ཉིད་གོ་དཀའ་བར་ཐལ་བ་དང༌། ཁས་བླངས་ནང་འགལ་བ་རྣམས་སོ། །དང་པོ་ནི། མཚན་ཉིད་ཀྱི་ཟུར་དང་པོ་གཉིས་ལ་དགོས་པ་མེད་པར་འགྱུར་ཏེ། དེ་གཉིས་བདེན་པ་གཉིས་པོ་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་བཞག་པ་ལ་སྐྱོན་དང་བཅས་ཤིང༌། མ་བཞག་པ་ལ་སྐྱོན་མེད་ཅིང་ཡོན་ཏན་དང་བཅས་པའི་ཕྱིར་རོ། །རྟགས་དང་པོ་ཁས་བླངས་ཏེ། ཟུར་དང་པོ་གཉིས་ཀྱིས་བདེན་པ་སོ་སོ་ལ་ཁྱབ་པའི་ཕྱིར་རོ། །གཉིས་པ་ཁས་བླངས་ཏེ། ཟུར་ཕྱི་མ་གཉིས་ཀྱིས་དེ་དང་དེའི་རིགས་མི་མཐུན་མཐའ་དག་སེལ་ནུས་པའི་ཕྱིར་རོ། །ཅི་སྟེ་ཟུར་དང་པོ་གཉིས་རིགས་མི་མཐུན་སེལ་བའི་མཚན་ཉིད་མ་ཡིན་གྱི། ལོག་རྟོག་སེལ་བའི་དབང་དུ་བྱས་པའི་མཚན་ཉིད་དོ་སྙམ་ན། ཁྱེད་ལྟར་ན་དེ་དེར་བཞག་པ་ན་ལོག་རྟོག་སྐྱེ་བར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་རྣམས་ཀྱང་དེ་ཡིན་པའི་རྒྱུ་མཚན་གྱིས་དོན་དམ་པའི་བདེན་པ་ཡིན་ནམ་སྙམ་པ་དང༌། དོན་དམ་པའི་བདེན་རྣམས་ཀྱང་ཐ་སྙད་པའི་ཚད་མས་རྙེད་པའི་དོན་ཡིན་པའི་རྒྱུ་མཚན་གྱིས། ཀུན་རྫོབ་བདེན་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཟུར་དང་པོ་གཉིས་པོ་གོ་དོན་དུ་འགྱུར་བ་ཡིན་གྱི། རིགས་མི་མཐུན་སེལ་བྱེད་མ་ཡིན་ནོ་སྙམ་ན། ཁྱེད་ཀྱི་ལྟར་ན་དེ་དེའི་གོ་དོན་མ་ཡིན་ཏེ། དོན་དམ་པའི་གོ་དོན་དུ་བཤད་པའི་དེས་ཅིག་ཤོས་ལ་ཁྱབ། ཅིག་ཤོས་ཀྱི་གོ་དོན་དུ་བཤད་པ་དེས་དོན་དམ་ལ་ཁྱབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཐམས་ཅད་ལ་མཚན་ཉིད་འཇོག་ལུགས་གཅིག་གིས་ཆོག་པར་འགྱུར་ཏེ། མྱུ་གུ་འཇལ་བའི་ཚད་མ་དེ་གང་ལ་ལྟོས་ཏེ་མྱུ་གུ་འཇལ་བའི་ཚད་མར་སོང་བ་དེ། མྱུ་གུའི་མཚན་ཉིད་དུ་བཞག་པས་ཆོག་པ་ལ་སོགས་པ་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བཞག་ན་རྟོག་པ་ཕན་ཚུན་བརྟེན་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེ་ན། དེ་ནི་སྔ་མ་ལ་མཚུངས་སོ། །གསུམ་པ་ནི་དེ་དེའི་མཚན་ཉིད་དུ་མི་རིགས་ཏེ། དོན་དམ་པའི་བདེན་པ་མ་གོ་བའི་གང་ཟག་གིས། མཐར་ཐུག་དཔྱོད་པའི་རིག་ཤེས་གང་ལ་ལྟོས་ནས་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་འགྲོ་མི་འགྲོའི་ས་མཚམས་མི་ཤེས་པའི་ཕྱིར་དང༌། དེ་མ་ཤེས་པར་མཐར་ཐུག་དང་ཇི་ལྟ་བ་མི་ཤེས་པའི་ཕྱིར། བཞི་པ་ནི། ཁྱེད་ཀྱིས་བཞག་པའི་མཚན་ཉིད་དེ་མཚོན་བྱ་ལས་གོ་དཀའ་བ་ཡིན་ཏེ། མྱུ་གུ་མ་ཤེས་པར་མྱུ་གུ་འཇལ་བའི་ཚད་མ་མི་ཤེས་པ་བཞིན་དུ། དོན་དམ་བདེན་པའི་ཐ་སྙད་མི་ཤེས་པའི་གང་ཟག་གིས། དོན་དམ་པ་འཇལ་བའི་ཚད་མ་མི་ཤེས་པའི་ཕྱིར་རོ། །བཞི་པ་ནི། འོ་ན་དོན་དམ་བདེན་པའི་མཚན་ཉིད་དུ། ཟུར་དང་པོ་མ་བཞག་ཀྱང༌། སྐྱོན་ཡོད་དམ་མེད། མེད་ན་གཞུང་དུ། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །ཞེས་དོན་དམ་བདེན་པའི་མཚན་ཉིད་དུ་བཞག་ངོ་ཤེས་པ་དེ་འདོར་དགོས་པར་འགྱུར་ལ། སྐྱོན་ཡོད་ན་ཟུར་གཉིས་པ་དེས་མཆོག་པར་སོང་བས། དེའི་ཟུར་གཉིས་པ་དེ་ཚང་ལ་དང་པོ་མ་ཚང་བའི་ཤེས་བྱ་གཅིག་སྲིད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། དེ་འདྲའི་ཤེས་བྱ་གང་ཡིན་པ་དེ་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པའི་ཟུར་དང་པོ་ཚང་བར་ཐལ། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། ཁྱབ་པ་འདི་ཁས་མ་བླངས་སོ་སྙམ་ན། དེ་མ་བླངས་ན། ཟུར་གཉིས་པ་བསྣན་པའི་གོ་དོན་སྟོན་ཅིག ཀུན་རྫོབ་བདེན་པའི་མཚན་ཉིད་ལ་ཡང་དེ་ལྟར་སྦྱར་བས་ནང་འགལ་ཁས་བླངས་པའི་ཚུལ་གསལ་བར་ཤེས་པ་ཡིན་ནོ། །ཡང་དར་ཊཱིཀ་མཛད་པ་ན་རེ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་དང༌། དེས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་རུང་གང་ཞིག་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དེ། དེ་གཉིས་པོ་སོ་སོའི་མཚན་ཉིད་དོ་ཞེས་གསུངས་སོ། །འདི་མི་འཐད་པ་ལ་གསུམ་སྟེ། དོན་ལ་སྐྱོན་འཆགས་པ་དང༌། ཚིག་ལ་སྐྱོན་འཆགས་པ་དང༌། ཁས་བླངས་ནང་འགལ་བའོ། །དང་པོ་ནི། མཚན་ཉིད་དེ་ལྟར་འཇོག་པ་དེ་བདག་ཉིད་ཆེན་པོ་བཟང་པོའི་ཞབས་ཀྱི་བཞེད་པ་ཡིན་པར་ཁས་བླངས་པས། གཟུགས་སྒྲ་ལ་སོགས་པ་ཕྱི་རོལ་གྱི་དོན་རྣམས་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་ཏེ། ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་ཏེ། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་བསྐྱེད་པའི་བློ་ལ་སྣང་ཞིང༌། སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཕྱིར། དེ་ཡང་འཇིག་རྟེན་དང་བསྟན་འཆོས་གང་གི་ལུགས་ཡིན་ཀྱང༌། ལོག་པའི་ཀུན་རྫོབ་བདེན་པ་ཡིན་ན། དེ་དང་དེའི་ལུགས་ལ་ཡོད་པར་འགལ་དགོས་པའི་ཤེས་བྱེད་མ་གོ་བ་ལས་ནོར་བ་དེ་དང་དེ་བྱུང་བ་ཡིན་ནོ། །རྩ་བར་འདོད་མི་ནུས་ཏེ། ལུགས་འདི་ལ་དོན་ཡུལ་དུ་བྱེད་པའི་མངོན་སུམ་ཁས་མི་ལེན་པའི་ཕྱིར་རོ། །གཉིས་པ་ནི། དོན་དམ་བདེན་པའི་མཚན་ཉིད་ཀྱི་ཟུར་ཕྱི་མ་དེ་མ་བསྣན་ན་སྐྱོན་ཅི་ཡོད། དེ་ལྟ་ན་རྟོགས་ཡེ་ཆོས་སྐུ་དོན་དམ་བདེན་པར་ཐལ་བས་སོ་ཤེ་ན། འོ་ན་དེ་ཆོས་ཅན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་མ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཞེས་འཕངས་ན། ཁྱེད་ཀྱི་ངོར་འཁོར་གསུམ་ཚང་བའི་ཐལ་བ་ཡིན་ནོ། །གསུམ་པ་ནི། ཁྱེད་ཀྱིས་ནི་ཡེ་ཤེས་ཆོས་སྐུ་དང༌། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དང༌། བདག་མེད་དང་པོ་གཉིས་ཀྱང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་དགོས་པ་དེ་འཕགས་སེང་གི་བཞེད་པར་འདོད་པ་འདི་ལྟར། བཞི་པོ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། འདོད་ནུས་པ་མིན་ཏེ། དང་པོ་སངས་རྒྱས་ནང་ཕན་ཚུན་གྱི་མངོན་སུམ་གྱི་སྤྱོད་ཡུལ་ཁོ་ན་ཡིན་ལ། གཉིས་པ་དེ་དངོས་སུ་འཇལ་བའི་བློ་ཡིན་ན་འཛིན་རྣམ་ཡིན་དགོས་པའི་ཕྱིར་དང༌། ཕྱི་མ་གཉིས་པོ་མེད་དགག་ཏུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང་གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བདག་མེད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་གཟུང་འཛིན་གཉིས་སྣང་ཡོད་པར་ཁས་བླངས་པས། མཉམ་གཞག་སྣང་བཅས་སུ་ཐལ་བ་དང༌། དེ་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་ཡིན་ན། དེ་འདྲ་དེ་རྗེས་ཐོབ་དུ་ཐལ་བ་ཁྱེད་ཀྱིས་བཟློག་པར་ནུས་པ་མ་ཡིན་ནོ། །གཉིས་པ་རང་གི་ལུགས་ནི། མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་དང༌། མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་ནོ། །དེའི་དོན་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པ་དང༌། དེ་དང་བྲལ་བའི་ཤེས་པའོ། །དེ་དང་བྲལ་བའི་ངོས་འཛིན་ནི། གཞི་དུས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་དང༌། ལམ་དུས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་ཡེ་ཤེས་མཐའ་དག་གོ །དེའི་ལྷག་མར་གྱུར་པའི་ཤེས་པ་རྣམས་ནི་མཐོང་བ་བརྫུན་པའི་མཚན་གཞིར་བཞག་གོ །དེ་དང་དེས་རྙེད་པ་ཞེས་པའི་གོ་དོན་ཡང༌། ཤེས་པ་དེ་དང་དེས་རང་སྟོབས་ཀྱིས་ཡུལ་དུ་བྱས་པའོ། །མཚན་ཉིད་འདིས་ནི་རིགས་མི་མཐུན་དང༌། ལོག་རྟོག་མཐའ་དག་སེལ་ནུས་པ་ཡིན་ནོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ། ཀུན་རྫོབ་ཀྱི་དང༌། དོན་དམ་པའི་དབྱེ་བའོ། །དང་པོ་ནི། དབུ་མའི་ཐ་སྙད་ཀྱིས་བཞག་པ། ཡང་དག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་སམ། འཇིག་རྟེན་ཉིད་ལ་གྲགས་པའི་ཐ་སྙད་ཀྱིས་བཞག་ན་བརྫུན་པ་དང་བདེན་པའོ། །དེ་དག་གི་མཚན་ཉིད་དང༌། མཚན་གཞི་ཡང་འདི་ལྟར། མཐོང་བ་བརྫུན་པ་ལ་སྣང་ཞིང་སྣང་བ་ལྟར་མི་བསླུ་བ་དང༌། དེ་ལ་སྣང་ཞིང་སྣང་བ་ལྟར་བསླུ་བའོ། །མཚན་གཞི་ནི་གོ་རིམ་བཞིན་དུ་ཆུར་སྣང་ཞིང༌། ཆུའི་དོན་བྱེད་ནུས་པའི་རླན་ཅིང་གཤེར་བ་ལྟ་བུ་དང༌། དེར་སྣང་ཞིང་དེའི་དོན་བྱེད་མི་ནུས་པ་མིག་སྒྱུ་ལྟ་བུའོ། །དེ་གཉིས་པོའི་འཇོག་མཚམས་ཀྱང་འཇིག་རྟེན་གྱི་རང་ལུགས་འཇོག་པའི་ཚེ། ལོག་པའི་ཀུན་རྫོབ་བམ་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་དེ་ཡིན་ན་ཡོད་པ་མ་ཡིན་དགོས་ཤིང༌། དེ་ལ་བདེན་པ་ཞེས་བྱ་བའི་སྒྲ་ཡང་མི་སྦྱོར་ཏེ། ལུགས་དེ་དང་དེའི་ཚེ་དེ་ཡིན་ན་བརྫུན་པ་ཁོ་ན་ཡིན་དགོས་པའི་ཕྱིར། དེ་ཡིན་ན་མེད་བཞིན་དུ་ཡོད་པར་སྣང་དགོས་པའི་ཕྱིར། དབུ་མའི་རང་ལུགས་འཇོག་པའི་ཚེ་ནི། ཡང་ལོག་གཉིས་ཀའམ་འཇིག་རྟེན་ལ་ལྟོས་པའི་བདེན་པ་གཉིས་ཀ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་འཁྲུལ་པའི་ངོར་ཡོད་པ་དང༌། བདེན་པ་གཉིས་ཀ་ཡིན་པའི་ཕྱིར། རང་ལུགས་ལ་ནི། དེ་གཉིས་ལ་བདེན་པ་དང་ཡོད་པའི་སྒྲ་མི་སྦྱོར་ཏེ། གཉིས་ཀ་ཚད་མས་མ་གྲུབ་པ་དང་བརྫུན་པར་མཚུངས་པའི་ཕྱིར། མདོར་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་དགོས་སོ་ཞེས་ཟེར་བ་ནི། དངོས་པོར་སྨྲ་བ་གསུམ་གྱི་གྲུབ་པའི་མཐའ་དང་འདྲེས་པ་ཡིན་ཏེ། ལུགས་དེ་དང་དེ་ལ་ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་ཚུལ་རང་རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པའི་སྟོབས་ཀྱིས་བཏགས་ནས་འཇོག་པ་ཡིན་གྱི། འཇིག་རྟེན་ན་གྲགས་པ་ལྟར་མི་འཇོག་པའི་ཕྱིར་རོ། །གང་དག་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་ཐལ་འགྱུར་བའི་གཞུང་ན་མེད་དོ་ཞེས་ཟེར་བ་དེ་ནི། དེའི་གཞུང་ཇི་ལྟ་བ་བཞིན་དུ་མ་ཤེས་པ་དང༌། རང་གིས་ཐལ་འགྱུར་བའི་གཞུང་དུ་ཁས་བླངས་པའི་ཇོ་བོ་མར་མེ་མཛད་ཀྱི་བདེན་གཉིས་ཞེས་བྱ་བའི་བསྟན་འཆོས་དང་འགལ་ལོ། །གཉིས་པ་དོན་དམ་པའི་དབྱེ་བ་ནི། བདག་མེད་པ་རྣམ་པ་གསུམ་ཀ་དང༌། དེ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་དང༌། སངས་རྒྱས་ཀྱི་སའི་ཆོས་ཀྱི་སྐུ་རྣམས་ཀྱང་དོན་དམ་པའི་བདེན་པར་བཞག་དགོས་པ་ཡིན་ཏེ། དེ་དག་ལ་དེའི་མཚན་ཉིད་ཚང་བའི་ཕྱིར་དང༌། བདག་མེད་དང་པོ་གཉིས་ཀྱང་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་ན། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གཉིས་མཐོང་བ་བརྫུན་པར་ཐལ་བ་དང༌། དེ་དག་འཇིག་རྟེན་པའི་ཤེས་པར་ཐལ་བ་དང༌། དེས་སྒྲིབ་པའི་ས་བོན་སྤོང་མི་ནུས་པར་ཐལ་བ་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་བློ་ཡིན་པར་ཐལ་བ་རྣམས་འཇུག་གོ །ཡང་གང་དག་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ཡིན་ན། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་དགོས་པ་དང༌། ཤེས་སྒྲིབ་ཀྱི་ས་བོན་སྤོང་བྱེད་ཡིན་པས་ཁྱབ་པར་ཁས་ལེན་པ་ནི། གྲུབ་མཐའ་སྨྲ་བ་སུ་ཡི་ཡང་ལུགས་མིན་ཏེ། གང་ཟག་གི་བདག་མེད་དང༌། འགོག་པའི་བདེན་པ་དོན་དམ་བདེན་པར་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མི་སྣང་བའི་ཕྱིར་རོ། །བཀའ་འཁོར་ལོ་ཐ་མ་དང༌། གསང་སྔགས་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པས་དོན་དམ་པའི་བདེན་པ་མ་ཡིན་དགག་གི་སྟེང་ནས་འཆད་དགོས་པར་མ་ཟད་ཀྱི། སློབ་དཔོན་བཟང་པོའི་ཞབས་ཀྱི་དགོངས་པ་འདི་ལ་ཡང༌། དོན་དམ་པའི་བདེན་པ་ལ་མེད་དགག་གིས་ཁྱབ་པ་མིན་ཏེ། འདི་ལྟར་ལུགས་འདི་ལ་དེ་བཞིན་ཉིད་དང༌། མི་གནས་པའི་མྱང་འདས་དང༌། བྱང་ཆུབ་དང༌། ངོ་བོ་ཉིད་ཀྱི་སྐུ་རྣམས་དོན་དམ་པའི་བདེན་པར་ཁས་མི་ལེན་ནོ་ཞེས་ཟེར་བ་ནི་སུ་ཡང་མེད་ལ། དེ་དང་དེའི་མཚན་གཞི་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ། སློབ་དཔོན་བདག་ཉིད་ཆེན་པོ་འདིའི་ལུགས་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུའོ་ཞེས་པའི་མདོ་བརྒྱད་སྟོང་པའི་འགྲེལ་ཆེན་ལས། མྱང་འདས་ཀྱི་མཚན་གཞི་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པའི་ཕྱིར་དང༌། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པའི་འགྲེལ་པར། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད། ཅེས་བཤད་པའི་ཕྱིར་དང༌། ངོ་བོ་ཉིད་སྐུའི་ངོས་འཛིན་དུ། ཟག་པ་མེད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད། ཅེས་བཤད་པའི་ཕྱིར་དང༌། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་ལུང་ཁུངས་སུ་འདྲེན་པར་མཛད་ལ། ལུང་དེ་ནི། བརྒྱད་སྟོང་དོན་བསྡུའི་འགྲེལ་པར། སྟོང་ཉིད་ཀྱི་ངོས་འཛིན་ཤེས་པ་ལ་འཆད་པའི་སྐབས་ཡིན་པའི་ཕྱིར་ཏེ། དེའི་གོང་དེ་མ་ཐག་ཏུ། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །ཞེས་བཤད་པས་སོ། །དེར་མ་ཟད་ཇི་སྐད་དུ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པའི་ཆོས་དབྱིངས་ཀྱི་ངོས་འཛིན་ཡང༌། གཞི་དུས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་འཆད་དགོས་པར་ཉི་ཁྲི་སྣང་བར་སྐབས་དེ་ཉིད་ཀྱི་འཕྲོས་ལས་གསལ་བ་དང༌། རྒྱུད་བླ་མར། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་པའི་སྐབས་ཀྱི་དག་པ་དེ་ཡང་རང་བཞིན་འོད་གསལ་ལ་འཆད་དགོས་པ་ཡིན་ལ། དེ་དང་སྐབས་འདིའི་སྒྲུབ་པའི་རྟེན་དོན་གཅིག་ལ་འདུ་བའི་ཕྱིར། ཉི་སྣང་གི་འཕྲོས་ལས་ཇི་ལྟར་གསལ་ཞེ་ན། ཆོས་དབྱིངས་ཁོ་ན་བསྒྲུབ་པའི་རྟེན་ཡིན་པ་དེ་རང་ལུགས་ལ་འཐད་པར་བྱས་ནས། དེ་ཁོ་ན་བསྒྲུབ་པའི་དམིགས་པར་འདོད་པ་ལ་དགག་པ་འཆད་པའི་སྐབས་སུ། གང་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལྟར་ན། ཞེས་ཕྱོགས་སྔ་མར་མཛད་པའི་ཕྱིར་དང༌། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་གྱི་རྟོགས་བྱའི་སྟོང་ཉིད་དེ་ཡིན་ན། འདུས་བྱས་ཡིན་པས་ཁྱབ་པར་ཉི་སྣང་ལས་འཆད་པའི་ཕྱིར། ཇི་ལྟར་ཞེ་ན། གཞན་དག་སྟོང་ཉིད་མེད་དགག་ཁོ་ན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འདོད་པ་ལ་སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕགས་སེང་གཉིས་ཆར་གྱིས་འཕངས་པས་སོ། །འོ་ན་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པར་ཁས་བླངས་ན། དེ་བདེན་གྲུབ་ཏུ་ཡང་ཁས་བླངས་པས། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐར་འགྱུར་བ་མ་ཡིན་ནམ་ཞེ་ན། གནས་སྐབས་སུ་དེར་བཞེད་ཀྱང་དེར་འགྱུར་བ་མ་ཡིན་ཏེ། སློབ་དཔོན་འདིས་དེ་སྒྱུ་མ་ལྟ་བུར་ཞལ་གྱིས་བཞེས་པས་སོ། །དེ་ཡང་སྒྱུ་མ་ལྟ་བུར་ཞལ་གྱིས་བཞེས་པའི་ཚེ་ནི་དོན་དམ་པའི་བདེན་པར་མི་བཞེད་དེ། དེའི་ཚེ་ཀུན་རྫོབ་བདེན་པ་དང༌། ཡོད་པ་མ་ཡིན་པར་ཞལ་གྱིས་བཞེས་པས་སོ། །གསུམ་པ་བདེན་གཉིས་ཀྱི་ས་མཚམས་ཁས་ལེན་པ་དང་མི་ལེན་པའི་རྣམ་གཞག་བསྟན་པ་ལ་གཉིས་ཏེ། དབུ་མ་པའི་རང་ལུགས་ལ་གནས་སྐབས་སུ་དོན་དམ་པའི་བདེན་པ་གཅིག་པུ་ཁས་ལེན་པར་བསྟན་པ། མཐར་ཐུག་དེ་ཡང་ཁས་མི་ལེན་པའོ། །དང་པོ་ནི། དབུ་མ་པས། ཀུན་རྫོབ་ཀྱི་བདེན་པའི་རྣམ་གཞག་བྱེད་པ་དེ་འཇིག་རྟེན་ལ་ལྟོས་ནས་ཁས་ལེན་པ་ཡིན་ལ། དེ་ལ་རྒྱུ་མཚན་དང༌། དགོས་པ་གཉིས་ལས། དང་པོ་ནི། བདེན་པ་དང་པོའི་འཇོག་མཚམས་ནི། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་ཡིན་གྱི། རང་ལུགས་ཀྱི་རིགས་པས་ཁས་ལེན་པ་ཡིན་ཏེ། རང་ལུགས་ལ་ཀུན་རྫོབ་ཡིན་ན། བདེན་པར་འགལ་བའི་ཕྱིར་རོ། །དགོས་པ་ནི་འཇིག་རྟེན་མཐུན་འཇུག་དང༌། བསོད་ནམས་ཀྱི་ཚོགས་བསོག་པ་དང༌། ཐབས་ཀྱི་ཆ་མི་འཁྲུལ་བའི་ཕྱིར་དུའོ། །དེ་བས་ན་གནས་སྐབས་སུ། རང་ལུགས་ཁས་ལེན་རྒྱུའི་བདེན་པ་ནི། དོན་དམ་པའི་བདེན་པ་གཅིག་པུ་ཡིན་ཏེ། ཤེས་བྱེད་ནི་ལུང་དང་རིགས་པ་ལས་སོ། །དང་པོ་ནི། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང༌། དེའི་ཤེས་བྱེད་དུ་དྲངས་པའི་མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། གང་ཞེ་ན་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ། །གཉིས་པ་ནི། ཀུན་རྫོབ་ཀྱི་བདེན་པ་ཡིན་ན་བདེན་པ་མ་ཡིན་དགོས་ཏེ། དེ་ཡིན་ན་འཁྲུལ་ངོར་བདེན་པ་ཡིན་དགོས། དེ་ཡིན་ན་དེར་འགལ་བའི་ཕྱིར་རོ། །མདོར་ན། གྲུབ་པའི་མཐའ་དེ་ལ་གྲགས་པའི་ཀུན་རྫོབ་ཡིན་ན། དེའི་རང་ལུགས་ལ་བདེན་པ་མ་ཡིན་པས་ཁྱབ། དཔེར་ན་འཇིག་རྟེན་ལ་གྲགས་པའི་དེ་ཡིན་ན་དེ་ལ་ལྟོས་པའི་དེ་མ་ཡིན་དགོས་པ་བཞིན། རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་དབུ་མའི་གྲུབ་མཐའ་ལ་ཀུན་རྫོབ་ཀྱི་བདེན་པར་བཞག་པ་ཡིན་ནོ། །ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ཡང་བྱེ་སྨྲས། རགས་རྒྱུན་མི་བདེན་པ་དང༌། སེམས་ཙམ་པས་གཞན་དབང་མི་བདེན་པར་ཁས་ལེན་པ་ཡིན་ནོ། །གང་ཡང༌། ཆོས་དེ་དང་དེ་དབུ་མ་པས་རང་ལུགས་ལ་ཀུན་རྫོབ་བདེན་པར་ཁས་ལེན་ནོ་ཞེས་བྱ་བ་འདི་དང༌། ཀུན་རྫོབ་ཀྱི་བདེན་པ་དག་རང་ལུགས་ལ་ཡོད་པར་ཁས་ལེན་ནོ་ཞེས་བྱ་བ་ནི། འདི་ཤན་ཕྱེད་པར་བྱ་དགོས་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་པར་འགལ་བའི་ཕྱིར། ཡང་ཀུན་རྫོབ་ཏུ་བདེན་པ་ཡོད་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ཡོད་པ་གཉིས་ཀྱང་ཤན་ཕྱེད་པར་བྱ་དགོས་ཏེ། འཁྲུལ་ངོར་ཡོད་པ་དང༌། འཁྲུལ་ངོའི་དོན་དེ་ཡོད་པར་ཁས་ལེན་པ་གཉིས་ལ་ཁྱད་པར་འབྱེད་དགོས་པ་བཞིན་ནོ། །དེས་ན་ཇི་སྲིད་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། བདེན་པ་དང་ཚད་མས་གྲུབ་པར་ཁས་ལེན་པ་དེ་སྲིད་དུ་ནི། འཇིག་རྟེན་གྱི་ལུགས་སོར་བཞག་པ་ཡིན་གྱི། རང་ལུགས་འཇོག་པའི་མཚམས་སུ་སླེབ་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་འདི་ལ་ནི་དབུ་མ་ཐལ་རང་གཉིས་ཁྱད་པར་ཡོད་པ་མ་ཡིན་ཏེ། རང་རྒྱུད་པའི་གཞུང་ལས་ཀྱང་དེ་ལྟར་གསལ་བའི་ཕྱིར་རོ། །གཉིས་པ་ནི། དབུ་མ་པས། མཐར་ཐུག་ནི་སྟོང་པ་ཉིད་ལ་སོགས་པ་དོན་དམ་པའི་བདེན་པར་བཞག་པ་དེ་ཐམས་ཅད་དོན་དམ་པའི་མཚན་གཞིར་ཁས་མི་ལེན་ཏེ། མཐར་ཐུག་དེ་དག་ཀྱང་ཀུན་རྫོབ་ཀྱི་བདེན་པར་བཞེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རིགས་པ་དྲུག་ཅུ་པའི་འགྲེལ་པར། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ་ཞེས་དང༌། བཟང་པོའི་ཞབས་ཀྱིས་ཀྱང༌། འགྲེལ་ཆེན་ལས། མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུར་བསྟན་པའི་ཕྱིར། དེ་ཡང་སྒྱུ་མ་ལྟ་བུ་ཡིན་ན། དོན་དམ་པའི་བདེན་པ་མ་ཡིན་དགོས་ཏེ། དེ་ཡིན་ན་བསླུ་བའི་ཆོས་ཡིན་དགོས་ལ། དེ་ལྟ་ན་བདེན་པར་འགལ་བའི་ཕྱིར་རོ། །གལ་ཏེ་འོ་ན། སྐབས་འདིར་གཞི་གྲུབ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པར་འགྱུར་ཏེ། དོན་དམ་པའི་བདེན་པ་མཐའ་དག་ཀྱང་དེར་འཇོག་པའི་ཕྱིར་སྙམ་ན། དེ་ཡང་ཁས་ལེན་པ་མ་ཡིན་ཏེ། འདིར་གཞི་གྲུབ་པ་ཞེས་བྱ་བའི་ཆོས་ཀྱང་ཁས་མི་ལེན་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་པར་འགལ་བའི་ཕྱིར་རོ། །འོ་ན་དེ་ལྟ་ན། བདེན་པ་གཉིས་ཀྱི་རྣམ་གཞག་བྱས་པ་དོན་མེད་པར་འགྱུར་རོ་སྙམ་ན། ཀུན་རྫོབ་ཁས་ལེན་ཚུལ་ནི་གཉིས་ཏེ། འཇིག་རྟེན་གྱི་ཀུན་རྫོབ་དང༌། རྣལ་འབྱོར་པའི་ཀུན་རྫོབ་བོ། །འདི་གཉིས་གང་ཡིན་ཀྱང་མཐར་ཐུག་ནི་ཡོད་པ་མ་ཡིན་དགོས་ཀྱང༌། གནས་སྐབས་སུ་ནི། འཇིག་རྟེན་གྱི་ལུགས་ལ་གནས་པའི་ཚེ། དེ་ལ་ཀུན་རྫོབ་ཀྱི་མིང་གིས་མི་འདོགས་པར། བདེན་པ་དང་དོན་དམ་པའི་མིང་གིས་ཡོད་པར་བཏགས་ནས་ཁས་ལེན་ནོ། །ཀུན་རྫོབ་གཉིས་པ་དེ་ལ་ནི། དབུ་མའི་གནས་སྐབས་ཀྱི་རང་ལུགས་འཇོག་པའི་ཚེ། ཀུན་རྫོབ་ཀྱི་མིང་མི་འདོགས་པར། དོན་དམ་པ་དང་བདེན་པའི་མིང་གིས་བཏགས་ནས། བདེན་པ་དང་ཡོད་པར་ཁས་ལེན་ན། སྔ་མ་འཇིག་རྟེན་གྱི་དོན་དམ་བདེན་པ་དེ་ལ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བའི་མིང་བཏགས་སོ། །དབུ་མའི་རང་ལུགས་ཀྱི་དཔྱད་པ་མཐར་ཕྱིན་པའི་ཚེ་ན་ནི། གནས་སྐབས་ཀྱི་དོན་དམ་པའི་བདེན་པ་བཤད་མ་ཐག་པ་དེ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་པའི་མིང་གིས་བཏགས་ནས། གནས་སྐབས་སུ་དོན་དམ་པའི་མཚན་གཞིར་བཞག་པ་དེ་དང་དེ་བདེན་པར་ལྟ་ཞོག ཡོད་པར་ཡང་ཁས་མི་ལེན་ནོ། །དེའི་ཚེ་ནི། དོན་དམ་པའི་བདེན་པ་ཁོ་ནར་མ་ཟད། སྤྱིར་ཡོད་པའི་ཆོས་ཞེས་བྱ་བ་དང༌། དེ་བཀག་པའི་མེད་པ་ཞེས་བྱ་བ་དང༌། དེ་ཡང་བཀག་ནས་གཉིས་ཀ་མ་ཡིན་པ་དང༌། དེ་ཡང་བཀག་ནས་གཉིས་ཀ་ཡིན་པ་ཞེས་བྱ་བ་སྟེ། སྤྲོས་པའི་མཐའ་གང་ཡང་ཁས་མི་ལེན་ནོ། །དོན་དེ་ལ་དགོངས་ནས། ཇི་སྐད་དུ། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་བདེན་གཉིས་ལས་གསུངས་སོ། །འོ་ན་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ཞེས་ཐ་སྙད་བཏགས་པའི་མྱུ་གུ་ལ་སོགས་པ་རྣམས་བདེན་པར་ཁས་ལེན་པའི་སྐབས་གཅིག་དང༌། དེ་རྣམས་བདེན་པས་སྟོང་པའི་སྟོང་ཉིད་དེ་བདེན་པར་ཁས་ལེན་པའི་སྐབས་གཅིག་དང༌། དེ་འདྲ་དེ་ཡང་བརྫུན་པར་འཆད་པའི་སྐབས་གཅིག་དང༌། འཇོག་མཚམས་གསུམ་དགོས་པར་གང་ལས་ཤེས་ཤེ་ན། དབུ་མ་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་གྱུར་ལ། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཅེས་དང༌། ཨརྻ་དེ་ཝས། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་དང༌། ཞི་བ་ལྷས། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།