ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ཅ ༽

སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་བཟློག་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་བཟློག་པར་འགྱུར། །ཞེས་གསུངས་པའི་རིམ་པ་དེ་ལས་གསལ་བར་ཤེས་པ་ཡིན་ནོ། །མདོར་ན། ཇི་སྲིད་བདེན་པ་དང་པོ་རང་ལུགས་ལ་ཡོད་པར་ཁས་ལེན་པ་དེ་སྲིད་དུ། ཆོས་ཅན་ཇི་སྙེད་པ་མཐའ་དག་བདེན་པར་གྲུབ་བོ་ཞེས་སྨྲས་ན་མཛེས་ཀྱི། བདེན་པ་ཡིན་ཀྱང་བདེན་པར་མ་གྲུབ་བོ་ཞེས་ཟེར་བ་དེ་ནི་མི་མཛེས་པར་གྲུབ་པ་དང༌། ཡང་ཇི་སྲིད་བདེན་པ་གཉིས་པ་ཡོད་པར་ཁས་ལེན་པ་དེ་སྲིད་དུ། མྱ་ངན་ལས་འདས་པ་དང༌། བདེན་སྟོང་སྤྲོས་བྲལ་སོགས་ཆོས་ཉིད་མཐའ་དག་བདེན་པར་གྲུབ་བོ་ཞེས་སྨྲས་ན་མཛེས་པ་ཡིན་གྱི། དེ་བདེན་ཀྱང་དེ་བདེན་པར་གྲུབ་པ་མིན་ཞེས་སྨྲས་ན་མཛེས་པ་མ་ཡིན་ཏེ། དེ་གཉིས་ནི་ཚིག་ཐ་དད་པ་ཡིན་གྱི་དོན་ལ་གཅིག་ཏུ་འདུ་བའི་ཕྱིར་དང༌། ཆོས་ཉིད་ཀྱང་མཐར་ནི་རྣལ་འབྱོར་གྱི་ཀུན་རྫོབ་ཏུ་འཆད་དགོས་པ་ཡིན་ལ། རྣལ་འབྱོར་གྱི་ཀུན་རྫོབ་ཅེས་བྱ་བ་ཡང་དབུ་མའི་གྲུབ་མཐས་བཏགས་པའི་རྟོག་པ་ལ་ཟེར་བ་ཡིན་ལ། རྟོག་པ་དེས་བདེན་པར་བཟུང་བ་དང༌། བདེན་གྲུབ་ཏུ་བཟུང་བ་གཉིས་དོན་གཅིག་པའི་ཕྱིར། དེ་ལྟ་ན་ཡང་རང་ལུགས་ལ་བདེན་པར་གྲུབ་པའི་ཉེས་པ་ལས་གྲོལ་བ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་སོགས་ཀྱི་རིགས་པས་མཐར་དེ་ཡང་འགོག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་གསུངས་སོ། །འོ་ན་དང་པོ་ནས་མཐའ་བྲལ་གྱི་ཚུལ་དེ་བསྟན་པས་ཆོག་མོད་སྙམ་ན། ཀུན་རྫོབ་ཀྱི་བདེན་པ་ལ་མ་བསླབ་པར་དོན་དམ་པའི་བདེན་པ་བསྟན་ན། སྟོང་པ་ཉིད་ལ་བལྟ་ཉེས་པའི་དུག་ཅེས་བྱ་བ་དེས་ཟིན་པར་འགྱུར་བའི་ཉེས་པ་དང༌། དོན་དམ་པའི་བདེན་པ་མ་བསྟན་པར། མཐའ་བྲལ་གྱི་ཚུལ་དེ་བསྟན་ཀྱང༌། དེ་རྟོགས་པར་ནུས་པ་མིན་ཏེ། ཇི་སྐད་དུ། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །འདིར་སྨྲས་པ། མཐའ་གཉིས་སེལ་བའི་གཞུང་ཆེན་མ་བསླབས་པར། །ཁོལ་འདོན་མངོན་པའི་ཚིག་འགའ་ལ་བརྟེན་ནས། །མདོ་རྒྱན་འཆད་པའི་ཁེངས་པ་དེ་བོར་ལ། །མཐའ་བྲལ་དབུ་མའི་ཚུལ་འདི་ཐོག་མར་སློབས། །ཞེས་བྱ་བ་འདི་ནི་བདེན་གཉིས་ཀྱི་རྣམ་པར་བཞག་པའོ། །གཉིས་པ་བདེན་པ་བཞིའི་རྣམ་པར་བཞག་པ་ལ་གསུམ་སྟེ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། འཕགས་པས་གཟིགས་པ་དང་མཐུན་པར་གནས་པ་དེ། བདེན་པ་ཙམ་གྱི་མཚན་ཉིད་དོ། །གཉིས་པ་ནི་འཕགས་པས་སྡུག་བསྔལ་དུ་གཟིགས་པ་དང་མཐུན་པར་དེར་གནས་པས་ན། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །འདི་ཡང་གཙོ་བོར་འདུ་བྱེད་ཀྱི་སྡུག་བསྔལ་ལ་བསམ་པ་ཡིན་ཏེ། ཇི་སྐད་དུ། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང༌། །ཞེས་གསུངས་སོ། །ཡང་འཕགས་པས་སྡུག་བསྔལ་ཀུན་འབྱུང་བའི་རྒྱུར་གཟིགས་པ་དང་མཐུན་པར་དེར་གནས་པས་ན། ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ། །འདི་ཡང་གཙོ་བོར་བདེ་འགྲོ་འཕེན་བྱེད་ཀྱི་ལས་དང་ཉོན་མོངས་པ་ལ་འཆད་དགོས་པ་ཡིན་ཏེ། ངན་འགྲོའི་དེར་གྱུར་པའི་དེ་དང་དེ་ནི་བྱིས་པས་ཀྱང་དེའི་རྒྱུར་རྟོགས་པའི་ཕྱིར། ཡང་ཐར་པར་བགྲོད་པའི་ཐབས་སུ་འཕགས་པས་གཟིགས་པ་དང་མཐུན་པར་དེར་གནས་པས་ན། དེ་ཞེས་བྱའོ། །འདི་ཡང་གཙོ་བོར་ཤེས་རབ་ཀྱི་ཆ་ལ་འཇོག་པ་ཡིན་ཏེ། ཐབས་ཀྱི་ཆ་རྣམས་ནི་བྱིས་པས་ཀྱང་དེར་རྟོགས་པའི་ཕྱིར། འདི་གསུམ་ཀ་ཀུན་རྫོབ་བདེན་པའམ་ཅི་ཞེ་ན། རྣལ་འབྱོར་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཆར་གྱུར་པའི་ལམ་ནི་འཕགས་པ་རྣམས་ཀྱི་དོན་དམ་པ་དང༌། ཐབས་ཀྱི་ཆར་གྱུར་པའི་ལམ་ནི་རྣལ་འབྱོར་ཀུན་རྫོབ་ཀྱི་དབང་དུ་བྱས་པ་དང༌། འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ན་ནི། བདེན་པ་དང་པོ་གཉིས་ལ་འཇོག་པས་སོ། །ཡང་འཕགས་པས་སྡུག་ཀུན་འགགས་པའི་འགོག་པར་གཟིགས་པ་ལྟར་དེར་གནས་པས་དེ་ཞེས་བྱའོ། །འདི་ཡང་དོན་དམ་པའི་འགོག་པ་ལ་གཙོ་བོར་བྱ་དགོས་པ་ཡིན་ཏེ། བརྡའི་འགོག་པ་ཙམ་ནི་བྱིས་པས་ཀྱང་དེར་མཐོང་བའི་ཕྱིར་རོ། །དེས་ན་འདི་དག་ལ་འཕགས་པའི་བདེན་པ་ཞེས་ཟུར་ཕྱིན་པར་བཤད་པ་ཡིན་ནོ། །གསུམ་པ་མཚན་གཞི་ལ་བཞི་ལས། དང་པོ་ལ་ཡང་མཚན་ཉིད་མཚན་གཞིའོ། །དང་པོ་ནི། རང་རྒྱུ་ཀུན་འབྱུང་གི་འབྲས་བུ་གང་ཞིག མི་རྟག་སོགས་མཚན་ཉིད་བཞིའི་སྒོ་ནས་ཤེས་པར་བྱ་བའོ། །འདིར་འབྲས་བུར་འགྲོ་ཚུལ་ནི་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུ་དང༌། བདག་པོའི་འབྲས་བུའོ། །འབྲས་བུ་གཞན་གསུམ་གྱི་སྒོ་ནས་འདི་གཉིས་རྒྱུ་འབྲས་སུ་མི་འཇོག་པ་ནི་ཞར་ལ་ཤེས་པར་བྱའོ། །འོ་ན་མཚན་ཉིད་ཟུར་བཞི་པོ་འདི། ཐུན་མོང་མ་ཡིན་པར་མཚོན་པ་རང་གི་མཚན་ཉིད་དམ། གཞན་དང་ཐུན་མོང་དུ་མཚོན་པ་གཉིས་ལས་གང་བཟུང་ཞེ་ན། འགྲེལ་པ་དོན་གསལ་ལས་བཞི་པོ་རང་གི་མཚན་ཉིད་དུ་གསུངས་ལ། ཆོས་མངོན་པ་ལྟར་ན་གཅིག་ནི་རང་གི་མཚན་ཉིད་ཡིན་ལ། གསུམ་ནི་སྤྱིའི་མཚན་ཉིད་དོ། །དེ་ཡང་མི་རྟག་པ་ནི་འདུས་བྱས་སྤྱིའི་མཚན་ཉིད་དང༌། སྟོང་བདག་མེད་གཉིས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་དོ། །འདིར་སྡུག་བསྔལ་ཞེས་པ་གཞན་གྱི་འཆད་ཚུལ་ལྟར་ཟག་བཅས་སྤྱི་ལ་བཤད་ན་མངོན་པ་ལས། སྡུག་བདེན་ལ་རང་གི་མཚན་ཉིད་མ་བསྟན་པར་འགྱུར་ཏེ། སྡུག་བསྔལ་ཞེས་པ་དེ་ཡང་ཀུན་འབྱུང་དང་ཐུན་མོང་གི་མཚན་ཉིད་དུ་སོང་བས་སོ། །འོ་ན་འདིར་རང་སྤྱིའི་མཚན་ཉིད་གཉིས་ཀྱི་སྒོ་ནས་བཤད་ནས། གཞན་གསུམ་པོ་དེའི་སྒོ་ནས་མི་འཆད་པ་ཅི་ཞེ་ན། འདིར་དེར་བཤད་པ་ན། གཞན་གསུམ་པོ་ཡང་དེར་རྟོགས་ནུས་པ་ཡིན་ཏེ། མཚན་ཉིད་གསུམ་པོ་དེས་བདེན་པ་གཞན་ལ་ཡང་ཁྱབ་བྱེད་དུ་འགྱུར་བའི་ཕྱིར་རོ། །འགོག་པའི་བདེན་པ་ཡང་དངོས་པོའི་སྟེང་ནས་འཇོག་པ་མངོན་པ་གོང་མའི་ཡང་ལུགས་སུ་གསལ་བས། དེ་ལ་ཡང་མི་རྟག་པས་ཁྱབ་པར་འདོད་དོ། །དེ་ལྟར་ན་མཚན་ཉིད་གཅིག་པོ་དེས་སྡུག་བདེན་མཚོན་པར་ནུས་སོ། །དེ་ཡང་སྡུག་བསྔལ་ཞེས་པ་ཚོར་བ་བདེ་སྡུག་གཉིས་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་འདུ་བྱེད་ཀྱི་སྡུག་བསྔལ་ལ་འཆད་དགོས་པ་ཡིན་ཏེ། གཞན་དུ་ན་ཚོར་བ་བདེ་བ་ལ་མ་ཁྱབ་པར་འགྱུར་བས་སོ། །དེ་སྐད་དུ་ཡང་མངོན་པ་ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་མཚན་ཉིད་གང་ཞེ་ན། སྡུག་བསྔལ་གསུམ་དང༌། སྡུག་བསྔལ་ཉིད་རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་བའོ། །ཞེས་དང༌། མཛོད་ལས། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་གསུངས་སོ། །གཉིས་པ་མཚན་གཞི་ནི། ལས་དང་ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སེམས་ཅན་དང༌། དེའི་བདག་པོའི་འབྲས་བུར་གྱུར་པའི་སྣོད་ཀྱི་འཇིག་རྟེན་ནོ། །དེ་སྐད་དུ་ཡང་མངོན་པ་ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་སོ། །འདིར་བོད་གཞན་དག་ལ་ལོག་པར་རྟོག་པ་འདི་དག་སྣང་སྟེ། ལ་ལ་ནི་སེམས་ཅན་གང་ཡིན་ཐམས་ཅད་སྡུག་བསྔལ་གྱི་བདེན་པའོ་ཞེས་དང༌། ཁ་ཅིག་ནི་ཟག་བཅས་མཚན་ཉིད་པ་གང་ཡིན་ཐམས་ཅད་དེའོ་ཞེས་དང༌། གཞན་དག་ནི། ཚོགས་སྦྱོར་ལྟ་བུ་སྡུག་བདེན་དང༌། ལམ་བདེན་གྱི་གཞི་མཐུན་ནོ། །ཞེས་ཟེར་བ་དག་སྣང་ངོ༌། །དང་པོ་མི་འཐད་དེ། ལྷག་མེད་ཀྱི་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་དང༌། འཇིག་རྟེན་ཆོས་མཆོག་གི་ལུས་རྟེན་བོར་བའི་བྱང་སེམས་འཕགས་པ་རྣམས་དེར་འཐད་པ་མ་ཡིན་ཏེ། དེ་དག་ལས་ཉོན་གྱི་རྣམ་སྨིན་ཡང་མ་ཡིན། དེའི་དབང་གིས་བྱུང་བ་ཡང་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ཉིད་ལས། ལས་དང་ཉོན་མོངས་པས་བསྐྱེད་པ་ལས་དང་ཉོན་མོངས་པ་ལས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་གསུངས་པའི་ཕྱིར། ལུགས་གཉིས་པ་དེ་ཡང་འཐད་པ་མ་ཡིན་ཏེ། དེ་ལྟ་ན་ཀུན་འབྱུང་གི་བདེན་པ་མཐའ་དག་དང༌། ལམ་ཟག་བཅས་མཐའ་དག་སྡུག་བསྔལ་གྱི་བདེན་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ཡང་དེ་ལྟ་ན། བདེན་པ་བཞི་འཇོག་མཚམས་མི་རྙེད་པར་འགྱུར་བ་དང༌། བདེན་པ་དང་པོ་ལ་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པའི་མཚན་ཉིད་གཅིག་མ་བསྟན་པར་འགྱུར་རོ། །འོ་ན་མདོ་ལས། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེས་ནི་སྡུག་བསྔལ་གྱི་རྒྱུ་ཡང་དེར་བསྟན་པས་ན་ཀུན་འབྱུང་གི་བདེན་པ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པ་ལ་བསམ་ནས་དེར་བསྡུས་པ་ཡིན་ལ། འདིར་ནི་སྡུག་བསྔལ་དང་ཀུན་འབྱུང་གཉིས་སོ་སོར་འབྱེད་པའི་སྐབས་ཡིན་པའི་ཕྱིར། ལུགས་གསུམ་པ་ཡང་མི་འཐད་དེ། སྡུག་བསྔལ་གྱི་བདེན་པ་ཡིན་ན་འཁོར་བ་ཡིན་དགོས་ལ། དེ་ཡིན་ན་ཐར་པའི་ལམ་དུ་འགལ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་སོ། །དེས་ན་འདི་ལྟར་འཆད་དགོས་ཏེ། བདེན་པ་བཞི་པོ་ནི་མཐའ་གཅིག་ཏུ་གཞི་མཐུན་མི་སྲིད་པའི་འགལ་བ་ཅན་ཡིན་ནོ། །ཇི་ལྟར་ཞེ་ན། སྡུག་ཀུན་གང་རུང་ཡིན་ན་ཟག་བཅས་ཡིན་པས་ཁྱབ། འགོག་ལམ་གང་རུང་ཡིན་ན་ཟག་མེད་ཡིན་དགོས་པས་སོ། །དང་པོ་གཉིས་ཀྱང་འགལ་བ་ཡིན་ཏེ། སྡུག་བསྔལ་གྱི་བདེན་པ་ཡིན་ན་བྱེ་བྲག་ཏུ་མ་སྒྲིབ་ལ་ལུང་མ་བསྟན་པ་ཡིན་དགོས། ཀུན་འབྱུང་གི་བདེན་པ་ཡིན་ན་ཉོན་མོངས་པ་ཅན་དང་དགེ་བ་ཟག་བཅས་གང་རུང་ཡིན་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་ཡིན་ན་ལས་དང་ཉོན་མོངས་པའི་རྣམ་སྨིན་དང་བདག་པོའི་འབྲས་བུ་གང་རུང་ཡིན་དགོས་པའི་ཕྱིར། དེ་ཡང་དེའི་བདག་འབྲས་སུ་གྱུར་པའི་སྣོད་ཀྱི་འཇིག་རྟེན་ལུང་མ་བསྟན་ཡིན་པ་ནི་ཤེས་པར་སླ་ལ། དེའི་རྣམ་སྨིན་ལ་ལུང་མ་བསྟན་གྱིས་ཁྱབ་པ་ནི་ཆོས་མངོན་པའི་སྤྱི་སྐད་ཡིན་ཅིང༌། སྡུག་བདེན་ལ་དེ་གཉིས་གང་རུང་གིས་ཁྱབ་པའི་ཤེས་བྱེད་ནི། བཞིའི་ཟླས་ཕྱེ་བའི་སྡུག་བདེན་གྱི་མཚན་གཞི་ལ། དེ་གཉིས་ལས་གཞན་ཡོད་པར་འཆད་བྱེད་ཀྱི་ཚད་ལྡན་གྱི་གཞུང་མི་སྣང་བའི་ཕྱིར། འོ་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཀ་འདུ་བྱེད་ཀྱི་སྡུག་བསྔལ་དུ་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་མོད། དེས་ནི་འདི་ལ་ཕན་པ་མིན་ཏེ། དེ་མི་ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་འཆད་པའི་སྐབས་ཡིན་ལ། འདིར་ནི་ཟག་བཅས་ལ་སྡུག་ཀུན་གཉིས་སུ་འབྱེད་པའི་སྐབས་ཡིན་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་ཀུན་གཉིས་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་རྒྱུ་མཚན་གྱིས་ཆོས་མངོན་པ་བདག་གིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་འཆད་པའི་ཕྱིར་རོ། །འོ་ན་སྡུག་བསྔལ་གྱི་བདེན་པ་ལ་ཉེ་བར་ལེན་པའི་ཕུང་པོ་ཡང་ཇི་ལྟར་དུ་ཡོད་ཅེ་ན། མངོན་པ་གོང་མ་བ་ལྟར་ན་ཁམས་དང་ས་དེས་བསྡུས་པའི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་འཁོར་དང་བཅས་པ་ནི་སྡུག་བསྔལ་གྱི་བདེན་པ་དངོས་དང༌། དེའི་སྟེང་གི་གཟུགས་སུ་སྣང་བའི་བག་ཆགས་སད་པ་ལས་བྱུང་བའི་མིག་ལ་སོགས་པའི་དབང་པོ་ལྔར་སྣང་བ་རྣམས་དང༌། དེ་ལ་བཏགས་པའི་བཏགས་ཡོད་དུ་གྱུར་པའི་འགྲོ་བ་རྣམས་ཀྱང་ངོ༌། །མངོན་པ་འོག་མ་ལྟར་ན། ཇི་སྐད་དུ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་ཞེས་བཤད་པ་དེའོ། །དེ་ཡང་མངོན་པ་འོག་མ་ལྟར་ན། མི་དགེ་བའི་ལས་ཀྱི་རྣམ་སྨིན་དངོས་ནི་ལུས་ཀྱི་ཚོར་བ་ཁོ་ན་དང༌། དགེ་བ་ཟག་བཅས་ལ་རྟོག་བཅས་རྟོག་མེད་གཉིས་ལས། དང་པོའི་རྣམ་སྨིན་ལ་ལུས་ཚོར་དང༌། སེམས་ཚོར་གཉིས་ཀ་ཡོད་པ་དང༌། གཉིས་པའི་རྣམ་སྨིན་ནི་སེམས་ཚོར་ཁོ་ནར་བཤད་པ་དེ་དག་སྡུག་བདེན་དངོས་དང༌། དེའི་རྒྱུ་མཚན་གྱིས་དེ་དང་དེ་ལ་བཏགས་པའི་བཏགས་ཡོད་དུ་གྱུར་པའི་འགྲོ་བ་རྣམས་ཀྱང་སྡུག་བསྔལ་གྱི་བདེན་པར་རྣམ་པར་བཞག་གོ །ཡང༌། ཡང་སྲིད་འཕེན་འགྲུབ་ཀྱི་རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་རྣམས་ནི་སྡུག་བསྔལ་གྱི་བདེན་པ་མིན་ཏེ། དེ་རང་གི་ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་ལས་བྱུང་བ་ཡིན་ཀྱང༌། རང་གི་རྣམ་སྨིན་གྱི་རྒྱུར་རྒྱུར་པའི་དེ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འཆད་པ་འདི་ཡང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་སྡུག་ཀུན་གྱི་བདེན་གཉིས་ཇི་ལྟར་འཇོག་པའི་ཚུལ་གསལ་བར་བཤད་པ་ལས་ཤེས་པ་ཡིན་ནོ། །འོ་ན་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་ཀུན་འབྱུང་གི་བདེན་པར་བཞག་ཏུ་རུང་ན། དེའི་རྒྱུ་མཐུན་གྱི་འབྲས་བུ་ལ་སྡུག་བསྔལ་གྱི་བདེན་པར་བཞག་ཏུ་མི་རུང་བ་འགལ་ལོ་སྙམ་ན། དེ་མི་རུང་བ་མ་ཡིན་ཏེ། འགྲུབ་བྱེད་ཀྱི་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་གང་ཡིན་སྡུག་བདེན་དུ་ཁས་ལེན་པ་ནི་མ་ཡིན་གྱི། དེའི་རྒྱུ་མཐུན་གྱི་འབྲས་བུ་དང༌། སྡུག་བདེན་གྱི་གཞི་མཐུན་ཞིག་ཡོད་པ་དེའི་ཚེ་ན་དེ་འདྲ་དེ་སྤྱིར་རྣམ་སྨིན་གྱི་འབྲས་བུར་ཁས་ལེན་པའི་ཕྱིར། དཔེར་ན་བདེ་འགྲོའི་འགྲོ་བ་དེ་རང་འགྲུབ་བྱེད་ཀྱི་ལས་དེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ཀྱང༌། སྤྱིར་རྣམ་སྨིན་གྱི་འབྲས་བུ་ཡིན་པ་བཞིན་ནོ། །གཉིས་པ་ཀུན་འབྱུང་བདེན་པ་ལ། མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རང་འབྲས་སྡུག་བསྔལ་གྱི་རྒྱུ་གང་ཞིག རྒྱུ་སོགས་མཚན་ཉིད་བཞིའི་སྒོ་ནས་སྤང་བར་བྱའོ། །འདི་ལ་དེ་དེའི་རྒྱུ་ཇི་ལྟར་ཡིན་པའི་ཚུལ། མཚན་གཞི་ངོས་བཟུང་བའོ། །དང་པོ་ནི། རྣམ་སྨིན་གྱི་དང༌། སྐལ་པ་མཉམ་པའི་རྒྱུ་དང༌། བྱེད་པའི་རྒྱུ་གང་རུང་དུ་འགྱུར་རོ། །དེ་ཡང་དང་པོ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་རྣམས་ནི་དེས་འཕངས་པའི་རྣམ་སྨིན་དེའོ། །གཉིས་པ་ནི། འཕེན་བྱེད་ཀྱི་ལས་དེ་གསོས་འདེབས་བྱེད་ཀྱི་ལས་རྣམས་ནི། འཕེན་བྱེད་དེས་འཕངས་པའི་རྣམ་སྨིན་གྱི་སྐལ་བ་མཉམ་པའི་རྒྱུའོ། །གསུམ་པ་ནི། ཡང་སྲིད་འཕེན་འགྲུབ་ཀྱི་ལས་གཉིས་ཀ་ཡང་དེའི་དབང་གི་འབྲས་བུར་གྱུར་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བྱེད་པའི་རྒྱུའོ། །དེ་ཡང་ཞིབ་མོར་ཕྱེ་ན། འཕེན་བྱེད་དང་འགྲུབ་བྱེད་དངོས་ནི་ལས་དེ་དང་དེ་ཡིན་ལ། དེའི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་ལ་ཡང་འཕེན་འགྲུབ་ཀྱི་རྒྱུ་ཞེས་པ་དང༌། རྣམ་སྨིན་དང་སྐལ་མཉམ་གྱི་རྒྱུར་བཞག་པ་ནི། དེ་དང་དེའི་ཀུན་སློང་ཡིན་པ་ལ་བསམ་ནས་དེར་བཏགས་པའོ། །གཉིས་པ་ནི། ཡང་སྲིད་ཀྱི་བག་ཆགས་འཇོག་པར་བྱེད་པས་ན་རྒྱུའོ། །བག་ཆགས་བཞག་པ་དང་མཐུན་པར་སྡུག་བསྔལ་བསྐྱེད་པས་ན་ཀུན་འབྱུང་ངོ༌། །འདི་གཉིས་ནི་འཕེན་འགྲུབ་ཀྱི་ལས་དང་ཉོན་མོངས་པའི་དོན་ནོ། །སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་འབྱེད་པས་ན་རབ་ཏུ་སྐྱེ་བའོ། །འདིས་ནི་འགྲུབ་བྱེད་ཀྱི་ཁྱད་པར་སོ་སོ་བ་རྣམས་ངོས་བཟུང་བ་ཡིན་ནོ། །སྡུག་བསྔལ་སྔ་མ་འདོར་ཞིང་ཕྱི་མ་ལེན་པར་བྱེད་པས་ན་རྐྱེན་ནོ། །འདིས་ནི་རྒྱུ་འབྲས་ཀྱི་ཆ་གཉིས་པ་ཞིག་གི་འཕེན་འགྲུབ་ཀྱི་རྒྱུ་གཉིས་ངོས་བཟུང་བ་ཡིན་ནོ། །བཞི་པོ་འདི་ནི། ཀུན་འབྱུང་བདེན་པ་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་ཀྱི་དབང་དུ་བྱེད་པ་ཁོ་ན་ཡིན་ཏེ། བཞི་པོ་འདི་ནི་བདེན་པ་གཞན་གསུམ་པོ་གང་ལ་ཡང་རྗེས་སུ་མི་འགྲོ་བའི་ཕྱིར། གཉིས་པ་མཚན་གཞི་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དང༌། དེས་ཀུན་ནས་བསླངས་པའི་ལས་རྣམས་སོ། །འདིར་ཉོན་མོངས་པའི་བག་ལ་ཉལ་དང༌། དེའི་ས་བོན་གཉིས་ཀ་ཡང་ཀུན་འབྱུང་གི་བདེན་པར་མི་འཇོག་སྟེ། ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་གང་དུ་ཡང་མི་རུང་ཞིང༌། དེ་ལས་གཞན་པའི་ཀུན་འབྱུང་གི་བདེན་པ་ནི་གཞུང་འགྲེལ་ལས་མ་བཤད་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཟག་བཅས་ཀྱི་ལས་ཀུན་ནས་སློང་བྱེད་དང༌། དེས་བསླངས་པའི་ལས་གང་རུང་མ་ཡིན་པའི་ཕྱིར། དེ་ལྟར་ན་དེ་གཉིས་འཕེན་འགྲུབ་ཀྱི་ལས་གང་གི་ཡང་ཀུན་སློང་དུ་མི་རུང་བའི་རྒྱུ་མཚན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་འཆད་པ་ན་འཕེན་འགྲུབ་ཀྱི་ཡན་ལག་ཏུ་མ་བཤད་པ་ཡིན་ནོ། །མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་པ་དེའི་ཚེ། དེ་དུས་ཀྱི་རྒྱུ་འབྲས་གཉིས་པོ་ནི་སྡུག་ཀུན་གང་དུ་ཡང་མི་རུང་སྟེ། རྒྱུ་ནི་ཟག་མེད་ཀྱི་ལས་ཡིན་པས། ཀུན་འབྱུང་དུ་མི་རུང་རྒྱུ་ཟག་མེད་ཀྱི་ལས་ལས་འབྲས་བུ་སྡུག་བསྔལ་མི་སྲིད་པའི་ཕྱིར། འདིས་ཀྱང་ཉོན་མོངས་པའི་བག་ཆགས་ཉོན་མོངས་པའི་ཀུན་འབྱུང་མ་ཡིན་པར་གྲུབ་སྟེ། ཉོན་མོངས་པའི་ཀུན་འབྱུང་གིས་རྒྱུའི་ཀུན་སློང་བྱས་པའི་ལས་ཡིན་ན། ཟག་མེད་ཀྱི་ལས་ཡིན་པར་འགལ་བའི་ཕྱིར། བག་ཆགས་དེ་སྡུག་བདེན་དུ་ཁས་ལེན་པར་ཡང་མི་རིགས་ཏེ། ཤེས་བྱའི་སྒྲིབ་པར་འཇོག་དགོས་པའི་ཕྱིར། ཉོན་མོངས་པའི་ས་བོན་ཡང་སྡུག་བསྔལ་གྱི་བདེན་པར་མི་རིགས་ཏེ། དེ་ཉོན་མོངས་པའི་རྣམ་སྨིན་ལྟ་ཞོག དེའི་རྒྱུ་མཐུན་དང་བདག་པོའི་འབྲས་བུར་ཡང་མི་རིགས་པའི་ཕྱིར། དེ་ལྟར་ན་སྡུག་ཀུན་གཉིས་ལ་ཆོས་མངོན་པ་ལས་ཉོན་མོངས་པའི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པ་དང༌། རྣམ་སྨིན་གྱི་སྒྲིབ་པ་ཞེས་བཤད་ལ། གསུམ་པོ་དེར་སྡུག་ཀུན་གྱི་བདེན་པ་མ་ལུས་པར་འདུས་ཤིང༌། གསུམ་པོ་དེ་ཡང་འགལ་བ་ཁོ་ནའོ། །གསུམ་པ་འགོག་པའི་བདེན་པ་ལ། མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རང་ཐོབ་བྱེད་ཀྱི་ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས་གང་ཞིག འགོག་སོགས་མཚན་ཉིད་བཞིའི་སྒོ་ནས་མངོན་དུ་བྱ་བའོ། །འདི་ལ་འབྲས་བུ་ཇི་ལྟར་ཡིན་པའི་ཚུལ། མཚན་ཉིད་སོ་སོའི་ངེས་འཛིན་ནོ། །དང་པོ་འགོག་ལམ་གཉིས་རྒྱུ་འབྲས་སུ་ཇི་ལྟར་འཐད་ཅེ་ན། འགོག་པ་ནི་ལམ་གྱི་བྲལ་འབྲས་ཡིན་ལ། ལམ་ནི་དེའི་རྒྱུར་མི་འདོད་དེ། དེ་ལ་དེའི་རྒྱུ་དྲུག་པོ་གང་གི་ཡང་རྣམ་གཞག་མི་རུང་བའི་ཕྱིར། འོ་ན་བྲལ་རྒྱུར་མི་འཇོག་པ་ཅི་ཞེ་ན། བྲལ་རྒྱུ་ཞེས་བྱ་བའི་ཐ་སྙད་མངོན་པ་ལས་མི་འབྱུང་ངོ༌། །གཉིས་པ་ནི། རྒྱུ་ལས་དང་ཉོན་མོངས་པ་འགགས་པས་ན་འགོག་པ། འབྲས་བུ་སྡུག་བསྔལ་ཉེ་བར་ཞི་བས་ན་ཞི་བ། འདོད་བྱ་མཆོག་ཡིན་པས་ན་གྱ་ནོམ། སྤངས་པ་སླར་མི་བཟློག་པས་ན་ངེས་འབྱུང་ངོ༌། །གཉིས་པ་མཚན་གཞི་ལ། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་ཆགས་སོགས་ཉོན་མོངས་པ་བཀག་པའི་མེད་དགག་གི་ཆའམ། ཡང་ན་དེའི་སྟེང་དུ་དེ་བཀག་པས་ཁྱད་པར་དུ་བྱས་པའི་མྱོང་བ་གསལ་རིག་གི་ཆ་གང་ཡིན་པའོ། །བོད་ཕྱི་མ་གང་དག འགོག་བདེན་ལ་མེད་དགག་གིས་ཁྱབ་པར་འདོད་པ་ནི། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་གི་ལུགས་སུ་ཡང་མི་རུང་སྟེ། མངོན་པ་ཀུན་ལས་བཏུས་ལས། མཚན་ཉིད་ཀྱི་ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་དང་ལམ་དང༌། ཉོན་མོངས་པ་མི་འབྱུང་བས་ཏེ། གང་དུ་འགོག་པ་དང༌། གང་གིས་འགོག་པ་དང༌། གང་འགོག་པའོ། །ཞེས་དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ། འགོག་བྱེད་ལམ་གྱིས་དགག་བྱ་གང་དང་གང་བཀག་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ཞིག་ལ་འགོག་བདེན་དུ་བཤད་ལ། ལུགས་འདི་ལ་ནི་དེ་བཞིན་ཉིད་བདེན་གྲུབ་ཏུ་འདོད་པས་མེད་དགག་ཏུ་མི་རིགས་པའི་ཕྱིར། སློབ་དཔོན་བཟང་པོའི་ཞབས་ཀྱིས་ཀྱང༌། མྱང་འདས་དང་ངོ་བོ་ཉིད་སྐུ་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ་ལྟར། འགོག་བདེན་ཡང་དེར་འཆད་པ་ལས་འོས་མེད་པའི་ཕྱིར་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པར། མདོ་དྲངས་པ་ལས། གཞན་ཡང་བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི། ཐོག་མ་མེད་པའི་དུས་ཅན་མ་བྱས་པ། མ་སྐྱེས་པ། ཟད་པ་མེད་པ། ཟད་པ་དང་བྲལ་བ། རྟག་པ། བརྟན་པ། ཞི་བ། མི་འཇིགས་པ། རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ། རྣམ་པར་དབྱེར་མེད་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱའོ། །ཞེས་གསུངས་ཏེ། རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་བཞག་པ་རྟོགས་པར་བྱའོ། །ཞེས་གསུངས་པས་སོ། །འགོག་པ་དེ་ལ་དབྱེ་ན། བརྡའ་དང་དོན་དམ་པ་གཉིས་ལས། དང་པོ་ནི་འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པར་བྱས་པའི་འགོག་པ་ཡིན་ལ། གཉིས་པ་ནི། དེ་ལས་འདས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་དྲུངས་ཕྱུང་བའི་འགོག་པའོ། །འདིར་ནི་ཕྱི་མའི་དབང་དུ་བྱས་ལ། དེ་ལ་དབྱེ་ན། ཡོངས་སུ་མ་རྫོགས་པའི་དང༌། ཡོངས་སུ་རྫོགས་པའི་དང༌། ཁྱད་པར་དུ་འཕགས་པའི་འགོག་པ་དང་གསུམ། དང་པོ་ནི། འཕགས་པ་སློབ་པའི་འགོག་པ་ལ་བྱས་ལ། གཉིས་པ་ནི་ཐེག་ཆེན་གྱི་མི་སློབ་པའི་འགོག་པ་ལ་བྱ། དེ་ལ་དབྱེ་ན་ལྷག་བཅས་ཀྱི་འགོག་པ་དང༌། ལྷག་མེད་ཀྱི་འགོག་པ་གཉིས། དང་པོ་ལ་དབྱེ་ན། རྒྱན་བཅས་ཀྱི་འགོག་པ་དང༌། རྒྱན་མེད་ཀྱི་འགོག་པ་གཉིས་སོ། །དང་པོ་ནི། རྣམ་པར་ཐར་པ་བརྒྱད་ཐོབ་པའི་འགོག་པ་དང༌། གཉིས་པ་ནི། དེ་མ་ཐོབ་པའི་དེའི་རྒྱུད་ཀྱི་འགོག་པའོ། །ལྷག་བཅས་དང་ལྷག་མེད་ཀྱི་ཁྱད་པར་ཡང༌། སྡུག་བསྔལ་གྱི་ཕུང་པོ་ལྷག་མ་ཡོད་མེད་ལ་བྱ་ཞིང༌། ཁྱད་པར་དུ་འཕགས་པའི་འགོག་པ་ནི་སངས་རྒྱས་ཀྱི་སའི་འགོག་པའོ། །མདོར་ན། བྱེ་བྲག་ཏུ་སྨྲ་བས། འགོག་པའི་ངོ་བོ་རྟག་པའི་དངོས་པོར་ཁས་ལེན་ཀྱང༌། འདུས་མ་བྱས་ཡིན་པས་རིག་པར་ཁས་མི་ལེན། མདོ་སྡེ་པས། སྤང་བྱ་དེ་དང་བྲལ་ཙམ་གྱི་མེད་དགག་གི་ཆ་ལ་འདོད་ཅིང༌། དེ་ཡང་སྤྱི་མཚན་ཡིན་པས་དོན་དམ་པའི་བདེན་པ་ཁས་མི་ལེན་ལ། རྣལ་འབྱོར་སྤྱོད་པ་བ་གཉིས་མེད་ཀྱི་རང་རིག་རང་གསལ་གྱི་ཆ་ལ་འདོད་ཅིང༌། དེ་ཡང་དོན་དམ་པའི་བདེན་པ་དང༌། འདུས་མ་བྱས་ལ་རྒྱུ་རྐྱེན་ལས་མ་སྐྱེས་པ་དང༌། ལས་ཉོན་གྱིས་འདུས་མ་བྱས་པ་ཞེས་བྱ་བའི་འཇོག་འཚམས་གཉིས་ཡོད་པའི། གཉིས་པ་དེའི་དབང་དུ་བྱས་པའི་འདུས་མ་བྱས་སུ་ཁས་ལེན། རྣལ་འབྱོར་སྤྱོད་པའི་དབུ་མ་པས་ཀྱང༌། དེ་ལྟར་ཞལ་གྱིས་བཞེས་ལ། སློབ་དཔོན་ཟླ་བ་གྲགས་པའི་གཞུང་ལས། མེད་དགག་གི་ཆ་ལ་བཤད་པ་དང༌། མ་ཡིན་དགག་གི་ཆ་ལ་བཤད་པ་གཉིས་ཀ་འབྱུང་ངོ༌། །བཞི་པ་ལམ་བདེན་ལ། མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རང་གི་བྲལ་འབྲས་འགོག་བདེན་ཐོབ་བྱེད་ཀྱི་རྒྱུ་གང་ཞིག ལམ་སོགས་མཚན་ཉིད་བཞིའི་སྒོ་ནས་རྒྱུད་ལ་བསྟེན་པར་བྱ་བའོ། །འདི་ལ་གཉིས་ལས། རྒྱུ་ཇི་ལྟར་ཡིན་པའི་ཚུལ་དང༌། མཚན་ཉིད་སོ་སོའི་ངོས་འཛིན་ནོ། །དང་པོ་ནི། དེ་དེའི་ཐོབ་བྱེད་ཀྱི་རྒྱུ་ཡིན་ཀྱང༌། དེའི་རྒྱུར་ཁས་མི་ལེན་ཏེ། སྤྱིར་འདུས་མ་བྱས་ཀྱི་རྒྱུ་ཆོས་མངོན་པ་ལས་མི་འབྱུང་བའི་ཕྱིར་དང༌། ལུགས་འདི་ལ་ཡང་དེའི་བཤད་པ་མེད་པའི་ཕྱིར་ཏེ། ཇི་སྐད་དུ། བཅོས་མ་མ་ཡིན་པའི་དོན་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་ཀྱི། བྱས་པ་ནི་མ་ཡིན་པས་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་དེ་འབྲས་བུར་མི་རུང་ལ། དེ་ཡང་མི་རུང་ན། མངོན་པ་ལས་བྲལ་འབྲས་དང༌། འབྲས་བུ་འདུས་མ་བྱས་ཀྱི་རྣམ་གཞག་བཤད་པ་དང་འགལ་ལོ་སྙམ་ན། ཁོ་འབྲས་བུ་ཡིན་པ་ལ་ཁོའི་རྒྱུ་ཡོད་མི་དགོས་པ་ནི། ཆོས་མངོན་པའི་ལུགས་ཡིན་ཏེ། ཇི་སྐད་དུ། མཛོད་ལས། འདུས་བྱས་བྲལ་བྱས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། །ཅེས་གསུངས་སོ། །གཉིས་པ་ནི། འདིས་བགྲོད་པའམ། འདིར་བགྲོད་པའི་དོན་གྱིས་ན་ལམ། མ་རིགས་པ་ཉོན་མོངས་པ་སྤོང་བས་ན་རིགས་པ། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབས་པས་བསྒྲུབ་པ། སྤང་བྱའི་ས་བོན་དྲུངས་འབྱིན་པར་བྱེད་པས་སམ་དེ་ཕྱུང་ཟིན་པས་ན་ངེས་འབྱིན་ནོ། །འདི་དག་ཀྱང་ཐེག་པ་ཐུན་མོང་གི་གཞུང་དང་མཐུན་པར་བཤད་པ་ཡིན་གྱི། ཐུན་མོང་མ་ཡིན་པ་ལྟར་ན། དེ་ལས་ཅུང་ཟད་རྒྱ་བསྐྱེད་ནས་བཤད་པར་བྱའོ། །གཉིས་པ་མཚན་གཞི་ནི། བོད་སྔ་མ་ཁ་ཅིག མངོན་པ་ཀུན་ལས་བཏུས་ལས། ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པ་ལ་བརྟེན་ནས། ལམ་ལྔ་ཀ་ལམ་བདེན་དུ་འདོད་པ་དང༌། ཡང་གཞན་དག་ནི་དེའི་འགྲེལ་པར། རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། །ཞེས་གསུངས་པ་ལ་བརྟེན་ནས་ཚོགས་སྦྱོར་གཉིས་དང༌། མཐར་ཕྱིན་པའི་ལམ་གསུམ་ནི། ལམ་བདེན་གྱི་རྒྱུ་དང་འབྲས་བུ་ཡིན་པའི་ཕྱིར། ལམ་བདེན་མཚན་ཉིད་པ་མ་ཡིན་ལ། དེ་བས་ན་ལམ་གྱི་བདེན་པ་མཚན་ཉིད་པ་ནི། མཐོང་བསྒོམ་གྱི་ལམ་གཉིས་པོ་ཁོ་ནའོ། །ཞེས་འཆད་པ་དང༌། ཡང་ལ་ལ་ནི། རྒྱུད་བླ་མར་ལམ་བདེན་འཆད་པ་ན། དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་གསུངས་པས། ཟག་མེད་བར་ཆད་མེད་ལམ་ཁོ་ན་ལམ་གྱི་བདེན་པར་འདོད་དོ། །དེ་དག་བརྟག་པར་བྱ་བ་ལ་གསུམ་སྟེ། ལུགས་སྔ་མ་གཉིས་མངོན་པའི་དགོངས་པ་མ་ཡིན་པ་དང༌། ལུགས་ཕྱི་མ་རྒྱུད་བླའི་དགོངས་པ་ཡིན་ཀྱང༌། དེར་བཤད་པ་དེ་ལམ་བདེན་ཙམ་གྱི་དབང་དུ་བྱས་པ་མ་ཡིན་པས་མ་ཁྱབ་པའི་ཉེས་པ་ཡོད་པའོ། །དང་པོ་ནི། ཚོགས་སྦྱོར་གཉིས་ལམ་བདེན་དུ་འདོད་པ་མི་འཐད་དེ། དེ་དག་ནི་ཟག་བཅས་ཡིན་པའི་ཚུལ་མངོན་པ་ལས་ལན་གཅིག་མ་ཡིན་པར་གསུངས་ལ། ལམ་གྱི་བདེན་པ་ལ་ཟག་མེད་ཀྱིས་ཁྱབ་པ་ཡང་དེ་ལྟར་དུ་གསུངས་པའི་ཕྱིར་རོ། །མཐར་ཕྱིན་པའི་ལམ་ལམ་བདེན་དུ་མི་འདོད་པ་ཡང་མི་འཐད་དེ། དེ་ཟག་མེད་དང༌། འདུས་བྱས་ཀྱི་གཞི་མཐུན་པའི་ཕྱིར་དང༌། དེ་དེ་མ་ཡིན་པའི་ཤེས་བྱེད་ནི། ལམ་མཚན་ཉིད་པ་མིན་པར་འདོད་པ་ལ་ཐུག་ལ། དེ་ལྟ་ན་ལམ་ལྔའི་གྲངས་ངེས་མི་འཐད་པར་ཐལ་བ་དང༌། བགྲོད་བྱའི་ལམ་གྱིས་དེའི་གོ་མི་ཆོད་ན། བགྲོད་བྱའི་ཐེག་པས་ཀྱང་དེའི་གོ་མི་ཆོད་པར་འགྱུར་རོ། །མདོར་ན། ཟག་པ་མེད་པའི་ལམ་ཡིན་པའི་རྒྱུ་མཚན་གྱིས་ལམ་གྱི་བདེན་པར་འཆད་པ་ནི་ཆོས་མངོན་པའི་ལུགས་སོ། །ཡང་ཁ་ཅིག་ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་རྒྱུ་སྙོམས་འཇུག་གི་བསམ་གཏན་དང༌། གཟུགས་མེད་རྣམས་དང༌། འགོག་པའི་སྙོམས་པར་འཇུག་པ་རྣམས་སྒོམ་ལམ་མཚན་ཉིད་པ་ཡིན་པར་ཁས་བླངས་ནས། སྒོམ་ལམ་ལ་ལམ་བདེན་གྱིས་ཁྱབ་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། དེ་དག་ནི་སྲིད་པ་གསོ་བར་བྱེད་པ་ཡིན་གྱི། སྲིད་པ་སུན་འབྱིན་པར་བྱེད་པ་མ་ཡིན་པས། ཐར་པའི་ལམ་མཚན་ཉིད་པར་བཞག་པ་དཀའ་ན། ལམ་གྱི་བདེན་པར་འཇོག་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་མཚན་ཉིད་པ་ཡིན་པའི་ཕྱིར། འོ་ན་དེ་དག་ཟག་པ་དང་བཅས་པའི་སྒོམ་ལམ་དུ་བཞག་པ་མ་ཡིན་ནམ་ཞེ་ན། དེར་བཤད་པ་ཙམ་གྱིས་སྒོམ་ལམ་མཚན་ཉིད་པར་བཞག་མི་ནུས་ཏེ། མངོན་པ་འོག་མར། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པའི་རྒྱུད་ཀྱི་སྙོམས་འཇུག་རྣམས་ལ་བྱིས་པའི་སྒོམ་ལམ་ཞེས་བཤད་ལ། དེ་ཡང་ཐར་པའི་ལམ་དུ་ཧ་ཅང་ཐལ་བའི་ཕྱིར། རྣལ་མའི་ལན་ནི། ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱ་བའམ། བགྲོད་པར་བྱེད་པའི་དོན་གྱིས་ན་ལམ། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའམ་སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པས་ན་བདེན་པ་ཞེས་འཆད་དགོས་པ་ཡིན་པ་ལ། དེའི་རྒྱུད་ཀྱི་སྙོམས་འཇུག་ཟག་བཅས་རྣམས་ཕར་ཞོག རྗེས་ཐོབ་དག་པ་འཇིག་རྟེན་པ་རྣམས་ཀྱང་ལམ་གྱི་བདེན་པར་བཤད་དཀའ་བའི་ཕྱིར། དེ་དཀའ་བ་ཡིན་ཏེ། ལམ་གྱི་བདེན་པ་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་ཡིན་དགོས་ལ། རྗེས་ཐོབ་དག་པ་འཇིག་རྟེན་པ་རྣམས་ནི་མངོན་པ་ཀུན་ལས་བཏུས་ལས། རྣམ་གྲངས་པའི་འདས་ལམ་དུ་བཤད་ཀྱི། དེ་འདས་ལམ་མཚན་ཉིད་པར་མ་བཤད་པའི་ཕྱིར། ཡང་མི་སློབ་པའི་ལམ་དེ་མིན་པར་འདོད་པ་རྒྱན་རྩ་འགྲེལ་གྱི་དགོངས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་ལམ་བདེན་ལ་མཁྱེན་པ་གསུམ་དུ་ཕྱེ་ནས་བཤད་པའི་ཕྱིར། དེ་ལྟར་ན། མི་སློབ་པའི་ལམ་ཇི་སྙེད་པ་མཐའ་དག་དང༌། སློབ་པའི་མཉམ་གཞག་ཟག་མེད་ཇི་སྙེད་པ་ནི་ལམ་གྱི་བདེན་པའོ། །གཉིས་པ་ནི། རྒྱུད་བླ་མར་ཆོས་དཀོན་མཆོག་འཆད་པའི་སྐབས་ཀྱི་ལམ་བདེན་དེ། ལམ་བདེན་ཡོངས་སུ་རྫོགས་པ་མ་ཡིན་ཏེ། དེ་སློབ་པའི་ལམ་བདེན་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། གང་གིས་ཆགས་པ་དང་བྲལ་བ་འཆད་པའི་སྐབས་ཀྱི་ཆོས་དཀོན་མཆོག་ཡིན་པའི་ཕྱིར་དང༌། མཐར་ཐུག་གི་སྐྱབས་སུ་མ་གྱུར་པའི་ཆོས་དཀོན་མཆོག་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །འོ་ན་ཚོགས་སྦྱོར་གཉིས་པོ་བདེན་པ་བཞི་པོ་གང་གིས་བསྡུས་ཤེ་ན། གང་གིས་ཀྱང་མ་བསྡུས་ཏེ། འགོག་ལམ་དུ་ཡང་མ་འདུས། སྡུག་ཀུན་དུ་འཆད་པའི་སྐབས་མེད་པའི་ཕྱིར། འོ་ན་གཏན་ལ་དབབ་པ་བསྡུ་བར། གཉིས་པོ་ཀུན་འབྱུང་གི་བདེན་པས་བསྡུས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལས་གསུངས་པ་དེ་ནི། ཚོགས་སྦྱོར་གཉིས་པོ་ཁོ་ནར་མ་ཟད། སློབ་པའི་ལམ་གྱི་ཟག་པ་དང་བཅས་པའི་ཆ་གང་ཡོད་པ་དེ་ཀུན་འབྱུང་དུ་འཆད་པ་ཡིན་ལ། དེའི་ཆ་ནས་ནི་ཐར་ལམ་དུ་བཞག་དཀའ་བའི་ཕྱིར། དཔེར་ན་ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་བསམ་གཏན་གྱི་སྙོམས་འཇུག་བཞིན་ནོ། །དེ་སྐད་དུ་ཡང་བསྡུ་བ་ལས། འཇིག་རྟེན་པའི་ཆོས་གང་དག་ཡང་འབྱུང་བའི་སྲིད་པ་སུན་འབྱིན་ཅིང༌། དེ་ལ་མི་ཕྱོགས་པ། འཇིག་རྟེན་ལས་འདས་པའི་ལམ་བསྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར། ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་ཞེས་ཟེར་ན། ཞེས་པའི་དྲི་བ་གཅིག་འབྱུང་ལ། དེའི་དོན་ནི། གོང་དུ་འཕགས་རྒྱུད་ཀྱི་དགེ་བ་ཟག་བཅས་རྣམས་ཟག་པས་བཅིང་པའི་དོན་གྱིས་ཟག་བཅས་སུ་འཇོག་པར་བཤད་པ་ལ། དེ་ལྟ་ན་ཐར་ལམ་ཟག་བཅས་རྣམས་ཀུན་འབྱུང་གི་བདེན་པར་འགྱུར་རོ། །དེ་ཡང་མི་འཐད་དེ། ཚོགས་སྦྱོར་དང༌། སྒོམ་ལམ་ཟག་བཅས་རྣམས་ནི། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། ཞེས་པའི་དོན་ནོ། །འདིའི་ལན་ལ་ནི། དེ་ཉིད་ལས། ཇི་སྐད་དུ། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་ཡིན་མོད་ཀྱི། ཡང་འབྱུང་བའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་དང་རྗེས་སུ་མཐུན་པ་ཡིན་པས། དེའི་ཕྱིར་དེ་དག་ཀྱང་ཀུན་འབྱུང་བའི་བདེན་པས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེའི་དོན་ནི། ཐར་ལམ་ཟག་བཅས་རྣམས་ལ་ཟག་པ་དང་བཅས་པའི་ཆ་ཞིག་དང༌། ཟག་པ་སུན་འབྱིན་པའི་ཆ་ཞིག་དང་གཉིས་ཡོད་ལ། དང་པོའི་ཆ་ནས་ཟག་བཅས་སུ་འཇོག་ཀྱང་ལམ་དུ་མི་འཇོག གཉིས་པའི་ཆ་ནས་ལམ་དུ་འཇོག་ཀྱང་ཟག་བཅས་སུ་མི་འཇོག དང་པོ་དེ་ཀུན་འབྱུང་དུ་འཇོག་ཀྱང་ལམ་དུ་མི་འཇོག ཅེས་པའི་དོན་དུ་གསལ་བས། ཚོགས་སྦྱོར་གཉིས་ཀུན་འབྱུང་གི་བདེན་པར་ཐལ་བ་མེད་དོ། །དེ་ལྟར་བཤད་པ་ན་བོད་ཀྱི་སློབ་དཔོན་གང་དག འཇིག་རྟེན་གྱི་ཁམས་བདེ་བ་ཅན་ལྟ་བུ་ལམ་གྱི་བདེན་པར་འཆད་པ་ཡང་སྤྱི་ཙམ་ནས་གསུང་རབ་ཀྱི་དགོངས་པ་དང་ཕྱོགས་མཐུན་ཡང༌། ཞིབ་ཏུ་བརྟགས་དགོས་ཏེ། དེ་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ན་ནི་ཉན་རང་དང་བྱང་སེམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་མི་འགྱུར་ལ། སློབ་པའི་སས་བསྡུས་ཡིན་ན་ནི། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལས་མ་འདས་པ་དང༌། གཉིས་སྣང་གི་བག་ཆགས་ཀྱི་དབང་གིས་བྱུང་བའི་སྣང་བ་ལས་མ་འདས་པས་ཇི་ལྟར་ན་ཡང་རྣམ་གྲངས་པའི་ལམ་གྱི་བདེན་པ་ལས་མ་འདས་སོ། །བག་ཆགས་ཀྱི་དབང་གིས་བྱུང་བ་ཅི་ཞེ་ན། མ་དག་པའི་སྣང་བ་དང་བྲལ་བའི་ཆ་དེ་དེ་ལས་བྱུང་བ་མ་ཡིན་ཀྱང༌། ཕྱི་རོལ་དུ་རྒྱང་ཆད་དུ་སྣང་བའི་ཆ་དེ་གཉིས་སྣང་གི་བག་ཆགས་ལས་བྱུང་བ་ཡིན་ཏེ། དེའི་བག་ཆགས་དྲུངས་ཕྱུང་བའི་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བ་དེ་མི་འཆར་བའི་ཕྱིར་རོ། །འདིར་སྨྲས་པ། རྒྱ་ཆེན་མངོན་པའི་གཞུང་ལུགས་མ་བཀླགས་པར། །བདེན་བཞི་འཆད་པའི་མུ་ཅོར་བརྒྱ་ཕྲག་གིས། །རང་གཞན་བློ་གྲོས་རྨོངས་པ་འགའ་མེད་དམ། །རྒྱན་འགྲེལ་འཆད་པའི་ཐོག་མར་འདི་ལོངས་ཤིག །གཉིས་པ་ལ་རྟེན་དཀོན་མཆོག་གསུམ་བཤད་པ་དང༌། གནས་སྐབས་ཀྱི་ཡོན་ཏན་སྤྱན་སོགས་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་སྐྱབས་གསུམ་ངོས་བཟུང༌། དེ་ལྟར་བཤད་པ་ལ་ཐེག་པ་ཐུན་མོང་གི་ལུང་དང་འགལ་བ་སྤངས། དཀོན་མཆོག་གི་སྒྲ་དོན་བཤད་པའོ། །དང་པོ་ལ་གསུམ་ལས། སངས་རྒྱས་དཀོན་མཆོག་ལ་མཚན་ཉིད་དང་མཚན་གཞི། དེ་ལ་དེ་ཚང་བར་བསྒྲུབ་པའོ། །དང་པོ་ནི་འདུས་མ་བྱས་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་དུ་བྱས་པའི་སྐྱབས་སོ། །གཉིས་པ་ནི་སྤངས་རྟོགས་དབྱེར་མེད་པའི་ཆོས་ཀྱི་སྐུའི་ཡེ་ཤེས་སོ། །གསུམ་པ་ནི། མཚན་གཞི་དེ་ལ་ལྡོག་པས་ཕྱེ་ན། སྤངས་པ་དང་རྟོགས་པའི་ཆ་གཉིས་ལས། དང་པོ་ལ་གསུམ་སྟེ། རང་བཞིན་རྣམ་དག་གི་ཆ་དང༌། བློ་བུར་རྣམ་དག་གི་ཆ་དང༌། དེ་ལྟ་བུའི་དག་པ་གཉིས་ལྡན་དེ་རྟགས་དང་དཔེ་སོགས་ཀྱིས་རྟོགས་པར་མི་ནུས་པའི་ཆ་སྟེ། ལྡོག་ཆ་གསུམ་མོ། །དེ་ལྟར་གསུམ་ལས་དང་པོ་ལ་འདུས་མ་བྱས་པ་དང༌། གཉིས་པ་ལ་ལྷུན་གྱིས་གྲུབ་པ་དང༌། གསུམ་པ་ལ་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་ཞེས་བྱའོ། །གཉིས་པ་རྟོགས་པ་ལའང་ལྡོག་ཆ་གསུམ་སྟེ། བཤད་མ་ཐག་པའི་སྤངས་པའི་སྟེང་གི་ཡོན་ཏན་གསུམ་པོ་དེ། རང་བྱུང་གི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཁྱེན་པ་དང༌། མཁྱེན་པ་ལྟར་གཞན་ལ་སྟོན་པའི་ཐུགས་རྗེ་དང༌། མཁྱེན་བརྩེ་གཉིས་ཀྱིས་གདུལ་བྱའི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་ནུས་པའོ། །གསུམ་པོ་དེ་ལ་གོ་རིམ་བཞིན་དུ། མཁྱེན་པ་དང༌། བརྩེ་བ་དང༌། ནུས་པའི་ཡོན་ཏན་ཞེས་བྱ་ལ། དེ་ལྟར་དྲུག་ལས། སྤངས་པའི་ཆ་གསུམ་པོ་དེ་ལ་རང་དོན་ཞེས་བྱ་སྟེ། གནས་ཚུལ་དོན་དམ་པའི་སྐུ་ཡིན་པའི་ཕྱིར། གཉིས་པ་རྟོགས་པའི་ཆ་གསུམ་པོ་དེ་ལ་གཞན་དོན་ཞེས་བྱ་སྟེ། གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་ནས་གཞན་གྱི་དོན་མཛད་པའི་ཕྱིར། དེ་ལྟར་ན་བརྒྱད་དོ། །དེ་སྐད་དུ་ཡང༌། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་སོ། །མཚན་ཉིད་དེ་དང་ལྡན་པའི་སངས་རྒྱས་དཀོན་མཆོག་དེ་ལ་རྒྱུད་བླ་མར། ངོ་བོ་ཉིད་ཀྱི་སྐུ་དང་དོན་དམ་པ་ཆོས་ཀྱི་སྐུ་ཞེས་བཤད་པ་ཡིན་གྱི། དེ་ལས་ལོགས་སུ་ངོ་བོ་ཉིད་སྐུའི་ངོས་འཛིན་མ་བཤད་དོ། །འོ་ན་འདིར་གཞན་དོན་གྱི་ཡོན་ཏན་ཞིག་བཤད་ལ། དེ་གཟུགས་ཀྱི་སྐུའི་ཆ་ནས་འཆད་དགོས་པ་མིན་ནམ་ཞེ་ན། གཞན་དོན་གྱི་སྐུ་ལ་གཉིས་ཏེ། གནས་ཚུལ་གྱི་དང༌། སྣང་ཚུལ་གྱི་སྐུའོ། །དང་པོ་ནི། སངས་རྒྱས་སའི་མཁྱེན་བརྩེ་ནུས་པ་གསུམ་ལ་བྱ་ལ། གཉིས་པ་ནི། དེས་གཟུགས་ཀྱི་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས་གཟུགས་ཀྱི་སྐུའི་རྣམ་པ་ཅན་དུ་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པ་དེའོ། །དེ་གཉིས་ནི་འདིར་མ་བཤད་དེ། གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པས། མཐར་ཐུག་གི་སྐྱབས་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། འདི་ནི་རང་སེམས་སྣང་བ་ཞེས། །ཞེས་འབྱུང་བ་ལྟར་རོ། །གཟུགས་སྐུའི་ཆ་ནས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་ཀྱང༌། ལོངས་སྤྲུལ་གཉིས་ལ་སྣང་ཚུལ་དང༌། གནས་ཚུལ་གཉིས་ལས། སྣང་ཚུལ་ནི། སེམས་ཅན་གྱི་སེམས་རྒྱུད་ཀྱིས་བསྡུས་པ་དེ་ཡིན་ལ། གནས་ཚུལ་ནི་མེ་ལོང་ཡེ་ཤེས་དང༌། བྱ་སྒྲུབ་ཡེ་ཤེས་ལ་འཆད་པར་མདོ་སྡེ་རྒྱན་ལས་གསུངས་སོ། །འོ་ན་སློབ་དཔོན་འདིས་བཞེད་པའི་ངོ་བོ་ཉིད་ཀྱི་སྐུ་ཡང་དེ་ཉིད་དམ་ཞེ་ན། དེའི་བཞེད་པ་ལ་ནི། བཤད་མ་ཐག་པའི་ཆོས་ཀྱི་སྐུ་དེ་ལ་ཆོས་ཉིད་དང་ཆོས་ཅན་གཉིས་སུ་ཕྱེ་ནས། དང་པོ་ནི། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོའི་རང་བཞིན་དུ་གྱུར་པའི་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ཉིད་ལ་འཆད་ལ། གཉིས་པ་ནི་དྲན་པ་ཉེར་གཞག་ལ་སོགས་པའི་ཡོན་ཏན་དེ་དང་དེའི་ཆར་གྱུར་པའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་རྣམས་སོ། །སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་ནི་དེ་ལྟ་བུའི་ཆོས་ཅན་དང༌། ཆོས་ཉིད་ཀྱི་སྐུ་གཉིས་ལ་བྱ་ཞིང༌། གཟུགས་ཀྱི་སྐུ་གཉིས་པོ་ནི། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པར་འགྲེལ་པ་ཆེ་ཆུང་གཉིས་ཀ་ལས་གསུངས་སོ། །གཉིས་པ་ཆོས་དཀོན་མཆོག་ལ་མཚན་ཉིད། མཚན་གཞི། དེ་ལ་དེ་ཚང་བར་བསྒྲུབ་པའོ། །དང་པོ་ནི་བསམ་དུ་མེད་པ་ལ་སོགས་པ་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་དུ་བྱས་པའི་རྣམ་བྱང་གི་བདེན་པའོ། །གཉིས་པ་ནི་ཐེག་པ་ཆེན་པོའི་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་པའི་ལམ་གྱི་བདེན་པ་དང༌། དེས་ཐོབ་པའི་འགོག་པའི་བདེན་པའོ། །འདིར་ཐེག་དམན་གྱི་ལམ་བདེན་མི་བཟུང་སྟེ། སྐབས་འདིའི་འགོག་པ་ལ་ངོ་སྐལ་གྱི་ཤེས་སྒྲིབ་སྤངས་པའི་འགོག་པ་ཞིག་ཏུ་བཤད་ལ། ཐེག་དམན་ལ་དེ་ཐོབ་བྱེད་ཀྱི་ལམ་མེད་པའི་ཕྱིར། གསུམ་པ་ནི། འདིར་འགོག་པའི་བདེན་པ་ནི་བློ་བུར་དྲི་བྲལ་གྱི་དེ་བཞིན་ཉིད་ལ་བྱ་ལ། དེ་ལ་ལྡོག་པའི་ཆ་གསུམ་སྟེ། རང་བཞིན་རྣམ་དག་གི་ཆ་ནས་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆ་དང༌། བློ་བུར་རྣམ་དག་གི་ཆ་ནས་ལས་དང་ཉོན་མོངས་པ་གཉིས་དང་བྲལ་བའི་ཆ་དང༌། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་ཆའོ། །གསུམ་པོ་དེ་ལ་གོ་རིམ་བཞིན་དུ། བསམ་དུ་མེད་པ་དང༌། གཉིས་སུ་མེད་པ་དང༌། རྟོག་པ་མེད་པ་ཞེས་བྱའོ། །གཉིས་པ་ལམ་གྱི་བདེན་པ་ལའང་ལྡོག་ཆ་གསུམ་སྟེ། རང་གི་ངོ་བོ་ལ་དྲི་མ་མེད་པའི་ཆ་དང༌། གནས་ལུགས་ཀྱི་དོན་གསལ་བའི་ཆ་དང༌། སྤང་བྱའི་ས་བོན་དྲུངས་འབྱིན་པའི་ཆའོ། །དེ་གསུམ་ལ་གོ་རིམ་བཞིན་དུ། དག་པ་དང་གསལ་བ་དང༌། གཉེན་པོ་ཞེས་བྱའོ། །དྲུག་པོ་དེ་ལ་དབྱེ་གཞི་གཉིས་བསྣན་པས་བརྒྱད་དོ། །དེ་སྐད་དུ་ཡང༌། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གི་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་སོ། །འདིར་ཡང་ཆོས་ཀྱི་གཙོ་བོ་ནི། འགོག་པའི་བདེན་པ་དེ་ཉིད་ཡིན་ཏེ། ཆགས་བྲལ་གྱི་ངོ་བོ་ཡིན་པའི་ཕྱིར། ལམ་གྱི་བདེན་པ་ནི་དེའི་ཐབས་ཡིན་པས། དེར་བཞག་པའོ། །འོ་ན་འགོག་ལམ་གཉིས་ཀ་ཡེ་ཤེས་ཀྱི་ཆ་ནས་འཇོག་པ་དེ་ལྟ་ན། འགོག་པའི་བདེན་པ་ཡང་ལམ་བདེན་དུ་ཐལ་བ་དང༌། གཉིས་པོ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་བུ་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྤང་བྱའི་ས་བོན་ལས་གྲོལ་བའི་ཆ་ནས་འགོག་པར་འཇོག་ལ། དེའི་ས་བོན་དྲུངས་འབྱིན་པའི་ཆ་ནས་ལམ་དུ་འཇོག་ཅིང༌། དེ་གཉིས་ནི་ཐོབ་བྱ་དང་ཐོབ་བྱེད་ཡིན་གྱི། སྐྱེད་བྱེད་དང་བསྐྱེད་འབྲས་མ་ཡིན་པའི་ཕྱིར། འགོག་པའི་ངོ་བོ་གསལ་རིག་གི་ཆ་ཡིན་ཀྱང༌། དེའི་ཆ་ནས་འགོག་པར་མི་འཇོག་པའི་ཕྱིར། དཔེར་ན་བུམ་པའི་སྟེང་གི་མི་རྟག་པ་ཞེས་བྱ་བ་དེའི་ངོ་བོ་བུམ་པ་ཉིད་ཡིན་ཀྱང༌། དེའི་ཆ་ནས་དེར་མི་འཇོག་པ་བཞིན་ནོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་མཚན་ཉིད་མཚན་གཞི། དེ་ལ་དེ་ཚང་བར་བསྒྲུབ་པའོ། །དང་པོ་ནི་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་དེའོ། །གཉིས་པ་ནི། ཀུན་རྫོབ་པའི་དགེ་འདུན་དང༌། དོན་དམ་པའི་དགེ་འདུན་གཉིས་ལས། དང་པོ་ནི་བྱང་སེམས་འཕགས་པ་མཐའ་དག་ལ་བྱ་ལ། གཉིས་པ་ནི། འཕགས་པ་དེའི་རྒྱུད་ཀྱི་ངོ་སྐལ་གྱི་སྤང་བྱ་ལས་གྲོལ་བའི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་དོ། །རྒྱུད་བླ་མར་བཤད་པའི་གསུམ་གྱི་ཟླས་ཕྱེ་བའི་དགེ་འདུན་ནི། ཕྱི་མ་འདི་ཁོ་ན་ལ་བྱ་དགོས་པ་ཡིན་ཏེ། དེར་གསུམ་ཀ་དོན་དམ་པའི་སྐྱབས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་དང༌། བསྟན་འཆོས་དེའི་ལུས་བདུན་ཀ་རྡོ་རྗེར་བཤད་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པའི་ཆ་ནས་རྡོ་རྗེར་འཇོག་པ་ནི་གཞུང་ལུགས་ཚད་ལྡན་དག་གི་ལུགས་མ་ཡིན་པའི་ཕྱིར། དོན་དེ་དག་ཀྱང་ཇི་སྐད་དུ། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་པའི་འགྲེལ་པར་མདོ་དྲངས་པ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་རྡོ་རྗེའི་གནས་གསུམ་པོ་འདི་ནི་ལྷག་པའི་བསམ་པ་བསྟན་པའི་མདོའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །དོན་འདི་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། རེ་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ། བལྟ་བའམ། བརྟག་པར་མི་ནུས་ན། སོ་སོ་སྐྱེ་བོ་དག་གིས་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཞེས་དགེ་འདུན་དཀོན་མཆོག་དེ་དང་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་བཤད་པ་ཡིན་ནོ། །མདོར་ན་དོན་དམ་པའི་སྐྱབས་གསུམ་ཀ་ནི། སྤངས་རྟོགས་དབྱེར་མེད་པའི་ཡེ་ཤེས་རང་རིག་རང་གསལ་ལ་འཆད་པ་ནི་བསྟན་འཆོས་འདིའི་ལུགས་སོ། །གསུམ་པ་ནི་འགྲེལ་པར་འདིའི་ཡོན་ཏན་ལ་དྲུག་དང་བརྒྱད་ཀྱི་གྲངས་ངེས་མ་གསུངས་ཀྱང༌། སྔ་མ་གཉིས་ཀྱི་རིགས་པས་དོན་གྱིས་འཐོབ་ཅིང༌། དེ་དང་དེ་སྟོན་བྱེད་ཀྱི་གཞུང་ཡང་གསལ་བར་སྣང་བས་འདི་ལྟར། རིག་པའི་ཡོན་ཏན་གསུམ། གྲོལ་བའི་ཡོན་ཏན་གསུམ། དབྱེ་གཞི་གཉིས་པོ་བསྣན་པས་བརྒྱད་དོ། །དང་པོ་ནི། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། ནང་རིག་པའོ། །དང་པོ་ནི། བདག་མེད་གཉིས་མངོན་སུམ་དུ་མཐོང་བའོ། །གཉིས་པ་ནི། བདག་མེད་པ་གཉིས་པོ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མཐོང་བའོ། །གསུམ་པ་ནི། དེ་ལྟ་བུའི་ཡེ་ཤེས་གཉིས་པོ་དེ། རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའོ། །གཉིས་པ་ལ་གསུམ་སྟེ། ཆགས་པའི་སྒྲིབ་པ་ལས་གྲོལ་བ་དང༌། ཐོགས་པའི་སྒྲིབ་པ་ལས་གྲོལ་བ་དང༌། དམན་པའི་སྒྲིབ་པ་ལས་གྲོལ་བའོ། །དང་པོ་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བས། དེའི་འགལ་ཟླ་ཉོན་སྒྲིབ་ལས་གྲོལ་བའོ། །གཉིས་པ་ནི། བདག་མེད་པ་གཉིས་པོས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་མཐོང་བས་ན། དེ་ཐམས་ཅད་ཀྱི་གནས་ཚུལ་མཐོང་བའི་སྒྲིབ་པ་ལས་གྲོལ་བས་ཐོགས་པའི་སྒྲིབ་པ་ལས་གྲོལ་བའོ། །གསུམ་པ་ནི། དེ་ལྟ་བུའི་རིག་གྲོལ་གཉིས་གང་ལ་ཡོད་པ་དེ་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །དེ་ལྟར་ཡོན་ཏན་དང་པོ་བཞི་གཞུང་དང་སྦྱར་བ་ནི་ཤེས་པར་སླ་ལ། ཇི་སྐད་དུ། དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །ཅེས་པ་རང་རིག་པའི་ཡོན་ཏན་དང༌། སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །ཞེས་པས་དམན་པའི་སྒྲིབ་པ་ལས་གྲོལ་བ་དེ་བསྟན་པ་ཡིན་ནོ། །འདིར་རིག་པ་དང་པོ་གཉིས་ཀྱི་ཁྱད་པར་ལ། སྔ་མ་མཉམ་གཞག་དང༌། ཕྱི་མ་རྗེས་ཐོབ་ཀྱི་དབང་དུ་བྱས་པ་ཡིན་ལ། དེ་ཡང་ཆོས་ཀྱི་དབྱིངས་ཀུན་འགྲོའི་དོན་དུ་རྟོགས་པ་དང༌། བདག་མེད་གཉིས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་རྟོགས་པ་ནི། དོན་གཅིག་པ་ཡིན་ལ། དེ་རྟོགས་པའི་རྒྱུ་མཚན་གྱིས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་བདག་གཉིས་ཀྱིས་སྟོང་པའི་སེམས་རང་བཞིན་གྱིས་འོད་གསལ་བས་ཁྱབ་པར་ཤེས་པ་ལ་དགོངས་ནས་ས་དང་པོའི་སྐབས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཐོང་བར་བཞག་པ་ཡིན་ནོ། །གཉིས་པ་མདོ་གཞན་དང་འགལ་བ་སྤང་བ་ནི། འདིར་རྗེ་བཙུན་གྱིས་སྐྱབས་གསུམ་གྱི་རྣམ་པར་བཞག་པ་དེ་ལྟར་མཛད་པ་དང༌། བཅོམ་ལྡན་འདས་ཀྱི་མདོ་ལས། གཟུགས་སྐུ་གཉིས་ལ་སངས་རྒྱས་དང༌། བདེན་པ་བཞི་རྟོགས་པའི་འགོག་ལམ་དང༌། དེ་བརྗོད་བྱར་བྱེད་པའི་ལུང་ལ་ཆོས་དཀོན་མཆོག་དང༌། ཞུགས་གནས་ཀྱི་གང་ཟག་བརྒྱད་ལ་དགེ་འདུན་དཀོན་མཆོག་ཏུ་བཞག་པ་གཉིས་མི་མཐུན་པས་འགལ་ལོ་ཞེ་ན། དེའི་ལན་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་གི་རིགས་ནི་གཉིས་ཏེ། བསོད་ནམས་ཆ་མཐུན་གྱི་དགེ་བ་ཙམ་དང་དུ་ལེན་ཅིང་མངོན་པར་མཐོ་བའི་གོ་འཕང་དོན་དུ་གཉེར་བ་དག་ནི། གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ལ། དེའི་དབང་དུ་བྱས་ནས་མཆོག་གི་སྤྲུལ་པའི་སྐུ་དང༌། ལུང་གི་ཆོས་དང༌། ཞུགས་གནས་ཀྱི་གང་ཟག་བརྒྱད་པོ་རྣམས་སྐྱབས་སུ་བཞག་པ་ཡིན་ཏེ། དེ་ནི་དེ་དག་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པའི་ཕྱིར། ཡང་ཐར་པ་ཆ་མཐུན་གྱི་དགེ་བ་ཡང་དང་དུ་ལེན་ཅིང་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བ་དག་ནི། མ་འོངས་པ་ན་རང་རྒྱུད་ལ་འབྱུང་རུང་གི་དཀོན་མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་ཞིང༌། དེའི་དབང་དུ་བྱས་ནས་ལོངས་སྤྲུལ་གཉིས་དང༌། བདེན་པ་བཞི་རྟོགས་པའི་ཆོས་དང༌། དམན་པའི་དགྲ་བཅོམ་པ་དག་སྐྱབས་སུ་བཞག་པ་ཡིན་ཏེ། ངེས་ལེགས་དོན་དུ་གཉེར་བའི་གང་ཟག་དེ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་དང༌། ཉན་ཐོས་ཀྱི་ཐེག་པ་པ་གསུམ་དུ་ཡོད་ལ། གསུམ་པོ་དེ་དག་གོ་རིམ་བཞིན་དུ་དེ་དང་དེ་དོན་དུ་གཉེར་བའི་ཕྱིར་རོ། །ཉན་རང་གི་རིགས་ཅན་གཉིས་ཀ་ཡང༌། བདེན་བཞི་རྟོགས་པའི་ཆོས་དང༌། དགྲ་བཅོམ་པའི་གོ་འཕང་གཉིས་ཀ་དོན་དུ་གཉེར་བར་མཚུངས་ཀྱང༌། རང་རྒྱལ་ནི་ཕལ་ཆེར་གཅིག་པུ་ལ་མངོན་པར་དགའ་བས་ཚོགས་རྣམས་ཀྱི་མཆོག་ཏུ་གྱུར་པའི་དགེ་འདུན་དོན་དུ་མི་གཉེར་ལ། ཅིག་ཤོས་ཀྱིས་ནི་དེ་དོན་དུ་གཉེར་བས་ཆོས་དང་དགེ་འདུན་གཉིས། དེ་གཉིས་ལ་སོ་སོར་སྐྱབས་སུ་བཞག་པ་ཡིན་ནོ། །མངོན་མཐོ་ལ་དགའ་བའི་གང་ཟག་ལ་ཡང༌། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སོ་སོར་མོས་པའི་དབྱེ་བས་གསུམ་མོ། །དེ་ལྟར་ན་མདོ་ལས་དེ་ལྟར་བཤད་པ་དེ་དང༌། རྗེ་བཙུན་གྱིས་འདིར་བཤད་པ་འགལ་བ་མ་ཡིན་ཏེ། མདོའི་དགོངས་པ་ནི་ཀུན་རྫོབ་ཀྱི་སྐྱབས་གསུམ་གྱི་དབང་དུ་བྱས་ནས་བཤད་ལ། འདིར་ནི་དོན་དམ་པའི་སྐྱབས་གསུམ་གྱི་དབང་དུ་མཛད་པའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་དུ། སྟོན་པ་བསྟན་པ་སློབ་དོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། གང་ཟག་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་བཞག་པ་འདི་ནི། ཀུན་རྫོབ་ཀྱི་བསྟན་ལ་གནས་པ། སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དབང་དུ་ཡིན་ནོ། །ཞེས་གསུངས་སོ། །བདག་ཉིད་ཆེན་པོ་ལོ་ཙཱ་བའི་གསུང་གིས་གཞུང་འདིས་རྒྱུ་འབྲས་ཀྱི་སྐྱབས་དང༌། སྐྱབས་གནས་བསྟན་པ་ཡིན་ཏེ། ཐེག་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཅེས་པས། མ་འོངས་པ་ན་རང་རྒྱུད་ལ་འབྱུང་རུང་གི་འབྲས་བུ་གསུམ་སྐྱབས་སུ་བཞག་པའི་ཕྱིར་དང༌། བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པས། གཞན་རྒྱུད་ལ་གྲུབ་ཟིན་གྱི་རྒྱུ་གསུམ་པོ་སྐྱབས་སུ་བཞག་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་མདོ་ལས་གསུངས་པའི་དཀོན་མཆོག་གསུམ་ཀ་དོན་དམ་པའི་སྐྱབས་ཡིན་ནམ་ཞེ་ན། དེ་མ་ཡིན་པར་སྒྲུབ་པ་ལ་གསུམ་སྟེ། ཆོས་དང་དགེ་འདུན་དེ་མ་ཡིན་པར་བསྒྲུབ། སངས་རྒྱས་ཀྱི་ཆོས་སྐུ་ཉག་གཅིག་དོན་དམ་པའི་སྐྱབས་ཡིན་པར་བསྒྲུབ། དེས་དོན་དམ་པའི་ཆོས་དང་དགེ་འདུན་ཀྱང་དོན་དམ་པའི་སྐྱབས་སུ་མཚོན་ནུས་པའོ། །དང་པོ་ནི། ལུང་གི་ཆོས་ནི་དོན་དམ་པའི་སྐྱབས་མ་ཡིན་ཏེ། དོན་དམ་པའི་བདེན་པ་ལ་འཇུག་པ་ན་དོར་བྱ་ཡིན་པའི་ཕྱིར། རྟོགས་པའི་ཆོས་ལ་གཉིས་ལས། ལམ་ལ་ཡང་ཀུན་རྫོབ་འདུས་བྱས་སུ་གཏོགས་པ་དང༌། དོན་དམ་འདུས་མ་བྱས་སུ་གཏོགས་པ་གཉིས་ལས། དང་པོ་ནི། དོན་དམ་པའི་སྐྱབས་མ་ཡིན་ཏེ། བརྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར། འགོག་པ་ལ་ཡང་ཀུན་རྫོབ་མེད་པར་དགག་པའི་ཆ་དང༌། དོན་དམ་མ་ཡིན་པར་དགག་པའི་ཆ་གཉིས་ལས། དང་པོ་ནི། ཉན་ཐོས་སྡེ་པའི་འདོད་ཚུལ་དང་ཆ་མཚུངས་པས་དེ་ཡང་དོན་དམ་པའི་སྐྱབས་མིན་ཏེ། མེད་པར་དགག་པ་ཡིན་པའི་ཕྱིར། ཐེག་པ་གསུམ་གྱི་དགེ་འདུན་གྱི་ཚོགས་ཀྱང་དེ་མ་ཡིན་ཏེ། ཐེག་དམན་གྱི་དགེ་འདུན་ནི་འཁོར་བས་འཇིགས་པ་དང་བཅས་པའི་ཕྱིར་དང༌། བྱང་སེམས་འཕགས་པ་ནི། རང་གི་ལུས་རྟེན་དེ་མ་རིག་བག་ཆགས་ཀྱི་དབང་གིས་འདུས་བྱས་པ་ཡིན་པས་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །གཞུང་འདིའི་ཤུགས་ལ་སྔར་བཤད་པའི་མཚན་ཉིད་ཅན་གྱི་ཆོས་དང་དགེ་འདུན་གཉིས་ནི། དོན་དམ་པའི་སྐྱབས་ཡིན་ཏེ། དོན་དམ་པའི་བདེན་པ་དང༌། རང་གི་སྐྱབས་བྱར་འོས་པ་དེའི་སྐྱབས་ཡིན་པའི་ཕྱིར། གཞན་དག་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡུལ་ཅན་དོན་དམ་པའི་མཚན་གཞིར་ཁས་བླངས་ནས། དེ་ཉིད་འདུས་བྱས་ཡིན་པས་བསླུ་བ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་དོན་དམ་པ་དང་བསླུ་བའི་གཞི་མཐུན་ཁས་བླངས་པས་ནོར་བ་ཡིན་ནོ། །དེ་ལྟ་ན་ཡང༌། མཐར་ཐུག་གི་སྐྱབས་ནི་མ་ཡིན་ཏེ། སྤངས་རྟོགས་གོང་ནས་གོང་དུ་འགྲོ་དགོས་པའི་ཕྱིར་རོ། །གཉིས་པ་ནི་གོང་དུ་བཤད་པའི་མཚན་ཉིད་ཅན་གྱི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཉག་གཅིག་དོན་དམ་པའི་སྐྱབས་དང༌། མཐར་ཐུག་གི་སྐྱབས་གཉིས་ཀ་ཡིན་ཏེ། དེ་འདྲ་དེ་ལ་བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་ངེས་དོན་གྱི་སྐྱབས་གསུམ་ཀ་ཚང་བའི་ཕྱིར་དང༌། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་དང༌། སྤངས་རྟོགས་གོང་དུ་འགྲོ་མི་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་སོ། །གཞུང་འདིས་དོན་དམ་པའི་སྐྱབས་གནས་དང༌། ཀུན་རྫོབ་ཀྱི་སྐྱབས་ཀྱི་དབྱེ་བ་སོ་སོར་ཕྱེ་ནས་གཞུང་འདིར་བཤད་པའི་སྐྱབས་གསུམ་པོ་ངེས་དོན་དོན་དམ་པའི་སྐྱབས་སུ་འཆད་པ་ཡིན་གྱི། གང་དག དཀོན་མཆོག་ཕྱི་མ་གཉིས་ཀྱི་མཚན་ཉིད་གང་ཡིན་ཐམས་ཅད་མཐར་ཐུག་གི་སྐྱབས་མ་ཡིན་པ་དང༌། གཟུགས་སྐུ་གཉིས་ཀྱང་མཐར་ཐུག་གི་སྐྱབས་སུ་འཆད་པའི་ལུགས་སུ་བྱས་ནས་བཤད་པ་བྱེད་པ་དེ་ཐམས་ཅད་ནི་རྣམ་པར་འཁྱམས་སོ། །གསུམ་པ་ནི། འདིའི་ཐད་ཀྱི་གཞུང་གིས་མ་ཟིན་ཀྱང༌། དོན་ཐོབ་ལ་བརྟགས་ན་གཟུགས་ཀྱི་སྐུ་གཉིས་པོ་ཆོས་ཅན། དོན་དམ་པ་དང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་དང༌། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པས་མཐར་ཐུག་གི་སྐུ་མ་ཡིན་པའི་ཕྱིར། ཞེས་པའོ། །གཞུང་འདིར་བདག་མེད་གཉིས་དང་འགོག་པའི་བདེན་པ་མིན་པར་དགག་པའི་ཆ་ནས་བཤད་པ་དང༌། ལམ་གྱི་བདེན་པ་ལ། ཐབས་སྣང་ཆ་ལ་བརྟེན་པ་དང༌། ཤེས་རབ་སྟོང་ཆ་ལ་བརྟེན་པ་གཉིས་ལས། དང་པོ་འདུས་བྱས་དང༌། ཀུན་རྫོབ་དང༌། གཉིས་པ་འདུས་མ་བྱས་དང༌། དོན་དམ་པའི་བདེན་པར་བཀའ་ཐ་མའི་གཞུང་འགྲེལ་ན་ཤིན་ཏུ་གསལ་བས་སོམ་ཉི་མི་བྱའོ། །གསུམ་པ་སྒྲ་དོན་ནི། ཇི་སྐད་དུ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་སོ། །འདིར་སྨྲས་པ། རྗེ་བཙུན་གཞུང་གི་ངེས་དོན་མ་བལྟས་པར། །ཐུན་མོང་གཞུང་དང་བསྲེས་པའི་སྐྱབས་གསུམ་གྱི། །འཆད་ཚུལ་མང་པོ་མངོན་པར་རྟོགས་པའི་རྒྱན། །འཆད་མཁས་དེས་ཀྱང་ལུགས་འདི་དཔྱིས་མི་ཕྱིན། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་སྤྱན་དང་མངོན་པར་ཤེས་པ་ལ་གཉིས་ལས། དང་པོ་ལ། མཚན་ཉིད་ནི། ཐུན་མོང་གི་བདག་རྐྱེན་ཕར་ཕྱིན་དང༌། ཐུན་མོང་མ་ཡིན་པའི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལས། རང་ཡུལ་མངོན་སུམ་དུ་མཐོང་བའི་རིག་པའོ། །དེ་ལ་ལྔ་ལས། དང་པོ་ནི། དེ་གཞིར་བྱས་པ་ལ་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་གང་རུང་མཐོང་བའོ། །དེ་བས་ལྷག་པ་མི་མཐོང་བའི་རྒྱུ་མཚན་ཅི་ཞེ་ན། ཉི་སྣང་ལས། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱི་ཡུལ་སོ་སོར་ངེས་པ་ཉིད་ཡིན་པའི་ཕྱིར་རམ། ཤའི་མིག་ནི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་ཕྱིར། ཞེས་གསུངས་ལ། དེ་ཡང་བྱང་སེམས་ཀྱི་ཤའི་སྤྱན་གྱི་དབང་དུ་བྱས་པ་ཡིན་ཏེ། འདིའི་ཐད་ཀྱི་མདོ་ལས། བྱང་སེམས་ཆེན་པོ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཞེས་སོགས་དམིགས་ཀྱིས་བསལ་ནས་གསུངས་པའི་ཕྱིར། གཉིས་པ་ལ་མཚན་ཉིད་ནི། དེ་གང་ཞིག བསམ་གཏན་གྱི་དངོས་གཞིའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་མིག་དབང་བདག་པོའི་རྐྱེན་དུ་བྱས་པ་ལས་བྱུང་བའི་རིག་པའོ། །འདིས་སངས་རྒྱས་ཀྱི་སའི་དེ་ཡང་བསྡུས་པས་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བར་བཤད་དོ། །འདི་དང་ལྷའི་མིག་གི་མངོན་ཤེས་ཀྱི་ཁྱད་པར་ནི་འབུམ་ཕྲག་གསུམ་པ། བདག་རྐྱེན་དང༌། ཡུལ་དང༌། སྡེ་ཚན་མི་འདྲ་བའི་ཁྱད་པར་གསུམ་གྱི་སྒོ་ནས་འཆད་ཀྱང༌། གསུམ་པ་ནི། རྩོད་གཞི་དེ་ཉིད་ཤེས་བྱེད་དུ་བཀོད་པས་ཡང་དག་པ་མ་ཡིན་ལ། སྔ་མ་གཉིས་ལེགས་པར་བཤད་པའོ། །འདི་ལྟར་ཡང་འཆད་ནུས་ཏེ། སྔ་མ་ནི་བདག་རྐྱེན་ཕར་ཕྱིན་ལ་བརྟེན་པར་མདོ་ལས་བཤད་ཅིང༌། རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་པར་འགྲེལ་ཆེན་དུ་བཤད་པས། ནང་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ལ། གཉིས་པ་ནི་ཕྱི་རོལ་པ་དང་ཐུན་མོང་བའོ། །གསུམ་པ་ནི། དེ་གང་ཞིག བདག་རྐྱེན་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་ནས། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །བཞི་པ་ལ། ལུང་གི་ཆོས་ཀྱི་སྤྱན་དང༌། རྟོགས་པའི་ཆོས་ཀྱི་སྤྱན་གཉིས་ལས། དང་པོ་ནི། དེ་གང་ཞིག བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དོན་ལ་ཐོགས་མེད་དུ་འཇུག་པའི་ཡེ་ཤེས་སོ། །འདི་ནི་ཚིག་གི་གཟུངས་དང༌། དོན་གྱི་གཟུངས་གཉིས་དང་དོན་གཅིག གཉིས་པ་ནི། དེ་གང་ཞིག བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་རྟོགས་པའི་བྱེ་བྲག་རྣམས་མངོན་སུམ་དུ་མཐོང་བའི་རིག་པའོ། །འདི་ཡང་མདོ་ལས་ནི། དབང་པོ་རྣོ་རྟུལ་གྱི་རབ་དབྱེ་ཤེས་པ་ལ་བཤད་དོ། །བཞི་པ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །ས་མཚམས་ལ། དང་པོ་ཚོགས་ལམ། གཉིས་པ་སྦྱོར་ལམ། གསུམ་པ་མཐོང་ལམ་མཉམ་གཞག བཞི་པ་མཐོང་ལམ་གྱི་རྗེས་ཐོབ། ལྔ་པ་རྗེས་མཐུན་པ་ས་བདུན་པ་ནས་དང༌། མཚན་ཉིད་པ་སངས་རྒྱས་ཀྱི་ས་ན་ཡོད་དོ། །ཞེས་སློབ་དཔོན་སྔ་མ་རྣམས་གསུང་ཡང༌། འདི་ལྟར་རྟོགས་ཏེ། ལྔ་པོ་འདིའི་རྣམ་གཞག་ཆོས་མངོན་པར་མི་འབྱུང་ཞིང༌། ཕྱི་རོལ་པར་མ་ཟད་ཐེག་པ་དམན་པ་ལ་ཡང་འདི་དག་ཡོད་པའི་བཤད་པ་མི་སྣང་ངོ༌། །གཉིས་པ་མངོན་ཤེས་ལ། མཚན་ཉིད་དབྱེ་བ། ས་མཚམས་སོ། །དང་པོ་ནི། བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་ནས། རང་ཡུལ་མངོན་སུམ་དུ་མཐོང་བའི་རིག་པའོ། །འདི་དག་གཟུགས་མེད་ལ་མི་བརྟེན་པ་ནི། ཆོས་མངོན་པའི་སྤྱི་སྐད་ཡིན་ལ། རིགས་པའི་ཤེས་བྱེད་ཀྱང་གཟུགས་མེད་ནི་ཞི་གནས་སུ་རོ་གཅིག་པས། ཕྱི་རོལ་གྱི་ཡུལ་ལ་མི་བལྟ་བའོ། །འོན་ཀྱང་ཟག་ཟད་མངོན་ཤེས་ནི། དེ་ལ་མི་བརྟེན་པའི་རིགས་པའི་ཤེས་བྱེད་བཙལ་དཀའ་ཞིང༌། མཛོད་ལས། ཟད་པ་ཤེས་པ་སྟོབས་བཞིན་ནོ། །ཞེས་ཟག་མེད་ས་དགུ་ཅར་ལ་ཡང་བརྟེན་པར་བཤད་དོ། །མདོ་སྡེ་རྒྱན་ལས་ནི། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་རྟེན་བསམ་གཏན་བཞི་པ་དང༌། གནས་མི་རྟོག་ཡེ་ཤེས་དང༌། རྣམ་གནས་རྣམ་པར་དག་པའི་ཆོས་ཡིད་ལ་བྱེད་པས་མངོན་ཤེས་འགྲུབ་པར་གསུངས་སོ། །འོ་ན་རྣམ་གནས་ཡིད་བྱེད་དེ་ཅི་ཞེ་ན། དང་པོའི་རྣམ་གནས་ལུས་ཡང་བ་དང༌། གཉིས་པའི་རྣམ་གནས་སྒྲས་ཁྱབ་པ་དང༌། གསུམ་པའི་རྣམ་གནས་ལུས་འདི་ལྟ་བུ་དང་ལྡན་པ་ལ། སེམས་འདི་ལྟ་བུ་ཡོད་དོ་ཞེས་སྨོན་པ་དང༌། བཞི་པའི་རྣམ་གནས་ཡིད་ཤེས་འགགས་མ་ཐག་པའི་མཚན་མ་བཟུང་ནས། ལུགས་བཟློག་ཏུ་ཉིང་མཚམས་སྦྱོར་བའི་བར་རྣམས་ཡིད་ལ་བྱེད་པ་དང༌། ལྔ་པ་ནི། ཕྱོགས་རྣམས་སྣང་བས་ཁྱབ་པ་དང༌། དྲུག་པ་ནི་ཆོས་ཐམས་ཅད་བདག་མེད་དོ་ཞེས་ཡིད་ལ་བྱེད་པའོ། །ཞེས་བཤད་དོ། །འདི་ནི་མངོན་ཤེས་ཀྱི་བསྒྲུབ་ཚུལ་དུ་སྣང་ལ། ཆོས་མངོན་པ་ལས་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་རྗེས་སུ་མངོན་པར་ཤེས་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་ཀྱི་སྒོ་ནས་མངོན་ཤེས་བསྒྲུབ་པར་བཤད་དོ། །གཉིས་པ་དབྱེ་བ་ལ་དྲུག་ལས། མཚན་ཉིད་ནི་གཞུང་ཇི་ལྟ་བ་བཞིན་ནོ། །དྲུག་པོའི་རྣམ་གཞག་མཛོད་ལས་འབྱུང་བ་ནི། ཇི་སྐད་དུ། རང་དང་འོག་སའི་སྤྱོད་ཡུལ་ཡིན་ཞེས་རང་ས་གང་ལ་བརྟེན་པའི་གོང་མ་ལ་དམིགས་མི་ནུས་པ་དང༌། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་ངོ་བོ་རྣམ་པར་གྲོལ་བའི་ལམ་ཡིན་པ་དང༌། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ཞེས་གསུངས་སོ། །ས་མཚམས་ལ། དང་པོ་སྔ་ཕྱི་རོལ་པ་དང་ཐུན་མོང་བ་དང༌། དྲུག་པ་ཐུན་མོང་མ་ཡིན་པའོ། །དེ་ཡང་ཉན་རང་དང་བྱང་སེམས་གསུམ་ཀ་ལ་ཡོད་པར་མངོན་པ་ལས་གསུངས་ཤིང༌། འདིར་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་རྣམས་ཞེས་སྒྲིབ་པ་གཉིས་ཀའི་ཟག་པ་ཟད་པ་ཤེས་པ་ལ་བཤད་དོ། །འདིའི་མཚན་ཉིད་ཤེས་དཀའ་བས། འདི་ལྟར་འཆད་དགོས་ཏེ། མཐོང་ལམ་བར་ཆད་མེད་ལམ་དང་པོའི་དུས་སུ་འདི་མེད་དེ། དེར་སྤང་བྱ་སྤངས་པའི་འགོག་པ་མེད་པའི་ཕྱིར། དེའི་རྣམ་པར་གྲོལ་བའི་ལམ་ནས་དེར་འཇོག་ཅིང༌། དེའི་ཡུལ་ནི་གཉིས་ཏེ། འགོག་པ་དང་ལམ་མོ། །དེ་ཤེས་པའི་ཚུལ་ནི། མངོན་པ་གོང་མ་ལྟར་ན། བསམ་གཏན་བཞི་པའི་དངོས་གཞི་ལ་མ་བརྟན་པར་དེ་དང་དེ་ཤེས་པའི་མངོན་ཤེས་གྲུབ་པར་མི་ནུས་པ་ཡིན་ཏེ། ཇི་སྐད་དུ། ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་བསྒྲུབ་བོ། །ཞེས་གསུངས་སོ། །འདིའི་ཚུལ་ལ་རྣམ་པར་བརྟགས་ན། མངོན་ཤེས་འདི་ཐོབ་པ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཀ་ཐོབ་པ་ཞིག་དགོས་པ་འདྲ་བས། ས་མཚམས་ཞིབ་ཏུ་དཔྱད་པར་བྱའོ། །མཁས་པ་ཆེན་པོ་ཤནྟི་པས་ནི། དག་ལྡན་ལས། སངས་རྒྱས་ཀྱི་སྤྱན་དང༌། མངོན་པར་ཤེས་པ་དྲུག་པ་བྱང་ཆུབ་སེམས་དཔའ་ལ་ཇི་ལྟར་ཡོད་ཅེ་ན། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ནི་དེ་གཉིས་ཀ་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་དེ་གཉིས་ཀ་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་དག་པ་དང་ཡོངས་སུ་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་སྨྲས་པ། སྤྱན་དང་མངོན་པར་ཤེས་པ་ཡི། །རྣམ་གཞག་གཞན་གྱིས་མ་བཤད་པ། འགའ་ཞིག་ཚིག་གི་ཟུར་ཕྱིན་པར། །བཤད་པས་མང་པོའི་ཡིད་འཕྲོག་བྱེད། །གསུམ་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། མཚོན་བྱེད་དཔེའི་དགེ་འདུན་དང༌། །མཚོན་བྱ་དོན་གྱི་དགེ་འདུན་ནོ། །དང་པོ་ལ་གཉིས་ཏེ། གང་ལ་གནས་པ་འབྲས་བུའི་རྣམ་པར་བཞག་པ་དང༌། གང་གནས་པ་གང་ཟག་རྣམ་པར་བཞག་པའོ། །དང་པོ་ལ། མངོན་པ་འོག་མའི་ལུགས་དང༌། གོང་མའི་ལུགས་སོ། །དང་པོ་ལ། གང་ཐོབ་པར་བྱ་བ་འབྲས་བུའི་རྣམ་པར་བཞག་པ་དང༌། གང་དུ་གང་གིས་ཇི་ལྟར་ཐོབ་པ་ལུས་རྟེན་སོགས་ཀྱི་རྣམ་པར་བཞག་པའོ། །དང་པོ་ལ། དགེ་སྦྱོང་གི་ཚུལ་དེ་གང༌། དེའི་འབྲས་བུ་ནི་ཅི་ཞེ་ན། དང་པོ་ནི་ཟག་མེད་བར་ཆད་མེད་ལམ་སྟེ། འདིས་འཆལ་བའི་ཚུལ་ཁྲིམས་ཀྱི་ཐོབ་པ་གཅོད་པའི་ཕྱིར་རོ། །གཉིས་པ་ནི་དེས་ཐོབ་པའི་བྲལ་བ་ཞིག་སྟེ། དབྱེ་ན་རྣམ་པར་གྲོལ་བའི་ལམ་དང༌། སོ་སོར་བརྟགས་པའི་འགོག་པའོ། །དང་པོ་ལ་ནི། འབྲས་བུ་འདུས་བྱས་དང༌། རྒྱུ་མཐུན་གྱི་འབྲས་བུ་ཞེས་བྱ་ལ། གཉིས་པ་ལ་ནི། འབྲས་བུ་འདུས་མ་བྱས་དང༌། བྲལ་བའི་འབྲས་བུའོ། །འདི་དངོས་པོར་ཁས་ལེན་དགོས་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། འབྲས་བུ་འདུས་བྱས་འདུས་མ་བྱས། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་སོ། །འདི་ལ་གཉིས་ཏེ། བརྒྱད་ཅུ་རྩ་དགུའི་རྣམ་གཞག་དང༌། འབྲས་བུ་བཞིའི་རྣམ་པར་བཞག་པའོ། །དང་པོ་ནི། དེ་ལ་རྒྱས་པར་ཕྱེ་ན་བརྒྱད་ཅུ་རྩ་དགུ་རེ་རེ་འབྲས་བུ་གཉིས་ཀ་ལ་དབྱེ་དགོས་པ་ཡིན་ཏེ། སྒོམ་སྤངས་ཉོན་མོངས་བརྒྱད་ཅུ་རྩ་གཅིག་དང༌། མཐོང་སྤངས་བརྒྱད་ཀྱི་དབྱེ་བས་སོ། །འོ་ན་དེ་དག་ཐམས་ཅད་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་པ་ལ། སྤང་བྱ་དེ་ཐམས་ཅད་ཟག་མེད་བར་ཆད་མེད་ལམ་གྱིས་སྤངས་པ་ཁོ་ན་དགོས་སམ་ཞེ་ན། འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་ཕྱིར་འོང་དང༌། ཕྱིར་མི་འོང་གྱི་འབྲས་བུ་གཉིས་ལ་ནི་དེ་མི་དགོས་ལ། བརྒྱད་ཅུ་གྱ་དགུ་པོ་དེ་རྣམས་ལ་ནི། དེས་དེ་དག་རེ་རེ་ནས་སྤངས་པ་དགོས་སོ། །དེ་ཡང་ཆགས་བྲལ་སྔོན་སོང་ལྟ་བུའི་སྤངས་པ་རྣམས་འབྲས་བུ་བཞིའི་གནས་སྐབས་ཀྱི་ཡ་གྱལ་དུ་བགྲང་བ་ཡོད་ཀྱང༌། འབྲས་བུ་བརྒྱད་བཅུ་རྩ་དགུའི་ཡ་གྱལ་དུ་བགྲང་བ་མ་ཡིན་ཏེ། དཔེར་ན་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུ་དེ་བརྒྱད་ཅུ་རྩ་དགུའི་ཡ་གྱལ་མ་ཡིན་པ་བཞིན་ནོ། །དེའི་ཤེས་བྱེད་ཀྱང༌། དེའི་ཡ་གྱལ་དུ་གྱུར་པའི་འབྲས་བུ་ལ་ནི་མཐོང་སྤངས་སྤངས་པའི་འགོག་ལམ་གཉིས་དང༌། སོ་སོར་བགྲང་རྒྱུ་ཡོད་པ་ཞིག་དགོས་ལ། ཆགས་བྲལ་སྔོན་སོང་གི་དེ་ལ་དེ་མེད་པའི་ཕྱིར་དང༌། དེ་དུས་ཀྱི་འབྲས་བུ་དེ་ཡང་མཐོང་ལམ་གྱིས་ཐོབ་པ་ཡིན་གྱི། སྒོམ་ལམ་གྱིས་མ་ཡིན་པའི་ཕྱིར། སྒོམ་སྤངས་སྤངས་པའི་འབྲས་བུ་གྱ་གཅིག་པོ་གང་རུང་དུ་མི་རིགས་སོ། །འོ་ན་ལམ་ཟག་བཅས་ཀྱིས་འདོད་ཉོན་དྲུག་དགུ་སྤངས་པས་ཐོབ་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་འཇོག་ལ། དེས་ཐོབ་པའི་འབྲས་བུ་གྱ་དགུ་པོ་གང་རུང་མི་འཇོག་པ་ཅི་ཞེ་ན། ཅིག་ལ་མཚོན་ན། བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་འགོག་པའི་བདེན་པ་ནི། འབྲས་བུ་བརྒྱད་ཅུ་རྩ་དགུའི་ནང་ཚན་དུ་གྱུར་པའི་འབྲས་བུར་རུང་བ་མ་ཡིན་ཏེ། དེ་ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་དེ་དུས་ཀྱི་ཕྱིར་འོང་གི་འབྲས་བུའི་མཚན་གཞི་གང་ཡིན་པ་དེ་ནི། འབྲས་བུ་བཞི་པོ་གང་ཡང་རུང་བ་ཡིན་ཏེ། རྒྱུ་ལྔ་ཚང་བའི་འབྲས་བུ་ཡིན་པའི་ཕྱིར། འོ་ན་ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པའི་ཚུལ་ཇི་ལྟ་བུ། དེར་ཡང་རྒྱུ་ལྔ་ཚང་བའི་ཚུལ་ནི་གང་ཡིན་ཞེ་ན། དེ་འདྲ་དེའི་རྒྱུད་ཀྱི་མཐོང་སྤངས་སྤངས་པའི་འགོག་པ་དང་ཐོབ་པ་གཅིག་གིས་བསྡུས་པའི་འདོད་ཉོན་དྲུག་པ་སྤངས་པའི་འགོག་བདེན་དེ་ཆོས་ཅན། དེས་ཐོབ་པའི་འབྲས་བུ་ཡིན་ཏེ། མཐོང་སྤངས་སྤངས་པའི་འགོག་པ་དང་ཐོབ་པ་ཐུན་མོང་བ་གཅིག་གིས་བསྡུས་པའི་འགོག་བདེན་ཡིན་པའི་ཕྱིར། ཇི་སྐད་དུ། འཇིག་རྟེན་པའི་ཐོབ་འབྲས་ནི། བསྲེས་དང༌། ཞེས་གསུངས་སོ། །དེ་འདྲ་དེའི་རྒྱུད་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ནི་དེར་མི་བཞག་སྟེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར། འོ་ན་དེ་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་བྱས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་མེད་པ་མིན་ཏེ། དེའི་རྒྱུད་ཀྱི་འབྲས་བུ་འདུས་མ་བྱས་གང་ཡིན་པ་དེའི་ཐོབ་པ་འདུས་བྱས་ཤིག་ཡོད་པ་དེ་དེར་འཇོག་པའི་ཕྱིར། ཇི་སྐད་དུ། ཟག་མེད་ཐོབ་འཛིན་ཕྱིར། །ཞེས་གསུངས་སོ། །གཉིས་པ་ནི། དེར་དེ་ཚང་བ་ཡིན་ཏེ། དེ་ཚང་བའི་སྐབས་དེ་ལ་བཞིར་གྲངས་ངེས་ལ། བཅུ་དྲུག་པའི་རྗེས་སུ་འདོད་ཉོན་དྲུག་པ་སྤངས་པའི་གནས་སྐབས་འདི་ནི། བཞི་པོ་དེའི་ཡ་གྱལ་གཅིག་ཡིན་པའི་ཕྱིར་རོ། །ཅིག་ཤོས་ལ་ཡང་དེ་བཞིན་དུ་སྦྱར་རོ། །འདིར་གཞན་དག་འབྲས་བུ་འདུས་བྱས་ཀྱི་ངོས་འཛིན་རྣམ་གྲོལ་ལམ་ཁོ་ན་ལ་བྱེད་པ་ནི་མ་ཤེས་པ་ཡིན་ཏེ། འབྲས་བུ་དེ་དང་དེའི་ཁྱད་པར་གྱི་ལམ་ཐོབ་པ་ན་རྣམ་པར་གྲོལ་བའི་ལམ་བཏང་ཟིན་པས། འབྲས་གནས་ཁྱད་པར་ཅན་རྣམས་ལ་འབྲས་བུ་འདུས་བྱས་མེད་པར་ཐལ་བ་དང༌། ལམ་ཟག་བཅས་ཀྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ལ་ཡང་འབྲས་བུ་དེ་མེད་པར་ཐལ་བ་དང༌། རྣམ་པར་གྲོལ་བའི་ལམ་གྱི་ས་མཚམས་འཇོག་མ་ཤེས་པར་ཐལ་བ་རྣམས་འཇུག་གོ །དེས་ན་འབྲས་བུ་འདུས་བྱས་ལ་གཉིས་ཏེ། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །དང་པོ་ནི་འབྲས་གནས་ཙམ་པོའི་རྒྱུད་ལ་ཡོད་ལ། གཉིས་པ་ནི་སྤྱིར་ཁྱད་པར་གྱི་ལམ་གང་ཡིན་ལ་ཟེར་བ་མིན་གྱི། འབྲས་བུ་འདུས་མ་བྱས་གང་དང་གང་ཡིན་པ་དེ་ཐོབ་ནས། ཇི་སྲིད་མ་བཏང་གི་བར་དུ་འཛིན་པར་བྱེད་པའི་བྲལ་བའི་ཐོབ་པ་ཕྱི་མ་རྣམས་ལ་ཟེར་བ་ཡིན་ནོ། །འོ་ན་ཅི། ཐོབ་པ་ཞེས་བྱ་བ་ནི་མི་ལྡན་པའི་འདུ་བྱེད་མིན་ནམ། ཇི་ལྟར་ན་ལམ་གྱི་བདེན་པར་བཞག་ཅེ་ན། ཇི་སྐད་དུ། སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་མཐོང་སྒོམ་མི་སློབ་ལམ་གསུམ་གྱི་ཐོབ་པ་ནི་དེ་དང་དེ་ཡིན་པར་བཤད་པས་གཞན་དུ་བསམ་པར་མི་བྱ་ལ། འདི་ལྟར། བཟོད་ཤེས་བཅུ་དྲུག་གང་རུང་ཡིན་པར་ཐལ། མཐོང་ལམ་ཡིན་པའི་ཕྱིར་སྙམ་ན་ནི། མཐོང་ལམ་འཁོར་བཅས་ཕུང་པོ་ལྔ་པར་བཤད་པའི་དོན་མ་རྟོགས་པར་གསལ་ལོ། །འོ་ན་འདིར། འབྲས་བུ་བརྒྱད་ཅུ་རྩ་དགུར་བཤད་པ་དང༌། མདོ་ལས་དགེ་སྦྱོར་ཚུལ་གྱི་འབྲས་བུ་བཞིར་བཤད་པ་མ་མཐུན་པས་འགལ་ལོ་ཞེ་ན། མི་འགལ་ཏེ། མདོ་ལས་དེ་ལྟར་བཤད་པ་དེ་ནི། དེའི་འབྲས་བུ་སྲིད་ཚད་ཀྱི་དབང་དུ་བྱས་པ་མ་ཡིན་གྱི། རྒྱུ་ལྔ་ཚང་བའི་འབྲས་བུའི་དབང་དུ་བྱས་པ་ཡིན་ལ། འདིར་བཤད་པ་དེ་རྣམས་ནི། དེའི་འབྲས་བུ་སྲིད་ཚད་ཀྱི་དབང་དུ་བྱས་པའི་ཕྱིར་ཏེ། དེ་སྐད་དུ་ཡང༌། འབྲས་བུ་བཞི་རྣམ་བཞག་པ་ནི། རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་བུ་ལ་སྔོན་ལམ་བཏང་བ་དང༌། གཞན་ཐོབ་པ་དང་ཟད་བསྡོམས་དང༌། །ཤེས་པ་བརྒྱད་ཚན་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གསུངས་པ་ལྟར། ཞུགས་ལམ་བཏང་བ། འབྲས་བུས་བསྡུས་པའི་ལམ་གཞན་ཐོབ་པ། ཞེས་བྱ་བའི་རྒྱུ་རྣམ་པ་གཉིས་ཀྱི་གོ་དོན་ནི། བོད་ཕྱི་མ་གང་དག་ཞུགས་ལམ་སྔོན་དུ་སོང་བ་ཙམ་ལ་འཆད་པ་ནི་མ་ཡིན་གྱི། དེ་བཏང་ནས་མེད་པར་གྱུར་པ་ལ་འཆད་དགོས་པ་ཡིན་ཏེ། དཔེར་ན་བཅུ་དྲུག་པའི་རྟོགས་པ་ཐོབ་པ་དེའི་ཚེ་འབྲས་བུ་དང་པོ་གསུམ་པོའི་ཞུགས་ལམ་བཏང་ནས་མེད་པ་བཞིན་ནོ། །དེ་ཡང་སྒོམ་ལམ་ཐོབ་པའི་ཚེ། མཐོང་ལམ་བཏང་བ་དང༌། འབྲས་བུ་བཞི་པོ་གང་རུང་ཐོབ་པའི་ཚེ། ལམ་ཟག་མེད་སྔ་མ་རྣམས་བཏང་བར་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་འབྲས་བུ་ཐོབ་པས་གཏོང༌། །ཞེས་གསུངས་སོ། །དེས་ན་ལུགས་འདི་ལ་སྦྱོར་ལམ་དང་ཞུགས་ལམ་གྱི་གཞི་མཐུན་མི་སྲིད་དེ། སྦྱོར་ལམ་ནི་ལམ་ཕྱི་མ་གསུམ་པོ་ཐོབ་པའི་ཚེ་ཡང་མི་གཏོང་བའི་ཕྱིར་རོ། །དེ་ལྟར་བཤད་པ་ན། སྤྱིར་ཞུགས་ལམ་དང་འབྲས་ལམ་མི་འགལ་ཡང༌། འབྲས་བུ་བཞི་པོའི་དབང་དུ་བྱས་པའི་དེ་དང་དེ་འགལ་བ་ཡིན་ཏེ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་རྒྱུད་ཀྱི་རྒྱུན་ཞུགས་ཀྱི་འབྲས་བུ་གཉིས་པོ་གང་རུང་ཡིན་ན། ཕྱིར་འོང་ལ་ལྟོས་པའི་ཞུགས་ལམ་མ་ཡིན་དགོས་པ་བཞིན་ནོ། །འོ་ན་དེ་དུས་ཀྱི་ཞུགས་ལམ་དེ་གང་ཞེ་ན། དེ་ལ་གཉིས་ཏེ། འབྲས་བུ་རིམ་གྱིས་པའི་དབང་དུ་བྱས་ན། དེའི་རྒྱུད་ཀྱི་འདོད་ཉོན་དང་པོ་སྤོང་བ་ལ་བརྩོན་པའི་བར་ཆད་མེད་ལམ་དང༌། དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་སོགས་ནས། དྲུག་པ་སྤོང་བ་ལ་བརྩོན་པའི་བར་རྣམས་སོ། །ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་ན་མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ཐོབ་པ་དེའི་ཚེ་ན། ཕྱིར་འོང་ཞུགས་པ་ཡིན་པར་བཤད་པས། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་མན་ཆད་ཙམ་སྤངས་པའི་འགོག་བདེན་གྱི་ཐོབ་པར་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ལམ་ཞིག་གསར་དུ་རྙེད་པ་ཡིན་པས། དེ་ཉིད་དེར་བཞག་ལ། དེ་རྒྱུན་ཞུགས་ཀྱི་འབྲས་བུ་མ་ཡིན་པའི་ཚུལ་ཡང་འཆད་པར་འགྱུར་རོ། །རྒྱུ་གཉིས་པ་ཟད་བསྡོམས་ཞེས་བྱ་བ་ནི། སྤངས་པ་སོ་སོ་བ་རྣམས་གཅིག་ཏུ་བསྡོམས་པ་ལ་འཆད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྔར་སྤངས་པ་ཇི་སྙེད་ཅིག་སྤངས་པ་དེ་ཐམས་ཅད་ཀྱི་ཐོབ་པ་སོ་སོ་བ་རྣམས་བཏང་ནས། ཐོབ་པ་ཐུན་མོང་བ་ཅིག་རྙེད་པའོ། །དེ་ཡང་དཔེར་ན། ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པ་དེའི་ཚེ། མཐོང་སྤངས་སྤངས་པའི་སྤངས་པ་དང༌། འདོད་ཉོན་དང་པོ་ནས་བརྒྱད་པའི་བར་སྤངས་པའི་སྤངས་པ་རྣམས་ཀྱི་ཐོབ་པ་སོ་སོ་བ་རྣམས་བཏང་ནས། སྤངས་པ་དེ་ཐམས་ཅད་གཅིག་ཏུ་བསྡོམས་པའི་ཐོབ་པ་ཐུན་མོང་བ་ཅིག་རྙེད་པ་ཡིན་ལ། དེའི་ཚེ་སྤངས་པ་རྣམས་རྫས་ཀྱི་སྒོ་ནས་གཅིག་ཏུ་བསྡོམས་པ་མེད་ཀྱང༌། བློ་རྟོག་པས་གཅིག་ཏུ་བསྡུས་པར་གྱུར་པའི་སྤངས་པ་འདུས་མ་བྱས་དེ། ཕྱིར་མི་འོང་གི་འབྲས་བུ་འདུས་མ་བྱས་དང༌། ཐོབ་པ་ཐུན་མོང་པ་གཅིག་པུ་དེ་དེའི་འབྲས་བུ་འདུས་བྱས་སུ་འཇོག་པ་བཞིན་ནོ། །དེ་ལྟར་བཤད་པ་ན། བོད་ཕྱི་མ་གང་དག་བཞི་པོ་སོ་སོའི་འབྲས་བུ་འདུས་མ་བྱས་ངོས་འཛིན་པ་ན། མཐོང་སྤངས་ཙམ་དང༌། འདོད་ཉོན་དྲུག་པ་ཙམ་དང༌། དགུ་པ་ཙམ་སྤངས་པའི་འགོག་པ་རྐྱང་པའི་རང་ལྡོག་ནས་དེ་དང་དེར་འཇོག་པ་ནི་གཞུང་གི་བབས་མ་གོ་བ་ཡིན་ནོ། །རྒྱུ་བཞི་པ་ཤེས་པ་བརྒྱད་ཚན་ཐོབ་པ་ཞེས་བྱ་བ་ནི། ཆོས་ཤེས་བཞི་དང་རྗེས་ཤེས་བཞི་སྟེ་བརྒྱད་ཡིན་ལ། དེ་ཚང་བར་ཐོབ་པའོ། །འོ་ན་བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཚེ་ཤེས་པ་སྔ་མ་བདུན་བཏང་བ་མ་ཡིན་ནམ་ཞེ་ན། ཞུགས་ལམ་གྱིས་བསྡུས་པའི་དེ་བཏང་ཡང༌། འབྲས་བུས་བསྡུས་པའི་དེ་ཐོབ་པ་ཡིན་པས་སྐྱོན་མེད་དོ། །འོ་ན་ཤེས་པ་དེ་དང་དེ་གསར་དུ་སྐྱེ་པ་ཡིན་ནམ་ཞེ་ན། དེའི་ངེས་པ་མེད་ཀྱི་བརྒྱད་པོའི་ཐོབ་པ་རྙེད་པའོ། །དེ་ཇི་ལྟ་བུ་ཞེ་ན། མཐོང་སྤངས་སྤངས་པའི་འགོག་བདེན་གྱི་ཐོབ་པ་རྒྱུན་ཞུགས་ཀྱི་འབྲས་བུར་བསྡུས་པ་དེ་ཉིད་ཤེས་པ་བརྒྱད་ཀྱི་ཐོབ་པར་འཇོག་གོ །དེ་ལྟར་ན་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཤེས་པ་བརྒྱད་ཀྱི་གཞི་མཐུན་མེད་ཀྱང༌། བརྒྱད་པོ་དེའི་ཐོབ་པ་དང་འབྲས་བུ་དེའི་གཞི་མཐུན་ཁས་ལེན་དགོས་ཏེ། དཔེར་ན་འདོད་པའི་སྡུག་བསྔལ་མཐོང་སྤངས་སྤངས་པའི་བྲལ་ཐོབ་དང༌། དེའི་འབྲས་བུའི་གཞི་མཐུན་ཁས་ལེན་དགོས་པ་བཞིན་ནོ། །དེ་བཞིན་དུ་རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པ་དེའི་ཚེ་ཡང༌། ཤེས་པ་བརྒྱད་ཚན་ཐོབ་པ་ཡིན་ཏེ། དེའི་ཚེ་ཡང་མཐོང་སྤངས་སྤངས་པའི་འགོག་བདེན་གྱི་ཐོབ་པ་རྒྱུན་ཞུགས་ཀྱི་འབྲས་བུས་བསྡུས་པ་དེ་བཏང་ནས། དེའི་ཐོབ་པ་ཕྱིར་འོང་གི་འབྲས་བུས་བསྡུས་པ་ཞིག་རྙེད་ལ། དེར་ཤེས་པ་བརྒྱད་ཀྱི་ཐོབ་པ་ཚང་བའི་ཕྱིར། ཕྱིར་མི་འོང་དང་དགྲ་བཅོམ་པ་ལ་ཡང་དེ་བཞིན་ནོ། །དེ་ལྟར་འདིའི་སྐབས་ཀྱི་ཤེས་པ་བརྒྱད་པོ་ནི་མཐོང་ལམ་གྱི་ཤེས་པ་བདུན་དང་བཅས་པའི་བརྒྱད་པོ་དེའི་ཐོབ་པ་ལ་བྱ་བ་ཡིན་གྱི། སྒོམ་ལམ་གྱི་དབང་དུ་བྱས་པའི་ཆོས་ཤེས་དང་རྗེས་ཤེས་ཡོད་ཀྱང༌། འདིར་བགྲང་བར་བྱ་བ་མ་ཡིན་པར་ཤེས་དགོས་ཤིང༌། འབྲས་བུ་ལྷག་མ་གཉིས་ལ་ཡང་དེ་བཞིན་དུ་སྦྱར་རོ། །རྣམ་པ་བཅུ་དྲུག་ཐོབ་པ་ཞེས་བྱ་བ་ནི་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་གྱི་ཤེས་རབ་ཐོབ་པ་ལ་བྱ་བ་ཡིན་ལ། དེ་ཡང་ལམ་ཟག་བཅས་ཀྱིས་འདོད་ཡོན་དྲུག་པ་དང༌། དགུ་པ་སྤངས་པའི་ཚེ་ཡང་ཤེས་རབ་དེ་ཡོད་པ་མ་ཡིན་ཡང༌། དེའི་ཐོབ་པ་རྙེད་པའོ། །དེ་ཡང་གང་ཞེ་ན། མཐོང་སྤངས་སྤངས་པའི་འགོག་བདེན་གྱི་ཐོབ་པ་གང་ཡིན་པ་དེ་ཉིད་དེའི་ཡང་ཐོབ་པའོ། །དོན་དེ་ཡང་ཇི་སྐད་དུ། འཇིག་རྟེན་པའི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་འབྱུང་བ་དེ་ཉིད་ཡིན་ལ། ལམ་ཟག་བཅས་ཀྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ལས་ཉམས་ཀྱང༌། སོར་མ་ཆུད་པར་མི་འཆི་བའི་སྒྲུབ་བྱེད་ཀྱང་དེ་ཉིད་དོ། །གཞན་དག་གིས་ནི་རྒྱུ་ལྔ་པོའི་གོ་དོན་འཆད་མ་ཤེས་པས། ཞིབ་ཏུ་བཤད་པ་ཡིན་ལ། ཅིའི་ཕྱིར་ལྔ་པོ་ལ་རྒྱུ་ཞེས་བྱ་ཞེ་ན། འབྲས་བུ་བཞི་པོ་དེ་དང་དེར་འཇོག་པར་བྱེད་པའི་འཇོག་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཡང་བོད་ཕྱི་མ་གཞན་དག དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་སྤྱི་ཙམ་ནས་བཞིར་གྲངས་ངེས་པ་ཡིན་ནོ་ཞེས་ཟེར་བ་དང༌། ཞིབ་ཏུ་རེ་བ་དག བཅུ་དྲུག་པའི་རྟོགས་པ་ཐོབ་ཕྱིན་ཆད་དེ་ལ་དེར་ངེས་པ་ཡིན་ནོ་ཞེས་ཕལ་ཆེར་མཐུན་པར་སྨྲ་བར་བྱེད་དོ། །དེ་དག་ནི་འཐད་པ་མིན་ཏེ། མཐོང་ལམ་གྱི་ངོ་བོར་གྱུར་པའི་ཤེས་པ་དང་པོ་བདུན་དང༌། མཐོང་སྤངས་དང་པོ་བདུན་སྤངས་པའི་འགོག་པའི་བདེན་པ་བདུན་པོ་རྣམས་ནི། སྤྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་གྱ་དགུ་པོ་གང་རུང་ཡིན་པས་དེའི་འབྲས་བུར་འཆད་དགོས་ལ། བཞི་པོ་གང་རུང་ནི་མ་ཡིན་པའི་ཕྱིར་ཏེ། དེར་འཇོག་པའི་རྒྱུ་ལྔ་པོ་གང་ཡང་མ་ཚང་བའི་ཕྱིར་རོ། །དེར་མ་ཟད། འདོད་ཉོན་དང་པོ་ནས་ལྔ་པའི་བར་ཟག་མེད་ལམ་གྱིས་སྤངས་པ་དང༌། འདོད་ཉོན་བདུན་བརྒྱད་གཉིས་དེས་སྤངས་པ་དང༌། བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་ཅི་ཡང་མེད་ཀྱི་དགུ་པའི་བར་དེས་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། འགོག་པའི་བདེན་པ་བདུན་ཅུ་དོན་དགུ་པ་ཚན་པ་གཉིས་པོ་དེ་ཡིན་ལ། བཞི་པོ་གང་རུང་མ་ཡིན་པའི་ཕྱིར། མིན་ཏེ། རྒྱུ་ལྔ་པོ་གང་རུང་ཚང་བའི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། ཡང་གཅིག་ལ་མཚོན་ན། རྒྱུན་ཞུགས་འབྲས་གནས་ཀྱི་རྒྱུད་ཀྱི་ལམ་ཟག་མེད་ཀྱིས་འདོད་ཉོན་དང་པོ་གཉིས་སྤངས་པའི་འགོག་ལམ་གཉིས་ཆོས་ཅན། རྒྱུན་ཞུགས་ཀྱི་འབྲས་བུ་མིན་ཏེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་མིན་པའི་ཕྱིར་དང༌། མཐོང་ལམ་བར་ཆད་མེད་ལམ་གྱི་ཐོབ་འབྲས་མིན་པའི་ཕྱིར་དང༌། སྒོམ་ལམ་བར་ཆད་མེད་ལམ་ཁོ་ན་ཉིད་ཀྱི་ཐོབ་འབྲས་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། དེས་ཐོབ་ཅིང་སྤངས་པ་གཞན་དང་ཐོབ་པ་ཐུན་མོང་བ་ཅིག་རྙེད་པ་ཡང་མ་ཡིན་པས་སོ། །གཞན་ཡང་ལམ་ཟག་མེད་ཀྱིས་འདོད་ཉོན་དང་པོ་སྤོང་བ་ལ་བརྩོན་བཞིན་པའི་རྒྱུན་ཞུགས་དེ་རང་གིས་ཐོབ་པར་བྱ་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དུ་བརྩོན་བཞིན་པ་ཡིན་པར་འགྱུར་ལ། དེ་ལྟ་ན་དེ་རྒྱུན་ཞུགས་ཀྱི་ཞུགས་པར་ཐལ་བ་བཟློག་ཏུ་མེད་དོ། །དེ་བཞིན་དུ་ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་བདུན་བརྒྱད་གཉིས་སྤངས་པའི་འགོག་ལམ་གཉིས་ཆོས་ཅན། ཕྱིར་འོང་གི་འབྲས་བུ་མ་ཡིན་ཏེ། འདོད་ཉོན་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། འདོད་ཉོན་དྲུག་པ་སྤངས་པའི་བར་ཆད་མེད་ལམ་གྱི་ཐོབ་འབྲས་མ་ཡིན་པའི་ཕྱིར་དང༌། རྒྱུ་ལྔ་ཚང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་བདུན་ཅུ་རྩ་གསུམ་པོ་ཚན་པ་གཉིས་ལ་ཡང་སྦྱར་བར་བྱ་ཞིང༌། གཞན་ཡང་གང་དག་འབྲས་གནས་དེ་དང་དེའི་རྒྱུད་ཀྱི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ན། དེ་དང་དེའི་འབྲས་བུ་ཡིན་དགོས་སོ་ཞེས་ཟེར་བ་ཡང་དེ་ཉིད་ཀྱིས་ཁེགས་མོད། ཞིབ་ཏུ་དཔྱད་ན། ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་མཐོང་སྤངས་སྤངས་པའི་འགོག་བདེན་དང༌། འདོད་ཡོན་དང་པོ་ནས་འདོད་ཉོན་བརྒྱད་པའི་བར་སྤངས་པའི་འགོག་པ་སོ་སོ་བ་དེ་རྣམས་ཆོས་ཅན། ཕྱིར་མི་འོང་གི་འབྲས་བུ་མིན་ཏེ། དེ་ཐོབ་བྱེད་ཀྱི་ལམ་གྱིས་མ་ཐོབ་པའི་ཕྱིར་དང༌། དེའི་རྒྱུད་ལ་སྤངས་པ་དེ་དང་དེ་ཡོད་པའི་ཆ་ནས་དེ་ཕྱིར་མི་འོང་འབྲས་གནས་སུ་བཞག་པ་མ་ཡིན་པའི་ཕྱིར། འོ་ན་ཅི། ཕྱིར་མི་འོང་འབྲས་གནས་ཙམ་པོའི་རྒྱུད་ཀྱི་ཐོབ་པ་ཐུན་མོང་བ་གཅིག་གིས་བསྡུས་པའི་སྤངས་པ་ཇི་སྙེད་པ་ཕྱིར་མི་འོང་གི་འབྲས་བུར་བཞག་དགོས་པ་མིན་ནམ་ཞེ་ན། དེ་ཡང་ཚིག་གི་སྤུ་རིས་ཞིབ་མོར་འབྱེད་ན། དེ་དགོས་པ་མིན་ཏེ། དེ་ལྟ་ན་དེའི་རྒྱུད་ཀྱི་སྤངས་པ་རེ་རེ་ནས་དེར་ཐལ་བའི་ཕྱིར། འོ་ན་ཅི་ཞེ་ན། ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་འགོག་པའི་བདེན་པ་ཐོབ་པ་དང་བཅས་པ་རྣམས་སོ། །དེ་ཡང་ཞིབ་ཏུ་ན། དེའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་འགོག་བདེན་དེའི་རང་ལྡོག་ནས་ཀྱང༌། ཕྱིར་མི་འོང་གི་འབྲས་བུ་ཡིན་པའི་ངེས་པ་མེད་དེ། འདི་ལྟར་ལམ་ཟག་བཅས་ཀྱིས་འདོད་ཡོན་དགུ་པ་སྤངས་པའི་ཕྱིར་མི་འོང་གི་རྒྱུད་ཀྱི་དེས་དེ་སྤངས་པའི་འགོག་བདེན་དེ་ཆོས་ཅན། ཕྱིར་མི་འོང་གི་འབྲས་བུ་མ་ཡིན་ཏེ། སྤྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་མ་ཡིན་པའི་ཕྱིར་ཏེ། ཟག་མེད་བར་ཆད་མེད་ལམ་གྱི་ཐོབ་འབྲས་མ་ཡིན་པའི་ཕྱིར་ཏེ། ལམ་ཟག་བཅས་རྐྱང་པས་ཐོབ་པའི་འགོག་བདེན་ཞིག་ནི་འདིར་འདོད་དགོས་ལ། དེ་ཡོད་ན་འདི་ཡང་དེ་ལས་མ་འདས་པའི་ཕྱིར་རོ། །བྲལ་བ་སོ་སོ་བའི་ཐོབ་པ་གཅིག་གིས་བསྡུས་པའི་འགོག་པ་རྣམས་རྫས་ཐ་དད་པར་བཤད་པའོ། །དེ་བཞིན་དུ་དགྲ་བཅོམ་པའི་རྒྱུད་ཀྱི་མཐོང་སྤངས་སྤངས་པའི་འགོག་པ་ནས་སྲིད་ཉོན་བརྒྱད་པའི་བར་སྤངས་པའི་འགོག་ལམ་གཉིས་ཀྱང་དགྲ་བཅོམ་པའི་འབྲས་བུ་མ་ཡིན་པའི་ཚུལ་ནི་དེ་བཞིན་དུ་ཤེས་པར་བྱ་ཞིང༌། འདོད་ཉོན་ལྔ་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་ཞུགས་ཀྱི་རྒྱུད་ཀྱི་དེ་དག་སྤངས་པའི་འགོག་ལམ་རྣམས་ཀྱང༌། དེའི་འབྲས་བུ་མ་ཡིན་པའི་ཚུལ་ཡང་ཤེས་པར་བྱའོ། །ཡང་གང་དག་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གྱི་འབྲས་གནས་ཐམས་ཅད་ཀྱི་རྒྱུད་ལ་རང་རང་གི་སྤང་བྱ་གང་སྤངས་པ་དེ་ཐམས་ཅད་ཀྱི་འགོག་བདེན་ཡོད་པ་བཞིན་དུ། དེ་དང་དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡང་ཡོད་པས་ཁྱབ་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི། སྤྱིར་ཆོས་མངོན་པའི་ལུགས་ཀྱི་ལམ་བཞིའི་རྣམ་པར་བཞག་པ་ཇི་ལྟ་བུ་ཡིན་མ་ཤེས་པ་དང༌། ཁྱད་པར་མངོན་པ་འོག་མ་རྩ་འགྲེལ་གྱི་ལུགས་ལ་རྣམ་པར་གྲོལ་བའི་ལམ་ནི་སྐད་ཅིག་མ་ཅིག་ཁོ་ན་དང༌། ཁྱད་པར་གྱི་ལམ་མངོན་དུ་བྱས་པའི་ཚེ། དེ་བཏང་ཟིན་པའི་རྣམ་པར་ཞག་པ་ཁོང་དུ་མ་ཆུད་པའི་གཏམ་ཡིན་པས་དོར་བར་བྱའོ། །ཡང་གང་དག་ལུགས་འདི་ལ་བཅུ་དྲུག་པའི་རྟོགས་པ་རྫོགས་ཕྱིན། ལམ་ཟག་བཅས་ཀྱི་སྤང་བྱ་གང་དང་གང་སྤངས་པ་དེ་ཐམས་ཅད་ཀྱི་འགོག་པ་དང་རྣམ་པར་གྲོལ་བའི་ལམ་གཉིས་ཀ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པར་ཁས་ལེན་པ་དེ་དག་ནི་མ་ཤེས་པ་ཡིན་ཏེ། དེའི་དུས་ཀྱི་རྣམ་པར་གྲོལ་བའི་ལམ་ནི་ཟག་བཅས་ཁོ་ན་ཡིན་པའི་ཕྱིར་དང༌། དེའི་དུས་ཀྱི་འགོག་པ་དེ་ཟག་མེད་ཡིན་ཀྱང༌། དེའི་ཐོབ་པ་ཡང་ཟག་བཅས་ཁོ་ན་ཡིན་པའི་ཕྱིར་དང༌། དེའི་འགོག་བདེན་ཡང་ཟག་མེད་ཡིན་ཀྱང་འབྲས་བུ་དེ་དང་དེར་མི་རུང་སྟེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལས་ཉམས་པ་སོར་མ་ཆུད་པར་ཤི་ནས་སྐྱེ་བ་ལེན་པ་མི་སྲིད་ལ། འདི་ལ་ནི་དེ་སྲིད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཕྱིར་མི་འོང་འཕར་ཕྱེད་འཕར་དང་གནས་ཐམས་ཅད་དུ་འཆི་འཕོ་བ་བཞིན་ནོ། །གཉིས་པ་འབྲས་བུ་བཞིའི་ངོས་འཛིན་ཇི་ལྟར་ཡིན་པ་ལ། སོ་སོའི་རང་བཞིན་ངོས་བཟུང༌། སྤང་བའི་ཁྱད་པར་སོ་སོར་བཤད་པའོ། །དང་པོ་ལ་བཞི་ལས། དང་པོ་རྒྱུན་ཞུགས་ཀྱི་འབྲས་བུ་ནི། མཐོང་སྤངས་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་དང༌། དེའི་འགོག་པའི་བདེན་པ་ཐོབ་པ་དང་བཅས་པ་རྣམས་སོ། །འདི་ལ་འདོད་ཉོན་ལྔ་པ་མན་ཆད་ལ་ཆགས་བྲལ་སྔོན་སོང་སྲིད་ཀྱང༌། དེ་སྤངས་པའི་འགོག་ལམ་གཉིས་པོ་རྒྱུན་ཞུགས་ཀྱི་འབྲས་བུའི་ཁོངས་སུ་བསྡུ་དགོས་པ་མི་སྲིད་དེ། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་ཆ་ནས་འབྲས་བུ་དེར་འཇོག་དགོས་པའི་ཕྱིར་རོ། །གཉིས་པ་ཕྱིར་འོང་གི་འབྲས་བུ་ལ། རིམ་གྱིས་པ་དང་ཆགས་བྲལ་སྔོན་སོང་གཉིས། དང་པོ་ལ་ལམ་ཟག་མེད་ཀྱིས་ཐོབ་པ་དང༌། ཟག་བཅས་ཀྱིས་ཐོབ་པ་གཉིས་ལས། དང་པོ་ནི། ཟག་མེད་བར་ཆད་མེད་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། དེ་དང་མཐོང་སྤངས་སྤངས་པའི་འགོག་པའི་བདེན་པ་ཐོབ་པ་དང་བཅས་པ་རྣམས་སོ། །འདི་མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བ་མ་ཡིན་ཀྱང༌། འབྲས་བུ་འདི་མཐོང་སྤངས་སྤངས་པའི་འབྲས་བུར་བསྡུ་དགོས་ཏེ། སྤྱིར་དེ་སྤངས་པའི་ཆ་ནས་ཕྱིར་འོང་དུ་བཞག་དགོས་པ་མ་ཡིན་ཀྱང༌། དེར་འཇོག་པ་ལ་དེ་སྤངས་དགོས་པའི་ཕྱིར་དང༌། ཁྱད་པར་ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པའི་འབྲས་བུ་འཆད་པའི་སྐབས་སུ་དེ་བསྡུ་དགོས་པ་མ་ཡིན་ན། རྒྱུ་ལྔ་ཚང་བའི་འབྲས་བུར་འཇོག་པ་ལ་ཟད་བསྡོམས་ཞེས་པའི་ཐ་སྙད་དེ་དགོས་པར་འཆད་པའི་གྲུབ་པའི་མཐའི་ཁྱད་པར་མི་འགྲིག་པའི་ཕྱིར་རོ། །གཉིས་པ་ནི། འཕགས་པས་ལམ་ཟག་བཅས་ཀྱིས་འདོད་ཉོན་དྲུག་པ་སྤངས་པའི་ཚེ། རང་རྒྱུད་ཀྱི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་སྤངས་པ་དང༌། ཐོབ་པ་ཐུན་མོང་བ་ཅིག་གིས་བསྡུས་པའི་དེ་སྤངས་པའི་འགོག་པ་དང༌། དེའི་ཐོབ་པ་རྣམས་སོ། །འདིར་དྲུག་པ་སྤངས་པའི་རང་ལྡོག་རྐྱང་པ་ནས་འབྲས་བུ་འདུས་མ་བྱས་མི་སྲིད་ཅིང༌། དེའི་ཤེས་བྱེད་ཀྱང་དེས་ཐོབ་པའི་རྣམ་པར་གྲོལ་བའི་ལམ་ནི་ཟག་བཅས་ཁོ་ན་ཡིན་པ་དང༌། ལམ་ཟག་བཅས་ཀྱིས་ཐོབ་པའི་འགོག་བདེན་གྱི་ཐོབ་པ་ཡང་ཟག་བཅས་ཁོ་ན་ཡིན་པ་ལ་ཐུག་ཅིང༌། དེ་དུས་ཀྱི་འགོག་པ་དེའི་རང་ལྡོག་ནས་ཀྱང་ཐོབ་བྱེད་ཟག་མེད་མི་སྲིད་པའི་ཕྱིར་རོ། །ཆགས་བྲལ་སྔོན་སོང་གི་འབྲས་བུའི་འཇོག་ཚུལ་ཡང་དེ་དང་འདྲ་བ་ཡིན་ཏེ། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་དེའི་རྒྱུད་ཀྱི་སྒོམ་ལམ་རྣམ་གྲོལ་ལམ་ནི་ཕྱིར་འོང་གི་འབྲས་བུར་འཇོག་པ་དོན་མེད་ཅིང༌། དེའི་རྒྱུད་ལ་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཡང་བཏང་ཟིན་ནས་མེད་ལ། དེའི་རྒྱུད་ཀྱི་མཐོང་སྤངས་སྤངས་པའི་སྤངས་པ་དང༌། ཐོབ་པ་ཐུན་མོང་བ་ཅིག་གིས་བསྡུས་པའི་འདོད་ཉོན་དྲུག་པ་སྤངས་པའི་འགོག་བདེན་དེའི་ཐོབ་པ་ཟག་མེད་དང་བཅས་པ་རྣམས་སོ། །འདི་དང་སྔ་མ་ལམ་ཟག་བཅས་ཀྱིས་ཐོབ་པའི་ཕྱིར་འོང་གཉིས་ཀྱི་སྐབས་སུ། ཕྱིར་འོང་གི་འབྲས་བུར་འཇོག་པ་མཐོང་སྤངས་སྤངས་པའི་ཆ་ནས་འཇོག་པ་མ་ཡིན་ཀྱང༌། དེ་དག་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་པ་ལ། དེ་དང་བསྲེས་དགོས་པ་བྱུང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའོ། །གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་གཉིས་ཏེ། རིམ་གྱིས་པ་དང༌། ཆགས་བྲལ་སྔོན་དུ་སོང་བའོ། །དང་པོ་ལ། ཟག་མེད་ཀྱིས་ཐོབ་པ་དང༌། ཟག་བཅས་ཀྱིས་ཐོབ་པ་གཉིས་ལས། དང་པོ་ནི། ལམ་ཟག་མེད་ཀྱིས་འདོད་ཉོན་དགུ་པ་སྤངས་པ་དེའི་ཚེ། དེ་སྤངས་པའི་འགོག་ལམ་གྱི་རང་ལྡོག་ནས་ཕྱིར་མི་འོང་གི་འབྲས་བུར་བཞག་མི་ནུས་ཤིང༌། དེ་ཡིན་ན་ཕྱིར་མི་འོང་གི་འབྲས་བུ་ཡིན་མི་དགོས་ཏེ། ཕྱིར་མི་འོང་གི་འབྲས་བུ་ཡིན་ན། སྤྱིར་འདོན་ཉོན་དགུ་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་དགོས་ཀྱང༌། དེ་ཙམ་གྱིས་ཕྱིར་མི་འོང་གི་འབྲས་བུའི་འཇོག་འཚམས་རྫོགས་པ་མ་ཡིན་ཏེ། དེར་འཇོག་པ་ལ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཆ་ནས་བཤད་དགོས་པའི་ཕྱིར། ཇི་སྐད་དུ། གཉིས་ཀྱི་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་བཟློག་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་རྒྱས་པར་ཕྱེ་ན། འདོན་ཉོན་དགུ་པ་སྤངས་པའི་ཆ་དེ་ཕྱིར་མི་འོང་དུ་འཇོག་བྱེད་དང༌། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་ཆ་དེ། དེའི་འབྲས་བུའི་ཆ་དེ་འཇོག་བྱེད་ཡིན་ཏེ། དེར་འཇོག་པ་ལ་དེ་དང་ཐུན་མོང་བར་གྱུར་པའི་ཐོབ་པ་རྙེད་དགོས་པས་སོ། །གཉིས་པ་ནི་སྔ་མ་ཕྱིར་མི་འོང་གིས་མཚོན་པར་ནུས་ཤིང༌། གཉིས་པ་ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུའི་མཚན་གཞི་ནི། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་ཐ་མའི་ཆ་ཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་འགོག་པའི་བདེན་པ་ཐོབ་པ་ཟག་མེད་དང་བཅས་པའོ། །ཞིབ་ཏུ་ན་འདི་ལྟར་དབྱེ་དགོས་ཏེ། དེ་འདྲ་དེའི་རྒྱུད་ཀྱི་མཐོང་སྤངས་སྤངས་པའི་འགོག་ལམ་གཉིས་ནི་དེའི་འབྲས་བུ་མིན་ཏེ། དེའི་ཆ་ནས་ཕྱིར་མི་འོང་དུ་ཡང་བཞག་མི་ནུས། དེའི་ཆ་ནས་ཆགས་བྲལ་སྔོན་སོང་དུ་འཇོག་པའི་ཆ་ཤས་ཀྱང་མེད་པའི་ཕྱིར། ཡང་དེའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་འགོག་ལམ་གཉིས་ཀྱི་ཆ་ནས་ཆགས་བྲལ་སྔོན་སོང་དུ་འཇོག་ཀྱང༌། དེ་འདྲ་དེ་ཕྱིར་མི་འོང་གི་འབྲས་བུ་མ་ཡིན་ཏེ། རང་ཐོབ་བྱེད་ཀྱི་ཟག་མེད་བར་ཆད་མེད་ལམ་མེད་པའི་ཕྱིར་དང༌། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡང་མ་ཡིན་པའི་ཕྱིར། དེ་ལྟར་ན་ཡང༌། དེའི་རང་ལྡོག་དེ་མིན་ཀྱང༌། དེ་དེའི་འབྲས་བུར་འཇོག་དགོས་པའི་སྐབས་ཡོད་དེ། མཐོང་སྤངས་སྤངས་པའི་འགོག་པ་དང་ཐོབ་པ་ཐུན་མོང་བ་གཅིག་གིས་བསྡུས་པའི་ཚེ། དེར་འཇོག་པའི་ཕྱིར། དཔེར་ན་ཆུ་བོ་གངྒཱའི་ཆུ་དེ་རང་ལྡོག་ནས་རྒྱ་མཚོའི་ཆུ་མ་ཡིན་ཀྱང༌། དེ་རྒྱ་མཚོ་དང་འདྲེས་པའི་ཚེ་རྒྱ་མཚོའི་ཆུར་འཇོག་དགོས་པ་བཞིན་ནོ། །དེ་ལྟར་བཤད་པ་འདི་ནི། བྱེ་སྨྲའི་གྲུབ་པའི་མཐའ་ལ་ཚིག་གི་སྒོ་ནས་ཞིབ་ཆ་འདོན་ཚུལ་ཏེ། དེ་ཡང་དེའི་གཞུང་འཆད་པ་ལ་མེད་མི་རུང་དུ་དགོས་པ་བྱུང་བ་ཡིན་གྱི། རྟོག་གེ་ངན་པའི་བློ་གྲོས་ཀྱིས་གཞུང་གི་འཆད་ཚུལ་འཇིག་པར་བྱེད་པ་དག་དང་མི་འདྲའོ། །བཞི་པ་དགྲ་བཅོམ་པའི་འབྲས་བུ་ནི། ཕལ་ཆེར་མཐའ་ཆོད་ཟིན་པ་དེ་ཉིད་ཡིན་མོད་ཀྱི་མདོར་བསྡུས་ན་ཟག་མེད་བར་ཆད་མེད་ལམ་གྱིས་སྲིད་རྩེའི་ཉོན་མོངས་པ་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་དང༌། ཐ་མའི་ཆ་མཐུན་ལྔ་སྤངས་པའི་སྤངས་པ་དང་ཐོབ་པ་ཐུན་མོང་བ་གཅིག་གིས་བསྡུས་པའི་འགོག་ལམ་དེ་དག་གོ །འདི་འཇོག་པ་ལ། སྤྱིར་ཉོན་མོངས་མ་ལུས་སྤངས་པ་དགོས་ཀྱང༌། ཉོན་མོངས་རེ་རེ་བ་སྤངས་པའི་ཆ་ནས་དེར་འཇོག་མི་ནུས་ཤིང༌། དེ་ཐོབ་བྱེད་ཀྱི་ལམ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ལ་བཤད་པས་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་པའི་ཁྱད་པར་གཞན་རྣམས་དགྲ་བཅོམ་པའི་འབྲས་བུར་མི་བཞག་གོ །འོ་ན་རྣམ་བཤད་ལས་འབྲས་བུ་བཞིར་གྲངས་ངེས་པར་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་མངོན་པ་གོང་མའི་འཆད་ལུགས་ལ་ཡིན་ཏེ། ལུགས་དེ་ལ་འབྲས་བུ་བརྒྱད་བཅུ་རྩ་དགུའི་རྣམ་བཞག་མེད་པ་དང༌། ཀུན་སྦྱོར་གསུམ་དང༌། འདོད་ཉོན་དྲུག་པ་དང༌། དགུ་པ་དང༌། སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་པའི་ལམ་རྐྱང་པ་ལ་འབྲས་བུ་བཞི་པོ་དེ་དང་དེར་འཇོག་པ་ནི་ལུགས་དེ་ལ་གསལ་བའོ། །གཉིས་པ་འབྲས་བུ་བཞི་པོ་སོ་སོའི་སྤང་བྱའི་གཙོ་བོ་ངོས་བཟུང་བ་ནི། རྒྱུན་ཞུགས་ཀྱི་ནི་སྤྱིར་མཐོང་སྤངས་དང༌། ཁྱད་པར་ཀུན་ཏུ་སྦྱོར་བ་གསུམ་པོ་དགོ །དེ་ཡང་འདིའི་ཐེ་ཚོམ་ནི་སྤྱིར་ཀུན་བཏགས་དང༌། ཁྱད་པར་བདེན་པ་བཞི་པོ་རང་གི་ངོ་བོ་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་ཉོན་མོངས་ཅན་ལ་བྱ་བ་ཡིན་གྱི། ཐེ་ཚོམ་ཟ་བ་ཙམ་པོ་ལ་བྱ་བ་མིན་ཏེ། དེ་ལ་ནི་ཉོན་མོངས་པ་མ་ཡིན་པ་ཡང་ཡོད་པའི་ཕྱིར་དང༌། བག་ལ་ཉལ་དང༌། ལྷན་ཅིག་སྐྱེས་པའི་ཐེ་ཚོམ་ཡང་ཡོད་པའི་ཕྱིར་རོ། །གསུམ་པོ་དེ་སྤངས་པ་ན་མཐོང་སྤངས་མ་ལུས་པར་སྤངས་དགོས་པ་ཡིན་ཏེ། དེས་དེར་གྱུར་པའི་ལྟ་བ་དང༌། ལྟ་མིན་མཐའ་དག་གི་རྩ་བ་བསྡུས་པའི་ཕྱིར། དེ་ལྟ་ན་འདིས་སྒོམ་སྤངས་འགའ་ཞིག་སྤངས་པ་སྲིད་ཀྱང༌། དེའི་འབྲས་བུ་ལ་ལྟོས་པའི་སྤང་བྱ་ལ་སྒོམ་སྤངས་མི་འཆད་དོ། །འོ་ན་ཅི་རིགས་ནས་རིགས་སྐྱེ་ལ་ལྟོས་པའི་སྤང་བྱའི་གཙོ་བོ་འདོད་པའི་ཉོན་མོངས་པ་གསུམ་པ་ལ་འཆད་དགོས་པ་མ་ཡིན་ནམ་ཞེ་ན། དེར་འཇོག་པའི་སྤང་བྱའི་གཙོ་བོ་དེ་ལ་འཆད་དགོས་པ་ཡིན་ཀྱང༌། དེའི་རྒྱུད་ཀྱི་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ལྟོས་པའི་སྤང་བྱའི་གཙོ་བོ་ནི་དེ་ལ་འཆད་པ་མ་ཡིན་ཏེ། དེའི་རྒྱུད་ཀྱི་རྒྱུན་ཞུགས་ཀྱི་འབྲས་བུ་ཡང་མཚན་གཞི་བཤད་མ་ཐག་པ་དེ་ཉིད་ཡིན་གྱི། འདོད་ཉོན་གསུམ་པ་སྤངས་པས་རབ་ཏུ་ཕྱེ་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཞེས་བྱ་བ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་དང༌། འདི་ཁོ་ནར་མ་ཟད་སྤྱིར་འབྲས་གནས་བཞིའི་ནང་ཚན་སོ་སོ་བ་རྣམས་ལ་འབྲས་བུའི་ཁྱད་པར་མི་འདྲ་བ་རེ་རེ་འཆད་པའི་གོ་སྐབས་མི་སྲིད་པའི་ཕྱིར་རོ། །གཉིས་པ་ཕྱིར་འོང་གི་སྤང་བྱ་གང་ཡིན་པ་ལ། སྤྱིར་སྤང་བྱ་ཙམ་གང་ཡིན་པ་དང༌། དེའི་སྤང་བྱའི་གཙོ་བོ་གང་ཡིན་པའོ། །དང་པོ་ནི། སྤྱིར་འདོད་པའི་ཉོན་མོངས་དང་པོ་ནས་དྲུག་པའི་བར་རྣམས་དང༌། མཐོང་བས་སྤང་བར་བྱ་བའི་ཀུན་ཏུ་སྦྱོར་བ་གསུམ་པོ་རྣམས་ཀྱང་དེར་འཇོག་དགོས་པ་ཡིན་ཏེ། ཕྱིར་འོང་གི་འབྲས་བུར་འཇོག་པ་ལ་དེ་དག་མ་ལུས་པ་སྤངས་དགོས་ཤིང་དེ་ལས་གང་ཡང་རུང་བ་ཞིག་མ་སྤངས་ན་དེར་མི་འཇོག་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་དག་རེ་རེ་ནས་སྤང་བྱའི་གཙོ་བོ་ཡིན་པའི་ངེས་པ་མེད་པའི་ཕྱིར་ན། ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་སྤངས་པ་རེ་རེ་བ་རྣམས་དེའི་འབྲས་བུར་མ་གཞག་གོ །གཉིས་པ་ནི། མཐོང་སྤངས་ཀུན་སྦྱོར་གསུམ་དང༌། འདོད་པའི་ཉོན་མོངས་དང་པོ་དྲུག་ལ་ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ཕལ་ཆེ་བ་ཞེས་བྱ་བའི་མིང་གིས་བཏགས་ནས། དེ་དེའི་སྤང་བྱའི་གཙོ་བོར་བཞག་པ་ཡིན་ཏེ། དེའི་འབྲས་བུ་ནི། དེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་འབྲས་བུ་ཡིན་པའི་ཕྱིར། དེ་བས་ན་གཞན་དག་འདོད་ཉོན་དྲུག་པ་དེའི་སྤང་བྱའི་གཙོ་བོ་ཡིན་ཞེས་པ་དང༌། ཡང་ལ་ལ་དག འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཕལ་ཆེར་དེའི་སྤང་བྱའི་གཙོ་བོ་ཡིན་ཞེས་ཟེར་བ་ནི་ཞིབ་ཏུ་མ་བརྟགས་པའོ། །དེ་ལྟ་ན་ཡང་ཕྱིར་འོང་གི་སྤང་བྱའི་གཙོ་བོ་དང༌། ཕྱིར་འོང་ཆགས་བྲལ་སྔོན་སོང་དེ་གང་ལ་ལྟོས་ནས་ཆགས་བྲལ་སྔོན་སོང་དུ་འཇོག་པའི་སྤང་བྱའི་གཙོ་བོ་པོ་ཕྱེད་དགོས་པ་ཡིན་ཏེ། དཔེར་ན་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་འབྲས་གནས་དེ་འདོད་ཉོན་དྲུག་པ་ལ་ལྟོས་ནས་ཆགས་བྲལ་སྔོན་སོང་དུ་འཇོག་ཀྱང༌། དེ་ཕྱིར་འོང་འབྲས་གནས་སུ་འཇོག་པ་ནི། དྲུག་པོ་དེ་དང་མཐོང་སྤངས་མ་ལུས་པར་སྤངས་པ་ལས་དེར་བཞག་དགོས་པ་བཞིན་ནོ། །དེ་བཞིན་དུ་ཕྱིར་མི་འོང་གི་འབྲས་བུའི་སྤང་བྱ་ཙམ་དང༌། དེའི་སྤང་བྱའི་གཙོ་བོ་དང༌། གང་ལ་ལྟོས་ནས་ཆགས་བྲལ་སྔོན་སོང་དུ་འཇོག་པའི་སྤང་བྱའི་གཙོ་བོ་རྣམས་སོ་སོར་ཕྱེ་ནས་བཤད་པར་བྱའོ། །དགྲ་བཅོམ་པའི་སྤང་བྱ་ཙམ་དང༌། སྤང་བྱའི་གཙོ་བོ་འཇོག་པའི་ཚུལ་ཡང་དེ་བཞིན་དུ་སྦྱར་བར་བྱ་བ་ལས། དང་པོ་ནི་མཐོང་བས་སྤང་བར་བྱ་བ་དང༌། སྒོམ་པས་སྤང་བར་བྱ་བ་མཐའ་དག་རེ་རེ་ནས་སོ། །སྤང་བྱའི་གཙོ་བོ་ནི། སྲིད་རྩེའི་སས་བསྡུས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་པ་དེ་ཉིད་ཡིན་ནོ། །ཞེས་ཁས་བླངས་ཀྱང་འགལ་བ་མེད་ལ། ཡང་ན་ཀུན་ཏུ་སྦྱོར་བ་གོང་མའི་ཆ་དང་མཐུན་པ་ལྔ་པོ་དེ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །འོ་ན་ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་ཕལ་ཆེར་སྤངས་པའི་གནས་སྐབས་ལ་འབྲས་བུ་ལོག་པ་བཞག་ནས། གོང་མའི་ཆ་དང་མཐུན་པ་ལྔ་ཕལ་ཆེར་སྤངས་པ་ལ་འབྲས་བུ་ལོགས་པ་མི་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། འདོད་པ་ནི་ཉེས་དམིགས་ཆེ་བས་མྱུར་དུ་འདའ་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱི་མདོ་ལས། རྣམ་བཞག་དེ་ལྟར་མཛད་པ་ཡིན་ནོ། །གཉིས་པ་འབྲས་བུ་དེ་གང་ལ་བརྟེན་པའི་རྟེན་བཤད་པ་ལ། ལུས་ཀྱི་རྟེན་དང༌། བསམ་པའི་རྟེན་དང༌། ལམ་གྱི་རྟེན་རྣམས་སོ། །དང་པོ་ནི། ཇི་སྐད་དུ། འདོད་པར་གསུམ་ཐོབ་མཐའ་མར་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །འདིར་དགྲ་བཅོམ་པ་ཞེས་པ་ནི་ཉན་ཐོས་ཀྱི་དགྲ་བཅོམ་པ་ལ་འཆད་དགོས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། སངས་རྒྱས་གཉིས་ནི་འདོད་པའི་རྟེན་ཅན་ཁོ་ནར་ངེས་པའི་ཕྱིར། གཞན་ཡང་ལུགས་འདི་ལ་འབྲས་བུ་བཞིའི་རྣམ་པར་བཞག་པ་ནི་ཉན་ཐོས་ཁོ་ནའི་དབང་དུ་བྱས་ནས་འཆད་པ་ཡིན་ལ། སྤྱིར་རང་རྒྱལ་ལ་ཚོགས་ན་སྤྱོད་པ་དང༌། བསེ་རུ་ལྟ་བུ་གཉིས་ལས། དང་པོའི་སློབ་པ་དང་མི་སློབ་པའི་ལམ་གྱི་རྣམ་པར་བཞག་པ་ལ་ནི། འབྲས་བུ་བཞི་ཀའི་དོན་ཐོབ་ཡོད་ཀྱང༌། ཉན་ཐོས་ལས་ལོགས་སུ་རྣམ་པར་མ་བཞག་ལ། བསེ་རུ་ལྟ་བུའི་རང་རྒྱལ་དང་སྟོན་པ་སངས་རྒྱས་ནི་ཆགས་བྲལ་སྔོན་སོང་ཁོ་ནར་ངེས་པས། དེ་གཉིས་ལ་སློབ་པའི་སྐབས་སུ་ཕྱིར་འོང་དང༌། མི་སློབ་པའི་སར་དགྲ་བཅོམ་པའི་འབྲས་བུ་དོན་ཐོབ་ལ་ཡོད་ཀྱང༌། འདིར་འབྲས་བུ་བཞིའི་རྣམ་བཞག་བྱེད་པའི་ཚེ་དེ་གཉིས་དེར་མི་གཏོགས་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །དེ་དགུ་དབང་པོ་རྣམ་དགུ་ཅན། །ཞེས་ལོགས་ལོགས་སུ་བགྲངས་པའི་ཕྱིར་རོ། །གཉིས་པ་སེམས་རྟེན་གང་ལ་བརྟེན་པ་ནི། འབྲས་བུ་དང་པོ་གཉིས་དང༌། རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་གསུམ་ནི། དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་པ་ཡིན་ཏེ། སེམས་རྟེན་ཞི་གནས་ཁྱད་པར་ཅན་ཞིག་ལ་བརྟེན་དགོས་ལ། དེ་གསུམ་མངོན་དུ་བྱེད་པའི་ཚེ་ན་དང་པོའི་དངོས་གཞི་ཙམ་ཡང་མ་ཐོབ་པའི་ཕྱིར། དེ་ཐོབ་ན་གསུམ་པོ་དེ་ཆགས་བྲལ་སྔོན་སོང་དུ་ཐལ་བར་འགྱུར་རོ། །དེ་ཡང་རྒྱུན་ཞུགས་ཀྱི་སེམས་རྟེན་ནི། སྤྱིར་ཉེར་བསྡོགས་ལ་ཞི་གནས་དང་ལྷག་མཐོང་གཉིས་ལས། དེ་གཉིས་ཀ་ལ་ཡང་དག་པ་བ་དང༌། ཟག་མེད་གཉིས་ལས། ཟག་མེད་ཁོ་ནར་ངེས་པ་ཡིན་ཏེ། བཅུ་དྲུག་པའི་རྟོགས་པ་ཐོབ་བྱེད་ནི་དེ་ཁོ་ནར་ངེས་པའི་ཕྱིར། འབྲས་བུ་ཕྱི་མ་གཉིས་ཀྱི་སེམས་རྟེན་ནི། དེ་གཉིས་ཟག་མེད་ལམ་གྱིས་ཐོབ་པ་དེའི་ཚེ། དང་པོའི་ཉེར་བསྡོགས་སྤྱིར་ཟག་མེད་མི་ལྕོགས་པ་མེད་པ་དང༌། ཁྱད་པར་ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་དེ་ཡིན་ལ། དེ་ལ་ཡང་འདོད་པའི་ཉོན་མོངས་དགུའི་གཉེན་པོར་གྱུར་པའི་བར་ཆད་མེད་པའི་ལམ་དགུ་ཡོད་པ་ལས། དྲུག་པ་དང་དགུ་པའོ། །ཡང་དེ་གཉིས་ཟག་བཅས་ཀྱིས་ཐོབ་པ་དེའི་ཚེ་ནི། དང་པོའི་ཉེར་བསྡོགས་དག་པ་བ་དང༌། དེ་ལ་ཡང་སྤང་བྱ་དགུའི་དབྱེ་བས་དེ་སྤོང་བའི་ལྷག་མཐོང་ཡང་དེ་སྙེད་ཡོད་པ་ལས་དྲུག་པ་དང༌། དགུ་པའོ། །འདིར་གཞན་དག་འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་བ་དང༌། བསམ་གཏན་གྱི་དངོས་གཞི་ཐོབ་པ་དུས་མཉམ་པས། རིམ་གྱིས་པའི་ཕྱིར་མི་འོང་གིས་ཀྱང་དེའི་དངོས་གཞི་ལ་བརྟེན་པར་འདོད་པ་ནི། དང་པོའི་ཉེར་བསྡོགས་ཀྱི་ས་མཚམས་འཛིན་མ་ཤེས་པའོ། །ཡང་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུ་ནི། བསམ་གཏན་ས་དྲུག་པོ་གང་རུང་ཁོ་ན་ལ་བརྟེན་པར་ངེས་ཏེ། འདོད་ཉོན་དགུ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཉན་ཐོས་མཐོང་ལམ་པ་དེ་ལ་བསམ་གཏན་གྱི་དངོས་གཞི་ཐོབ་མ་ཐོབ་གཉིས་དང༌། ཅི་ཡང་མེད་མན་ཆད་ལ་ཆགས་པ་དང་བྲལ་མ་བྲལ་གཉིས་སུ་དབྱེར་ཡོད་པའི་ཕྱིར། དེ་དུས་ཀྱི་ཕྱིར་མི་འོང་ཞུགས་པ་དེ་ལ་གཟུགས་མེད་དངོས་གཞིའི་སེམས་ཐོབ་པ་ཅིག་སྲིད་ཀྱང༌། དེ་ལ་བརྟེན་པའི་ཕྱིར་མི་འོང་གི་འབྲས་བུ་ནི་མི་སྲིད་དེ། དེས་འདོད་པ་ལ་མི་དམིགས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ཡང་ཐ་མའི་ཆ་མཐུན་ལྔ་སྤངས་པའི་བྲལ་ཐོབ་གང་གིས་འཛིན་པར་བྱེད་པའི་ཤེས་པ་དེ་ཡིན་ན། འདོད་པ་ལ་དམིགས་དགོས་པའི་ཕྱིར་དང༌། དེ་ཡིན་ན་འདོད་པའི་གཉེན་པོར་རུང་དགོས་པའི་ཕྱིར། ཡང་གཞན་དག འདི་ཉེར་བསྡོགས་ལ་མི་བརྟེན་པའི་ཤེས་བྱེད་དུ་འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ན། བསམ་གཏན་གྱི་དངོས་གཞི་ཐོབ་པས་ཁྱབ་པའི་ཕྱིར། སྙམ་དུ་སེམས་པ་དེས་ནི་འདོད་པ་ལ་ཆགས་པ་དང་བྲལ་བའི་རྗེས་སུ་བསམ་གཏན་གྱི་དངོས་གཞིར་ཚོར་བའི་དབང་པོ་འཕོ་བའི་བར་ཆད་མེད་པའི་ལམ་སྒྲུབ་ཚུལ་ལས་ཤེས་པ་དང༌། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་འཇོག་ཚུལ་སོགས་མ་གོ་བ་ཡིན་པས། དེ་ལ་རྣ་བ་གཏད་པར་མི་བྱའོ། །གསུམ་པ་དགྲ་བཅོམ་པའི་འབྲས་བུའི་སེམས་རྟེན་ནི། ཟག་མེད་ས་དགུ་པོ་གང་ཡང་རུང་བའོ། །གསུམ་པ་ལམ་གང་གིས་ཐོབ་པ་ནི། འབྲས་བུ་ཐོག་མཐའ་གཉིས་ལམ་ཟག་མེད་ཁོ་ནས་ཐོབ་པ་ཡིན་ཏེ། མཐོང་སྤང་གི་གཉེན་པོ་དང༌། སྲིད་རྩེའི་གཉེན་པོས་ངེས་པར་ཐོབ་དགོས་པའི་ཕྱིར། འབྲས་བུ་བར་པ་གཉིས་ལ་ནི། ལམ་ཟག་བཅས་ཀྱིས་ཐོབ་པ་དང༌། ཟག་མེད་ཀྱིས་ཐོབ་པ་གཉིས་ཀ་སྲིད་དོ། །དེ་ཡང་ཇི་ལྟར་ཞེ་ན། འབྲས་བུ་རིམ་གྱིས་པའི་བར་པ་གཉིས་ལ་ནི་གོང་དུ་རྒྱས་པར་བཤད་ཟིན་པ་ལྟར། ལམ་ཟག་བཅས་ཀྱིས་ཐོབ་པ་དང༌། ཟག་མེད་ཀྱིས་ཐོབ་པ་གཉིས་ཀ་སྲིད་ཅིང༌། དེ་ཡང་གཅིག་གིས་དེ་ཐོབ་པའི་ཚེ། ཅིག་ཤོས་ཀྱིས་དེ་མ་ཐོབ་པས་ཁྱབ་པ་ཡིན་ནོ། །ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་བར་པ་གཉིས་ལ་ནི། ལམ་དེ་གཉིས་ཀས་ཐོབ་པ་ཡིན་ཏེ། དེ་གཉིས་ཀྱི་ངོ་སྐལ་གྱི་སྒོམ་སྤངས་སྤངས་པའི་ཆ་རྣམས་ལམ་ཟག་བཅས་ཀྱིས་ཐོབ་ལ། དེ་གཉིས་ཀྱི་ངོ་སྐལ་གྱི་སྤང་བྱར་ངེས་པར་བཞག་དགོས་པའི་མཐོང་སྤངས་སྤངས་པའི་ཆ་རྣམས་ནི་ངེས་པར་ལམ་ཟག་མེད་ཀྱིས་ཐོབ་དགོས་པའི་ཕྱིར། འདིར་ནི་ལམ་དེ་གཉིས་ཀས་ཐོབ་པའི་གཞི་མཐུན་ནོ། །ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་པོ་འདི་ཡང༌། དངོས་སུ་ཐོབ་བྱེད་ཀྱི་དབང་དུ་བྱས་ན་ནི། ཟག་མེད་ཁོ་ནར་ངེས་པ་ཡིན་ཏེ། ལམ་ལ་རྗེས་བཟོད་ཁོ་ནས་ཐོབ་པའི་ཕྱིར། ཡང་ལ་ལ་དག་གི་བསམ་པ་ལ། ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་གཉིས་ཟག་བཅས་ཁོ་ནས་ཐོབ་པ་དང༌། རིམ་གྱིས་པའི་གཉིས་པོ་ཟག་མེད་ཁོ་ནས་ཐོབ་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ནི་གཞུང་འགྲེལ་ཞིབ་མོར་མ་བསླབ་པས་དོར་བར་བྱའོ། །བྱེ་སྨྲའི་ལུགས་འདིར་ཞིབ་མོར་ཕྱེ་ན་མཐོང་སྤངས་སྤོང་ཚུལ་དང༌། སྒོམ་སྤངས་སྤོང་ཚུལ་གཉིས། དང་པོ་ལ་བྱིས་པའི་ལམ་གྱིས་སྤོང་ཚུལ་དང༌། འཕགས་པའི་ལམ་གྱིས་སྤོང་ཚུལ་གཉིས། དང་པོ་ལ་ཁམས་གསུམ་གྱི་དབྱེ་བས་གསུམ་ལས། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པའི་མཐོང་སྤངས་ཉོན་མོངས་ལ་ཆུང་འབྲིང་ཆེན་པོ་དགུར་ཕྱེ་ནས་སྤོང་བ་དང༌། གཉིས་པའི་ཉེར་བསྡོགས་ཀྱིས་དང་པོའི་དེ་ལ་དེར་ཕྱེ་ནས་སྤོང་བ་ནས། སྲིད་རྩེའི་ཉེར་བསྡོགས་ཀྱིས་ཅི་ཡང་མེད་ཀྱི་དེ་ལ་དེར་ཕྱེ་ནས་སྤོང་ལ། སྲིད་རྩེའི་གཉེན་པོར་གྱུར་པའི་བྱིས་པའི་ལམ་ནི་མི་སྲིད་དེ། དེའི་གོང་ན་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་མེད་པའི་ཕྱིར་རོ། །གཉིས་པ་ནི། སྡུག་བསྔལ་ཆོས་བཟོད་ཀྱིས་འདོད་པའི་སྡུག་བསྔལ་མཐོང་སྤངས་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་སྤོང་བ་ལ་སོགས་པར་བྱེད་ཀྱི། ཆུང་འབྲིང་དགུར་ཕྱེ་ནས་སྤོང་བ་ནི་མེད་དོ། །སྒོམ་སྤངས་ཀྱི་སྤང་ཚུལ་ནི། བྱིས་པའི་སྒོམ་ལམ་དང་འཕགས་པའི་སྒོམ་ལམ་གང་ཡིན་ཀྱང་རུང༌། ཆུང་འབྲིང་དགུར་མ་ཕྱེ་བར་སྤོང་བ་མི་སྲིད་དོ། །དེ་ལྟར་བཤད་པ་ན། གོང་དུ་འདོད་ཉོན་དང་པོ་དང༌། དགུ་པ་སོགས་ཀྱི་རྣམ་གཞག་བྱས་པའི་སྒོ་ནས་བཤད་པ་དེ། མདོ་སྡེ་པ་སོགས་ཀྱི་འདོད་པ་དང་མཐུན་པར་སྒོམ་སྤངས་ཁོ་ནའི་དབང་དུ་བྱས་ནས་བཤད་པ་ཡིན་ཅིང༌། བྱེ་སྨྲའི་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན་ཞིབ་ཆ་འདོན་ཚུལ་དེ་ལྟར་ཤེས་པར་བྱས་ནས་བཤད་པར་བྱའོ། །གཉིས་པ་མངོན་པ་གོང་མའི་ལུགས་ལ། འབྲས་བུའི་རྣམ་པར་བཞག་པ་ཇི་ལྟར་ཡིན་པ་དང༌། འབྲས་གནས་ཀྱི་རྣམ་པར་བཞག་པ་ཇི་ལྟར་ཡིན་པའོ། །དང་པོ་ནི། གོང་མའི་ལུགས་ལ། སྤྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཞེས་བྱ་བའི་ཐ་སྙད་དང༌། བྱེ་བྲག་ཏུ་དེ་ལ་འདུས་བྱས་དང༌། འདུས་མ་བྱས་གཉིས་སུ་འབྱེད་པའི་བཤད་པ་གསལ་པོ་མེད་ཅིང༌། སྤྱིར་རྒྱུན་ཞུགས་སོགས་འབྲས་བུ་བཞིའི་ཐ་སྙད་ཙམ་ཞིག་དང༌། སྐབས་གཞན་དུ་འབྲས་བུ་ལ་རྒྱུ་མཐུན་གྱི་འབྲས་བུ་དང་བྲལ་བའི་འབྲས་བུ་གཉིས་སུ་ཕྱེ་ནས་བཤད་པ་ཙམ་ལ་དཔགས་ན། འབྲས་བུ་ཙམ་ལ་འདུས་བྱས་དང་འདུས་མ་བྱས་གཉིས་སུ་འབྱེད་དུ་རུང་ཙམ་སྣང་ཡང༌། གང་ཟག་དང་མངོན་པར་རྟོགས་པ་འཆད་པའི་སྐབས་ན་དེ་གཉིས་སུ་ཕྱེ་བའི་བཤད་པ་མི་སྣང་བས་བཏང་སྙོམས་སུ་བཞག་པར་བྱའོ། །འོ་ན་ཇི་ལྟར་འཆད་ཅེ་ན། གང་ཟག་དང་མངོན་པར་རྟོགས་པ་གཉིས་ལས། གང་ཟག་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་དང༌། རྒྱུན་དུ་ཞུགས་པ་དང༌། ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་དང༌། ཕྱིར་འོང་བ་དང༌། གཞན་གཉིས་ལ་ཡང་དེ་བཞིན་དུ་གསུངས་པས་འབྲས་བུ་བཞི་པོ་ཙམ་ཞིག་གི་རྣམ་པར་བཞག་པ་ཡོད་དོ། །དེ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རྟོགས་པ་དེ་ཉིད་དོ། །ཕྱིར་འོང་བའི་འབྲས་བུ་ནི། འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། ཕྱིར་མི་འོང་གི་འབྲས་བུ་ནི། འདོད་པའི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང༌། དགྲ་བཅོམ་པའི་འབྲས་བུ་ནི། སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་མོ། །དེ་སྐད་དུ་ཡང༌། ཀུན་ལས་བཏུས་ལས། རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་གནས་པའི་གང་ཟག་གོ །ལན་ཅིག་ཕྱིར་འོང་བའི་གང་ཟག་གང་ཞེ་ན། སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །དགྲ་བཅོམ་པ་གང་ཞེ་ན། གང་སྲིད་པའི་རྩེ་མོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་བཤད་པ་འོ་ན་རྒྱུན་དུ་ཞུགས་པ་སོགས་ཡིན་ན། དེ་དང་དེའི་འབྲས་བུ་ལ་གནས་པས་ཁྱབ་པར་ཁས་ལེན་ནམ་ཞེ་ན། དྲངས་མ་ཐག་པའི་གཞུང་གི་ཚིག་ཟིན་ལ་དེ་ལ་དེས་ཁྱབ་པར་བཤད་པ་ལྟ་བུར་སྣང་ཡང༌། མ་མཐའི་ས་མཚམས་བཟུང་བ་ཡིན་གྱི། དེ་ལ་དེས་ཁྱབ་པ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། གཞུང་ལས་སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེ་རྒྱུན་ཞུགས་སུ་བཤད་པ་དང༌། ཕྱིར་མི་འོང་བར་འདའ་བ་ནས་གོང་འཕོའི་བར་བཤད་པ་རྣམས་དེ་དང་དེའི་འབྲས་བུ་ལ་གནས་པས་མ་ཁྱབ་པའི་ཕྱིར་ཏེ། དེ་དང་དེའི་ནང་ཚན་ན། སྤངས་པ་སྔ་མའི་རྣམ་གྲོལ་ལམ་བཏང་ནས། སྤང་བྱ་ཕྱི་མ་སྤོང་བ་ལ་བརྩོན་པ་དང༌། ཕྱི་མ་མ་སྤངས་པ་སོགས་དུ་མ་ཡོད་པའི་ཕྱིར་དང༌། དགྲ་བཅོམ་པ་ཡིན་ན་ཕལ་ཆེར་ཁྱད་པར་གྱི་ལམ་ལ་གནས་དགོས་པས། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཁྱབ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུན་དུ་ཞུགས་པ་སོགས་ཡིན་ན། དེ་དང་དེའི་འབྲས་བུ་ཐོབ་ལ་མ་ཉམས་ཞིང་འབྲས་བུ་ཕྱི་མ་གཞན་མངོན་དུ་མ་བྱས་པ་ཞིག་དགོས་ཀྱང༌། དེ་ལ་གནས་པའི་ཁྱབ་པ་མེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ན། རྒྱུན་དུ་ཞུགས་པ་ཡིན་པའི་ཁྱབ་པ་ཡང་མེད་དེ། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་བཞིན་ནོ། །དེ་དེ་ལ་གནས་པའི་རྒྱུ་མཚན་ཅི་ཞེ་ན། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོར་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར་དང༌། དེ་གཉིས་སྐད་ཅིག་མ་དང་པོའི་ཚེ། བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རྟོགས་པ་ལ་གནས་པས་སོ། །འོ་ན་དེ་གཉིས་དེ་དང་དེའི་འབྲས་བུ་ལ་མི་གནས་པ་ཅི་ཞེ་ན། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་གི་འབྲས་བུ་ནི་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དེར་གྱུར་པའི་འདོད་ཉོན་དྲུག་པ་དང༌། དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཞིག་དེ་དང་དེར་འཇོག་དགོས་པ་ལས། འདིར་ནི་དེ་དེར་བཞག་ཏུ་མེད་པའི་ཕྱིར་དང༌། དེ་དུས་ཀྱི་བཅུ་དྲུག་པའི་རྟོགས་པ་དེ་ཡང་དེ་དང་དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དུ་མི་རུང་བའི་ཕྱིར་ཏེ། མཐོང་ལམ་གྱི་སྔ་རོལ་དུ་དེ་དང་དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ནི་ཟག་བཅས་ཁོ་ནར་ངེས་ལ། འདི་ནི་ཟག་མེད་ཁོ་ན་ཡིན་པའི་ཕྱིར་རོ། །དེ་དུས་ཀྱི་བཅུ་དྲུག་པ་དེ་ཡང་འབྲས་བུ་གཉིས་པོ་དེ་དང་དེར་མི་རུང་སྟེ། སྒོམ་སྤངས་ཀྱི་ཁྱད་པར་འགའ་ཞིག་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་མ་ཡིན་པའི་ཕྱིར། ཡང་ཕྱིར་འོང་གི་འབྲས་བུ་ལ་གནས་ན་ཕྱིར་འོང་ཡིན་པའི་ཁྱབ་པ་ཡང་མེད་དེ། འདོད་ཉོན་དྲུག་པ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པའི་སྤང་བྱ་ཅིག་ཅར་བ་བཞིན་ནོ། །ཕྱིར་མི་འོང་གི་འབྲས་བུ་ལ་གནས་ན་ཕྱིར་མི་འོང་ཡིན་པས་མ་ཁྱབ་སྟེ། ཅིག་ཅར་བའི་དགྲ་བཅོམ་པ་སྐད་ཅིག་དང་པོ་བཞིན་ནོ། །གལ་ཏེ་འོ་ན་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་གི་འབྲས་བུ་མི་སྲིད་ན། དེའི་ཞུགས་པ་ཡང་མི་སྲིད་པར་འགྱུར་ཏེ། དེའི་འབྲས་བུ་ལ་འཇུག་པ་མི་སྲིད་པའི་ཕྱིར་ཞེ་ན། དེ་ནི་འདོད་པ་ཁོ་ན་ཡིན་ཏེ། དེ་ཡོད་པར་འཆད་པའི་ལུང་མེད་པའི་ཕྱིར་དང༌། མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་གང་ཟག་ཡིན་ན་རྒྱུན་ཞུགས་ཞུགས་པ་ཡིན་པས་ཁྱབ་པར་གཞུང་ཉིད་ལས་གསལ་བའི་ཕྱིར། གལ་ཏེ་རྒྱུན་ཞུགས་འབྲས་གནས་དང༌། ཕྱིར་མི་འོང་གི་གཞི་མཐུན་སྲིད་པ་དེ་ལྟ་ན། འབྲས་བུ་དང་ཞུགས་གནས་ཀྱི་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་རོ་ཞེ་ན། འདི་ལ་མགོ་མཚུངས་དང༌། རྣལ་མའི་ལན་ནོ། །འོ་ན་ཕྱིར་འོང་གི་འབྲས་བུ་ལ་གནས་པ་དང༌། རྒྱུན་ཞུགས་ཀྱི་གཞི་མཐུན་སྲིད་ན་ཡང་དེ་འཆོལ་བར་ཐལ་བ་དང༌། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་དང༌། དགྲ་བཅོམ་པའི་གཞི་མཐུན་སྲིད་ན་ཡང་དེ་འཆོལ་བར་ཐལ་ལོ། །དེ་ཁས་མ་བླངས་པས་འདོད་དོ་ཞེ་ན། སྤང་བྱ་ཅིག་ཅར་བའི་རྣམ་གཞག་ཁས་ལེན་པ་དང༌། དེ་ཁས་མི་ལེན་པ་འགལ་ལོ། །གལ་ཏེ་དེ་དུས་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དེ། ཕྱིར་འོང་གི་འབྲས་བུར་ཁས་མི་ལེན་ནོ་ཞེ་ན། འོ་ན་ཅི། དེ་འབྲས་བུ་བཞི་པོ་གང་དུ་ཡང་ཁས་མི་ལེན་པའམ། ཡང་ན་རྒྱུན་དུ་ཞུགས་པའི་འབྲས་བུར་ཁས་ལེན་པ་ཡིན། དང་པོ་ལྟར་ན་ཟག་མེད་བར་ཆད་མེད་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡིན་ན། བཞི་པོ་གང་རུང་མ་ཡིན་དགོས་པར་འགྱུར་ཏེ། དེས་ཁམས་གསུམ་གྱི་ཉོན་མོངས་དྲུག་པ་དགུ་ཅིག་ཅར་དུ་སྤངས་པའི་རྣམ་གྲོལ་ལམ་ཡིན་ན་དེ་མ་ཡིན་དགོས་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་ཆོས་ཅན་རྒྱུན་ཞུགས་ཀྱི་འབྲས་བུ་མ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུར་འཇོག་བྱེད་ཀྱི་ཁྱད་པར་ཅི་ཡང་མ་ཚང་བའི་ཕྱིར། འབྲས་བུ་བཞིའི་གྲངས་ངེས་འཆད་པ་དག མཐོང་སྤངས་སྤངས་པ་ལས་རྒྱུན་ཞུགས་ཀྱི་འབྲས་བུར་འཇོག་གོ །ཞེས་བྲག་ཆ་བཞིན་དུ་སྒྲོག་པ་དང་འགལ་བའི་ཕྱིར། དེ་བཞིན་དུ་འདོད་ཉོན་དགུ་པ་དང༌། སྲིད་ཉོན་དགུ་པ་ཅིག་ཅར་དུ་སྤངས་པའི་དུས་ཀྱི་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་གྱི་ཆ་ནས། ཕྱིར་མི་འོང་གི་འབྲས་བུ་དང༌། སྲིད་ཉོན་དགུ་པ་སྤངས་པའི་ཆ་ནས་དགྲ་བཅོམ་པའི་འབྲས་བུར་བཞག་དགོས་པ་ཡིན་ཏེ། དེ་དེར་མི་འཇོག་ན་བརྟགས་པ་སྔ་མ་བཞིན་དུ་མཚུངས་པའི་ཕྱིར། མི་མཚུངས་ཏེ། དེའི་ཚེ་དེ་དགྲ་བཅོམ་པའི་འབྲས་བུར་ཁས་ལེན་པའི་ཕྱིར། ཅེ་ན། དེ་ཆོས་ཅན་དགྲ་བཅོམ་པའི་འབྲས་བུ་མིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཡིན་གྱི། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན་དེའི་ཚེ་སྲིད་ཉོན་དགུ་པ་སྤངས་པའི་ཆ་ནས། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དུ་འཇོག་དགོས་པར་ཐལ་ལོ། །ཡང་གལ་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་ན། རྒྱུན་ཞུགས་ཡིན་མི་དགོས་པ་སོགས་དང༌། རྒྱུན་ཞུགས་ཡིན་ན་དེའི་འབྲས་བུ་ལ་གནས་མི་དགོས་པ་འདི་ནི། ཆེས་ཤིན་ཏུ་བཞད་གད་དུ་བྱ་བའི་གནས་སོ་སྙམ་ན། དེ་ནི་ཁྱོད་ཀྱིས་མ་བསླབ་པའི་གཏམ་ཁོ་ན་ཡིན་ཏེ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་མེད་ཅེ་ན། གལ་ཏེ་དེ་ཡོད་ན་ཁམས་གསུམ་གྱི་ཉོན་མོངས་དང་པོ་དགུ་ཅིག་ཅར་དུ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དེ་དེར་ཁས་ལེན་དགོས་པ་ལས། དེ་ནི་དེར་མི་འཐད་པའི་ཕྱིར་རོ། །མི་འཐད་པ་ཅི་ཞེ་ན། དེ་ཆོས་ཅན། དེ་མིན་ཏེ། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། སྒོམ་ལམ་བར་ཆད་མེད་ལམ་གྱིས་ཐོབ་པའི་འབྲས་བུ་ཡིན་པའི་ཕྱིར་དང༌། འདོད་ཉོན་དང་པོ་ནས་བརྒྱད་པའི་བར་སྤངས་པའི་རྣམ་གྲོལ་ལམ་དུ་གྱུར་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ཁས་བླངས་ན། འབྲས་བུ་བཞིའི་རྣམ་པར་བཞག་པ་ཐམས་ཅད་འཆོལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་བཤད་ན། རྒྱུན་ཞུགས་འབྲས་གནས་ཡིན་ན། སྤང་བྱ་ཅིག་ཅར་བ་ཡིན་པ་འགལ་ཏེ། དེ་ཡིན་ན་འདོད་ཉོན་དང་པོ་སྤངས་པ་ཕར་ཞོག སྤོང་བ་ལ་བརྩོན་བཞིན་པ་ཡང་མ་ཡིན་དགོས་པའི་ཕྱིར་རོ། །འོ་ན་སྤང་བྱ་ཅིག་ཅར་བའི་རྒྱུད་ཀྱི་ཉོན་མོངས་དང་པོ་ལྔ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དེ་འབྲས་བུ་བཞི་ལས་གང་དུ་ཁས་ལེན་ཞེ་ན། དེ་ནི་བཞི་པོ་གང་དུ་ཡང་མི་འཇོག་སྟེ། དེའི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར་དང༌། ཐེག་པ་ཆེན་པོའི་མངོན་པ་ལས། འབྲས་བུ་བཞི་པོའི་རྣམ་གཞག་ཙམ་ཞིག་གསུངས་ཀྱི་འབྲས་བུ་གྱ་དགུའི་རྣམ་པར་བཞག་པ་མི་འབྱུང་བའི་ཕྱིར་ན། བཞི་པོ་གང་ཡང་མ་ཡིན་པའི་འབྲས་བུ་ཞིག་ཏུ་ཁས་ལེན་པའི་རྣམ་གཞག་ཀྱང་མེད་དོ། །དེ་ལྟ་ན་ཡང༌། དེའི་དུས་ཀྱི་ཉོན་མོངས་ལྔ་པ་སྤངས་པའི་རྒྱུན་ཞུགས་དེ་ཕྱིར་འོང་གི་འབྲས་བུ་ལ་འཇུག་པར་ཁས་ལེན་དགོས་སོ། །དེ་ལྟར་འབྲས་བུའི་ཁྱད་པར་སྤྱིར་བཤད་ནས། སྤང་བྱའི་ཁྱད་པར་ཅུང་ཟད་བཤད་པར་བྱ་སྟེ། སྤང་བྱ་ལ་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང༌། སྒོམ་པས་སྤང་བར་བྱ་བའོ། །དང་པོ་སྤོང་བའི་ཚུལ་ནི། ལུགས་འདི་ལ་ཁམས་གསུམ་གྱི་སྡུག་བསྔལ་མཐོང་སྤངས་མཐའ་དག་སྡུག་བསྔལ་ཆོས་བཟོད་ཁོ་ནས་སྤོང་བ་ཡིན་གྱི། ཁམས་གོང་མའི་སྤང་བྱ་སྤོང་ཚུལ་སོ་སོར་འབྱེད་པ་དང༌། རྗེས་བཟོད་ཀྱིས་གོང་མའི་སྤང་བྱ་སྤོང་བའི་རྣམ་པར་བཞག་པ་མེད་དོ། །འོ་ན་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ལ། རྒྱུན་དུ་ཞུགས་པའི་ལམ་དུ་འཇོག་གམ་མི་འཇོག འཇོག་ན་སྡུག་བསྔལ་ཆོས་ཤེས་ལ་གནས་པ་ནས་རྒྱུན་དུ་ཞུགས་པར་འགྱུར་ལ། གཉིས་པ་ལྟར་ན། ཐ་མའི་ཆ་མཐུན་ལྔ་དང༌། གོང་མའི་ཆ་མཐུན་ལྔ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡང་འབྲས་བུ་ཕྱི་མ་གཉིས་སུ་མི་འཇོག་པར་མཚུངས་སོ་ཅེ་ན། མཚུངས་པ་མིན་ཏེ། ལམ་ཆོས་ཤེས་ཀྱི་དུས་སུ་མཐོང་སྤངས་སུ་གྱུར་པའི་འདོད་ཆགས་དང༌། རྣམ་འཚེ་གཉིས་མ་ལུས་པར་སྤངས་ཀྱང་ཇི་སྲིད་ལམ་ལ་རྗེས་ཤེས་མངོན་དུ་མ་བྱས་པ་དེ་སྲིད་དུ། ཀུན་ཏུ་སྦྱོར་བ་གསུམ་གྱི་ས་བོན་དྲུངས་ཕྱུང་བའི་རྣམ་པར་གྲོལ་བའི་ལམ་མི་ཐོབ་པས། རྒྱུན་དུ་ཞུགས་པའི་འབྲས་བུར་འཇོག་མི་ནུས་ལ། འདོད་ཉོན་དགུ་པ་ཟག་མེད་ལམ་གྱིས་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཐོབ་པ་དེའི་ཚེ་ན། ཐ་མའི་ཆ་མཐུན་ལྔ་སྤངས་ཟིན་པའི་ཕྱིར། དེ་སྐད་དུ་ཡང༌། གང་གི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ནས་རྒྱུན་དུ་ཞུགས་པར་འགྱུར་ན། ཅིའི་ཕྱིར་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་དུ་ཞུགས་པ་ཞེས་བྱ་ཞེ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་ལམ་ལ་རྗེས་བཟོད་ཀྱིས་སྤང་བྱ་ཅི་ཞིག་སྤོང་ཞེ་ན། ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་མིན་དུ་འཛིན་པའི་ལོག་རྟོག་དང་ཐེ་ཚོམ་སེལ་ཞིང༌། དེ་མ་བསལ་བ་དེ་སྲིད་དུ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་ལ་མཆོག་ཏུ་འཛིན་པ་སེལ་མི་ནུས་ཤིང༌། ཐེ་ཚོམ་མ་སྤངས་ན། འཇིག་ཚོགས་ལ་ལྟ་བ་ཀུན་བརྟགས་ཀྱང་སེལ་མི་ནུས་པས་སོ། །གཉིས་པ་སྒོམ་སྤངས་སྤོང་ཚུལ་ལ། འདོད་པའི་ཉོན་མོངས་ལ་དགུར་ཕྱེ་ནས། འབྲས་བུ་བར་པ་གཉིས་ཀྱི་སྤང་བྱར་བཞག་པ་འདི་ནི། སྤྱིར་འདོད་པའི་ཉོན་མོངས་ཙམ་དང༌། འདོད་པའི་ཉོན་མོངས་མ་ལུས་པ་དགུ་པོ་དེར་བསྡུས་ནས་སྤོང་ཚུལ་གྱི་རྣམ་གཞག་འཆད་པ་ནི་མིན་ཏེ། འདོད་པར་སྐྱེ་བའི་ལས་སོས་འདེབས་བྱེད་ཀྱི་ཉོན་མོངས་པའི་དབང་དུ་བྱས་ནས་དེར་འཆད་པའི་ཕྱིར། འདོད་པའི་ཉོན་མོངས་མ་ལུས་པ་དགུ་པོ་དེར་བསྡུས་ནས་འབྲས་བུ་དེ་གཉིས་ཀྱི་སྤང་བྱར་འཆད་མི་ནུས་པའི་ཕྱིར། ཇི་ལྟར་ཞེ་ན། སྤྱིར་ཕྱིར་འོང་མི་འོང་ནི། འདོད་པར་སྐྱེ་བ་ལེན་མི་ལེན་ལ་བཞག་པ་ཡིན་ལ། དེ་ཡང་སྤྱིར་དེར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཕལ་ཆེ་བ་དང༌། མ་ལུས་པ་སྤངས་པའི་བྱེ་བྲག་ལས་འཇོག་དགོས་ཞིང༌། ཁྱད་པར་དུ་འགྲུབ་བྱེད་ཀྱི་ལས་གསོས་འདེབས་བྱེད་ཀྱི་ཉོན་མོངས་སྤངས་པའི་ཚུལ་ལས་འཇོག་དགོས་པ་ཡིན་ཏེ། ཆགས་བྲལ་སྔོན་སོང་འཇོག་པའི་ཚེ་དེ་ལས་འོས་གཞན་མེད་པའི་ཕྱིར་དང༌། རིམ་གྱིས་པ་ལ་ཡང༌། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་པ་ལྟར། མཐོང་ལམ་གྱི་རྗེས་སུ་འཕེན་བྱེད་ཀྱི་ལས་ཀུན་སློང་གི་རྒྱུར་གྱུར་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་མི་དགོས་པའི་ཕྱིར། དེ་དེར་བསྡུ་མི་ནུས་པ་ཇི་ལྟར་ཞེ་ན། སྤྱིར་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་སྤང་བྱར་གྱུར་པའི་འདོད་པའི་ཉོན་མོངས་ཐམས་ཅད་དེར་བསྡུས་ན། མཐོང་ལམ་གྱི་སྔ་རོལ་དུ། འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་བ་མི་སྲིད་པར་འགྱུར་བ་དང༌། རིམ་གྱིས་པ་ལ་ཡང༌། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེས་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་སྤངས་པར་འགྱུར་བ་དང༌། དེ་ལྟ་ན་དགྲ་བཅོམ་པར་འགྱུར་བས་སོ། །དེའི་ཕྱིར་འདོད་པའི་ཉོན་མོངས་པ་ལ་དགུར་ཕྱེ་བ་འདི་ནི། དེར་གྱུར་པའི་ཉོན་ཡིད་འཁོར་བཅས་ཕར་ཞོག ཡིད་ཤེས་འཁོར་དུ་བྱུང་བའི་འདོད་པའི་ཉོན་མོངས་དག་ལ་ཡང༌། ལྟ་བའི་ནང་ནས་འཇིག་མཐར་གཉིས་དང༌། ལྟ་མིན་གྱི་ནང་ནས། མ་རིག་པ་དང༌། ང་རྒྱལ་དང༌། ཐེ་ཚོམ་དག་ལ་དགུ་པོ་དེར་དབྱེ་བ་མིན་ཏེ། དེ་དག་གི་གཉེན་པོ་ནི་འདས་ལམ་ཁོ་ནར་ངེས་པས། མཐོང་ལམ་གྱི་སྔ་རོལ་དུ་སྤོང་བ་མི་སྲིད་ཅིང༌། ཕྱིས་ཀྱང་འཇིག་རྟེན་པའི་ལམ་གྱིས་ས་བོན་སྤོང་བ་ལྟ་ཞོག མངོན་གྱུར་མགོན་གནོན་པ་ཡང་མི་སྲིད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཇི་སྐད་དུ། ཅིའི་ཕྱིར་གཙོ་བོ་ཞེས་བྱ་ཞེ་ན། འགྲོ་བ་ཐ་མ་དང༌། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར། འདོད་པ་ལ་འདུན་པ་དང༌། རྣམ་འཚེ་གཉིས་ཁམས་ཐ་མ་འདོད་པར་སྐྱེ་བ་ལེན་པའི་ལས་སོས་འདེབས་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པས། དེ་ལ་དགུར་ཕྱེ་ནས་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་དེ་མགོ་གནོན་པ་དང༌། འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་གྱིས་ས་བོན་དྲུངས་འབྱིན་པའི་ཚུལ། སོ་སོ་ཐ་དད་པ་དག་ལས་འབྲས་བུ་བར་པ་གཉིས་རྣམ་པར་བཞག་གོ །དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་ས་སོ་སོའི་ཉོན་མོངས་ལ་དགུ་དགུར་འབྱེད་པ་དེ་ཡང༌། ས་དེ་དང་དེའི་འདོད་ཆགས་ལ་དེར་ཕྱེ་བ་ཡིན་གྱི། དེའི་ཉོན་མོངས་ཐམས་ཅད་དེར་བསྡུ་བ་མིན་ཏེ། ཤེས་བྱེད་སྔ་མ་དང་མཚུངས་པས་སོ། །སྲིད་རྩེའི་ཉོན་མོངས་ལ་དགུར་འབྱེད་ཚུལ་ཡང་བཤད་མ་ཐག་པ་དེ་ཉིད་ཡིན་མོད་ཀྱང༌། དེའི་གཉེན་པོ་ཟག་མེད་ཁོ་ནར་བཤད་པ་ནི། དེའི་གོང་ན་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་མེད་པ་ལ་བསམ་ནས་འཆད་པ་ཡིན་གྱི། ས་དེའི་ཉོན་མོངས་པ་ཐམས་ཅད་དེར་བསྡུ་བའི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །མདོར་ན་ཉོན་མོངས་པ་གང་དང་གང་ལ་དགུ་དགུར་ཕྱེ་ནས་སྤོང་བའི་ཚུལ་འདི་ནི། ཕལ་ཆེར་མངོན་པ་གོང་འོག་གཉིས་ཀྱི་ལུགས་ཐུན་མོང་པ་ཡིན་ལ། ཇི་སྐད་དུ། ས་དང་ས་ལ་ཉེས་རྣམ་དགུ། །དེ་བཞིན་དུ་ཡང་ཡོན་ཏན་རྣམས། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་བཤད་པ་དེར་ཡང༌། སྤང་བྱ་ལས་གསོས་འདེབས་བྱེད་ཀྱི་འདོད་ཆགས་ལ་དགུར་ཕྱེ་ནས། དེ་དག་གཉེན་པོས་ཇི་ལྟར་སྤོང་བའི་ཚུལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། འདོད་པའམ་ཡང་ན་གོང་མ་ལ། ཆགས་བྲལ། ཞེས་ཆགས་པ་དང་བྲལ་བའི་མིང་གིས་བཏགས་ནས་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པ་འདི་ནི་མངོན་པ་གོང་འོག་གི་འབྲས་བུ་བཞིའི་རྣམ་པར་བཞག་པ་འཆད་ཚུལ་མི་འདྲ་བའི་ཚུལ་མདོ་ཙམ་བཤད་པ་སྟེ། ཁྱད་པར་ཕྲ་མོ་ནི་རང་རང་གི་སྐབས་སུ་འཆད་པར་འགྱུར་རོ།།  །།གཉིས་པ་གང་གནས་པ་གང་ཟག་གི་རྣམ་པར་བཞག་པ་ལ་གཉིས་ཏེ། ཐུན་མོང་བ་སྤང་བྱ་རིམ་གྱིས་པའི་རྣམ་གཞག་དང༌། ཐུན་མོང་མ་ཡིན་པ་ཅིག་ཅར་བའི་རྣམ་པར་བཞག་པའོ། །དང་པོ་ལ། གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང༌། མ་སོང་བའོ། །དང་པོ་ལ་ཆགས་བྲལ་སྔོན་སོམ་ཙམ་དང༌། བྱེ་བྲག་ཏུ་འབྲས་བུ་གཉིས་ཀྱི་ཆགས་བྲལ་སྔོན་སོང་ངོ༌། །དང་པོ་ནི། མཐོང་ལམ་གྱི་སྔ་རོལ་དུ། འཇིག་རྟེན་པའི་ལམ་གྱི་སྤང་བྱར་གྱུར་པའི་སྒོམ་སྤངས་བདུན་ཅུ་རྩ་གཉིས་པོ་གང་རུང་ལ་ཆགས་པ་དང་བྲལ་བའི་འཕགས་པའོ། །བྱེ་བྲག་ཏུ་སྨྲ་བ་ལྟར་ན། དེ་དང་མཉམ་དུ་མཐོང་སྤངས་ལ་ཡང་བདུན་ཅུ་རྩ་གཉིས་སུ་ཕྱེ་ནས་སྤང་བྱ་གཉིས་ཀ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཡིན་ལ། དེའི་ཚེ་ན་སྡུག་བསྔལ་ལ་ཆོས་བཟོད་ཡིན་ན། བར་ཆད་མེད་ལམ་དུ་འགལ་ལོ། །དེ་ལ་རྒྱས་པར་དབྱེ་ན། འདོད་ཉོན་དང་པོ་ལ་ཆགས་བྲལ་སྔོན་དུ་སོང་བ་སོགས་བདུན་ཅུ་རྩ་གཉིས་སུ་འགྱུར་ལ། རགས་པའི་དབང་དུ་བྱས་ན། ཕྱིར་འོང་ཆགས་བྲལ་སྔོན་སོང་སོགས་གཉིས་སོ། །གཉིས་པ་ལ་མཚན་ཉིད་ནི། རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་སྒོམ་སྤངས་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བའི་འཕགས་པའོ། །དབྱེ་ན་ཕྱིར་འོང་ཆགས་བྲལ་སྔོན་སོང་དང༌། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གཉིས་སོ། །དང་པོའི་མཚན་ཉིད་ནི། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་འཕགས་པའོ། །དབྱེ་ན། ཞུགས་པ་དང༌། འབྲས་གནས་གཉིས་ལས། དང་པོ་ལ། སྤངས་པའི་ཁྱད་པར་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་པའི་ཉོན་མོངས་དྲུག་པ་ངེས་པར་སྤངས་པ་ཅིག་དགོས། བདུན་པ་དང་བརྒྱད་པ་སྤངས་པ་ཡང་སྲིད། མ་སྤངས་ཀྱང་ཆོག དགུ་པ་མ་སྤངས་པ་ཅིག་དགོས་སོ། །རྟོགས་པའི་ཁྱད་པར་ནི། མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །མངོན་པ་གོང་མར་རྒྱུན་ཞུགས་ཞུགས་པ་སྦྱོར་ལམ་སྟན་གཅིག་པ་ནས་འཛིན་པར་བཤད་ལ། དེའི་རིགས་པ་བསྒྲེས་ནས་འཆད་པ་ལྟར་ན་ཅུང་ཟད་སྔ་མ་ལས་ཞིབ་པར་བྱའོ། །འདིར་གཞན་དག་མཐོང་ལམ་གྱི་སྔ་རོལ་དུ་སྤང་བྱ་སྤངས་པ་མི་སྲིད་པས། ཆགས་པ་དང་བྲལ་བ་ཙམ་གྱི་སྒོ་ནས་འཇོག་དགོས་སོ་ཞེས་ཟེར་བ་ནི། ཞིབ་དུ་རེ་བ་ཡིན་མོད། ཐེག་པ་གོང་མ་དང་བསྲེས་པའི་ལུགས་གཉིས་གང་ཡང་དཔྱིས་མ་ཕྱིན་པའི་བཤད་པ་ཡིན་གྱི། ལུགས་འདིར་མིན་ཏེ། ལུགས་འདི་ལ་ནི། སྤངས་པ་ལས་ཀྱང་འདོད་ཆགས་དང་བྲལ་བ་ཆེས་ལྷག་པའི་ཕྱིར། དེ་ཡང་ཇི་སྐད་དུ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་སྤངས་ཀྱང་ཆགས་པ་དང་མ་བྲལ་བའི་ཚུལ་བཤད་པས་སོ། །མཐར་གྱིས་པའི་ཕྱིར་འོང་དང༌། ཕྱིར་མི་འོང་ཞུགས་པ་གཉིས་པོ་དེ་དང་དེ་ཁས་མི་ལེན་ཀྱང༌། ཆགས་བྲལ་སྔོན་དུ་སོང་བའི་ཞུགས་པ་གཉིས་པོ་དེ་དང་དེར་ཁས་ལེན་པ་ནི། མངོན་པ་འོག་མའི་ལུགས་བླ་ན་མེད་པ་ཡིན་ཅིང༌། དེ་ཉིད་ལེགས་པ་ཡང་ཡིན་ཏེ། ཕྱིར་འོང་མི་འོང་དུ་འཇོག་པ་ནི་སྤངས་པའི་ཆ་ནས་འཆད་དགོས་པས་སོ། །གཉིས་པ་ལ། སྤངས་པའི་ཁྱད་པར་སྔ་མ་དང་འདྲ་ལ། རྟོགས་པའི་ཁྱད་པར་བཅུ་དྲུག་པའི་རྟོགས་པ་ཐོབ་པས་ཏེ། ཇི་སྐད་དུ། གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གསུངས་སོ། །གོང་མ་ལྟར་ན། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་གི་འཇོག་ཚུལ་སྔ་མ་དང་འདྲ་ལ། དེ་ལ་ཞུགས་པ་དང་གནས་པའི་རྣམ་གཞག་ཁས་མི་ལེན་ནོ། །གཉིས་པ་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ལ། ཞུགས་པ་དང་གནས་པ་གཉིས་ལས། དང་པོ་ལ་སྤངས་པའི་ཁྱད་པར་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པ་དང༌། རྟོགས་པའི་ཁྱད་པར་ནི། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་གང་རུང་ལ་གནས་པའོ། །གཞན་དག་འདིའི་ངོས་འཛིན་སྦྱོར་ལམ་སྟན་གཅིག་པ་ནས་འཆད་ཀྱང་ལེགས་པ་མིན་ཏེ། རྒྱུན་ཞུགས་ཞུགས་པའི་རིགས་འདྲེ་ཡིན་མོད་ཀྱང༌། སྤྱིར་འདི་ལ་ཞུགས་པ་མ་བཤད་པ་དང༌། བཤད་དུ་ཆུག་ཀྱང༌། ཇི་སྐད་དུ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི། ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་ན། ཞེས་བཤད་ཀྱི། སྦྱོར་ལམ་དུ་ཞུགས་པ་ལ་མ་བཤད་པའི་ཕྱིར་རོ། །གཉིས་པ་འབྲས་གནས་ལ་སྤངས་པའི་ཁྱད་པར་ཡང་སྔ་མ་དང་འདྲ། རྟོགས་པའི་ཁྱད་པར་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་པའོ། །གོང་མའི་ལུགས་ལ་ཡང་དེ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འཇོག་ལུགས་བཤད་མ་ཐག་པ་དེ་ཉིད་ཡིན་གྱི། དེ་ལས་གཞན་མི་འཆད་ལ། མངོན་པ་གོང་འོག་གི་ཁྱད་པར་ནི། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་དང༌། མི་གནས་པའོ། །འོ་ན་ཅི་འབྲས་བུ་ཐོག་མཐའ་གཉིས་ལ་ཆགས་བྲལ་སྔོན་སོང་གི་རྣམ་གཞག་འཆད་དམ་མི་འཆད་ཅེ་ན། དེ་གཉིས་ཀྱི་རང་ལྡོག་ནས་དེའི་རྣམ་པར་བཞག་པ་མེད་དེ། གཞུང་འགྲེལ་ཚད་ལྡན་དག་ལས་མ་བཤད་པའི་ཕྱིར་དང༌། དེ་གཉིས་གང་ལ་ལྟོས་ནས་ཆགས་བྲལ་སྔོན་སོང་དུ་འཇོག་པའི་སྤང་བྱའི་ཁྱད་པར་ཡང་མི་སྲིད་པའི་ཕྱིར་རོ། །འོ་ན་ཅི་དེ་གཉིས་ཀྱི་ནང་ཚན་འགའ་ཞིག་ལ་ཆགས་བྲལ་སྔོན་སོང་མཚན་ཉིད་པ་ཡོད་པ་མིན་ནམ་ཞེ་ན། རྒྱུན་ཞུགས་ཀྱི་ནང་ཚན་རིགས་ནས་རིགས་སྐྱེ་ལ་ནི། དེ་མཚན་ཉིད་པ་ཡོད་དེ། རིགས་ནས་རིགས་སྐྱེ་འཇོག་པའི་སྤང་བྱའི་གཙོ་བོ་འདོད་ཉོན་གསུམ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་ཞུགས་མཚན་ཉིད་པ་ཡོད་པའི་ཕྱིར། འདི་རིགས་ནས་རིགས་སྐྱེ་འཇོག་པའི་དུས་ཀྱི་ཆགས་བྲལ་སྔོན་སོང་མཚན་ཉིད་པ་ཡིན་ཀྱང༌། རྒྱུན་ཞུགས་ཆགས་བྲལ་སྔོན་སོང་ནི་མ་ཡིན་ཏེ། དེའི་འབྲས་བུ་ལ་ལྟོས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་དུ་མ་སོང་བའི་ཕྱིར་དང༌། རིགས་ནས་རིགས་སྐྱེའི་རྒྱུན་ཞུགས་ཀྱི་འབྲས་བུ་ཡང་མི་སྲིད་པའི་ཕྱིར་རོ། །འདིའི་རྣམ་གཞག་ཀྱང་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །ཡང་དགྲ་བཅོམ་དང་ཆགས་བྲལ་སྔོན་སོང་གི་གཞི་མཐུན་ནི་ཡོད་དེ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གིས་ཐོབ་པའི་དགྲ་བཅོམ་པ་དེ་དེ་འདྲའི་གཞི་མཐུན་ཡིན་པས་སོ། །དེ་ལྟ་ན་ཡང༌། འདི་དགྲ་བཅོམ་ཆགས་བྲལ་སྔོན་སོང་ནི་མ་ཡིན་ཏེ། དེར་འཇོག་པའི་སྤང་བྱའི་གཙོ་བོ་དེ་ལ་དེ་སྔོན་དུ་མ་སོང་བའི་ཕྱིར། དེར་མ་ཟད་དགྲ་བཅོམ་པའི་ནང་ཚན་འགའ་ཞིག་ལ་ལྟོས་པའི་ཆགས་བྲལ་སྔོན་སོང་ཀྱང་མ་ཡིན་པས། རིགས་ནས་རིགས་སྐྱེའི་ཆགས་བྲལ་སྔོན་སོང་ལ་ལྟོས་ཏེ་འདི་དེར་འཇོག་པ་ཅུང་ཟད་ཅིག་དཀའ་བ་ཡིན་ནོ། །འོ་ན་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་སྤངས་པའི་རྒྱུན་ཞུགས་དེ་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པ་དང༌། དེའི་སྔ་རོལ་དུ་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་བཅུ་དྲུག་པའི་རྟོགས་པ་ལ་གནས་བཞིན་པ་དེ། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ཡིན་པར་འགྱུར་ཏེ། དཔེར་ན་བཅུ་དྲུག་པའི་རྗེས་སུ་དེ་དང་དེ་སྤངས་པའི་འབྲས་གནས་དེ་དང་དེ། འབྲས་གནས་ཁྱད་པར་ཅན་དུ་འཇོག་པ་བཞིན་ནོ། །ཞེ་ན། དེ་མཚུངས་པ་མིན་ཏེ། སྔ་མ་ནི་དེ་དང་དེའི་འབྲས་བུ་ཙམ་ལ་གནས་པ་ཡིན་གྱི། དེ་དང་དེའི་ཁྱད་པར་གྱི་ལམ་མ་ཐོབ། ཕྱི་མ་ནི། དེ་དང་དེའི་ཁྱད་པར་གྱི་ལམ་ཐོབ་རྗེས་སུ་སྤང་བྱ་དེ་དང་དེ་སྤངས་པའི་ཕྱིར། དེ་སྐད་དུ་ཡང༌། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི། །ལམ་ཐོབ་མེད་པ་དེའི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་གསུངས་ལ། དེ་ཡང་དེའི་གོང་དེ་མ་ཐག་ཏུ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་པའི་འཕྲོས་དོན་ནོ། །འོ་ན་བཅུ་དྲུག་པ་ཐོབ་པ་དང༌། དུས་མཉམ་དུ་འདོད་ཉོན་གང་དང་གང་ལ་ཆགས་པ་དང་བྲལ་བ་དེའི་ཁྱད་པར་གྱི་ལམ་ཐོབ་པ་མིན་ནམ་ཞེ་ན། དེར་དེ་ཐོབ་མོད། དེ་ལྟ་ན་ཡང༌། ཇི་སྲིད་མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་མ་ཐོབ་པ་དེ་སྲིད་དུ། འབྲས་བུ་གསུམ་གྱི་ཁྱད་པར་གྱི་ལམ་མི་འཇོག་སྟེ། གསུམ་པོ་དེ་དང་དེར་འཇོག་པ་མཐོང་སྤངས་སྤངས་པ་ལ་རག་ལས་པའི་ཕྱིར། དེ་ལྟར་ན། གཞུང་འདིས་འབྲས་གནས་ཁྱད་པར་ཅན་གྱི་འཇོག་མཚམས་གཉིས་བསྟན་ཏེ། ཆགས་བྲལ་སྔོན་སོང་ཡིན་ན། མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ཐོབ་པ་ཙམ་གྱིས་ཆོག་པ་དང༌། རིམ་གྱིས་པ་ཡིན་ན། འབྲས་བུ་སྔ་མ་ཐོབ་རྗེས་སུ་འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་བརྩོན་པ་ཞིག་དགོས་པར་བསྟན་ཏོ། །བོད་ཀྱི་སློབ་དཔོན་སྔ་མ་རྣམས། །འབྲས་བུ་ཐོད་བརྒལ་བ་དང༌། རིམ་གྱིས་པའི་རྣམ་གཞག་མཛད་ནས། དང་པོའི་མཚན་གཞི་ནི། ཆགས་བྲལ་སྔོན་སོང་ཡིན་ནོ་ཞེས་གསུང་པ་དང༌། ཡང་ཕྱི་མ་དག དེ་ལ་དེས་ཁྱབ་ཀྱང༌། ཐོད་བརྒལ་བ་ལ་དེས་མ་ཁྱབ་སྟེ། ཅིག་ཅར་བའི་དགྲ་བཅོམ་པ་བཞིན་ནོ། །ཞེས་གསུངས་པ་འདི་ཉིད་རང་ལུགས་ཀྱི་འདོད་པ་ཡང་ཡིན་མོད། འོན་ཀྱང་དཔྱད་པ་འདི་འཇུག་པར་བྱ་སྟེ། མཛོད་རྩ་འགྲེལ་ལས། མཐར་གྱིས་པ་ཞེས་པའི་བཤད་པ་ཅིག་ཡོད་ཀྱང༌། དེའི་ཟླས་དྲངས་པའི་ཐོད་བརྒལ་བ་ཞེས་པའི་མིང་འདོགས་དང་བཤད་པ་མེད་ལ། མཐར་གྱིས་པ་ཞེས་པ་དེ་ཡང་མཐོང་སྒོམ་ལམ་གྱི་སྤང་བྱ་གཉིས་མཐར་གྱིས་སྤོང་བ་ལ་འཆད་པར་སྣང་གི འབྲས་བུ་མཐར་གྱིས་མངོན་དུ་བྱེད་པ་ལ་བཞེད་པའི་ཤེས་བྱེད་ཅི་ཡང་མི་སྣང་ཞིང༌། སྤང་བྱ་གཉིས་པོ་མཐར་གྱིས་སྤོང་བའི་སྒོ་ནས་མཐར་གྱིས་པར་བཞག་པའི་མཐར་གྱིས་པ་དེའི་ཟླས་ཕྱེ་བ་ནི། ཆགས་བྲལ་སྔོན་སོང་ཡིན་ལ། དེ་འདྲའི་ཆགས་བྲལ་སྔོན་སོང་དེ་ཅིས་ཀྱང་ཐོད་བརྒལ་བར་འཇོག་དགོས་ན། སྤང་བྱ་སྤོང་ཚུལ་ལས་དེར་འཇོག་དགོས་པ་ཡིན་ཏེ། མཐོང་སྤངས་ཀྱི་སྔོན་དུ་སྒོམ་སྤངས་འགའ་ཞིག་ཐོད་བརྒལ་གྱི་ཚུལ་དུ་སྤངས་པའི་ཕྱིར། དེ་ལྟར་ན། འབྲས་བུ་ཐོབ་ཚུལ་ལས་དེ་དང་དེར་བཞག་པ་ལ་ལུང་མེད་དོ། །དེ་མེད་པར་མ་ཟད་ལུང་དང་འགལ་ཞིང༌། རིགས་པས་མི་འཐད་པའི་ཚུལ་ཡང་འདི་ལྟར། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་གཉིས་ནི། འབྲས་བུ་ཐོད་བརྒལ་བ་མིན་ཏེ། རང་གིས་ཐོབ་པར་བྱ་བའི་འབྲས་བུ་རྣམས་ཀྱི་དང་པོ་གང་ཡིན་པ་དེ་ཉིད་ཐོག་མར་མངོན་དུ་བྱས་པ་ཡིན་གྱི། རང་གི་ཐོབ་བྱའི་འབྲས་བུ་མངོན་དུ་མ་བྱས་པར་གཉིས་པ་མངོན་དུ་བྱས་པ་སོགས་མ་ཡིན་པའི་ཕྱིར། དེའི་ཤེས་ཀྱང་ཇི་སྐད་དུ། དང་པོ་ལས་མ་ཡིན། ཅེས་པའི་དང་པོ་དེ་རྒྱུན་ཞུགས་དང༌། ཆགས་བྲལ་སྔོན་སོང་གཉིས་ལ་འཆད་དགོས་པར་འགྲེལ་པའི་དོན་དུ་སྣང་བའི་ཕྱིར་དང༌། ཆགས་བྲལ་སྔོན་སོང་གཉིས་འབྲས་བུ་ཐོད་བརྒལ་བ་ཡིན་ན། དེས་ཐོབ་པའི་དགྲ་བཅོམ་པ་ཡང་དེར་ཐལ་བར་གྱུར་ཏེ། ཐོད་བརྒལ་བར་འཇོག་བྱེད་གང་ཡིན་པ་དེ་ཚང་བའི་ཕྱིར། གལ་ཏེ་མི་མཚུངས་ཏེ། འདིས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་མ་བྱས་པར་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་དང༌། དང་པོ་གཉིས་མ་བྱས་པར་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་སྙམ་ན། དེ་དང་དེ་མ་ཐོབ་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་ཞེས་བརྗོད་ན་ཡང་མཚུངས་མོད། རྣལ་མའི་ལན་ནི། འོ་ན་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་དེས་མཐོང་སྤངས་དང༌། འདོད་ཉོན་དྲུག་པ་སྤངས་པའི་འོག་ལམ་མངོན་དུ་མ་བྱས་པར། ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པ་ཡིན་ནམ། དེས་དེ་མངོན་དུ་བྱས་ནས་དེ་བྱས་པ་ཡིན། དང་པོ་ལྟར་ཁས་ལེན་པའི་གོ་སྐབས་མེད་པས། གཉིས་པ་ལྟར་ཁས་ལེན་དགོས་པ་དེའི་ཚེ། འབྲས་བུ་ཐོད་བརྒལ་བའི་མིང་ཙམ་དུ་སོང་སྟེ། འབྲས་བུ་ཐོད་བརྒལ་བའི་དོན་ཅི་ཡང་མ་ཚང་བའི་ཕྱིར་ཏེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་སོགས་གསུམ་ཀ་མངོན་དུ་བྱས་པའི་ཕྱིར། འདི་ལ་སྤང་བྱ་ཐོད་བརྒལ་བའི་དོན་ཚང་བ་ཡིན་ཏེ། དེ་སྤོང་བའི་རིམ་པ་ལྟར་མ་སྤངས་པར་ཐོག་མར་སྒོམ་སྤངས་འགའ་ཞིག་སྤངས་ནས། དེའི་རྗེས་སུ་མཐོང་སྤངས་སྤངས་པའི་ཕྱིར། ཁྱོད་ཀྱི་ཕྱོགས་ལ་ཡང་ཐོག་མར་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ནས། དེའི་རྗེས་སུ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་ན། འབྲས་བུ་ཐོད་བརྒལ་བ་ཉིད་དུ་ཁས་བླངས་པས་ཆོག་གོ །ཡང་སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་པ་ལ་ཡང་ཐོད་བརྒལ་བའི་དོན་ཅི་ཡང་མི་སྣང་སྟེ། སྤང་བྱ་སྤོང་ཚུལ་དང༌། འབྲས་བུ་ཐོབ་ཚུལ་གང་ལ་ཡང་དེ་མི་སྣང་བའི་ཕྱིར་དང༌། དེས་འབྲས་བུ་བཞི་ཀའི་དོན་ནི་མངོན་དུ་བྱས་པའི་ཕྱིར་དང༌། འབྲས་བུ་བཞི་ཀའི་ཐ་སྙད་ནི་དེ་ལ་མེད་པས། མེད་པ་ཞིག་མངོན་དུ་བྱས་པ་ཙམ་གྱིས་ཐོད་བརྒལ་བར་འཇོག་མི་ནུས་སོ། །མདོར་ན་སྤང་བྱ་མཐར་གྱིས་པ་དང༌། སྤང་བྱ་ཅིག་ཅར་བ་དང༌། སྤང་བྱ་ལ་ཆགས་བྲལ་སྔོན་དུ་སོང་བ་ཞེས་ཐ་སྙད་སྦྱར་ན་ལེགས་པར་མངོན་ནོ། །གཉིས་པ་མཐར་གྱིས་པ་ལ་བཞི་ལས། དང་པོ་ལ། ཞུགས་གནས་གཉིས་ལས། དང་པོ་ནི། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཞེས་གསུངས་པས། དེ་ལ་མཐོང་ལམ་པས་ཁྱབ་པར་བཤད་ཅིང༌། དེ་ཡང་སྤངས་པའི་ཁྱད་པར་འདོད་ཉོན་དྲུག་པ་ངེས་པར་མ་སྤངས་པ་ཞིག་དགོས་སོ། །གོང་མ་ལས་འདིའི་མ་མཐའི་ས་མཚམས་ངེས་འབྱེད་ཆ་མཐུན་ནས་བཟུང་ཞིང༌། འགྲེལ་པར། སྦྱོར་ལམ་སྟན་གཅིག་པ་ལ་བཤད་དོ། །དེའི་དོན་ཡང་དེ་ནས་མཐོང་སྤངས་སྤོང་བའི་སྦྱོར་བའི་ལམ་ཐོབ་པ་ལ་དགོངས་ཞིང༌། དེ་སྤོང་བའི་སྦྱོར་བ་དང༌། བར་ཆད་མེད་པའི་ལམ་ལ་གནས་པ་ནི། འབྲས་བུ་དང་པོ་ལ་ཞུགས་པ་ཁོ་ནར་ངེས་ཀྱི། བར་པ་གཉིས་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་པའི་གོ་སྐབས་མེད་དོ། །དེའི་ཤེས་བྱེད་ཀྱང༌། ཆགས་བྲལ་མངོན་དུ་སོང་བའི་མཐོང་ལམ་པ་ཡིན་ན། འདོད་ཉོན་དྲུག་པ་དང་དགུ་པ་དེའི་སྔ་རོལ་དུ་སྤངས་ཟིན་དགོས་ལ། དེ་སྤངས་ཟིན་ནས། འབྲས་བུ་དེ་གཉིས་ཀྱི་ཕྱིར་དུ་འཇུག་པ་ནི་གོང་མའི་ལུགས་འདི་ལ་མི་སྲིད་པའི་ཕྱིར་རོ། །འོག་མའི་ལུགས་དང་མི་འདྲ་སྟེ། ལུགས་དེ་ལ་འབྲས་བུ་བཞི་པོ་གང་འཇོག་ཀྱང༌། མཐོང་སྤངས་སྤངས་པའི་སྤངས་པ་དང་བསྲེས་ནས་འཇོག་དགོས་པ་ཡིན་ལ། གོང་མའི་ལུགས་ལ་ནི། མཐོང་སྤངས་སྤངས་པ་སྔོན་དུ་བཏང་ནས་སྒོམ་སྤངས་དེ་དང་དེ་རྐྱང་པ་སྤངས་པའི་ཆ་ནས་དེར་འཇོག་པའི་ཕྱིར་རོ། །གཉིས་པ་འབྲས་གནས་ལ། སྤངས་པའི་ཁྱད་པར་ནི། མཐོང་སྤངས་མ་ལུས་པར་སྤངས་པ་དང༌། རྟོགས་པའི་ཁྱད་པར། དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཐོབ་པའོ། །དེ་ཡང་དེའི་ཁྱད་པར་གྱི་ལམ་ལ་གནས་པའི་ཚེ་རྣམ་པར་གྲོལ་བའི་ལམ་དེ་ཡོད་པ་མ་ཡིན་ཡང༌། དེ་དང་ལྡན་པ་ནི་ཡིན་ཏེ། དེ་ཐོབ་ནས་གཏོང་རྒྱུ་མ་བྱུང་བའི་ཕྱིར་དང༌། དེ་འདས་པ་དང་ལྡན་པར་ཁས་ལེན་དགོས་པས་སོ། །དེ་ལ་དབྱེ་ན་ཙམ་པོ་དང༌། ཁྱད་པར་ཅན་གཉིས། དང་པོ་ནི་དེ་གང་ཞིག་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ཡིན་ལ། གཉིས་པོའི་མཚན་ཉིད་ནི། མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པའི་ཉོན་མོངས་དང་པོ་སྤངས་ཟིན་པའམ། སྤོང་བ་ལ་བརྩོན་པ་གང་ཡང་རུང་བའོ། །གཉིས་པོའི་མཚན་གཞི་ནི། ཆགས་བྲལ་སྔོན་དུ་སོང་བའི་དེ་ཁྱད་པར་ཅན་དང༌། ཆགས་བྲལ་སྔོན་དུ་མ་སོང་བའི་དེ་ཁྱད་པར་ཅན་ལ་འཆད་པ་ཡིན་ནོ། །སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་ཕྱེ་ན། སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེའོ། །དང་པོ་ལ་གསུམ་ལས། སྤངས་པའི་ཁྱད་པར་ནི། རྒྱུན་ཞུགས་སྤྱི་དང་འདྲ་བ་ལ། འདོད་པའི་སྒོམ་སྤངས་ཅིག་ཀྱང་མ་སྤངས་ཤིང༌། སྤོང་བ་ལ་བརྩོན་པ་ཡང་མ་ཡིན་པའོ། །རྟོགས་པའི་ཁྱད་པར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའོ། །སྤངས་རྟོགས་འདི་གཉིས་ནི། སྐྱེ་སྲིད་བཅུ་གཉིས་པ་ཚུན་དུ་རྗེས་སུ་འགྲོ་ཞིང༌། དེར་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པར་རྒྱལ་སྲས་ལས་བཤད་དོ། །སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ནི། སྤྱིར་སྲིད་པ་ལན་བདུན་པའི་མིང་ཅན་ལ་དབྱེ་ན། དེ་ཙམ་པོ་དང༌། དེ་ལྟར་ཐོགས་ན་ལན་བདུན་པ་གཉིས་ལས། དང་པོ་ནི་སྤང་རྟོགས་ཀྱི་ཁྱད་པར་བཤད་མ་ཐག་པ་དེ་དང་ལྡན་པས། དེར་བཞག་པ་ཡིན་གྱི། སྐྱེ་སྲིད་བདུན་ལེན་པར་ངེས་པ་ནི་མ་ཡིན་ཏེ། མཛོད་འགྲེལ་ལས། གོང་དུ་འཕོ་བ་དེ་དག་བར་སྐབས་སུ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་ལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི། ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར། དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། འདོད་པར་སྐྱེ་སྲིད་བདུན་ནམ། བཅུ་བཞི་ལེན་པར་ངེས་པའོ། །གཞུང་འགྲེལ་ལས། རྒྱུན་ཞུགས་ཀྱི་དབྱེ་བ་འཆད་པ་ན། འདི་ཁོ་ན་འཆད་ཅིང་སྔ་མ་དེ་མ་བཤད་པ་ནི། དེ་ལ་མཐོང་ཆོས་ཞིའི་རིགས་ཅན་དང༌། ཕྱིར་མི་འོང་ཁམས་གོང་མར་འགྲོ་བའི་རིགས་ཅན་དང༌། རིགས་ནས་རིགས་སྐྱེའི་རིགས་ཅན་གང་དུ་ཡང་འགྱུར་སྲིད་པའི་རྒྱུ་མཚན་གྱིས་ཡིན་ལ། ཕྱི་མ་འདི་ནི་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་ཤིང༌། ཕྱིར་མི་འོང་མངོན་དུ་མ་བྱས་པའི་ངང་ནས་འདོད་པར་སྐྱེ་སྲིད་བདུན་ལེན་པའི་རྒྱུ་མཚན་གྱིས་ཡིན་པར་ངེས་ལ། འགྲེལ་བཤད་ལས། སྐྱེ་སྲིད་བཅུ་གཉིས་པ་ལ་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པར་བཤད་དོ། །དེ་ཉིད་འགྲེལ་པའི་དགོངས་པར་ཡང་འཆད་ནུས་ཏེ། ཇི་སྐད་དུ། བར་སྐབས་སུ་ཡང༌། འཕགས་པའི་ལམ་མངོན་དུ་བྱེད་ཅིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལྟར་ན་རྒྱུན་ཞུགས་འདོད་པའི་སྲིད་པ་ལན་བདུན་པ་ཞེས་སྦྱར་ན་འགྲིག་སྟེ། འཕགས་པ་ཐོབ་རྗེས་སུ་འདོད་པར་སྐྱེ་སྲིད་བརྒྱད་ལེན་པ་ནི་མི་སྲིད་ལ། དེར་བདུན་ལེན་པ་ནི་འདི་ཁོ་ནར་ངེས་སོ། །བདུན་པོ་དེ་ཡང༌། རིགས་མཐུན་གྱི་སྐྱེ་སྲིད་ལ་བསམ་པ་ཡིན་གྱི། རིགས་མི་མཐུན་པའི་སྐྱེ་སྲིད་ནི་བཅུ་བཞི་ཡང་ཁས་ལེན་པ་ནི་བྱེ་སྨྲའི་གྲུབ་པའི་མཐའོ། །དེ་ཡང་འདི་ལྟར་ཤེས་དགོས་ཏེ། འདིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་རྗེས་སུ་འདོད་པར་སྐྱེ་སྲིད་བདུན་ནམ་བཅུ་བཞི་འཕེན་བྱེད་ཀྱི་ལས་བསགས་པ་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་སྲིད་དུ་སྲིད་པ་མྱོང་བར་ངེས་པའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར། ཞེས་གསུངས་པ་དེ། འགྲུབ་བྱེད་ཀྱི་ལས་ལ་འཆད་མི་ནུས་པས། འཕེན་བྱེད་ཀྱི་ལས་ལ་ངེས་པར་འཆད་དགོས་ལ། དེ་ཡང་སོ་སོ་སྐྱེ་བོའི་རྟེན་ལ་འཕེན་བྱེད་ཀྱི་ལས་བསགས་པའི་དབང་དུ་བྱས་ན་ནི། སྲིད་པ་བདུན་འཕེན་པའི་ལས་ཀྱི་གྲངས་ངེས་བྱེད་མི་ནུས་ཏེ༌། དེར་དེ་འཕེན་པའི་ལས་བསགས་པ་ནི་གྲངས་ལས་འདས་པའི་ཕྱིར་རོ། །འགྲུབ་བྱེད་ལ་འཆད་མི་ནུས་ཏེ། སྐྱེ་བ་བདུན་རིམ་ཅན་དུ་འགྲུབ་པའི་འགྲུབ་བྱེད་ཀྱི་ལས་སྐྱེ་བ་གཅིག་ལ་བསགས་པ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་གོང་མར་ཉེར་འགྲོའི་དབྱེ་བ་ཇི་སྙེད་པ་དེ་དག་དང༌། རིགས་ནས་རིགས་སུ་སྐྱེ་བའི་རྣམ་བཞག་དེ་དག་ཀྱང༌། ཕྱིར་མི་འོང་དང་རྒྱུན་དུ་ཞུགས་པའི་རྟེན་དེ་ལ་འཕེན་བྱེད་ཀྱི་ལས་བསོགས་པ་ཡིན་པས། རྟེན་འབྲེལ་མདོ་འགྲེལ་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་པའི་ལུང་གཅིག་པུ་དེས་གྲུབ་མཐའ་གོང་འོག་གི་སྐབས་ཐམས་ཅད་དུ་ཁྱབ་པར་བྱེད་པ་མ་ཡིན་ནོ། །གཉིས་པ་རིགས་ནས་རིགས་སྐྱེ་ལ། མཐར་གྱིས་པ་དང་ཆགས་བྲལ་སྔོན་སོང་གཉིས་ལས། དང་པོ་ལ་སྤངས་པའི་ཁྱད་པར་ནི། འདོད་པའི་ཉོན་མོངས་པ་གསུམ་པ་སྤངས་ཤིང༌། ལྔ་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ཞིག་དགོས་ཏེ། ཟག་བཅས་ཀྱི་སྤངས་པ་ནི་སླར་ལོག་སྲིད་ཅིང༌། དེ་སོར་མ་ཆུད་པར་སྐྱེ་བ་ལེན་པ་སྲིད་པས། རིགས་ནས་རིགས་སྐྱེའི་སྐྱེ་བའི་ཁྱད་པར་མི་ངེས་པའི་ཕྱིར། འདི་སོར་མ་ཆུད་པར་སྐྱེ་བ་ལེན་པ་སྲིད་ལ། དྲུག་པ་ཟག་བཅས་ཀྱི་སྤངས་པ་ལས་ཉམས་ཀྱང་སོར་མ་ཆུད་པར་སྐྱེ་བ་ལེན་པ་མི་སྲིད་པའི་ཁྱད་པར་            རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*