ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ཇ ༽

མཚོན་བྱ་དོན་གྱི་དགེ་འདུན་གྱི་རྣམ་པར་བཞག་པ་གཞན་གྱིས་ལེགས་པར་མ་བཤད་པ་རྣམས་དཔྱིས་ཕྱིན་པར་བཤད་པ་ཡིན་ནོ།།  །།གཉིས་པ་ཐོབ་བྱ་བསྒྲུབ་པའི་འབྲས་བུ་བཤད་པ་ལ་གསུམ་སྟེ། ངེས་འབྱེད་ཆ་མཐུན་གྱི་རྣམ་པར་བཞག་པ་དང༌། དེ་ལས་འཕྲོས་ནས་སྤང་བྱ་རྟོག་པའི་རྣམ་གཞག་རྒྱས་པར་བཤད་པ། དེ་ཇི་ལྟར་སྤོང་བའི་ཚུལ་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ། གང་ལ་སྐྱེ་བའི་རྟེན་དང༌། བརྟེན་པ་ངེས་འབྱེད་ཆ་མཐུན་གྱི་རྣམ་པར་བཞག་པའོ། །དང་པོ་ལ། ལུས་ཀྱི་རྟེན་དང༌། སེམས་ཀྱི་རྟེན་ནོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང༌། འདོད་ལྷའི་རིགས་དྲུག་པོ་དག་གོ །ཁམས་གོང་མའི་རྟེན་ལ་ནི་མེད་དེ། དེ་ན་མཐོང་ལམ་མེད་པ་དང་ཤེས་བྱེད་མཚུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། ཁམས་གོང་གི་རྟེན་ལ་ཆོས་མཆོག་མེད་ཀྱང༌། དང་པོ་གསུམ་ཡོད་དེ། བསམ་གཏན་གྱི་དངོས་གཞི་ཐོབ་པའི་སྦྱོར་ལམ་པ་ཁམས་གོང་དུ་སྐྱེ་བ་ལེན་པ་སྲིད་པའི་ཕྱིར་རོ། །དེ་ན་མཐོང་ལམ་མེད་པ་དང་ཤེས་བྱེད་མཚུངས་པ་མིན་ཏེ། ཁམས་གོང་མར་སྦྱོར་མཐོང་གཉིས་ཀ་སྔར་མེད་གསར་དུ་སྐྱེ་བའི་རྟེན་དུ་མི་རུང་བར་འདྲ་ཡང༌། སྐྱེས་ཟིན་གནས་པའི་རྟེན་གྱི་དབང་དུ་བྱས་ན་མི་འདྲ་བའི་ཕྱིར། དེ་ཡང་སྦྱོར་ལམ་ནི་ཡུན་རིང་བས་ཁམས་གོང་གི་རྟེན་ལ་གནས་སུ་རུང་ལ། མཐོང་ལམ་ནི་ཡུན་ཐུང་བས་གང་ལ་སྐྱེ་བའི་རྟེན་དེ་ལས་ལྷག་པར་མི་གནས་པའི་ཕྱིར། ཞེས་གསུང་ངོ༌། །འདི་ནི་རིགས་པ་མིན་ཏེ། དེ་ལྟར་འཆད་པ་ལ་ཐེག་པ་གོང་མའི་ལུང་མེད་པ་དང༌། ཐེག་པ་ཐུན་མོང་གི་གཞུང་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། བསམ་གཏན་གྱི་དངོས་གཞི་ཐོབ་པའི་སྦྱོར་ལམ་པ་མཐོང་ལམ་མ་སྐྱེས་གོང་དུ་ཁམས་གོང་དུ་སྐྱེ་བ་ཡོད་པ་མིན་ཏེ། ཇི་སྐད་དུ་མཛོད་ལས། དངོས་གཞི་དེ་ཉིད་ལ་བདེན་མཐོང༌། །ཞེས་བསམ་གཏན་གྱི་དངོས་གཞི་ཐོབ་པའི་སྦྱོར་ལམ་པ་ཚེ་དེ་ཉིད་ལ་མཐོང་ལམ་བསྐྱེད་པར་བཤད་པའི་ཕྱིར། གལ་ཏེ་དེ་ལྟར་བཤད་པའི་དགོངས་པ་སྦྱོར་ལམ་དང་པོར་སྐྱེ་བའི་སེམས་རྟེན་ལ་དགོངས་པ་ཡིན་གྱི། དངོས་གཞི་ཐོབ་ཙམ་ལ་དགོངས་པ་མ་ཡིན་ནོ་ཞེ་ན། དངོས་གཞི་ཐོབ་པའི་སྦྱོར་ལམ་པ་ཡིན་ན་སྦྱོར་ལམ་ཡང་དེ་ཉིད་ལ་རྟེན་དགོས་ཏེ། ལམ་སླ་བ་དངོས་གཞི་ལ་བརྟེན་པར་དབང་བཞིན་དུ། དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར་དང༌། ཉེར་བསྡོགས་སྔ་མ་ནི་བཏང་ཟིན་པའི་ཕྱིར། འོ་ན་མཛོད་ལས། འཕགས་པས་དེ་དག་ས་བོར་བས། གཏོང་ངོ་འཕགས་མིན་འཆི་བས་སོ། །ཞེས་པའི་རང་འགྲེལ་ལས། སོ་སོ་སྐྱེ་བོས་ནི་ས་འཕོ་ཡང་རུང་མི་འཕོ་ཡང་རུང་སྟེ། རིགས་མཐུན་བཏང་བ་ཁོ་ནས་གཏོང་ངོ༌། །ཞེས་སོ་སོ་སྐྱེ་བོ་ས་འཕོས་པ་དང་ཤི་བ་གཉིས་ཚོགས་ཀྱིས་སྦྱོར་ལམ་གཏོང་བ་ཞིག་བཤད་ལ། དེ་ནི་ཁམས་གོང་མར་སྐྱེས་པ་ལས་གཞན་ལ་འཆད་ཐབས་མེད་པའི་ཕྱིར་ཅེ་ན། དེའི་དོན་ཡང༌། ས་གོང་མར་འཕོ་བ་ལ་འཆད་པ་མ་ཡིན་ཏེ། དེར་འཕོས་ན། དངོས་གཞིར་འཕོ་དགོས་ལ། དངོས་གཞི་ལ་བརྟེན་པའི་སྦྱོར་ལམ་པ་ཁམས་གོང་དུ་མི་སྐྱེ་བའི་ཕྱིར། གཞུང་དེའི་དོན། ཉེར་བསྡོགས་ལ་བརྟེན་པའི་དྲོད་རྩེ་གཉིས་རྒྱུད་ལ་ལྡན་པའི་སོ་སོ་སྐྱེ་བོ་དེ། འདོད་པར་ས་འཕོས་ཀྱང་རུང་མ་འཕོས་ཀྱང་རུང༌། རིགས་མཐུན་བཏང་བ་དང་མཉམ་དུ་སྦྱོར་ལམ་བཏང་བ་ཡིན་ཏེ། དེའི་སེམས་རྟེན་ཉམས་པའི་ཕྱིར། ཞེས་པའི་དོན་ཡིན་ལ། དེ་ཡང་ཉེར་བསྡོགས་རྒྱུད་ལ་སྐྱེས་ཤིང༌། དངོས་གཞི་མ་སྐྱེས་པ་ཞིག་འཆི་འཕོ་བ་ན་འདོད་པར་སྐྱེ་བ་ལས་གཞན་དུ་སྐྱེ་ས་མེད་ལ། དེའི་ཚེ་ན་འདོད་པའི་ཉོན་མོངས་མངོན་དུ་གྱུར་པས་སོ། །ཞར་ལ་འདི་ཤེས་དགོས་ཏེ། ཉེར་བསྡོགས་ལ་བརྟེན་པའི་དྲོད་རྩེ་གཉིས་རྒྱུད་ལ་ལྡན་པའི་སོ་སོ་སྐྱེ་བོ་ཤི་འཕོས་པ་དེའི་ཚེ་ན། དྲོད་རྩེ་ལས་ཡོངས་སུ་ཉམས་པ་ཡིན་ལ། དེ་སླར་ཡང་སོར་མ་ཆུད་པ་དང༌། ཆུད་པ་གཉིས་ལས་དང་པོ་དེ་ནི། ངན་སོང་དུ་འགྲོ་བ་དང༌། མཚམས་མེད་པ་དག་ཀྱང་བྱེད་ལ། གཉིས་པ་དེ་ནི། སྦྱོར་བ་འབད་རྩོལ་གྱིས་བསྒྲུབ་དགོས་ལ། བསམ་གཏན་གྱི་སྡོམ་པ་དང་འདྲ་བར་འདས་པ་ཐོབ་པ་ནི་མེད་དེ། ཇི་སྐད་དུ། རྣམ་པར་ཉམས་ན་སྔོན་མེད་ཐོབ། །ཅེས་གསུངས་པས་སོ། །ཡང་ཉེར་བསྡོགས་ལ་བརྟེན་པའི་བཟོད་མཆོག་གཉིས་ནི། ཚེ་དེ་ལ་བདེན་པ་མ་མཐོང་བར་འཆི་འཕོ་བ་མེད་དེ། སོ་སོ་སྐྱེ་བོ་ཡིན་ཀྱང་དེ་གཉིས་ལས་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར། འདི་དག་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཏེ། ཁམས་གོང་ན་སྦྱོར་ལམ་ཡོད་པར་འདོད་པའི་ཤེས་བྱེད་འགོག་པའི་ཞར་ལ་བྱུང་བའོ། །གཉིས་པ་བསམ་པའི་རྟེན་ནི། བསམ་གཏན་ས་དྲུག་པོ་གང་རུང་སྟེ། ཇི་སྐད་དུ། མཛོད་ལས། མི་ལྕོགས་མེད་པ་དང༌། ཁྱད་པར་བསམ་གཏན་ས་པའོ། །ཞེས་གསུངས་སོ། །ལ་ལ་ན་རེ། དམན་པའི་སྦྱོར་ལམ་ལ་དེ་ལྟར་ཡིན་ཀྱང༌། ཐེག་པ་ཆེན་པོའི་སྦྱོར་ལམ་ནི། བསམ་གཏན་གྱི་དངོས་གཞི་ལ་ངེས་པར་བརྟེན་ཏེ། བྱང་སེམས་ཀྱི་ཚོགས་ལམ་ཆེན་པོ་ནས། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ལ་དེ་ཡང་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པར་བཤད་པའི་ཕྱིར་དང༌། མཛོད་ལས་ཀྱང༌། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་གསུངས་པས་སོ། །ཞེས་འཆད་པ་དག་སྣང་ལ། དེ་ཡང་ཧ་ཅང་མི་ལེགས་པ་མ་ཡིན་ནོ། །གཟུགས་མེད་ལ་ནི་མི་བརྟེན་ཏེ། ལྷག་མཐོང་ཤས་ཆུང་བའི་ཕྱིར། ཉེར་བསྡོགས་ཕྱི་མ་རྣམས་ལ་ཡང་མི་རྟེན་ཏེ། དང་པོའི་དངོས་གཞི་མ་ཐོབ་པའི་ཕྱིར། གོང་མའི་ཉེར་བསྡོགས་མི་ཐོབ་ལ། དངོས་གཞི་ཐོབ་ནས་ལམ་སླ་བ་དེ་ཉིད་ལ་བརྟེན་པའི་ཕྱིར། འོ་ན་སྦྱོར་ལམ་བསམ་གཏན་ས་དྲུག་པོ་གང་རུང་གི་ངོ་བོར་སྐྱེས་པ་དེའི་ཚེ། ས་དྲུག་པོ་བདེན་པའི་རྣམ་པ་ཅན་དང༌། ཞི་རགས་ཀྱི་རྣམ་པ་ཅན་ལས་གང་ཡིན། དང་པོ་ལྟར་ན་ཟག་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་སྦྱོར་ལམ་དུ་འགལ་ལོ་སྙམ་ན། དེ་ལྟར་དོགས་པ་དེ་ནི་དག་པ་བའི་སྙོམས་འཇུག་གང་ཡིན་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ནམ་སྙམ་དུ་སེམས་པ་ལས་བྱུང་བ་ཡིན་ཀྱང༌། དེ་ལྟར་འཐད་པ་མིན་ཏེ། དག་པ་བའི་དངོས་གཞིའི་སྙོམས་འཇུག་ཕལ་ཆེ་བ་ཞི་རགས་ཀྱི་རྣམ་པ་ཅན་དུ་འགལ་བའི་ཕྱིར། དེས་ན་འདི་བདེན་པའི་རྣམ་པ་ཅན་ལས་འོས་མེད་ཀྱང༌། ཟག་མེད་དུ་མི་འཇོག་སྟེ། བདེན་པའི་རྣམ་པ་རྣམས་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་རྟེན་དང་བརྟེན་པ་སྦྱོར་ལམ་གཉིས་ཀ་འཇིག་རྟེན་པའི་དགེ་བ་དག་པ་བ་ཁོ་ནའོ། །དེ་ལྟར་ལུས་དང་བསམ་པའི་རྟེན་བཤད་པ་དེ་ཡང༌། ཆོས་མངོན་པའི་རྣམ་པར་བཞག་པ་བཞིན་དུ་ཁས་བླངས་པ་ཡིན་ལ། ཐུན་མོང་མ་ཡིན་པའི་སྡེ་སྣོད་དུ་ནི། དེ་ལྟར་མ་ངེས་ཏེ། ཟ་མ་ཏོག་བཀོད་པའི་མདོར། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་གསུངས་པ་དང༌། ལྷའི་བུ་རབ་གནས་ཀྱིས་ཞུས་པའི་མདོར། གཟུགས་ཁམས་ཀྱི་ལྷ་མང་པོས་བདེན་པ་མཐོང་བར་གསུང་བ་དང༌། རྒྱན་རྩ་འགྲེལ་དུ། བྱང་སེམས་ཐབས་ལ་མཁས་པའི་དབང་དུ་མཛད་ནས་སྒོམ་ལམ་ཁམས་གསུམ་ས་དགུ་ལ་བརྟེན་པར་བཤད་པ་བཞིན་ནོ། །གཉིས་པ་ལ། ངོ་བོ་དབྱེ་བ། བློ་རིག་དཔྱད་པའོ། །དང་པོ་ནི། ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང༌། ཐེག་ཆེན་གྱི་མཐོང་ལམ་མ་སྐྱེས་གོང་གི་བདེན་པ་བཞི་རྟོགས་པ་དང༌། དམིགས་རྣམ་རྗེས་སུ་མཐུན་པའོ། །འདིའི་ངོ་བོ་ནི། མཛོད་དུ། སྒོམ་བྱུང་ཞེས་པ་དང༌། སློབ་དཔོན་གྱིས་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཞེས་གསུངས་པ་ཡང༌། སྤྱིར་གནས་སྐབས་དེ་ན་སྒོམ་བྱུང་གཙོ་ཆེ་བ་དང༌། ཁྱད་པར་དུ་གཞུང་དེ་དག་སྦྱོར་ལམ་མཉམ་གཞག་འཆད་པའི་སྐབས་དེ་ན་ཡོད་པ་ཡིན་གྱི། སྤྱིར་སྦྱོར་ལམ་ལ་སྒོམ་བྱུང་དང༌། ཁྱད་པར་ཐེག་ཆེན་གྱི་དེ་ལ་དེས་ཁྱབ་པ་མ་ཡིན་ཏེ། ཇི་སྐད་དུ་མངོན་པ་ཀུན་ལས་བཏུས་ལས། སྦྱོར་བའི་ལམ་གང་ཞེ་ན། །ཚོགས་ཀྱི་ལམ་གང་ཡིན་པ། །སྦྱོར་བའི་ལམ་ཡང་དེ་ཡིན་ནོ། །ཞེས་ཐོས་བསམ་གྱི་ངོ་བོར་གྱུར་པའི་ཚོགས་ལམ་ཡོད་པ་བཞིན་དུ། དེའི་ངོ་བོར་གྱུར་པའི་སྦྱོར་ལམ་ཡང་བཤད་པ་དང༌། ཆོས་ཉིད་རྣམ་འབྱེད་དུ། དེ་ལ་ངེས་པར་རྟོག་པ་ནི། ཐེག་པ་ཆེན་པོའི་མདོ་ལ་བརྟེན་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པ་སྦྱོར་བའི་ལམ་ཐམས་ཅད་དོ། །ཞེས་པའི་འགྲེལ་པར། དབྱིག་གཉེན་ཞབས་ཀྱིས། ཐམས་ཅད་ཅེས་བྱ་བ་ནི། ཐོས་པ་དང་བསམ་པ་དང༌། སྒོམ་པས་རབ་ཏུ་ཕྱེ་བ་སྟེ། ཞེས་བཤད་པ་དང༌། སྐབས་བཞི་པར། ངེས་འབྱེད་ཆ་མཐུན་འཆད་པ་ན། གཙོ་བོར་རྗེས་ཐོབ་ཀྱི་ཆ་ནས་བཤད་པའི་ཕྱིར། དེའི་ཕྱིར་བོད་ཕྱི་རབ་པ་དག དེའི་མཚན་ཉིད་ཀྱི་ཟུར་དུ། ཆོས་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས་ཞེས་ཟེར་བ་ནི་ཤིན་ཏུ་འཁྲུལ་ལོ། །འོ་ན་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཆད་དམ། དེ་ལས་གཞན་དུ་ཁས་ལེན་ཅེ་ན། ཐེག་པ་ཆེན་པོའི་སྦྱོར་ལམ་ལས་འོས་གཞན་མེད་དེ། ཐེག་ཆེན་གྱི་ཐར་ལམ་ལ་ལྔར་གྲངས་ངེས་ལ། དེ་ལས་གཞན་དུ་མི་རུང་བའི་ཕྱིར། དེ་ཐེག་ཆེན་གྱི་ཐར་ལམ་མ་ཡིན་ན་ནི། སྤྱིར་ཐར་ལམ་དུ་ཡང་མི་རུང་བས། རྣལ་འབྱོར་མངོན་སུམ་དུ་ཡང་འགལ་ལོ། །གལ་ཏེ་དེ་དེར་མི་རུང་སྟེ། ཐེག་ཆེན་གྱི་སྦྱོར་ལམ་ཡིན་ན་སྒྲ་དོན་འཛིན་པའི་རྟོག་པ་ཡིན་དགོས་པས་སོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལ་དེས་ཁྱབ་པ་མི་འཐད་པ་དང༌། འཐད་དུ་ཆུག་ཀྱང༌། ཆོས་ཉིད་ལ་ལྟོས་ནས་དེར་འཆད་དགོས་པ་ཡིན་གྱི། ཐེག་ཆེན་སྦྱོར་ལམ་ཡིན་ན་རང་གི་ཡུལ་གང་ཡིན་ལ་རྟོག་པས་ཁྱབ་པར་ཁས་ལེན་པ་ནི་ཤིན་ཏུ་མི་རིགས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཐེག་ཆེན་གྱི་སྦྱོར་ལམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་མ་ངེས་པའི་ཕྱིར་དང༌། ཐེག་ཆེན་གྱི་སྦྱོར་ལམ་རྗེས་ཐོབ་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་དབང་པོའི་མངོན་སུམ་དུ་མ་དམིགས་པའི་ཕྱིར། དེ་དག་དེར་མི་འདོད་ན་ཧ་ཅང་ཐལ་བ་ཡིན་ཏེ། མཐོང་ལམ་གྱི་ངོ་བོར་གྱུར་པའི་རང་རིག་མངོན་སུམ་མི་སྲིད་པར་འགྱུར་བ་དང༌། དེའི་རྒྱུད་ཀྱི་མངོན་པར་ཤེས་པ་ལྔ་ཡང༌། སྤྱིར་ཐར་ལམ་མ་ཡིན་པ་ཡང་ཧ་ཅང་ཐལ་བས་སོ། །ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་མངོན་ཤེས་ལྔ་ཡང་ཐར་ལམ་མ་ཡིན་པར་འདོད་ན་ནི། མངོན་པར་ཤེས་པ་ལྔ་དང་མཚུངས་ལྡན་དུ་བྱུང་བའི་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་པ་མེད་པར་ཧ་ཅང་ཐལ་ལོ། །མདོར་ན། ཐེག་ཆེན་སྦྱོར་ལམ་དང༌། ཆོས་ཉིད་ལ་རྣལ་འབྱོར་མངོན་སུམ་གྱི་གཞི་མཐུན་སྲིད་པ་ལ་དཀའ་བའི་གནས་སུ་མཛད་པ་ཡིན་གྱི། དེ་དང་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་གཞི་མཐུན་ཡོད་པ་ལ་ནི། དཔྱོད་ལྡན་ལ་སྐྱེ་བའི་དོགས་པ་སེལ་དགོས་པ་ཅི་ཡང་མེད་དོ། །གཉིས་པ་དབྱེ་བ་ལ། དྲོད་རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི་ལས། དེ་དག་སོ་སོའི་ངོས་འཛིན་བརྒྱད་སྟོང་པའི་འགྲེལ་ཆེན་དུ་མཛད་པ་དེ་ནི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དུ་འབྱུང་བ་དེ་ཡིན་ལ། དེ་ནི་གཙོ་བོར་གཟུང་བ་ཆོས་ཀྱི་བདག་མེད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཆ་ནས་བཤད་སྣང་བས། སྤྱིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཐེག་པ་ཆེན་པོའི་སྦྱོར་ལམ་གྱི་གོ་དོན་དུ་འཇོག་པ་དཀའ་ཞིང༌། ཁྱད་པར་རྒྱན་རྩ་འགྲེལ་གྱི་སྐབས་འདིར། རང་རྒྱལ་གྱི་སྦྱོར་ལམ་ལ་ཡང༌། དེ་ནས་བཤད་པའི་ཇི་ལྟ་བ་རྟོགས་ཚུལ་གྱི་ཁྱད་པར་དེ་ཚང་བར་སྣང་བས། འདིར་བསྟན་གྱི་ངེས་འབྱེད་ཆ་བཞིའི་མཚན་ཉིད་དུ་མི་འཐད་པར་སེམས་ལ། དེ་ལྟ་ན། སྔོན་གྱི་ཆེན་པོ་དག་གིས་སྐབས་འདིར་ཡང་དེ་ལྟར་བཤད་པ་དེ་རེ་ཤིག་དཔྱད་པའི་གཞིར་བཞག་གོ །འོ་ན་དེ་ནས་བཤད་པ་དེ་གང༌། འདིར་འཆད་དགོས་པ་དེ་ཇི་ལྟ་བུ་ཞེ་ན། དང་པོ་ནི། ཇི་སྐད་དུ། མདོ་སྡེའི་རྒྱན་ལས། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་པས་དྲོད་དང༌། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཞེས་པས་རྩེ་མོ་དང༌། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེའི་ཚེ་འདི་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་པས་བཟོད་པ་དང༌། ཆོས་མཆོག་ནི། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེའི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་པས་སོ། །དེ་དག་གི་དོན་ནི། ཐེག་ཆེན་གྱི་དྲོད་རྩེ་གཉིས་སུ་ཕྱི་རོལ་གྱི་དོན་མེད་པར་རྟོགས་པ་དང༌། གཉིས་པོའི་ཁྱད་པར་ཡང༌། རྟོགས་ཚུལ་དེ་ལ་སྣང་བ་མཆེད་མ་མཆེད་ལ་འཇོག་ཅིང༌། བཟོད་པར་ནི། དོན་དུ་སྣང་བ་དེ་སེམས་སུ་རྟོགས་ནས་སྒོམ་པ་དང༌། ཆོས་མཆོག་ཏུ་སྣང་བ་དེ་སེམས་སུ་ཡང་མི་བདེན་པར་རྟོགས་ནས་སྒོམ་པ་ལ་བཤད་དོ། །འདིས་ནི་སེམས་ཙམ་གྱི་ལྟ་བ་མཐར་ཐུག་པ་དང༌། འཛིན་མེད་རྟོགས་པ་རྣལ་འབྱོར་གྱིས་ཞེས་གྲགས་པ་རྣལ་འབྱོར་གྱིས་གསུམ་པ་དེ་དང༌། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བའི་ཆ་ནས་བཤད་པར་སྣང་གི སྤྲོས་བྲལ་རྟོགས་པའི་སྦྱོར་ལམ་གྱི་ཆ་ནས་བཤད་པ་མེད་དོ། །གཉིས་པ་ནི། འོ་ན་ཅི་ཞེ་ན། འདི་ལྟར། དམིགས་པ་དང་ནི་རྣམ་པ་དང༌། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཁྱད་ཆོས་ལྔ་དང་ལྡན་པའི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད་དོ། །འདིར་ནི་མཉམ་གཞག་གི་ཆ་ནས་གཙོ་བོར་བསྟན་པ་ཡིན་ཏེ། དེ་ལྟར་གཞུང་ལས་གསལ་བའི་ཕྱིར་དང༌། སྒོམ་བྱུང་གི་དང་པོ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་བཞིན་དུ། དམིགས་པ་མི་རྟག་ལ་སོགས་པ། །ཞེས་པའི་སྐབས་ནས་བསྟན་པའི་དམིགས་རྣམ་གྱིས་ཁྱད་པར་དུ་བྱས་པའི་ངེས་འབྱེད་ཆ་མཐུན་དང༌། གཟུགས་སོགས་མི་གནས་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་དང༌། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །ཅེས་པའི་སྐབས་ནས་བསྟན་པའི་དང༌། ཏིང་འཛིན་དེའི་བྱེད་པ་ཉིད། །ཅེས་པའི་སྐབས་ནས་བསྟན་པའི་དམིགས་རྣམ་གྱིས་ཁྱད་པར་དུ་བྱས་པའི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་གྱི་བཞི་པོ་སོ་སོའི་མཚན་ཉིད་དོ། །དེ་རེ་རེ་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་འབྱེད་པ་དང༌། དེ་རེ་རེ་ལ་ཡང༌། དམིགས་རྣམ་གྱི་ཁྱད་པར་མི་འདྲ་བ་རེ་རེ་འབྱེད་པ་ནི་གཞུང་ན་གསལ་ཞིང༌། འདིར་ཁྱད་ཆོས་བཞི་བསྟན་པར་འདོད་པ་དང༌། ལྔར་བཞེད་པ་དང༌། དྲུག་ཏུ་འཆད་པ་རྣམས་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། བདག་ཉིད་ཆེན་པོ་བཟང་པོའི་ཞབས་དང༌། འཕགས་པས་མཛད་པའི་འགྲེལ་པ་དག་གི་དགོངས་པ་སོ་སོ་བའོ། །དེ་ནས་མཚོན་བྱའི་སྒྲ་བཤད་པར་བྱ་སྟེ། སྤྱིར་སྦྱོར་པའི་ལམ་ཞེས་པ་ནི། ལམ་བཞིའི་ཟླས་ཕྱེ་བའི་ཡ་གྱལ་དང་པོ་དེ་ཡིན་ལ། དེ་ནི་ངེས་ཆ་ནས་རྒྱུན་མཐའི་བར་དུ་འཆད་དགོས་པར་སྐབས་གསུམ་པའི་གཞི་ཤེས་སྦྱོར་བའི་ས་མཚམས་འཆད་ཚུལ་ལས་གསལ་ཞིང༌། མངོན་པ་ལས། མཐོང་ལམ་སྒོམ་ལམ་རེ་རེ་ཡང་ལམ་བཞི་བཞིའི་སྒོ་ནས་གསལ་བར་བཤད་པ་དང༌། འདིར་ཡང༌། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་མཐོང་ལམ་གྱི་རྗེས་ཐོགས་སུ་ཡང་སྦྱོར་བའི་ལམ་ཞིག་འཆད་མོད། འདིར་ནི་སྒྲ་དོག་པའི་དབང་དུ་བྱས་ནས། ངེས་འབྱེད་ཆ་མཐུན་ལ་སྦྱོར་ལམ་ཞེས་བྱའོ། །འོ་ན་འདི་གང་གིས་སྦྱོར་བའི་ལམ་ཡིན་ཞེ་ན། འཕགས་སེང་གི་བཞེད་པས། མཐོང་སྒོམ་གཉི་ཀའི་སྦྱོར་བའི་ལམ་དུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བ་འབྱུང༌། ཞེས་བཤད་པའི་ཕྱིར་རོ། །དེས་དེ་ལ་ཅི་ཞིག་ཕན་ཞེ་ན། སྤང་བྱར་འབྲེལ་བའི་ཕྱོགས་ལ་འབྲེལ་ཆགས་པ་ཡིན་ཏེ། སྤང་བྱ་དེ་གཉིས་ཀའི་སྤོང་གཉེན་དུ་འཆད་དགོས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། ལམ་གཉིས་ཀའི་ཐུན་མོང་གི་སྦྱོར་བ་ཉེར་བསྡོགས་ནི། ངེས་འབྱེད་ཆ་མཐུན་ཙམ་པོ་དང༌། བྱེ་བྲག་ཏུ་མཐོང་ལམ་གྱིས་ནི་ཆོས་མཆོག་གི་ཡེ་ཤེས་དང༌། སྒོམ་ལམ་གྱིས་ནི་སེང་གེ་རྣམ་བསྒྱིངས་སོ། །ཅིའི་ཕྱིར་ངེས་འབྱེད་ཆ་མཐུན་ཞེས་བྱ་ཞེ་ན། ངེས་འབྱེད་ནི། བདེན་པ་བཞིའི་རྣམ་པ་རྣམས་མངོན་སུམ་དུ་རྟོགས་པ་ཞིག་ལ་བྱ་ལ། དེ་དང་དམིགས་རྣམ་རྗེས་སུ་མཐུན་པས་ན། དེ་སྐད་ཅེས་བྱའོ། །འདི་ཚོགས་ལམ་ན་ཡོད་པ་མིན་ཏེ། དེར་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་གི་བློ་མེད་པའི་ཕྱིར་རོ། །འདི་མཐོང་ལམ་ཡན་ཆད་ན་ཡང་ཡོད་པ་མ་ཡིན་ཏེ། དེའི་ཡེ་ཤེས་ཡིན་ན་ངེས་འབྱེད་དངོས་ཡིན་དགོས་པའི་ཕྱིར་རོ། །གསུམ་པ་བློ་རིག་དཔྱད་པ་ནི། འདིར་སྦྱོར་ལམ་གང་ཡིན་གྱི་བློ་རིག་དཔྱོད་དགོས་པ་མ་ཡིན་ཏེ། དེའི་ངོ་བོར་གྱུར་པའི་རྗེས་ཐོབ་ཀྱི་ཡེ་ཤེས་རྣམས་དང༌། བྱམས་པ་དང༌། སྙིང་རྗེ་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་དང༌། མཐར་གྱིས་གནས་པའི་སྙོམས་འཇུག་དང༌། མངོན་པར་ཤེས་པ་དང༌། ཐོས་བསམ་གྱི་ཤེས་རབ་དང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་སོགས་ཀྱི་བློ་རིག་དཔྱོད་མི་དགོས་པའི་ཕྱིར། འོ་ན་ཅི་ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ་ཡུལ་ཆོས་ཉིད་དང༌། སྟོང་ཉིད་ལ་ལྟོས་ནས་བློ་རིག་གང་ཡིན་དཔྱོད་དགོས་པ་ཡིན་ཏེ། དེས་དེ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པར་ནི་བཤད་ལ། དེ་དེ་ལ་ཚད་མ་དང༌། ཚད་མིན་གྱི་བློ་གང་དུ་བཤད་ཀྱང༌། དཀའ་བའི་གནས་འགའ་ཞིག་བྱུང་བ་ལ་བསམ་ནས། ལོ་ཙཱ་བ་ཆེན་པོས་རྣལ་འབྱོར་མངོན་སུམ་དུ་བཞེད་པ་དང༌། ས་སྐྱ་པཎྜི་ཏས་རང་རིག་མངོན་སུམ་དུ་བཞེད་པ་དང༌། ཞང་གཡེ་བ་ཡིད་དཔྱོད་དུ་འདོད་པ་དང༌། སློབ་དཔོན་རལ་གྲི་ལ་སོགས་པ་ཡང་དག་མ་ཡིན་པའི་ཀུན་རྟོག་དུ་བཞེད་པ་དང༌། འགའ་ཞིག་རྟགས་ལ་བརྟེན་པའི་རྗེས་དཔག་ཏུ་འདོད་པ་དང༌། འགའ་ཞིག་དེས་དྲངས་པའི་དཔྱད་ཤེས་སུ་འདོད་པ་དང༌། རང་གི་རྣམ་པར་བཤད་པ་ལས། བློ་རིག་གང་དུ་ཡང་མ་འདུས་པའི་ཆོས་ཉིད་ལ་གསལ་སྣང་ཅན་ཞིག་ཏུ་བཤད་པ་དང༌། དར་ཊཱིཀ་མཛད་པ་དཔྱད་ཤེས་ཀྱིས་དྲངས་པའི་སྒོམ་བྱུང་གི་ངོ་བོར་གྱུར་པའི་བློ་དཔྱོད་པ་ཞིག་ཡིན་པར་འདོད་པ་སོགས་དུ་མ་བྱུང་ངོ༌། །དེ་ལྟ་བུའི་རྟོག་དཔྱོད་མང་པོ་འབྱུང་བའི་རྒྱུ་མཚན་ཡང༌། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་གིས་ཆོས་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པར་བཤད་ཀྱང༌། རྟོག་པར་འཆད་པ་དང༌། རྟོག་མེད་དུ་འཆད་པ་གང་གི་ཡང་གསལ་ཁ་རྩ་འགྲེལ་གང་དུ་ཡང་མ་བཤད་པ་ལ་བསམ་པའོ། །བོད་ཕྱི་མ་གང་དག་ནི། གཞུང་འགྲེལ་ལ་རྟོག་དཔྱོད་བཏང་མི་དགོས་པར་ཆོས་ཉིད་རྟོགས་ཤིང༌། མངོན་སུམ་དུ་མ་རྟོགས་པའི་ཕྱིར་ན། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་དགོས་ལ། དེའི་ཕྱིར་ན་ཆོས་ཉིད་ལ་སྒྲ་དོན་འཛིན་པའི་རྟོག་པ་ལས་འོས་མེད་དོ་ཞེས་དབྱངས་གཅིག་ཏུ་སྨྲ་བར་བྱེད་དོ། །འདི་ནི་རིགས་པ་མིན་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའི་ཕྱིར་རོ། །དང་པོ་ནི། དེ་དེ་ལ་རྟོག་པར་མི་རིགས་ཏེ། དེ་ལྟར་འཆད་པའི་སྤྱིར་ཚད་ལྡན་གྱི་ལུང་དང༌། བྱེ་བྲག་ཏུ་རྒྱན་རྩ་འགྲེལ་གྱི་ལུང་ཅི་ཡང་མི་སྣང་བའི་ཕྱིར། དེ་ལ་འདི་སྙམ་དུ། རྩ་བར། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་དང༌། ཉི་སྣང་ལས། གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི། གཟུང་བའི་རྣམ་པ་གཉིས་སུ་འགྱུར་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་རོ། །ཞེས་བཤད་པས་སོ་སྙམ་ན། དེ་ལྟར་བཤད་པ་དེས་ཁྱེད་ལ་ཕན་པ་ཅིར་ཡང་མི་འགྱུར་ཏེ། སྒྲ་ཇི་བཞིན་པར་བཟུང་ན་ནི། དེ་ཤེས་བྱའི་སྒྲིབ་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་ལ། དགོངས་པ་འཆད་ཚུལ་ནི་དུ་མར་འགྱུར་བའི་ཕྱིར་རོ། །གཉིས་པ་གནོད་བྱེད་ཡོད་པ་ལ། ལུང་གི་དང༌། རིགས་པའི་འོ། །དང་པོ་ལ། མདོ་དང་འགལ་བ་དང༌། བསྟན་འཆོས་དང་མི་མཐུན་པའོ། །དང་པོ་ནི། དྲོད་ཀྱི་མདོར། གཟུགས་མི་རྟག་ཅེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། སྟོང་ཞེས་བྱ་བ་དང༌། མཚན་མ་མེད་ཅེས་བྱ་བ་དང༌། སྨོན་པ་མེད་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་ཞེས་བྱ་བ་འདིས་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ་ཞེས། གཟུགས་སོགས་སྟོང་པ་ཉིད་དུ་ཞེན་པའི་བློ་དེ་དྲོད་ཆུང་ངུའི་མཉམ་གཞག་ཡེ་ཤེས་ཀྱི་འཛིན་སྟངས་ཀྱི་དངོས་ཀྱི་འགལ་ཟླར་བཤད་པའི་ཕྱིར། གཉིས་པ་ནི། བསྟན་འཆོས་ལས། བརྟེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང༌། དེའི་མཚན་མར་མི་མཐོང་ཕྱིར། །ཞེས་དང༌། མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་དང༌། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་དང༌། དེ་དག་གི་འགྲེལ་པ་རྣམས་སུ་ཡང༌། དེ་དེ་ལ་རྟོག་པ་མ་ཡིན་པར་བཤད་པ་ཁོ་ནར་སྣང་གི རྟོག་པར་བཤད་པ་ཅིག་ཀྱང་མི་སྣང་བའི་ཕྱིར། གལ་ཏེ་འདི་སྙམ་དུ། དེ་དག་བདེན་པར་ཞེན་པ་འགོག་པ་དང༌། བདེན་འཛིན་གྱི་རྟོག་པ་མ་ཡིན་པའི་དབང་དུ་བྱས་སོ་ཞེ་ན། འོ་ན་ཇི་སྐད་དུ། བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། ཞེས་པའི་གཞུང་གིས་བསྟན་པའི་ཉན་ཐོས་ཀྱི་སྦྱོར་ལམ་དེ་མི་རྟག་སོགས་སུ་བདེན་པར་ཞེན་པའི་རྣམ་པ་ཅན་དུ་ཐལ་བར་འགྱུར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཐེག་དམན་གྱི་སྦྱོར་ལམ་ལས་རྣམ་པའི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ་ནི། བདེན་པར་ཞེན་པ་མེད་པའི་རྣམ་པ་ཅན་ལ་འཆད་དགོས་པའི་ཕྱིར། འདོད་ན། དེ་ཤེས་སྒྲིབ་དུ་ཐལ་བར་འགྱུར་རོ། །གཉིས་པ་རིགས་པས་གནོད་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཆོས་ཅན། མི་རྟག་ལ་སོགས་བཅུ་དྲུག་ཏུ་ཞེན་པའི་བློར་ཐལ། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར། འདོད་ནུས་པ་མིན་ཏེ། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་མཐོང་ལམ་དང༌། དམིགས་རྣམ་རྗེས་སུ་མཐུན་པའི་ཕྱིར་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རློམས་པ་རྣམ་པ་བཞི་བཀག་པའི་རྣལ་འབྱོར་ཡིན་པའི་ཕྱིར་དང༌། གཟུགས་སོགས་དེ་མི་རྟག་སོགས་ལ། ཞེས་པའི་སྐབས་ཀྱི་སོགས་པའི་སྒྲས་བསྡུས་པའི་སྟོང་ཉིད་ལ་ཞེན་སྤྱོད་བཀག་པའི་རྣལ་འབྱོར་ཡིན་པའི་ཕྱིར་དང༌། དེ་མ་རྫོགས་དང་རབ་རྫོགས་ལ། །ཞེས་པའི་གཞུང་གིས་བསྟན་པའི་ཆོས་ཉིད་ཡོངས་གྲུབ་ལ་ཞེན་པ་བཀག་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཞན་ཡང་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཆོས་ཅན། བཏགས་འཛིན་གྱི་རྟོག་པ་ཡིན་པར་འགྱུར་ཏེ། གཟུགས་སོགས་བཏགས་པ་ཙམ་དང༌། སྟོང་པ་ཉིད་དུ་ཞེན་པའི་བློ་ཡིན་པའི་ཕྱིར། གཞན་ཡང་ཐེག་ཆེན་གྱི་ལམ་གྱི་སྤང་བྱ་ཉིད་དུ་ཐལ་བར་འགྱུར་ཏེ། སྟོང་པ་ཉིད་ལ་མཚན་མར་འཛིན་པའི་བློ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང༌། འགྲེལ་པར། སྟོང་པ་ཉིད་དུ་བལྟ་བའི་འདུ་ཤེས་དེ་ནི་དེ་དག་གི་གཉེན་པོ་ཡིན་ཡང༌། མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་དང༌། བཏགས་པའི་དངོས་པོར་མངོན་པར་ཞེན་པས། འཛིན་པའི་རྣམ་པར་རྟོག་པ་ཞེས་བཤད་པའི་ཕྱིར། གཞན་ཡང་དེ་རྟོག་པར་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་འཁྲུལ་པ་ཡིན་ཏེ། སྤྱིར་འཁྲུལ་བ་དང༌། ཁས་བླངས་ནང་འགལ་ཏེ་འཁྲུལ་པས་སོ། །དང་པོ་ལ། རྣལ་མའི་ལན་བཏབ་སྟེ་འཁྲུལ་བར་བསྟན་པ་དང༌། རིགས་པ་གཞན་གྱི་སྒོ་ནས་འཁྲུལ་བར་བསྟན་པའོ། །དང་པོ་ནི། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཆོས་ཉིད་ལ་ལྟོས་ནས་རྟོག་པ་དང༌། རྟོག་མེད་གང་དུ་ཡང་བཞག་མི་ནུས་ཏེ། དེ་ཡུལ་དུ་མི་བྱེད་པའི་ཕྱིར། དེ་སྒྲུབ་པ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། རྗེ་བཙུན་གྱིས་ཇི་སྐད་དུ། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་སོ། །འོ་ན་དེས་དེ་མ་རྟོགས་པར་འགྱུར་རོ་ཞེ་ན། སོ་སོ་སྐྱེ་བོ་ལ་ཆོས་ཉིད་རྟོགས་པ་མཚན་ཉིད་དང་ལྡན་པ་བཞག་དཀའ་བ་ཡིན་ཏེ། དེའི་འཕྲོ་ཉིད་ལས། གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་དེ། ཆོས་ཉིད་མངོན་སུམ་དུ་མ་མཐོང་བ་ལ་དགོངས་སོ་ཞེ་ན། དེ་དོན་སྤྱིའི་ཚུལ་གྱིས་མཐོང་བས་དེ་མཐོང་བའི་གོ་མི་ཆོད་དེ། ཆོས་ཉིད་ཀྱི་དོན་སྤྱི་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་རོ། །དཔེར་ན་སྒྲ་མི་རྟག་པའི་དོན་སྤྱི་རྟོགས་པས་དེ་རང་མཚན་རྟོགས་པའི་གོ་མི་ཆོད་པ་བཞིན་ནོ། །དེ་ལས་གཞན་དུ་ན། ཆོས་ཉིད་སྒྲ་རྟོག་གི་ཡུལ་ལས་འདས་པ་མ་ཡིན་པར་འགྱུར་རོ། །གཞན་ཡང༌། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་དེ་ཆོས་ཉིད་ལ་སྒྲ་དོན་འཛིན་པའི་རྟོག་པ་ཡིན་ན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པར་འགྱུར་ལ། འདོད་ན། མདོ་སྡེའི་རྒྱན་ལས། དེ་མིན་པར་བཤད་པ་དང་འགལ་ལོ། །ཇི་ལྟར་ཞེ་ན། ཡང་དག་མིན་རྟོག་ཡང་དག་མིན། །ཞེས་པའི་འགྲེལ་པར་དབྱིག་གཉེན་ཞབས་ཀྱིས་སོ། །གཉིས་པ་རིགས་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་ཕར་ཞོག ཐེག་ཆེན་གྱི་མཐོང་ལམ་ལ་ཡང༌། ཆོས་ཉིད་ཡུལ་དུ་བྱས་པ་མཚན་ཉིད་པ་ཡོད་པ་མིན་ཏེ། ཆོས་ཉིད་ཀྱི་རང་ལྡོག་ནས་སྤྱི་མཚན་དུ་ཁས་ལེན་དགོས་ལ། སྤྱི་མཚན་དངོས་སུ་འཇལ་བའི་མངོན་སུམ་གྱི་ཚད་མ་ཁས་ལེན་པ་ནི། ཇི་སྐད་དུ། རིགས་པ་མཁྱེན་པས། རྣམ་རྟོག་མེད་པར་སྤྱི་འཛིན་མིན། །ཞེས་པའི་གཞུང་ལ་དངོས་སུ་བརྒལ་བའི་ཕྱིར་རོ། །གཞན་ཡང་དེས་དེ་ཡུལ་དུ་བྱེད་ན། དེས་དེ་རང་མཚན་ནམ། དེའི་སྒྲ་དོན་གཉིས་ལས་གང་ཡུལ་དུ་བྱེད། ཅེས་བརྟགས་ན་འཇིག་པ་ཡིན་ནོ། །དང་པོ་མི་སྲིད་པའི་ཕྱིར་དང༌། གཉིས་པ་ལྟར་ན། སྒྲ་དོན་ཡུལ་དུ་བྱེད་པའི་བློ་ཡིན་པས་རྟོག་པ་ལས་མ་འདས་སོ། །འོ་ན་ཐེག་ཆེན་མཐོང་ལམ་གྱིས། ཆོས་ཉིད་རྟོགས་སོ་ཞེས་ཐ་སྙད་བྱེད་པ་ཅི་ཞེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་པའི་དོན་ལ་མཉམ་པར་བཞག་པ་ན། ཅི་ཡང་མ་མཐོང་བ་ལ་ཆོས་ཉིད་མཐོང་ངོ་ཞེས་ཐ་སྙད་བཏགས་པ་ཡིན་ཏེ། ཇི་སྐད་དུ། མ་མཐོང་སྟོན་པར་མཛད་པ་དང༌། །ཞེས་པའི་འགྲེལ་པར། འགའ་ཡང་མཐོང་བ་མེད་པ་ཉིད་ལ་དེ་ཁོ་ན་ཉིད་མཐོང་ངོ་ཞེས་ཐ་སྙད་འདོགས་པར་གསུངས་པའི་ཕྱིར་དང༌། ཇོ་བོའི་བདེན་གཉིས་ལས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། ཞེས་གསུངས་སོ། །དེ་ལ་རྟོག་གེ་པ་དག་ན་རེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། ཆོས་ཉིད་དེ་ཁྱོད་ཀྱི་ཡུལ་དང་གཞལ་བྱར་ཐལ། ཁྱོད་དེ་ལ་ཚད་མ་ཡིན་པའི་ཕྱིར། ཞེས་ཟེར་བའི་དོན་གྱི་ལན་ནི་བཏབ་ཟིན་ལ། ཚིག་གི་ལན་ནི། འོ་ན་སྔོན་པོ་འཛིན་པའི་མངོན་སུམ་ཆོས་ཅན། སྔོན་པོ་དེ་ཁྱོད་ཀྱི་དེ་དང་དེར་ཐལ། ཁྱོད་དེ་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན་སྣང་ཡུལ་དང་འཇུག་ཡུལ་གཉིས་ལས་གང་ཡིན། དང་པོ་མི་འཐད་དེ། དེ་ལ་སྔོན་པོ་དངོས་སུ་སྣང་བ་ནི། མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་པའི་མཐའ་ལ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་དེ་ལ་ཚད་མར་འགྱུར་ཏེ། དེ་དེའི་འཇུག་ཡུལ་ཡིན་པའི་ཕྱིར་རོ། །འདོད་ན། འགལ་བ་འདི་ལྟར། དེ་དེ་ལ་མངོན་སུམ་དང་རྗེས་དཔག་གཉིས་ལས་གང་ཡིན། དང་པོ་ལྟར་ན། དེས་དེ་མངོན་སུམ་དུ་མཐོང་བར་འགྱུར་ལ། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ནི། དེས་དེ་མངོན་སུམ་དུ་འཇལ་བ་ནི་མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་པའི་མཐའ་ལ་མེད་པས་སོ། །གལ་ཏེ་དེས་དེའི་རྣམ་པ་མངོན་སུམ་དུ་མཐོང་བ་ལ། དེ་མངོན་སུམ་དུ་མཐོང་བར་ཐ་སྙད་བྱས་པ་ཡིན་ཏེ། ཇི་སྐད་དུ། དེའི་དབང་གིས་དེར་བཞག་ཕྱིར། ཞེས་དང༌། བྱ་བ་ལས་ཀྱི་རྣམ་བཞག་གི །འདི་ནི་འཇིག་རྟེན་ན་རྒྱུར་འགྱུར། །ཞེས་བཤད་པས་སོ། །སྙམ་ན་ནི། ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། ཡིན་ལུགས་ལ་སྔོན་པོའི་རྣམ་པ་མངོན་སུམ་དུ་མཐོང་བ་ལ། སྔོན་པོ་མཐོང་བ་ཐ་སྙད་འདོགས་པ་དེ་བཞིན་དུ། ཡིན་ལུགས་ལ་སྟོང་ཉིད་དང་དབྱེར་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བ་ལ། སྟོང་པ་ཉིད་མཐོང་བར་ཐ་སྙད་འདོགས་པ་དང༌། ཅི་ཡང་མ་མཐོང་བ་ལ་སྟོང་པ་ཉིད་མཐོང་བའི་ཐ་སྙད་འདོགས་པ་ཡིན་ཏེ། དཔེར་ན་ཐོགས་བཅས་ཀྱི་གཟུགས་ཅི་ཡང་མ་མཐོང་བ་ལ། ནམ་མཁའ་མཐོང་པར་ཐ་སྙད་བཏགས་པ་བཞིན་ནོ། །གཉིས་པ་རིགས་པ་གཞན་གྱི་སྒོ་ནས་འཁྲུལ་བར་བསྟན་པ་ནི། འོ་ན་རྣམ་མཁྱེན་ཆོས་ཅན། དོན་སྤྱི་དང༌། སྒྲ་དོན་དང༌། ལྡོག་པ་གཞན་སེལ་དང༌། ཤིན་ཏུ་ལྐོག་གྱུར་དང༌། ཀུན་རྫོབ་ཀྱི་བདེན་པ་རྣམས་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ཐལ། དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། དང་པོ་མ་གྲུབ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་པར་འགྱུར་རོ། །གཉིས་པ་མ་གྲུབ་ན། ཡུལ་རང་མཚན་དུ་ཐལ་བའམ། ཡུལ་ཅན་རྟོག་པར་ཐལ་བ་གང་རུང་ལས་མ་འདས་པ་དང༌། རྣམ་མཁྱེན་དེ་མཐོང་བ་རྫུན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་དངོས་སུ་སྣང་བའི་བློ་ཡིན་པའི་ཕྱིར་རོ། །གཞན་ཡང༌། མྱུ་གུ་བདེན་སྟོང་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། མྱུ་གུ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ཐལ། དེ་རྟོགས་པ་གང་ཞིག དེ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དེ་རྟོགས་ཏེ་དེའི་གནས་ལུགས་རྟོགས་པའི་ཕྱིར། དེའི་གནས་ལུགས་རྟོགས་པས་དེ་རྟོགས་པའི་གོ་ཆོད་པ་ཡིན་ཏེ། ལུང་དང་རིགས་པ་ལས་སོ། །དང་པོ་ནི། ཇི་སྐད་དུ། དབུ་མ་ལ་འཇུག་པར། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱེད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པས་སོ། །གཉིས་པ་ནི། དེ་རྟོགས་པས་དེ་རྟོགས་པའི་གོ་མི་ཆོད་ན། མྱུ་གུ་རྟོགས་པར་འཇོག་པ་ལ། མྱུ་གུའི་ཀུན་རྫོབ་ཀྱི་ངོ་བོ་འཛིན་དགོས་པར་འགྱུར་ལ། དེ་ལྟ་ན། གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱིས་མྱུ་གུ་མ་རྟོགས་པར་ཐལ་བ་དང༌། ཚུལ་རོལ་མཐོང་བའི་མངོན་སུམ་གྱིས་མྱུ་གུ་རྟོགས་པར་འགྱུར་ཏེ། མྱུ་གུའི་ཀུན་རྫོབ་ཀྱི་ངོ་བོ་ལ་འཕྲལ་གྱི་འཁྲུལ་རྒྱུ་བཞིས་འཁྲུལ་པར་མ་བསྐྱེད་པའི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་འདོད་ནུས་པ་མིན་ཏེ། གང་ཚུ་རོལ་མཐོང་བའི་ཤེས་པ་ཡིན་ན། དབུ་མ་པས་ཀུན་རྫོབ་ཏུ་ཁས་བླངས་དགོས་པའི་དོན་དེ་ལ་ལོག་ཤེས་ཡིན་པས་ཁྱབ་སྟེ། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན་ནོ། །མདོར་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་རང་ལུགས་འདིར། ཀུན་རྫོབ་རྟོགས་པའི་ཚད་མ་གཅིག་ཁས་ལེན་ཕྱིན་ཆད། དེའི་ཆོས་ཉིད་རྟོགས་པའི་བློ་ཁོ་ན་ལ་འཆད་དགོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་སྣང་ཚུལ་ལ་ཚད་མར་སོང་བའི་བློ་མི་སྲིད་པའི་ཕྱིར། འོ་ན་ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་འདི་ཁོ་ན། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་བཤད་པ་མིན་ནམ་ཞེ་ན། དེ་ནི་མདོ་སྡེ་སྤྱོད་པའི་དབུ་མ་པའི་ལུགས་ཡིན་ལ། ལུགས་དེར་ཡང༌། སྔོ་འཛིན་མངོན་སུམ་གྱིས་སྔོན་པོ་མངོན་སུམ་དུ་ཡང་མ་རྟོགས། དོན་སྤྱིའི་ཚུལ་གྱིས་ཀྱང་མ་རྟོགས་ཀྱང༌། དེས་དེ་རྟོགས་པར་འཇོག་དགོས་པ་ཡིན་ནོ། །དེའི་ཡང་ཤེས་བྱེད་ནི། དང་པོ་ལྟར་ན། ཕྱི་རོལ་དོན་ནི་དངོས་སུ་མིན། །ཞེས་པའི་གཞུང་དང་འགལ་ལ། གཉིས་པ་ལྟར་ན། རྟོག་པ་ཁོ་ནར་ཐལ་བར་འགྱུར་ཞིང༌། དེས་དེ་རྟོགས་པའི་སྒྲུབ་བྱེད་ནི། དེ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར། །ཞེས་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་འདྲ་བ་དང་དེ་ལས་བྱུང༌། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །ཞེས་བཤད་པ་དེ་མདོ་སྡེ་པའི་གཞུང་ཡིན་པས་སོ། །གཉིས་པ་ཁས་བླངས་འགལ་བས་མི་འཐད་པ་ནི། མངོན་སུམ་ཤུགས་རྟོགས་ཁས་ལེན་པ་དག་ལ་འདི་ལྟར། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས། སྒྲ་མི་རྟག་པ་རང་མཚན་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེས་དེ་རྟགས་པ་གང་ཞིག དེས་དེ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་ཏེ། དེས་དེ་ལ་ཤུགས་རྟོགས་སུ་ཁས་བླངས་པའི་ཕྱིར། རྩ་བར་འདོད་ན། རྟོགས་པར་འགྱུར་ཏེ། རང་གི་འཇུག་ཡུལ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར། དེ་བཞིན་དུ་སྔོ་འཛིན་མངོན་སུམ་གྱིས་རང་ཉིད་སྔོན་པོ་འཇལ་བྱེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། གཏན་ཚིགས་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །རྟགས་ཁས་བླངས་ཏེ། དེས་ཡུལ་སྔོན་པོ་དངོས་སུ་རྟོགས་པ་ན། བློ་རང་ཉིད་སྔོན་པོ་འཇལ་བྱེད་དུ་ཤུགས་ལ་རྟོགས་སོ་ཞེས་ཁྱེད་ཀྱིས་ཁས་ལེན་པའི་ཕྱིར། དེ་བཞིན་དུ། ས་ཕྱོགས་དག་པ་བ་འཛིན་པའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་ཀྱང༌། ས་ཕྱོགས་དག་པ་བ་ལ་དེར་ཐལ་བ་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀྱང༌། སྟོང་པ་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེས་དེ་རྟོགས་པ་གང་ཞིག དེས་དེ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཤིང༌། སྔ་མ་ནི་ཁས་བླངས་མོད་ཀྱང༌། ཁོ་བོ་ཅག་གིས་ཀྱང་འགྲུབ་སྟེ། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཡིན་པས་སོ། །བྱེ་བྲག་ཏུ། དར་ཊཱིཀ་པའི་སྦྱོར་ལམ་གྱི་བློ་རིག་འཆད་ཚུལ་དེ་མི་འཐད་དེ། ཡིད་དཔྱོད་ཀྱི་ངོ་བོར་འདོད་ན། དཔྱད་ཤེས་ཀྱིས་དྲངས་པར་འགལ་བའི་ཕྱིར། དེ་འགལ་བ་ཡིན་ཏེ། དཔྱད་ཤེས་ཡིན་ན་ཚད་མས་དྲངས་དགོས་ལ། ཡིད་དཔྱོད་ཡིན་ན་དེས་དྲངས་པར་འགལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོ་ནི། རང་ལྡོག་ནས་སྤྱིར་མངོན་སུམ་དང༌། བྱེ་བྲག་ཏུ་རང་རིག་པའི་མངོན་སུམ་མོ། །ཡུལ་གང་ལ་ཞེ་ན། ཁོ་བོ་ཅག་ནི་ཤེས་པ་གང༌། ཆོས་གང་ལ་རང་རིག་དུ་སོང་བའི་ཆོས་དེ། དེའི་ཡུལ་དུ་མི་འདོད་དོ། །གལ་ཏེ་དེ་ཆོས་ཉིད་ལ་བློ་རིག་གང་དུ་འདོད་ཅེ་ན། དེ་ལ་བློ་རིག་གང་དུ་ཡང་མི་འདོད་དེ། དེ་དེ་ལ་རང་རིག་མ་ཡིན་པ་གང་ཞིག དེས་དེ་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །དེ་མི་བྱེད་དེ། དེས་ཆོས་ཉིད་ཀྱི་དོན་ལྡོག་ཡིན་ངོ་ཤེས་པ་ཅིག་ནི་དེར་མི་བྱེད། དེའི་རང་ལྡོག་ནས་ནི། ཆོས་ཉིད་ཀྱི་སྒྲ་དོན་དང༌། དོན་སྤྱི་ཡིན་ལ། དེ་དག་གིས་ནི་ཆོས་ཉིད་ཀྱི་གོ་མི་ཆོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ནི་སོ་སོ་སྐྱེ་བོའི་བློས་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། དེའི་རང་ལྡོག་ནས་ལྡོག་པ་གཞན་སེལ་ཡིན་ལ། དེའི་ཚེ་ན། ཁོ་རང་གི་ལྡོག་པ་ཡིན་པ་ལས་འོས་མེད་པའི་ཕྱིར། གཉིས་ཀ་གྲུབ་སྟེ། རྟག་པ་ཡིན་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དེའི་དོན་སྤྱི་དོན་དམ་པའི་བདེན་པ་ཡིན་ན། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀྱང༌། དེའི་དོན་སྤྱི་མངོན་སུམ་དུ་རྟོགས་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེས་དེ་ཡུལ་དུ་མི་བྱེད་ན། དེས་དེ་རྟོགས་པར་འགལ་ལོ་སྙམ་ན། ཁོ་བོ་ཅག་ལྟར་ན། རང་རིག་པའི་མངོན་སུམ་གང་ལ་དེར་སོང་བ་ཐམས་ཅད་ཀྱིས་མ་ངེས་པ་ཡིན་མོད། དེ་ལྟ་ན་ཡང༌། མགོ་མཚུངས་དང༌། རྣལ་མའི་འོ། །དང་པོ་ནི། རྣམ་མཁྱེན་གྱིས་དོན་སྤྱི་མ་རྟོགས་པར་འགྱུར་ཏེ། དེས་དེ་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །འདོད་ན། ཤེས་བྱ་ཐམས་ཅད་རྟོགས་པ་མིན་པར་འགྱུར་ལ། མ་གྲུབ་ན་དེས་དེ་ཡུལ་བཞི་པོ་གང་དུ་བྱེད། སྣང་ཡུལ་དུ་བྱེད་ན་རྟོག་པར་འགྱུར་ལ། བཟུང་ཡུལ་དང་འཇུག་ཡུལ་དུ་བྱེད་ན། དོན་སྤྱི་རང་མཚན་དུ་ཐལ་བར་འགྱུར་ཞིང༌། ཞེན་ཡུལ་དུ་བྱེད་ན། རྣམ་མཁྱེན་བློར་འགྱུར་རོ། །གལ་ཏེ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་ཡང་མ་ཡིན་པའི་ཤེས་པ་འདོད་པ་ནི་ངོ་མཚར་བ་ཡིན་ནོ། །ཞེ་ན། དེ་ནི་ལུང་གི་ཆོས་མ་བསླབ་པའི་གཏམ་སྟེ། རྒྱན་ལས། རྟོག་མིན་མི་རྟོག་མ་ཡིན་པ། །ཞེས་དང༌། དེའི་འགྲེལ་པར། རྟོག་པ་ཡང་མ་ཡིན། མི་རྟོག་པ་ཡང་མ་ཡིན་པ་ནི། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ། ཞེས་གསུངས་སོ། །འཇུག་ཡུལ་ལ་རང་མཚན་གྱིས་ཁྱབ་པར་རྟོག་གེའི་སྐབས་སུ་འཐད་ཀྱང༌། འདིར་དེས་དེ་འཇུག་ཡུལ་དུ་བྱེད་པའི་དོན་མེད་དོ། །གཉིས་པ་ནི། དངོས་བཏགས་ཕྱེ་བའི་དབང་དུ་བྱས་ན་དེས་དེ་མ་རྟོགས་པར་འདོད་ལ། མ་ཕྱེ་བའི་དབང་དུ་བྱས་ན། དེས་དེ་རྟོགས་ཀྱང༌། དེས་དེ་ལ་བློ་རིག་གང་དུ་ཡང་འདོད་མི་དགོས་ཏེ། དཔེར་ན་རྣམ་མཁྱེན་གྱིས་དོན་སྤྱི་རྟོགས་ཀྱང༌། དེས་དེ་ལ་བློ་རིག་གང་དུ་ཡང་མི་འཇོག་པ་བཞིན་ནོ། །དེ་ཡང་དེ་དེ་ལ་བློ་རིག་འབྱེད་ན་ཚད་མ་ལས་འོས་མེད་དེ། རྣམ་མཁྱེན་དང་ཚད་མིན་གྱི་གཞི་མཐུན་མི་སྲིད་པའི་ཕྱིར་རོ། །དེ་ཡང༌། དེ་ལྟར་ན། དེ་དེ་ལ་རྗེས་དཔག་དུ་འོང་དོན་མེད་ལ། མངོན་སུམ་དུ་འདོད་ན་ཆེས་མི་རིགས་ཏེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་སོགས་རིགས་པ་མཁྱེན་པའི་གཞུང་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །གཞན་ཡང་ཡུལ་ལ་ལྟོས་ནས་བློ་རིགས་སུ་འབྱེད་པ་འདི་ནི། རྟོག་གེའི་སྐབས་ཡིན་ལ། ལུགས་དེ་ལ་ཡང༌། བློ་དེས་ཡུལ་དེ་རྟོགས་པ་བཏགས་པ་བར་འཇོག་པའི་སྐབས་སུ། དེ་དེ་ལ་བློ་རིག་གང་དུ་ཡང་འབྱེད་མི་ནུས་པ་དུ་མ་ཞིག་ཡོད་དེ། དཔེར་ན་མདོ་སྡེ་པ་གཉིས་པའི་སྐབས་སུ། དངོས་བཏགས་མ་ཕྱེ་བར་སྔོ་འཛིན་མངོན་སུམ་གྱིས་སྔོན་པོ་རྟོགས་པར་ཁས་ལེན་ཀྱང༌། དེ་དེ་ལ་བློ་རིག་གང་དུ་ཡང་ཁས་མི་ལེན་པ་བཞིན་ནོ། །གལ་ཏེ་དེ་དེ་ལ་མངོན་སུམ་དུ་ཁས་ལེན་ན། དེ་དེ་ལ་དོན་རིག་མངོན་སུམ་དུ་ཐལ་བར་འགྱུར་ལ། དེ་ཡང་དེའི་གྲུབ་པའི་མཐའ་མ་ཡིན་ཏེ། ཕྱི་རོལ་དོན་སྣང་གི་མངོན་སུམ་ཡིན་ན། རྣམ་པ་ཀུན་ཏུ་རང་རིག་པ་ཡིན་གྱི། ཡིན་ལུགས་ལ། དོན་རིག་པ་མ་ཡིན་པར་འཆད་ནས་བསྒྲུབ་གིན་འདུག་པའི་ཕྱིར། དེ་བཞིན་དུ་ཤུགས་རྟོགས་ཁས་ལེན་པ་དག་གི་ལུགས་ལ་ཡང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེས། སྟོང་ཉིད་རྟོགས་ཀྱང༌། དེ་སྟོང་ཉིད་ལ་བློ་རིག་བདུན་པོ་གང་ཡང་མ་ཡིན་པ་བཞིན་ནོ། །གལ་ཏེ་འོ་ན། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ། ཆོས་ཉིད་ལ་རྟོག་པ་དང༌། རྟོག་མེད་གང་ཡང་མ་ཡིན་ན། དེས་དེ་རྟོགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། རང་གི་ངོ་བོ་རྟོག་པ་མ་ཡིན་གྱི། རང་གི་གནས་སྐབས་ན་རྟོག་པ་དང་བཅས་པའི་ཚུལ་གྱིས་དང༌། དེ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་བཅས་པའི་ཚུལ་གྱིས་དང༌། ཤེས་བྱ་ལ་ལེགས་པར་མ་ཞུགས་པའི་ཚུལ་གྱིས་རྟོགས་པ་ཡིན་ཏེ། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་ལས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང༌། ཞུགས་པ་དང༌། སྒྲིབ་པ་དང་བཅས་པ་དང༌། སྒྲིབ་པ་མེད་པ་དང༌། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ། འདི་ནི་བྱེ་བྲག་གོ །ཞེས་གསུངས་སོ། །ངག་དོན་བསྡུ་ན་འདི་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ན། སྒྲ་དོན་འཛིན་པའི་རྟོག་པ་ཡོད་ཀྱང༌། དེ་ཡིན་པའི་ཆ་ནས་ལམ་དུ་འཇོག་པའི་གོ་སྐབས་ཡོད་པ་མིན་ཏེ། དེ་ཡིན་པའི་ཆ་ནས་ནི་ཤེས་སྒྲིབ་ཏུ་འཇོག་པ་ལས་འོས་གཞན་མེད་པའི་ཕྱིར། དཔེར་ན་བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་དོན་ལ། བདེན་སྟོང་དུ་ཞེན་པའི་བློ་ཡིན་ན། ཤེས་སྒྲིབ་ཏུ་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་དགོས་པ་བཞིན་ནོ། །འོ་ན་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཆོས་ཅན། ཆོས་ཉིད་ལ་རྣལ་འབྱོར་མངོན་སུམ་དུ་ཐལ། དེ་ལ་རྟོག་པ་དང་བྲལ་ཞིང་དེ་ལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་བ་ལ་ཁས་བླངས་དང་ཚད་མའི་བསལ་བ་གཉིས་ཀ་ཞུགས་སོ་སྙམ་ན། རྟགས་གཉིས་པ་ལན་ཐེབས་པ་ཡིན་ནོ། །འོ་ན་དེ་ཆོས་ཅན། ལོག་ཤེས་སུ་ཐལ། རྟོག་མེད་འཁྲུལ་ཤེས་ཡིན་པའི་ཕྱིར་སྙམ་ན། དེའི་ལན་ལ། དེ་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན། དེ་རྟོག་པ་མ་ཡིན་པ་དང་འཁྲུལ་ཤེས་ཀྱི་གཞི་མཐུན་ཡིན་ཀྱང༌། རྟོག་གེ་ལ་གྲགས་པའི་རྟོག་མེད་ལོག་ཤེས་སུ་མི་འགྱུར་བའི་ཤེས་བྱེད་དོ། །དང་པོ་ནི། དབུས་མཐའ་ལས། རྗེས་སུ་མཐུན་ལས་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་སྒོམ་པའོ། །ཞེས་པའི་དོན་འགྲེལ་བ་ན། དབྱིག་གཉེན་ཞབས་ཀྱིས་མ་འཁྲུལ་བའི་རྗེས་སུ་མཐུན་པའི་འཁྲུལ་ཤེས་ནི། སོ་སོ་སྐྱེ་བོ་རྣམས་ཀྱི་སྒོམ་བྱུང་གི་བློ་དང༌། ཕྱིན་ཅི་ལོག་འབྲེལ་བཅས། ཞེས་པ། འཕགས་པ་སློབ་པའི་སྒོམ་ལམ་དང༌། ཕྱིན་ཅི་ལོག་དང་རྗེས་འབྲེལ་གཉིས་ཀ་མེད་པ། མི་སློབ་པའི་ལམ་ལ་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་ཡིན་ཀྱང༌། དེར་ཐལ་བར་མི་འགྱུར་ཏེ། འདི་ཡུལ་ཆོས་ཉིད་ལ་ལྟོས་ནས་རྟོག་མེད་ཀྱི་ཤེས་པར་ཁས་མི་ལེན་པའི་ཕྱིར་ཏེ། དེ་ལ་ལྟོས་ནས་རང་རིག་མ་ཡིན་པ་གཞིར་བྱས་པ་ལ། རང་ཡུལ་རང་མཚན་གསལ་བར་སྣང་བར་སྣང་བ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་མ་འཁྲུལ་བའི་རིག་པ་ཡིན་པ་དང༌། ཆོས་ཉིད་ལ་འཁྲུལ་བ་མི་འགལ་ཏེ། དཔེར་ན་ཆོས་ཉིད་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་བཞིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེས། ཆོས་ཉིད་རྟོགས་པ་བཏགས་པ་བ་དང༌། མ་རྟོགས་པ་མཚན་ཉིད་པ་དང༌། དེ་ལྟ་ན་ཡང༌། དེ་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་རྗེས་སུ་འབྲེལ་བའི་རྒྱུ་མཚན་གྱིས་ཆོས་ཉིད་ལ་མི་བསླུ་བ་ཡིན་པར་གྲུབ་བོ། །མ་རྟོགས་ན་མི་བསླུ་བར་འགལ་ལོ་ཞེས་བརྗོད་པར་མི་བྱ་སྟེ། དཔེར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས། སྒྲ་མི་རྟག་པ་རང་མཚན་བཞི་དང༌། སྔོ་འཛིན་མངོན་སུམ་གྱིས་སྔོན་པོ་རང་མཚན་བཞིན་ནོ། །དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པས། དེ་རྟོགས་པའི་གོ་ཆོད་དོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། རྗེས་དཔག་གིས་རང་མཚན་དང༌། ཐོས་བསམ་གྱི་ཤེས་རབ་ཀྱིས་ཆོས་ཉིད་བཞིན་ནོ། །ཞེས་བྱ་བ་འདིས་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཀྱི་རྣམ་པར་བཞག་པ། གཞན་དག་གིས་རྒྱས་པར་མ་བཤད་པ་རྣམས་ལེགས་པར་བཤད་པ་ཡིན་ནོ། །གང་གང་རྣམ་གཞག་འཆད་ལ་དེ་དེའི་གཞུང༌། །ཇི་བཞིན་ཤེས་པའི་རྟོག་དཔྱོད་མི་དགོས་པར། །གཞན་ཟེར་གྱ་གྱུས་ཁེངས་པའི་རྟོག་གེ་པ། །རང་བཟོའི་མལ་དུ་བདེ་བར་གཉིད་ལོག་ཅིག །ཅེས་སྨྲས་པ་ཡིན་ནོ། །གཉིས་པ་དེ་ལས་འཕྲོས་ནས་སྤང་བྱ་རྟོག་པའི་རྣམ་གཞག་རྒྱས་པར་བཤད་པ་ལ་གསུམ་སྟེ། འདི་སྐབས་ཀྱི་རྟོག་པའི་ངོ་བོ་ངོས་བཟུང༌། དེ་ཐེག་ཆེན་གྱི་སྦྱོར་ལམ་ལ་ཇི་ལྟར་ལྡན་པའི་ཚུལ། སྐབས་ལྔ་པ་ནས་འབྱུང་བའི་དཀའ་བའི་གནས་འགའ་ཞིག་ཀྱང་རང་སར་གྲོལ་བའི་ཚུལ་ལོ། །དང་པོ་ནི། སྤྱིར་གཞུང་ལུགས་ལས་རྟོག་པའི་འཆད་ཚུལ་རྣམ་པ་གསུམ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། རྟོག་དཔྱོད་གཉིས་ཀྱི་ཟླས་ཕྱེ་བའི་རྟོག་པ་དང༌། སྒྲ་དོན་འཛིན་པའི་རྟོག་པའོ། །དང་པོ་ནི། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ཐམས་ཅད་དོ། །གཉིས་པ་ནི། ཇི་སྐད་དུ། རྟོག་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཀུན་ཏུ་འཚོལ་བ་ཡིད་ཀྱིས་བརྗོད་པ་སྟེ། སེམས་རྩིང་བའི་རྣམ་པ་ཅན་ནོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཇི་སྐད་དུ། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འདིར་རྟོག་པ་ཐ་མ་ལ་དང་པོས་ཁྱབ་ཅིང༌། དང་པོ་ལ་དེས་མ་ཁྱབ་ལ། བར་པ་ལ་ཐོག་མཐའ་གཉིས་ཡིན་མིན་གཉིས་ཀ་ཡོད་སྲིད་ལ། ཐ་མ་ལ་བར་པ་ཡིན་མིན་གཉིས་ཀ་སྲིད་དོ། །འདིར་ནི་གསུམ་པའི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་དང༌། འགྲེལ་པར་བདག་དུ་ཞེན་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར་རོ། །དེ་ལའང་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས་དང་པོ་འདིར་མི་འཆད་ལ། གཉིས་པའི་མཚན་ཉིད་ནི། སྒྲ་དོན་འཛིན་པའི་རིག་པ་གང་ཞིག ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པའོ། །དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མཚན་འཛིན་གྱི་རྟོག་པ་ཐམས་ཅད་དོ། །དེ་ཡང་བསྡུ་ན། བདེན་འཛིན་གྱི་རྟོག་པ་དང༌། བདེན་མེད་དུ་འཛིན་པའི་རྟོག་པ་གཉིས་སུ་འདུས་ཀྱང༌། འདིར་ནི་གཟུང་རྟོག་དང༌། འཛིན་རྟོག་གཉིས་སོ། །གཉིས་པོ་འགལ་བ་མིན་ཏེ། འདི་གཉིས་ཡུལ་གྱི་སྒོ་ནས་བཞག་པ་གང་ཞིག ཡུལ་གཟུང་བ་ཐམས་ཅད་འཛིན་པར་འདུས་ཤིང༌། གཟུང་བའི་ནང་ནས་འཛིན་པ་དུ་མ་ཡོད་པའི་ཕྱིར། དེས་ན་ཡུལ་གཟུང་བ་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པ་དེ། གཟུང་རྟོག་གི་མཚན་ཉིད། དབྱེ་ན་གཉིས་ལས། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པ་དེ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་མཚན་ཉིད། རྣམ་བྱང་གི་ཕྱོགས་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པ་དེ། རྣམ་བྱང་གཟུང་རྟོག་གི་མཚན་ཉིད། གཉིས་པོ་རེ་རེ་ལ་ཡུལ་གྱི་དབྱེ་བས་དགུ་དགུ་གསུངས་པ་ནི། གཞུང་ན་གསལ་ཅིང༌། གཉིས་པོ་ལ་འདི་ལྟར་ཡང་དབྱེ་དགོས་ཏེ། ཡུལ་ཀུན་བྱང་གཉིས་ལ་སོ་སོར་དམིགས་ནས་བདེན་པར་ཞེན་པའི་བློ་དང༌། རིགས་པ་ཡང་དག་གིས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པའི་དོན་ལ་བདེན་མེད་དུ་ཞེན་པའོ། །དང་པོ་ལ། གཟུང་རྟོག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཞེས་བྱ་ཞིང༌། གཉིས་པ་ལ། དེའི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཞེས་བྱའོ། །གཟུང་རྟོག་ལ་རྫས་བཏགས་སུ་འཛིན་པའི་རྣམ་གཞག་མ་བཤད་པས། མི་རིགས་སོ་སྙམ་དུ་དོགས་པར་མི་བྱ་སྟེ། རྫས་འཛིན་དང༌། བདེན་འཛིན་ཕལ་ཆེར་དོན་གཅིག་ཅིང༌། བཏགས་ཡོད་དུ་ཞེན་པའི་བློ་དང༌། བཏགས་འཛིན་རྟོག་པ་དོན་གཅིག་ལ་འདུ་བའི་ཕྱིར་དང༌། འཛིན་རྟོག་ཁོ་ན་ལ་རྫས་བཏགས་སུ་འཛིན་པ་གཉིས་སུ་འབྱེད་པའི་རིགས་པ་མེད་པའི་ཕྱིར། ཡང་ཡུལ་འཛིན་པ་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པ་དེ། འཛིན་རྟོག་གི་མཚན་ཉིད། དབྱེ་ན་གང་ཟག་དུ་འཛིན་པ་དང༌། གང་ཟག་དུ་འདོགས་པའི་གཞི་ལ་མཚན་མར་འཛིན་པའི་རྟོག་པའོ། །དང་པོ་ནི། དམིགས་པ་རང་རྒྱུད་ཀྱིས་བསྡུས་པའི་གང་ཟག་ལ་དམིགས་ནས་མཚན་མར་འཛིན་པའི་རིག་པའོ། །འདི་ལ་གང་ཟག་རྫས་ཡོད་དུ་འཛིན་པ་དང༌། སྐྱེས་བུ་བཏགས་ཡོད་དུ་འཛིན་པའི་དབྱེ་བས་གཉིས་སུ་འབྱེད་དོ། །སློབ་དཔོན་བཟང་པོའི་ཞབས་ཀྱིས་འཛིན་རྟོག་ཐམས་ཅད་དེ་གཉིས་སུ་འདུས་པ་ལྟ་བུར་གསུངས་པས། དགོངས་པ་མཐར་ཐུག་མིན་ཏེ། གང་ཟག་དང་སྐྱེས་བུ་གཉིས་ལ་རྫས་བཏགས་སུ་འཛིན་པ་གཉིས་ཀ་འབྱུང་བའི་ཕྱིར་དང༌། འཛིན་རྟོག་གང་ལ་འཇོག་པའི་ཡུལ་གྱི་འཛིན་པ་དེ། གང་ཟག་དང་སྐྱེས་བུ་གཉིས་སུ་མ་འདུས་པའི་ཕྱིར། དེས་ན་འཕགས་པས་འཛིན་རྟོག་ལ་གང་ཟག་ཏུ་གདགས་པ་དང༌། གདགས་པའི་རྒྱུ་ལ་བརྟེན་པའི་འཛིན་རྟོག་གཉིས་སུ་བཤད་པ་དེ་ཉིད་གཞིར་བཞག་ནས་འཆད་དགོས་པ་ཡིན་ནོ། །དེའི་ཕྱིར་གཉིས་པའི་མཚན་ཉིད་ནི། རང་རྒྱུད་དང་འབྲེལ་བའི་ཤེས་རིག་ལ་དམིགས་ནས། མཚན་མར་འཛིན་པའི་བློ་དེ་ལའང་རྫས་ཡོད་དུ་ཞེན་པ་དང༌། བཏགས་ཡོད་དུ་ཞེན་པའི་བློས་དབྱེ་བས་གཉིས་གཉིས་སུ་དབྱེ་དགོས་ཤིང༌། སྤྱིར་འཛིན་རྟོག་གཉིས་ལ་ཡུལ་གྱི་དབྱེ་བས་དགུ་དགུར་འབྱེད་པ་ནི་གཞུང་ན་གསལ་ལོ། །འོ་ན་འདིར། ཡུལ་གཟུང་འཛིན་གཉིས་པོ་མི་འགལ་ན། ཡུལ་ཅན་རྟོག་པ་གཉིས་པོའི་ཁྱད་པར་ཅི་ཞེ་ན། སྤྱིར་རྒྱན་རྩ་འགྲེལ་དུ། ཡུལ་གཟུང་འཛིན་ལ་དམིགས་ནས། འཛིན་སྟངས་མཚན་མར་ཟུང་བའི་ཆ་ནས་རྟོག་པ་གཉིས་སུ་བཞག་པ་དང༌། ཡུལ་དེ་དང་དེ་ལ་འཛིན་སྟངས་ཀྱང་བཟུང་བའོ་ཞེས་དང༌། འཛིན་པའོ་ཞེས་རྟོག་པའི་རྣམ་པ་ཅན་ལ། གཟུང་འཛིན་གྱི་རྟོག་པར་བཞག་པའི་སྐབས་གཉིས་ཤིང་བྱུང་བ་ལས། རྟོག་པ་གཉིས་ཀྱི་འཇོག་མཚམས་ནི་སྔ་མ་དེ་ཉིད་ཡིན་ལ། ཕྱི་མ་གཉིས་ཀྱང་སྔ་མ་གཉིས་པོ་སོ་སོའི་ནང་ཚན་ཡིན་པས། དེ་དང་དེར་འཇོག་པ་མི་འགལ་བ་ཁོ་ནར་མ་ཟད། རྟོག་པ་གཉིས་པོའི་གཙོ་བོར་གྱུར་པ་ཡང་དེ་ཉིད་དོ། །དེ་ལྟ་ན་ཡང༌། དེ་དག་ལ་དེ་དང་དེས་ཁྱབ་པ་ནི་མ་ཡིན་ཏེ། གཟུང་འཛིན་དུ་ཞེན་པའི་འཛིན་སྟངས་ཅན་མ་ཡིན་པའི་ཤེས་སྒྲིབ་རྟོག་པ་དུ་མ་ཞིག་ཡོད་ལ། དེ་དག་ཀྱང་འདིར་བསྟན་གྱི་རྟོག་པ་བཞི་པོས་བསྡུས་པར་འཆད་དགོས་པའི་ཕྱིར། དཔེར་ན་ཡུལ་གཟུགས་ལ་དམིགས་ནས་སྤྱིར་མཚན་མར་ཞེན་པའི་བློ་དང༌། དེ་ལ་དམིགས་ནས་གཟུང་བར་ཞེན་པའི་བློ་གཉིས་ཀ་ཡང༌། གཟུང་རྟོག་ཏུ་འཇོག་དགོས་པ་དང༌། ཡུལ་ཅན་གཟུགས་འཛིན་མིག་ཤེས་ལ་དམིགས་ནས། སྤྱིར་བདེན་པར་ཞེན་པ་དང༌། ཁྱད་པར་འཛིན་པར་ཞེན་པའི་བློ་གཉིས་ཀ་འཛིན་རྟོག་ཏུ་བཞག་དགོས་པ་བཞིན་ནོ། །དེ་ལྟར་ན། སྤྱིར་གཟུང་རྟོག་དང༌། འཛིན་རྟོག་མི་འགལ་བར་གྲུབ་ཅིང༌། འཛིན་པ་གང་ཡིན་བཟུང་བ་ཡང་ཡིན་མོད་ཀྱང༌། འདིར་བསྟན་གྱི་རྟོག་པ་གཉིས་ཀྱི་ཡུལ་གཟུང་འཛིན་གཉིས་ལ་ཁྱད་པར་འབྱེད་པ་ནི་འདི་ཡིན་ཏེ། དང་པོའི་ཡུལ་གཟུང་བ་ནི། རང་རྒྱུད་དང་མ་འབྲེལ་བའི་ཀུན་བྱང་གི་དངོས་པོ་རྣམས་གཙོ་ཆེ་ལ། གཉིས་པའི་ཡུལ་འཛིན་པ་ནི། རང་རྒྱུད་དང་འབྲེལ་བའི་གང་ཟག་དང༌། དེའི་གདགས་གཞིར་གྱུར་པའི་སེམས་སེམས་བྱུང་རྣམས་སོ། །དེ་ལའང་དུས་གསུམ་ལས། འདས་པ་དང་མ་འོངས་པ་རྣམས་ནི་རྟོག་པ་དང་པོའི་ཡུལ་དུ་བཞག་ལ། ད་ལྟར་བ་ནི། རྟོག་པ་གཉིས་པའི་ཡུལ་དུ་གཙོ་བོར་བཞག་པའོ། །དེ་ཡང་དཔེར་ན། རྣལ་འབྱོར་སྤྱོད་པའི་གཞུང་དུ། ཕྱི་རོལ་དོན་དུ་སྣང་བ་ལ། དེར་ཞེན་པའི་བློ་ལ་གཟུང་རྟོག་དང༌། སྣང་མཁན་གྱི་སེམས་ཉིད་དུ་ཞེན་པའི་བློ་ལ་འཛིན་རྟོག་དང༌། དེ་གཉིས་རིམ་གྱིས་སྤོང་དགོས་པའི་རྣམ་གཞག་གསུངས་པ་བཞིན་ནོ། །དེ་ལྟ་ན་ཡང༌། འཇུག་པ་གཟུང་རྟོག་དང༌། ལྡོག་པ་བཟུང་རྟོག་ཏུ་འཇོག་པ་ལ་ནི། ཡུལ་ཐེག་པ་ཆེ་ཆུང་གི་ཆོས་ལ་དམིགས་ནས་འཛིན་སྟངས་ཀྱང་འཇུག་བྱ་དང་ལྡོག་བྱར་ཞེན་པ་དགོས་ཏེ། གཞན་དུ་ཡུལ་དེ་ཉིད་ལ་དེར་ཞེན་པ་ཙམ་གྱིས་རྟོག་པ་དེ་དང་དེར་འཇོག་ནུས་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་ལ། དེ་ལ་དམིགས་ནས་བླང་བྱར་ཞེན་པ་དང༌། དེའི་གཉེན་པོ་རྣམ་བྱང་གི་རྟོག་པ་དེ་ལ་དམིགས་ནས་བླང་བྱར་ཞེན་པ་ཞིག་དགོས་པ་གཞུང་ན་གསལ་ལོ། །དེ་བཞིན་དུ་རྫས་འཛིན་རྟོག་པའི་ནང་མཚན་དུ་གྱུར་པའི་གང་ཟག་རྫས་ཡོད་དུ་འཛིན་པའི་རྟོག་པ་དང༌། བཏགས་འཛིན་རྟོག་པའི་ནང་མཚན་དུ་གྱུར་པའི་སྐྱེས་བུ་བཏགས་ཡོད་དུ་འཛིན་པའི་རྟོག་པ་ཞེས་བྱ་བ་གཉིས་ཡོད་ལ། དེ་གཉིས་ཀྱི་འཛིན་སྟངས་ལའང༌། ཡུལ་གང་ཟག་དང་སྐྱེས་བུ་ལ་དམིགས་ནས་མཚན་མར་འཛིན་པ་ཙམ་གྱིས་ཆོག་པ་མིན་ཏེ། ཡུལ་དེ་དང་དེ་ལ་དམིགས་ནས་རྫས་ཡོད་དུ་ཞེན་པའི་ཞེན་སྟངས་དང༌། བཏགས་ཡོད་དུ་ཞེན་པའི་ཞེན་སྟངས་གཉིས་ཀྱི་སྒོ་ནས་ཐ་དད་དུ་དབྱེ་དགོས་པའི་ཕྱིར། འདི་གཉིས་ལ་ཡང་ཞིབ་མོར་དབྱེ་དགོས་ཏེ། གང་ཟག་སྐྱེས་བུ་ཉིད་ལ་དམིགས་ནས་རྫས་བཏགས་སུ་ཞེན་པ་དང༌། དེ་གཉིས་ཀྱི་གདགས་གཞི་ལ་དམིགས་ནས་རྫས་བཏགས་སུ་ཞེན་པའོ། །དེ་ཡང་གང་ཟག་དང༌། སྐྱེས་བུ་རྫས་ཡོད་དུ་ཞེན་པ་ནི། ཕྱི་རོལ་པའི་ལྟ་བ་ཡིན་ལ། དེ་གཉིས་བཏགས་པ་ཙམ་དུ་འཇོག་པ་ནི། རང་སྡེ་ཉན་ཐོས་པའི་གྲུབ་པའི་མཐའ་ལ་ཡང་ཡོད་དོ། །དེའི་གདགས་གཞི་རྫས་ཡོད་དུ་འཇོག་པ་ནི། ཉན་ཐོས་སྡེ་པའི་གྲུབ་པའི་མཐའ་ཡིན་ལ། དེའི་གདགས་གཞི་བཏགས་ཡོད་དུ་འཇོག་པ་ནི། ཐེག་པ་ཆེན་པོ་པ་དག་གི་གྲུབ་པའི་མཐའོ། །དེ་ལྟར་ན། རྒྱན་རྩ་འགྲེལ་དུ། འཛིན་རྟོག་འཆད་པའི་སྐབས་དེ་དང་དེར། གང་ཟག་ལ་རྫས་བཏགས་སུ་འཛིན་པ་དང༌། དེའི་གདགས་གཞི་ལ་རྫས་བཏགས་སུ་འཛིན་པ་གཉིས་ཀ་གསལ་བར་གསུངས་ཏེ། སྐབས་ལྔ་པའི་འཛིན་རྟོག་མདོར་བསྟན་དུ་དང་པོ་དང༌། རྒྱས་བཤད་དུ། གཉིས་པ་ཚིག་གིས་ཟིན་པར་གསུངས་པའི་ཕྱིར། དེ་ལྟར་བཤད་པ་ན་འཕགས་པས་སྒོམ་སྤངས་འཛིན་རྟོག་གི་དབྱེ་བ་འཆད་པ་ན། གང་ཟག་ཏུ་གདགས་པའི་རྟོག་པ་དང༌། གདགས་པའི་རྒྱུ་ལ་བརྟེན་པ་ཞེས་གསུངས་པའི་དགོངས་པ་ཡང་གྲུབ་སྟེ། མདོར་བསྟན་གྱི་རྟོག་པ་དེ་དག་ནི། དང་པོ་དེར་འགྱུར་ལ། རྒྱས་བཤད་ཀྱི་རྟོག་པ་རྣམས་ནི་གཉིས་པ་དེར་འཇོག་དགོས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཤེས་སྒྲིབ་ཏུ་གྱུར་པའི་གཟུང་རྟོག་ཙམ་ནི། རྒྱ་ཆེ་བ་ཡིན་ཏེ། འཕགས་པས་གཟུང་རྟོག་དང་པོ་འཆད་པ་ན། དངོས་པོ་ཙམ་ལ་བརྟེན་པ་ཞེས་བཤད་པའི་ཕྱིར། ཀུན་བྱང་གི་གཟུང་རྟོག་གཉིས་ནི། དེ་ལས་རྒྱ་ཆུང་ཞིང༌། འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་རྟོག་ནི། རྣམ་བྱང་གཟུང་རྟོག་གི་ཡང་ནང་ཚན་དུ་གྱུར་པའི་ཆ་ཤས་ཉུང་ངུ་ཞིག་གོ །དེ་བཞིན་དུ་འཛིན་རྟོག་ནི། རྒྱ་ཤིན་ཏུ་ཆེ་སྟེ། ཡུལ་འཛིན་པ་ཙམ་ལ་དམིགས་ནས་མཚན་མར་ཞེན་པ་ཙམ་གྱིས་དེར་འཇོག་ནུས་པའི་ཕྱིར་ཏེ། ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་བཤད་པས་སོ། །སྤྱིར་རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གང་རུང་གིས་འཛིན་རྟོག་ལ་མ་ཁྱབ་ལ། འཛིན་རྟོག་ལ་དེས་ཁྱབ་ཀྱང༌། གང་ཟག་རྫས་འཛིན་གྱི་རྟོག་པ་དང༌། སྐྱེས་བུ་བཏགས་འཛིན་གྱི་རྟོག་པ་ཞེས་བྱ་བ་གཉིས་ནི། དེའི་ནང་ཚན་ཉུང་ངུ་ཞིག་ཡིན་ནོ། །རྒྱན་རྩ་འགྲེལ་དུ་འཆད་པའི་འཛིན་རྟོག་གཉིས་ཀྱི་གཙོ་བོ་ནི་གང་ཟག་དང་སྐྱེས་བུའི་གདགས་གཞི་ལ་རྫས་བཏགས་སུ་ཞེན་པ་གཉིས་ལ་འཆད་དགོས་ཏེ། གཞུང་རྩ་འགྲེལ་དུ། གཉིས་པོ་ལ་ཡུལ་གྱི་དབྱེ་བས་དགུ་དགུར་འབྱེད་པ་ན། གཉིས་པོ་སོ་སོའི་གདགས་གཞིའི་དབྱེ་བས་དགུར་ཕྱེ་བའི་ཕྱིར་དང༌། གང་ཟག་ལ་རྫས་འཛིན་ནི་ཤེས་སྒྲིབ་ཁོ་ནར་ངེས་པ་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །རང་ལུགས་ཀྱི་རྟོག་པའི་ངོས་འཛིན་དེ་ལྟར་བཤད་ཟིན་པ་ན། གཞན་ལུགས་ཀྱི་རྟོག་པའི་འཆད་ཚུལ་ཡང་མི་འཐད་པར་གྲུབ་སྟེ། དེ་ལ་དར་ཊཱིཀ་མཛད་པའི་ལུགས་མི་འཐད་པ་དང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ལུགས་མི་འཐད་པ་དང༌། ལོ་ཙཱ་བ་ཆེན་པོས་བཞེད་པའི་རྟོག་པ་བཞིའི་འཇོག་མཚམས་ཀྱང་རྒྱ་ཆུང་བར་བསྟན་པ་ཡིན་ནོ། །དང་པོ་ནི། དེའི་རྣམ་བཤད་ལས། ལོངས་སྤྱད་བྱར་བདེན་པར་ཞེན་པ་དང༌། ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པ་ནི་རྟོག་པ་གཉིས་པོའི་ཁྱད་པར་རོ། །བྱེ་བྲག་ཏུ་འཛིན་རྟོག་གཉིས་ཀྱི་ཁྱད་པར་ནི། གང་ཟག་རྫས་ཡོད་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་ནི། གང་ཟག་ལ་རྫས་འཛིན་རྟོག་པ་དང༌། ཕུང་པོའི་ཚོགས་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་ནས། སྔ་མ་ལྟར་ཞེན་པ་ནི། སྐྱེས་བུ་ལ་བཏགས་འཛིན་རྟོག་པའོ། །སྐྱེས་བུ་བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པ་ཡང༌། བཏགས་འཛིན་གྱི་རྟོག་པ་ཡིན་ལ། དེ་ལ་ཀུན་བཏགས་དང༌། ལྷན་སྐྱེས་གཉིས་ཡོད་པར་ཤེས་པར་བྱ་སྟེ། དེ་གཉིས་དམིགས་པའི་སྒོ་ནས་འབྱེད་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་དང༌། རྫས་འཛིན་སོ་སྐྱེ་ཁོ་ན་དང༌། བཏགས་འཛིན་འཕགས་པ་ཁོ་ན་ལ་ཡོད་པར་བཤད་པ་ནི། ཡུལ་གྱི་འཛིན་པ་གཉིས་ཀྱི་དབང་དུ་བྱས་ཏེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི། སོ་སོ་སྐྱེ་བོ་ལ་ཡོད་ཅིང་འཕགས་པ་ལ་མེད་པས་སོ། །ཞེས་གསུངས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། ལུང་རིགས་ཀྱིས་དང༌། ཁས་བླངས་ནང་འགལ་བས་སོ། །དང་པོ་ནི། འདིར་བསྟན་གྱི་རྟོག་པ་ལ་བདེན་འཛིན་གྱིས་ཁྱབ་པར་འདོད་པ་ནི་མི་འཐད་དེ། བདེན་མེད་དུ་ཞེན་པའི་རྟོག་པ་ཡང་འདིར་བསྡུ་དགོས་པའི་ཕྱིར་དང༌། དེ་མ་བསྡུས་ན་བཏགས་འཛིན་རྟོག་པ་འདིར་མ་འདུས་པར་ཐལ་བའི་ཕྱིར་རོ། །བྱེ་བྲག་ཏུ་འཛིན་རྟོག་གཉིས་པོའི་ཁྱད་པར་ཡུལ་རྫས་བཏགས་ལ་དམིགས་ནས། འཛིན་སྟངས་བདེན་པའི་རྣམ་པ་ཅན་དུ་འདྲ་བར་འཆད་པ་དེ་ཡང་མི་རིགས་ཏེ། འདིར་རྫས་འཛིན་དང༌། བཏགས་འཛིན་ཞེས་པ་འཛིན་སྟངས་ཀྱི་ཁྱད་པར་མ་ཕྱེ་བར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་ཞེས་དང༌། བཏགས་པའི་དངོས་པོ་མངོན་པར་ཞེན་པས་ཞེས་དང༌། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང༌། ཞེས་གསུངས་པའང་འཛིན་སྟངས་ལ་འཆད་དགོས་ཏེ། ཇི་སྐད་དུ། དབུ་མ་འཇུག་པར། འདི་ནི་ངར་འཛིན་རྟེན་དུའང་མི་འདོད་ལ། །ཞེས་པའང་འཛིན་སྟངས་ལ་འཆད་དགོས་པ་བཞིན་ནོ། །གཞན་ཡང་རྫས་ཡོད་དང༌། བཏགས་ཡོད་ལ་དམིགས་པ་ཙམ་གྱིས། དེ་གཉིས་སུ་འཇོག་པ་མིན་ཏེ། རྫས་ཡོད་དུ་ཞེན་པ་དང༌། བཏགས་ཡོད་དུ་ཞེན་པས་དེར་འཇོག་པའི་ཕྱིར་དང༌། གཉིས་པོ་ཡང་སྤང་གཉེན་དུ་སྦྱོར་དགོས་པའི་ཕྱིར། དཔེར་ན་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྣམ་པར་རྟོག་པ་དང༌། གཉེན་པོའི་རྣམ་པར་རྟོག་པ་གཉིས་སྤང་གཉེན་དུ་བཞག་པ་བཞིན་ནོ། །དེ་གཉིས་ཀྱི་མཚན་གཞི་ཡང༌། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དམིགས་ནས་བླང་བྱར་ཞེན་པ་དང༌། དེའི་གཉེན་པོ་རྣམ་བྱང་གི་ཕྱོགས་ལ་དམིགས་ནས་བླང་བྱར་ཞེན་པའོ། །དེ་སྐད་དུ་ཡང༌། འགྲེལ་ཆེན་ལས། ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་དང༌། རྣམ་པར་བྱང་བའི་གཞི་ལ་བརྟེན་པ་འདི་གཉིས་ནི་ཕན་ཚུན་རྣམ་པར་ཆད་པའི་རང་བཞིན་ཡིན་པའི་ཕྱིར། ཐ་དད་པ་ཁོ་ནའོ། །ཞེས་རང་ལུགས་སུ་བཤད་པས་སོ། །གཉིས་པ་ཁས་བླངས་ནང་འགལ་བ་ནི། གང་ཟག་རྫས་ཡོད་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བློ་རྫས་འཛིན་རྟོག་པའི་གོ་དོན་དུ་འཆད་ན། ཡུལ་གྱི་རྫས་འཛིན་སོ་སྐྱེ་ཁོ་ན་ལ་འཆད་པ་དང་འགལ། བཏགས་འཛིན་རྟོག་པའི་གོ་དོན་སྐྱེས་བུ་བཏགས་ཡོད་ལ་དམིགས་ནས་བདེན་པར་ཞེན་པ་ལ་འཆད་ན། ཡུལ་གྱི་བཏགས་འཛིན་འཕགས་པ་ཁོ་ན་ལ་ཡོད་པར་འཆད་པ་འགལ་ཏེ། དེའི་ཚེ་ན་ཡུལ་གྱི་འཛིན་པ་གཉིས་ལ་སོ་སོར་དམིགས་པར་ཁྱེད་ཀྱིས་མི་འཆད་པའི་ཕྱིར་དང༌། ཡུལ་ཅན་གྱི་རྟོག་པ་གཉིས་པོ་ནི་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པ་ཁྱེད་ཀྱིས་བསྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ནི། ཚིག་གསལ་ལས། འཛིན་རྟོག་གཉིས་ཀྱི་གོ་དོན་འཆད་པ་ན། སོ་སོ་སྐྱེ་བོ་ཡུལ་དུ་བྱས་ཏེ་རྫས་ཡོད་དུ་འཛིན་པ་དང༌། འཕགས་པའི་གང་ཟག་ཡུལ་དུ་བྱས་ཏེ་བཏགས་པ་ཙམ་དུ་འཛིན་པ་ལ་འཆད་པ་ནི་མིན་ཏེ། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་གོ་དོན་མ་ལོངས་པར་བཤད་པའི་ཕྱིར། ཡང་བོད་ལ་ལ། སོ་སོ་སྐྱེ་བོའི་འཛིན་པ་ལ་དམིགས་ནས་རྫས་འཛིན་དུ་ཞེན་པ་དང༌། འཕགས་པའི་འཛིན་པ་ལ་དམིགས་ནས་བཏགས་པ་ཙམ་དུ་འཛིན་པ། རྟོག་པ་གཉིས་ཀྱི་གོ་དོན་དུ་འཆད་པ་ཡང་ནོར་བ་ཡིན་ཏེ། འཛིན་རྟོག་གཉིས་པོའི་དམིགས་ཡུལ་འཛིན་པ་གཉིས་པོ་ལ་བཤད་པ་གཞུང་འགྲེལ་ན་མི་སྣང་བའི་ཕྱིར་དང༌། འཛིན་རྟོག་གཉིས་པོའི་ངོས་འཛིན་རྒྱ་ཤིན་ཏུ་ཆུང་བའི་ཕྱིར། དཔེར་ན་བ་ལང་གི་འཛིན་པ་ལ་དམིགས་ནས་རྨོངས་པའི་འཛིན་པར་ཞེན་པ་དང༌། པཎྜི་ཏའི་འཛིན་པ་ལ་དམིགས་ནས། མཁས་པའི་འཛིན་པར་ཞེན་པ་ལ་སོགས་པའི་དབྱེ་བ་སོ་སོ་བ་དག འདི་གཉིས་ཀྱི་ངོས་འཛིན་དུ་བཤད་ན་རྒྱ་ཆུང་བ་བཞིན་ནོ། །གསུམ་པ་ནི། ལོ་ཙཱ་བ་ཆེན་པོའི་གསུང་གིས་འདིར་གཟུང་འཛིན་གྱི་འཇོག་ཚུལ་གསུམ་སྟེ། ཡུལ་དྲུག་དང་དབང་པོ་དྲུག་གཟུང་འཛིན་དུ་བཤད་པ་ལྟ་བུ། སྐྱེ་མཆེད་ཀྱི་དབང་དུ་བྱས་པ་དང༌། བེམ་པོ་ཐམས་ཅད་གཟུང་བ་དང༌། རིག་པ་ཐམས་ཅད་འཛིན་པར་བཤད་པ་ལྟ་བུ་ཤེས་བྱའི་དབང་དུ་བྱས་པ་དང༌། བདག་ནི་འཛིན་པ་དང༌། བདག་གི་བ་ནི་གཟུང་བར་བཤད་པ་ལྟ་བུ་བདག་དང་བདག་གི་བའི་དབང་དུ་བྱས་པ་རྣམས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་པ་སྟེ། དེ་ཡང་གཟུང་བ་ནི་ལོངས་སྤྱོད་པར་བྱ་བ་སྟེ། བཟའ་བར་བྱ་བའོ། །འཛིན་པ་ནི་དེ་ལ་ལོངས་སྤྱོད་པར་བྱེད་པ་པོ་སྟེ། ཟ་བ་པོའོ། །དེ་ལའང་རྫས་བཏགས་ཀྱི་དབྱེ་བས་གཉིས་ལས། རྫས་ཡོད་ཀྱི་བདག་ཟ་བ་པོར་ཞེན་པ་ནི། རྫས་འཛིན་རྟོག་པ་དང༌། བཏགས་ཡོད་ཀྱི་བདག་ཟ་བ་པོར་ཞེན་པ་ནི་བཏགས་འཛིན་རྟོག་པའི་གོ་དོན་ནོ། །ཞེས་གསུང་བ་ཡང་ལེགས་པ་མ་ཡིན་ཏེ། ཀུན་བྱང་གི་ཕྱོགས་ལ་དམིགས་ནས་ལོངས་སྤྱད་བྱར་ཞེན་པ་དེ། འདིར་བསྟན་གཟུང་རྟོག་གི་ནང་དུ་བསྡུས་ན་རུང་མི་རུང་ཐེ་ཚོམ་གྱི་གཞི་ཙམ་དུ་སྣང་ཡང༌། འཛིན་རྟོག་གཉིས་ཀྱི་གོ་དོན་དེ་ལྟར་འཆད་མི་རིགས་ཏེ། འཛིན་རྟོག་གཉིས་པོའི་དམིགས་པ་བདག་དུ་མ་གསུངས་པའི་ཕྱིར་དང༌། རྫས་བཏགས་ཀྱང་འཛིན་སྟངས་སུ་གསུངས་ཀྱི་དམིགས་པར་མ་བཤད་པའི་ཕྱིར་དང༌། འཛིན་རྟོག་གི་འཆད་ཚུལ་དེ་ལྟར་བྱས་ན། གང་ཟག་གི་བདག་དུ་འཛིན་པ་ལས་མ་འདས་པའི་ཕྱིར་དང༌། གཟུང་རྟོག་གི་གོ་དོན་ཡང་བདག་གི་བར་ཞེན་པ་ལས་མ་འདས་པས། ཤེས་སྒྲིབ་དུ་མི་རུང་བའི་ཕྱིར། དེ་ལྟར་ན་གངས་ཅན་པ་ཕྱི་མ་དག རྟོག་པ་གཉིས་ཀྱི་ངོས་འཛིན་ལོ་ཆེན་གྱིས་བཞེད་པ་ལྟར་འཆད་པ་དེ་དག་གིས་ནི། འདིར་བསྟན་གྱི་རྟོག་པ་བཞི་པོ་ཉོན་སྒྲིབ་དུ་ཁས་ལེན་དགོས་པར་འགྱུར་རོ། །ལོ་ཆེན་གྱིས་ནི་རྫས་འཛིན་རྟོག་པའི་ངོས་འཛིན་དེ་ལྟར་བྱས་ནས། དེ་ཉོན་སྒྲིབ་དུ་བཞེད་ཅིང༌། འདིར་བསྟན་གྱི་རྫས་འཛིན་རྟོག་པ་དགག་རྟོག་ལ་བཞེད་པས། ལུགས་དེ་དཔྱིས་མ་ཕྱིན་པར་ཁས་བླངས་པས་ནོངས་པ་ཡིན་ནོ། །གཉིས་པ་དེ་དག་ངེས་ཆ་ལ་ཇི་ལྟར་ལྡན་པའི་ཚུལ་ལ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་འཇོག་པའི་ཚུལ་གཉིས་ལས། དང་པོ་ནི། བོད་སྔ་མ་ཕལ་ཆེ་བ་ན་རེ། འདིར་བསྟན་གྱི་རྟོག་པ་བཞི་པོ་དགག་རྟོག་ཏུ་འཆད་དགོས་པ་ཡིན་ཏེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དགག་རྟོག་དུ་བཤད་པའི་ཕྱིར། བསྒྲུབ་རྟོག་དུ་བཤད་ན། སྦྱོར་ལམ་ལ་ལྡན་པ་དང༌། དེའི་ཁྱད་ཆོས་སུ་མི་རུང་བའི་ཕྱིར། དེས་དེར་བཤད་པ་ཡིན་ཏེ། སྡུད་འགྲེལ་ལས་དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་ནི། ཕུང་པོ་ལ་སོགས་པ་དངོས་པོ་ཙམ་ལས་བརྗོད་པ་ཙམ་དུ་ཤེས་པའོ། །གཉེན་པོ་ལ་བརྟེན་པ་ནི་གང་གིས་ན། ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལ། སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་པའོ། །འཛིན་པར་རྣམ་པར་རྟོག་པ་ཡང་གཉིས་ཏེ། གང་ཟག་གི་རྫས་ལ་བརྟེན་པ་ནི། གང་གིས་ན་འཛིན་པའི་རྣམ་པ་གང་ཟག་གི་རྫས་སུ་སྒྲོ་བཏགས་པ་གཙོ་བོར་སེམས་ཅན་ལ་སོགས་པར་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་བྱེད་པའོ། །དེར་གདགས་པ་ལ་བརྟེན་པ་ནི། གང་གིས་ན་དེར་གདགས་པ་ཙམ་ཡང༌། འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་པར་བྱེད་པའོ། །ཞེས་གསུངས་པས་སོ། །ཞེས་བཞེད་པ་མང་དུ་འབྱུང་ངོ༌། །དེ་ནི་རིགས་པ་མིན་ཏེ། འདིར་བསྟན་གྱི་རྟོག་པ་བཞི་པོ་ལས། བཏགས་འཛིན་གྱི་རྟོག་པ་དཔྱད་དགོས་ཤིང༌། གཞན་རྣམས་གཞུང་འགྲེལ་ལས་དག་པའི་རྣམ་པ་ཅན་དུ་བཤད་པ་ཅིག་ཀྱང་མི་སྣང་བའི་ཕྱིར་ཏེ། རྩ་བར། གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་དང༌། འགྲེལ་པར་ཡང༌། གཟུང་བར་རྣམ་པར་རྟོག་པ་ཞེས་དང༌། འཛིན་པར་རྣམ་པར་རྟོག་པ་ཞེས་བཤད་ཀྱི་དགག་པའི་རྣམ་པ་ཅན་དུ་མ་བཤད་པའི་ཕྱིར། འདི་ལ་དཔྱད་པ་གཉིས་ཏེ། རྫས་འཛིན་བསྒྲུབ་རྟོག་ཤེས་སྒྲིབ་ཇི་ལྟར་ཡིན་པ་དང༌། བཏགས་འཛིན་རྟོག་པ་སྒྲུབ་རྟོག་ཡིན་མིན་དཔྱད་པའོ། །དང་པོ་ནི། གང་ཟག་རྫས་ཡོད་དུ་འཛིན་པའི་རྟོག་པ་ཤེས་སྒྲིབ་ཏུ་མི་རིགས་ཏེ། བདག་རང་དབང་ཅན་དུ་འཛིན་པ་སོགས་ནི། གང་ཟག་གི་བདག་འཛིན་ལས་མ་འདས་པའི་ཕྱིར་སྙམ་ན། སྤྱིར་འཛིན་རྟོག་དུ་གྱུར་པའི་རྫས་འཛིན་རྟོག་པ་ལ་གཉིས་ཏེ། གང་ཟག་ལ་དང༌། གང་ཟག་དུ་གདགས་པའི་རྒྱུ་ལའོ། །གཉིས་པ་ནི་ཤེས་སྒྲིབ་ཁོ་ནར་ངེས་ལ། དང་པོ་ལ་གཉིས་ཏེ། ཕུང་པོ་ལ་དམིགས་ནས་གང་ཟག་ཏུ་བདེན་པར་འཛིན་པ་དང༌། གང་ཟག་ལ་དམིགས་ནས་བདེན་པར་ཞེན་པའོ། །དང་པོ་ནི། གང་ཟག་གི་བདག་ཏུ་འཛིན་པ་ཉིད་ཡིན་པས། ཉོན་སྒྲིབ་ཁོ་ནར་ངེས་ལ། གཉིས་པ་ནི། ཤེས་སྒྲིབ་ཁོ་ནར་ངེས་སོ། །དེའི་ཕྱིར་རྫས་འཛིན་རྟོག་པ་དགག་རྟོག་གི་སྒོ་ནས་འཆད་མི་དགོས་སོ། །གཉིས་པ་ནི། བོད་ཕྱི་མ་རྣམས་འདིར་བསྟན་གྱི་བཏགས་འཛིན་རྟོག་པ་སྒྲུབ་རྟོག་ཏུ་འདོད་པ་ཡང་དཔྱད་དགོས་ཏེ། རྫས་འཛིན་དང༌། བཏགས་འཛིན་གཉིས་ཀ་ཡང་འཛིན་སྟངས་ཀྱི་སྒོ་ནས་འཆད་པ་ཉིད་གཞུང་ལུགས་ཀྱི་བབས་དང་མཐུན་པ་ཡིན་ལ། དེའི་ཚེ་ན། བཏགས་པ་ཙམ་དུ་ཞེན་པའི་གོ་དོན་ནི། བདག་མེད་པ་དང༌། བདེན་པར་མེད་པ་ཉིད་དུ་ཞེན་པ་ལ་འཆད་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། བཏགས་པའི་དངོས་པོར་མངོན་པར་ཞེན་པས་ཞེས་མ་ཡིན་དགག་གི་རྣམ་པ་ཅན་དུ་བཤད་པ་ལྟར་ན། སྒྲུབ་པའི་རྣམ་པ་ཅན་དུའང་མི་འགལ་བ་ཙམ་མོ། །འོ་ན་འདིར་བསྟན་གྱི་རྟོག་པ་བཞི་བསྒྲུབ་རྟོག་ཏུ་འཆད་དགོས་པ་དེ་ལྟ་མོད་ཀྱི། ཤེས་བྱའི་སྒྲིབ་པ་ཁོ་ནར་ངེས་པ་དང༌། དེས་ཆ་ལ་ལྡན་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོའི་ཤེས་བྱེད་ནི། འདིར་བསྟན་གྱི་རྟོག་པ་བཞི་ཀ་ཉན་རང་ལ་ཡོད་ཀྱང༌། དེའི་བྱང་ཆུབ་ཐོབ་པའི་གེགས་མ་ཡིན་པར་འགྲེལ་ཆེན་དུ་བཤད་པ་ལས་སོ། །དེ་ལྟར་བཤད་པ་དེ་ཉིད་ཀྱིས་ནི། ཐེག་ཆེན་གྱི་སྦྱོར་ལམ་ལ་འདིར་བསྟན་གྱི་རྟོག་པ་བཞི་པོ་སྤང་བྱར་ལྡན་པའི་སྒོ་ནས་ཁྱད་པར་དུ་འཕགས་པར་གྲུབ་བོ། །དེ་སྐད་དུ་ཡང༌། རྒྱན་སྣང་ལས། རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན། གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང༌། མ་འདྲེས་པར་སྐྱེས་པ་ཡིན་ནོ། །ཞེས་རྣམ་པར་བཞག་གོ །ཞེས་འདིར་བསྟན་རྟོག་པ་བཞི་པོ་ཐེག་པ་ཆེ་ཆུང་གི་བྱང་ཆུབ་ལ་གེགས་སུ་གྱུར་མ་གྱུར་གྱི་སྒོ་ནས་སྦྱོར་ལམ་གཉིས་ལ་ལྡན་མི་ལྡན་གྱི་དོན་དུ་བཤད་དོ། །དེ་ལྟ་མོད་ཀྱི་ལྡན་པའི་དོན་སྤང་བྱ་ཡིན་པ་ལ་བཤད་ན། ཡི་གེའི་དོན་ལ་མི་འཇུག་པས། མཚུངས་པར་ལྡན་པའམ། དབང་དང་ལྡན་པའམ། ས་བོན་དང་ལྡན་པ་གང་རུང་ལ་བཤད་དགོས་སོ། །དེ་ལྟ་ན་ཡང་སྤང་བྱ་ཡིན་པ་དང་མི་འགལ་བའི་ཚུལ་ནི་འདི་ལྟར། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཉམ་གཞག་ན། ཀུན་ནས་ཉོན་མོངས་བཟུང་རྟོག་མངོན་གྱུར་དུ་མི་ལྡན་ཏེ། ཀུན་ནས་ཉོན་མོངས་ཀྱི་བཟུང་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མངོན་དུ་གྱུར་པས་སོ། །དེ་ལྟ་ན་ཡང༌། དེ་མངོན་སུམ་དུ་མ་རྟོགས་པས་དེ་དབང་དང་ལྡན་པས་ལྡན་ནོ། །དེ་བཞིན་དུ་རྩེ་མོའི་མཉམ་གཞག་དུ་རྣམ་བྱང་གི་བཟུང་རྟོག་མངོན་གྱུར་དུ་མེད་དེ། དེར་གཉེན་པོ་རྣམ་བྱང་གི་ཆོས་རྣམས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མངོན་དུ་གྱུར་པས་སོ། །དེ་ལྟ་ན་ཡང་དེ་མངོན་སུམ་དུ་མ་རྟོགས་པས་དེར་བཟུང་རྟོག་གཉིས་ཀ་དབང་དུ་ལྡན་པས་ལྡན་ནོ། །དེ་བཞིན་དུ་བཟོད་པའི་མཉམ་གཞག་ཏུ་གང་ཟག་དང༌། དེར་གདགས་པའི་རྒྱུ་གཉིས་ཀ་ལ་རྫས་སུ་འཛིན་པའི་རྟོག་པ་མངོན་གྱུར་དུ་མི་འབྱུང་སྟེ། ཞེས་སོགས་སྔ་མ་བཞིན་དུ་སྦྱར་རོ། །དེ་ཕན་ཆད་དུ་བཟུང་འཛིན་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་ནས་དེ་ལྟར་ཞེན་པའི་བློ་དེ་ལ་ནི། བཏགས་འཛིན་གྱི་རྟོག་པ་ཞེས་བྱ་ལ། རྟོག་པ་དེ་འདྲ་དེ་ནི། སྦྱོར་ལམ་དང་པོ་གསུམ་གྱི་མཉམ་གཞག་ན་དབང་དང་ལྡན་པས་ལྡན་པར་མ་ཟད། མངོན་གྱུར་དུ་ཡང་ལྡན་ལ། ཆོས་མཆོག་གི་མཉམ་གཞག་དུ་ནི། འདི་མངོན་གྱུར་དུ་མི་ལྡན་ཏེ། དེར་སྤྲོས་བྲལ་རྟོགས་པའི་ཤེས་རབ་མངོན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ན་སྦྱོར་ལམ་དང་པོ་གསུམ་གྱི་མཉམ་བཞག་ན་བདེན་པར་ཞེན་པའི་རྟོག་པ་དབང་ལྡན་དང༌། བདེན་མེད་དུ་ཞེན་པའི་རྟོག་པ་མངོན་གྱུར་དུ་ལྡན་པས་ལྡན་པ་དང༌། ཆོས་མཆོག་གི་མཉམ་གཞག་ན་རྟོག་པ་དེ་གཉིས་ཀ་དབང་ལྡན་ཁོ་ནས་ལྡན་པས་ལྡན་པ་ནི། སྦྱོར་ལམ་དུ་རྟོག་པ་བཞི་ལྡན་ཚུལ་ལོ། །དེ་ནས་ཐེག་ཆེན་གྱི་བཟོད་པ་བར་ཆད་མེད་ལམ་མངོན་དུ་གྱུར་པ་དེའི་ཚེ་ནི། མཐོང་སྤངས་སུ་གྱུར་པའི་རྟོག་པ་བཞིའམ་གཉིས་པོ་དབང་དང་ཡང་མི་ལྡན་ཏེ། དེའི་འགལ་ཟླར་གྱུར་པའི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཕྱིར། དེ་ལྟ་ན་ཡང་མཐོང་སྤངས་རྟོག་པའི་ས་བོན་དང་ལྡན་ཅིང༌། སྒོམ་སྤངས་རྟོག་པ་དབང་དང་ལྡན་ནོ། །དེ་ནས་སྒོམ་ལམ་བར་ཆད་མེད་ལམ་གྱི་དུས་སུ་ནི། སྒོམ་སྤངས་རྟོག་པ་དབང་དང་ཡང་མི་ལྡན་པར་ས་བོན་ཁོ་ན་དང་ལྡན་པས་ལྡན་པ་དང༌། དེ་གཉིས་པོའི་རྣམ་གྲོལ་ལམ་རྫོགས་པའི་ཚེ་ནི། དེ་དང་དེའི་ས་བོན་དང་ཡང་མི་ལྡན་པའོ། །དེ་ལྟར་བཤད་པ་དེས་ནི་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ལ་རྟོག་པ་བཞི་ཇི་ལྟར་ལྡན་པའི་ཚུལ་དང༌། ལྡན་པའི་རྒྱུ་མཚན་གྱིས་དམན་པའི་སྦྱོར་མཐོང་སྒོམ་གསུམ་ལས། ཁྱད་པར་དུ་འཕགས་པའི་ཚུལ་དང༌། སྤང་བྱ་ཇི་ལྟར་ཡིན་པའི་ཚུལ་རྣམས་ལེགས་པར་བཤད་པའོ། །དེ་ཡང་ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱ་ནི། མཐོང་སྒོམ་སོ་སོར་མ་ཕྱེ་བའི་སྤང་བྱ་རྟོག་པ་ལ་ངོས་འཛིན་དགོས་པ་ཡིན་ཏེ། ཇི་སྐད་དུ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་པར་འབྱུང་ཞེས་གསུངས་པས་སོ། །དེ་ཡང་རྩ་བར་ལྡན་པའི་དོན་ནི། འགྲེལ་པར་འབྲེལ་ཞེས་འབྱུང་ལ། འབྲེལ་པ་ཡང་བདག་གཅིག་དང་དེ་བྱུང་གང་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྩ་བར་བརྟེན་པ་ཞེས་གསུངས། དེ་ཡང་ཁར་གཞོང་དང་རྒྱ་ཤུག་ལྟར་རྟེན་བརྟེན་པ་ཡིན་ལ། དེ་ཡང་གྲུབ་པའི་མཐའ་གཞན་ལ་འབྲེལ་པར་གྲགས་པ་ཡིན་ཏེ། ཇི་སྐད་དུ། ཚད་མ་རིགས་པའི་གཏེར་ལས། ཁར་གཞོང་ལ་ནི་རྒྱ་ཤུག་བརྟེན། །དེ་ནི་ལྡན་པའི་འབྲེལ་ཞེས་ཟེར། །ཞེས་གསུངས་སོ། །དེ་ལྟར་ན་ངེས་འབྱེད་ཆ་བཞི་ལ་རྣམ་རྟོག་བཞི་པོ་བརྟེན་པ་ནི་ལྡན་པའི་དོན་ཡིན་ལ། བརྟེན་པའི་དོན་ཡང་འཕྲད་ནས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་པའི་སྒོ་ནས་བརྟེན་པའོ། །གལ་ཏེ་འགལ་བའི་ཕྱིར་ན་འབྲེལ་ཞེས་མི་ཟེར་དུ་ཆུག་ཀྱང༌། དོན་འགལ་བ་ལས་མ་འདས་པས་ལྡན་པའི་སྒྲ་དོན་འདོར་རོ་སྙམ་ན། ཇི་སྐད་དུ། སྒོམ་པའི་ལམ་དང་འབྲེལ་བ་ཡི། །མི་མཐུན་ཕྱོགས་གཞན་རྣམས་པ་དགུ། །ཞེས་བཤད་པ་དང་ཆ་མཐུན་ནོ། །གསུམ་པ་དེས་སྐབས་ལྔ་པར་འཆད་པའི་དཀའ་བའི་གནས་རྣམས་ཇི་ལྟར་གྲོལ་བའི་ཚུལ་ནི། དེར་འཛིན་རྟོག་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པའི་དཀའ་གནས་རང་སར་གྲོལ་བ་དང༌། དེར་བཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་མཐོང་ལམ་གྱི་སྦྱོར་བའི་སྤང་བྱར་བཤད་པ་མི་འགལ་བའི་ཚུལ་དང་གཉིས་ལས། དང་པོ་ནི། ཇི་སྐད་དུ། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་པས་རྫས་འཛིན་རྟོག་པ་སོ་སྐྱེ་ཁོ་ན་དང༌། བཏགས་འཛིན་རྟོག་པ་འཕགས་པ་ཁོ་ན་ལ་ཡོད་པར་བཤད་ཅིང༌། རྫས་ཡོད་དང་བཏགས་ཡོད་གཉིས་ཀྱང་རྟོག་པ་གཉིས་པོའི་འཛིན་སྟངས་སུ་བཤད་དོ། །འདིའི་དོན་ལ་སྔ་རབས་པ་དང༌། ཕྱི་རབས་ཀྱི་མཁས་པ་མང་པོས། དེ་ལྟར་བཤད་མ་བདེ་ནས་རྟོག་པ་གཉིས་པོའི་ངོས་འཛིན་སོ་སོ་སྐྱེ་བོའི་འཛིན་པ་ལ་དམིགས་ནས་རྫས་འཛིན་དུ་ཞེན་པ་དང༌། འཕགས་པའི་འཛིན་པ་ལ་དམིགས་ནས་བཏགས་འཛིན་དུ་ཞེན་པ་གཉིས་ལ་ངོས་བཟུང་ནས། དེ་དུས་ཀྱི་ཡུལ་གྱི་འཛིན་པ་གཉིས་པོ་དེ། སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པ་ཡིན་ནོ། །ཞེས་གསུངས་པ་ཤ་སྟག་བྱུང་ཡང༌། རྟོག་པའི་ངོས་འཛིན་དེ་ལྟར་བྱེད་པ་གཞུང་འགྲེལ་དང་མི་མཐུན་ཞིང༌། གཞུང་ལུགས་ཀྱི་བབས་དང་མི་འགྲིག་ལ། ཉི་སྣང་དུ། སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པ་དེ་ཡུལ་ཅན་འཛིན་རྟོག་གཉིས་པོ་ཁོ་ནའི་དབང་དུ་བྱས་ནས་བཤད་པ་དང་མི་མཐུན་པས་མི་རིགས་སོ། །འོ་ན་ཇི་ལྟར་ཞེ་ན། གོང་དུ་རྒྱས་པར་བཤད་ཟིན་པ་ལྟར། འདིར་སོ་སོར་ངེས་པར་བཤད་པའི་རྟོག་པ་གཉིས་པོ་དེ་མཐོང་སྤངས་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དེ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། སྒོམ་སྤངས་འཛིན་རྟོག་གཉིས་ལ་དེ་ལྟར་ངེས་པ་མི་རུང་བའི་ཕྱིར། དེ་ལའང་གང་ཟག་ལ་དང༌། ཆོས་ལ་རྫས་བཏགས་སུ་ཞེན་པ་གཉིས་ལས། དང་པོའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡིན་པར་རྩ་འགྲེལ་གཉིས་ཀའི་ཚིག་གིས་ཟིན་པའི་ཕྱིར་དང༌། ཆོས་ལ་དེར་འཛིན་པ་གཉིས་དེ་ལྟར་དུ་ངེས་པ་བསྒྲུབ་མི་ནུས་པའི་ཕྱིར། དེ་ལྟར་ན་མཐོང་སྤངས་སུ་གྱུར་པའི་གང་ཟག་ལ་རྫས་ཡོད་དུ་འཛིན་པའི་རྟོག་པ་ནི། སོ་སོ་སྐྱེ་བོ་ཁོ་ན་ལ་ཡོད་དེ། འཕགས་པ་ལ་དེ་མེད་པའི་ཕྱིར། གལ་ཏེ་འདི་ཤེས་བྱའི་སྒྲིབ་པ་ཡིན་པས་ཉན་རང་འཕགས་པ་ལ་ཡོད་དོ་སྙམ་ན། དེ་ཡིན་པས་དེ་ལ་ཡོད་མི་དགོས་པའི་ཤེས་བྱེད་ནི་ཤིན་ཏུ་མང་སྟེ། དཔེར་ན་སྤྱི་མཚན་བདེན་གྲུབ་ཏུ་ཞེན་པ་དང༌། རགས་པ་བདེན་གྲུབ་ཏུ་ཞེན་པའི་བློ་བཞིན་ནོ། །དེ་ལྟ་ན་ཡང༌། དེས་དེ་སྤངས་པ་ནི་མིན་ཏེ། དེས་དེ་བདེན་མེད་དུ་རྟོགས་པའི་བར་ཆད་མེད་ལམ་མ་བསྒོམ་པས་སོ། །དེས་དེ་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་ཡང་མིན་ཏེ། དེ་དེར་རྟོགས་ནས་ངེས་འབྱེད་ཆ་མཐུན་གྱིས་སྒོམ་པ་མེད་པའི་ཕྱིར། གཉིས་པ་ནི། དེའི་རྒྱུད་ལ་གང་ཟག་རྫས་ཡོད་དུ་འཛིན་པ་མེད་དེ། ཉན་ཐོས་ཀྱི་གྲུབ་པའི་མཐའ་ལ་ཡང་གང་ཟག་བཏགས་ཡོད་ཁོ་ནར་འཆད་ཀྱི། རྫས་ཡོད་དུ་འཆད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། ལམ་དུ་ཞུགས་པའི་ཉན་ཐོས་འཕགས་པས་ཀྱང་གང་ཟག་བཏགས་པ་ཙམ་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ལྟ་ན་ཡང་དེའི་རྒྱུད་ལ་གང་ཟག་བཏགས་པ་ཙམ་དུ་ཞེན་པའི་བློ་ནི་ཡོད་དེ། དེས་གང་ཟག་ལ་རྫས་བཏགས་སོགས་ཀྱི་སྤྲོས་པ་དང་བྲལ་བའི་སྤྲོས་བྲལ་གཏན་ལ་མ་ཕེབས་པའི་ཕྱིར། བཏགས་འཛིན་འཕགས་པ་ཁོ་ན་ལ་ཡོད་པར་བཤད་པ་དེ་ཡང༌། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟར་དུ་ཉི་སྣང་ལས་བཤད་པའི་ཕྱིར་དང༌། མོས་པ་ཡིད་བྱེད་ཀྱི་དབང་དུ་བྱས་ན་སོ་སྐྱེ་ལ་མེད་པར་བསྒྲུབ་མི་ནུས་པའི་ཕྱིར་རོ། །འོ་ན་མདོར་བསྟན་དུ། གང་ཟག་ལ་དེར་འཛིན་པ་གཉིས་ཀྱི་དབང་དུ་བྱས་པ་ཡིན་ན། རྒྱས་བཤད་ཀྱིས་ཀྱང་དེ་ལྟར་འཆད་རིགས་སོ་སྙམ་ན། ཉེས་པ་མེད་དེ། ཡུམ་གྱི་མདོར་འཛིན་རྟོག་གཉིས་ལ་མདོར་བསྟན་པ་དང༌། རྒྱས་བཤད་གཉིས་ཀྱི་སྒོ་ནས་བཤད་ལ། དེའི་མདོར་བསྟན་དུ། གང་ཟག་ལ་རྫས་བཏགས་སུ་འཛིན་པའི་གཉེན་པོ་བཤད་ཅིང༌། རྒྱས་བཤད་དུ། ཆོས་ལ་རྫས་བཏགས་སུ་འཛིན་པའི་གཉེན་པོའི་སྒོ་ནས་གསུངས་ལ། བསྟན་འཆོས་སུ་ཡང་དེ་ལྟར་དུ་བཤད་པས་སོ། །གཉིས་པ་ནི། འོ་ན་གོང་དུ་རྟོག་པ་བཞིའི་ལྡན་ཚུལ་དེ་ལྟར་བཤད་པ་དེ་དང༌། སྐབས་ལྔ་པར། གཟུང་རྟོག་དང་པོ་དང༌། འཛིན་རྟོག་དང་པོ་མཐོང་ལམ་གྱི་སྦྱོར་བས་སྤོང་བ་དང༌། གཟུང་འཛིན་གྱི་རྟོག་པ་ཕྱི་མ་གཉིས་འཇུག་པ་བར་ཆད་མེད་ལམ་གྱིས་སྤོང་བར་བཤད་པ་དག་མ་མཐུན་པའི་སྐྱོན་ཡོད་དེ། བར་ཆད་མེད་ལམ་གྱིས་རྟོག་པ་བཞི་ཀའི་ས་བོན་སྤོང་བར་མཚུངས། མངོན་གྱུར་ནི་མི་སྤོང་བར་མཚུངས་པའི་ཕྱིར་དང༌། གཟུང་རྟོག་ནི་གཉིས་ཀ་ཡང་མངོན་གྱུར་པ་ནི། དྲོད་རྩེ་དང་སྤང་གཉེན་དུ་སྦྱར་ལ། ས་བོན་ནི་ཆོས་མཆོག་གིས་ཀྱང་སྤོང་མི་ནུས་པས་སོ་ཞེ་ན། དེའི་ལན་ནི། གོང་དུ་རྒྱས་པར་བཤད་པས་གྲུབ་ཟིན་མོད། གསལ་བར་བཤད་ན་སྤྱིར་ཆོས་མཆོག་གི་མཉམ་གཞག་ན་བཟུང་རྟོག་གཉིས་དང་འཛིན་རྟོག་གཉིས་ཀ་དབང་ལྡན་དུ་ཡོད་པ་ལས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་གི་དངོས་རྒྱུ་ནུས་པ་ཐོགས་མེད་དུ་གྱུར་པའི་ཆོས་མཆོག་ཆེན་པོའི་གནས་སྐབས་སུ་ནི། གཟུང་འཛིན་གྱི་རྟོག་པ་སྔ་མ་གཉིས་དབང་དང་ལྡན་པ་དེ་ཡང་འགགས་པ་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་མཐོང་བའི་མཉམ་གཞག་ཡེ་ཤེས་དངོས་སུ་འདྲེན་ནུས་པས་སོ། །མཐོང་ལམ་ཆོས་བཟོད་དུ་ནི། གཟུང་འཛིན་གྱི་རྟོག་པ་ཕྱི་མ་གཉིས་དབང་དང་ལྡན་པ་དེ་ཡང་འགག་སྟེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ལྟ་བུའི་རིམ་པ་འབྱུང་བ་ཡང༌། རྫས་འཛིན་རྟོག་པ་དབང་ལྡན་དང༌། བཏགས་འཛིན་རྟོག་པ་དབང་ལྡན་གཉིས་ལ་སྤངས་དཀའ་སླའི་ཁྱད་པར་ཡོད་པ་ནི། དེ་གཉིས་སྤང་གཉེན་ཡིན་པའི་རིགས་པས་འགྲུབ་ལ། ཀུན་བྱང་གི་གཟུང་རྟོག་གཉིས་ལ་ཡང་དེའི་རིགས་པས་དེར་གྲུབ་ཅིང༌། སྐབས་སུ་བབས་པ་འཇུག་ལྡོག་གི་རྟོག་པ་གཉིས་ཀྱང་སྤངས་དཀའ་སླའི་ཁྱད་པར་ཡོད་པ་ནི། སྒྲུབ་རྟོག་སྤང་སླ་བ་དང༌། དགག་རྟོག་སྤངས་དཀའ་བའི་ཁྱད་པར་ལས་སོ། །ཅི་སྟེ་འདི་ཙམ་ཞིག་རང་བཟོར་བཤད་པས་ཅི་ཞིག་བྱ་ཞེ་ན། དེ་ཙམ་ཞིག་དཔྱིས་ཕྱིན་པར་མ་བཤད་ན། སློབ་དཔོན་བདག་ཉིད་ཆེན་པོའི་དགོངས་པ་རང་ལུགས་ཀྱི་རྣམ་པར་བཤད་པས་ཇི་ལྟར་འཆད་པའི་ཚུལ་རྣམས་ལེགས་པར་གོ་མི་ནུས་ཤིང༌། དེ་ལྟར་བཤད་པ་ན་གཞུང་འགྲེལ་གུང་ལེགས་པར་སྒྲིག་ནས་འཆད་པར་ནུས་ཤིང༌། རང་ལུགས་ཀྱི་བཤད་པས་སློབ་དཔོན་གྱི་དགོངས་པ་ཇི་ལྟར་འགྲེལ་བའི་ཚུལ་ལ་ཡང༌། གཞན་གྱི་ཀླན་ཀའི་གོ་སྐབས་མེད་པར་འཆད་ཤེས་པའི་དགོས་པ་དང་ལྡན་པ་ཡིན་ནོ། །གསུམ་པ་དེ་དག་གཉེན་པོས་ཇི་ལྟར་སྤོང་བའི་ཚུལ་བཤད་པས་མཇུག་བསྡུ་བ་ལ། ཉོན་མོངས་པའི་རྣམ་པར་རྟོག་པ་ཇི་ལྟར་སྤོང་བའི་ཚུལ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་རྟོག་པ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ནི་སྤྱིར་ཤེས་བྱའི་སྒྲིབ་པ་ནི་འཇིག་རྟེན་པའི་ལམ་གྱིས་སྤོང་བ་མེད་ལ། ཉོན་མོངས་པ་ཅན་གྱི་རྟོག་པ་ལ་མཐོང་སྤངས་དང་སྒོམ་སྤངས་གཉིས་ལས། དང་པོ་དེ་ནི། འཇིག་རྟེན་པའི་ལམ་གྱིས་མ་ལུས་པར་སྤོང་བར་ལྟ་ཞོག ཆ་ཤས་ཙམ་སྤོང་བ་ཡང་མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་པའི་མཐའ་ལ་མེད་པས། དེའི་རྣམ་པར་བཞག་པ་ནི་འདིར་མི་འཆད་དོ། །དེ་བས་ན། སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་རྣམས་ལ་ཇི་ལྟར་སྤོང་བའི་ཚུལ་དང༌། སྤོང་བྱེད་ཀྱི་གཉེན་པོ་ནི་གཉིས་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བའི་ཚུལ་གྱིས་དང༌། མཐར་གྱིས་པའི་ཚུལ་གྱིས་སྤོང་བ་དང༌། གཉེན་པོ་ཡང་ཞི་རགས་ཀྱི་རྣམ་པ་ཅན་དང༌། བདེན་པའི་རྣམ་པ་ཅན་གཉིས་སོ། །དེ་ཡང་སྤོང་ཚུལ་དང་སྤོང་བྱེད་ཀྱི་གཉེན་པོའི་དབང་དུ་བྱས་པ་ནི། འདིར་ངེས་འབྱེད་ཆ་མཐུན་གྱི་སྔ་རོལ་དུ་འབྱུང་དགོས་པ་ཡིན་ཏེ། ཐེག་ཆེན་གྱི་ངེས་ཆ་ནི། ཕལ་ཆེར་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྐྱེ་བར་འཆད་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུང་གྲངས་མང་བར་འབྱུང་བའི་ཕྱིར། ཁྱད་པར་དུ་བརྒྱད་སྟོང་འགྲེལ་ཆེན་དུ་མདོ་སྡེ་དཀོན་མཆོག་སྤྲིན་གྱི་ལུང་དྲངས་ནས། འདིར་རྣམ་པར་ཐར་པ་བརྒྱད་ཐོབ་པར་གསུངས་པའི་ཕྱིར། དེའི་ཕྱིར་སྲིད་རྩེ་མ་གཏོགས་པའི་ས་ལྷག་མ་རྣམས་ཀྱིས་བསྡུས་པའི་སྒོམ་སྤངས་ཉོན་མོངས་ལ། གཉེན་པོ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཆགས་བྲལ་བྱས་པ་དང༌། དེ་ཡང་ངེས་འབྱེད་ཆ་མཐུན་གྱི་སྔ་རོལ་དུ་བྱས་པར་ལུགས་འདིར་ཁས་ལེན་དགོས་པ་ཡིན་ཏེ། ཉི་སྣང་ལས། མཚོན་བྱ་དོན་གྱི་དགེ་འདུན་འཆད་པ་ན། ཇི་སྐད་དུ། ལམ་ཤེས་པ་ཉིད་ལས་དགུ་པོ་རྣམས་ཀྱི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་སྤང་བའི་དོན་དུ། ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་སྒོམ་པའི་ལམ་རྣམ་པ་དགུ་འཆད་པར་འགྱུར་བ་གང་ཡིན་པ་དེ་ལས། དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པའི་གང་ཟག་དག་གིས། གལ་ཏེ་རྣམ་པ་དྲུག་གམ། བདུན་ནམ། བརྒྱད་སྔར་སྤང་བར་འགྱུར་ན་ནི། དེ་ལས་དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པར་འགྱུར་རོ། །གལ་ཏེ་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་འགྱུར་ན་ནི། འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །ཞེས་གསུངས་པས་སོ། །མཐོང་སྤངས་སུ་གྱུར་པའི་ཉོན་མོངས་དང༌། སྲིད་པའི་རྩེ་མོའི་ཉོན་མོངས་ལ་ཆགས་བྲལ་སྔོན་དུ་སོང་བ་ནི་འདིར་ཡང་ཁས་མི་ལེན་ཏེ། ཉི་སྣང་ལས། མཚོན་བྱ་དོན་གྱི་དགེ་འདུན་གྱི་ཐད་དུ། མཐོང་བའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང༌། སྔར་ཡང་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །གཉིས་པ་བདེན་པའི་རྣམ་པ་ཅན་གྱིས་སྤོང་ཚུལ་སྦྱོར་བའི་ལམ་གྱིས་དང༌། བར་ཆད་མེད་པའི་ལམ་གྱིས་སྤོང་ཚུལ་ལོ། །དང་པོ་ནི། མངོན་པ་ལས། སྒོམ་སྤངས་སུ་བཤད་པའི་ཉོན་མོངས་པ་རྣམས་འཕགས་པ་གྲོལ་སྡེའི་ལུགས་འདིར་ནི། ཐེག་པ་ཆེན་པོའི་སྒོམ་པའི་ལམ་གྱིས་སྤོང་བར་ནི་མི་བཞེད་ལ། འོ་ན་ཅི་ཞེ་ན། དེའི་གཉེན་པོ་སྦྱོར་བ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང༌། འཇུག་པ་བར་ཆད་མེད་ལམ་ནི་ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་དོ། །འོ་ན་སྦྱོར་བ་དེས་དེ་སྤོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ལ་གཉིས་ཏེ། འགྲུབ་བྱེད་ཀྱི་ལས་གསོས་འདེབས་བྱེད་ཀྱི་ཆགས་སོགས་དང༌། འཕེན་བྱེད་ཀྱི་ལས་ཀུན་སློང་དུ་གྱུར་པའི་མ་རིག་པའོ། །དང་པོ་ནི། སྔར་བཤད་པའི་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་རྟོག་པ་ཞེས་བྱ་བ་དེ་དང༌། འཛིན་སྟངས་འདྲེས་པའི་ཚུལ་གྱིས་ཡོད་པ་ཡིན་ཏེ། དཔེར་ན། ཆགས་སོགས་དང་དེ་ལ་བླང་བྱར་ཞེན་པའི་རྟོག་པ་གཉིས་མཚུངས་ལྡན་དུ་འབྱུང་བ་བཞིན་ནོ། །གཉིས་པ་ནི། གང་ཟག་རྫས་འཛིན་གྱི་རྟོག་པ་དང༌། འཛིན་སྟངས་འདྲེས་ནས་འབྱུང་བ་ཡིན་ཏེ། དཔེར་ན་ཕུང་པོ་ལ་དམིགས་ནས་བདག་དུ་འཛིན་པ་དང༌། བདག་རྫས་ཡོད་དུ་འཛིན་པའི་རྟོག་པ་མཚུངས་ལྡན་དུ་འབྱུང་བ་བཞིན་ནོ། །དེ་ལྟར་བཤད་པ་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཉམ་གཞག་ན་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་གནས་པ་ལས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཀྱིས། ཀུན་ནས་ཉོན་མོངས་གཟུང་རྟོག་མགོ་གནོན་པའི་སྤོང་གཉེན་བྱེད་པ་དེའི་ཚེ། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་རྟོགས་པ་དེ་དང་མཚུངས་ལྡན་དུ་བྱུང་བའི་ཉོན་མོངས་པ་རྣམས་ཀྱི་ཡང་སྤོང་གཉེན་བྱེད་པ་དང༌། བཟོད་པའི་མཉམ་གཞག་གིས། གང་ཟག་རྫས་འཛིན་གྱི་རྟོག་པའི་གཉེན་པོ་བྱེད་པ་དང༌། དེ་དང་མཚུངས་ལྡན་དུ་བྱུང་བའི་གང་ཟག་གི་བདག་ཏུ་འཛིན་པའི་ཡང་སྤོང་གཉེན་བྱེད་པ་ཡིན་ནོ། །གཟུང་འཛིན་གྱི་རྟོག་པ་ཕྱི་མ་གཉིས་དང་མཚུངས་ལྡན་དུ་བྱུང་བའི་ཉོན་མོངས་པ་ནི། གཞུང་འགྲེལ་ལས་མ་བཤད་པ་བཞིན། འདིར་དེ་དག་གི་རྣམ་པར་བཞག་པ་མ་བྱས་སོ། །དེ་ལྟར་ན་ཐེག་པ་ཆེ་ཆུང་གི་གཞུང་ལས་མཐོང་སྤངས་སུ་བཤད་པའི་ཉོན་མོངས་པ་རྣམས་དང༌། འཇིག་རྟེན་ལས་འདས་པའི་སྒོམ་སྤངས་སུ་བཤད་པའི་ཉོན་མོངས་གཉིས་ཀ་ཡང༌། སྤོང་བྱེད་ཀྱི་གཉེན་པོར་གྱུར་པའི་སྦྱོར་བ་ནི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཁོ་ན་ཡིན་ཏེ། སྤྱིར་ཡང་འདི་སྦྱོར་མཐོང་གཉིས་ཀའི་སྦྱོར་བ་ཐུན་མོང་བ་ཡིན་པ་དང༌། ཐེག་ཆེན་གྱི་སྒོམ་ལམ་གྱི་ཐུན་མོང་མ་ཡིན་པའི་སྦྱོར་བ་ཉེར་བསྡོགས་ཀྱིས་སྒོམ་སྤངས་ཉོན་མོངས་སྤོང་བའི་བཤད་པ་ལུགས་འདི་ལ་མེད་པའི་ཕྱིར་རོ། །གཉིས་པ་བར་ཆད་མེད་ལམ་གྱིས་སྤོང་ཚུལ་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱི་རིགས་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཀྱི་ས་བོན་དྲུངས་འབྱིན་པར་བྱེད་པའི་གཉེན་པོ་ནི། ཐེག་ཆེན་གྱི་མཐོང་ལམ་བཟོད་པ་བར་ཆད་མེད་ལམ་གཅིག་པུ་ཡིན་ཏེ། དེའི་ཤེས་བྱེད་ལུང་དང་རིགས་པ་ལས་སོ། །ལུང་ནི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་དང༌། རིགས་པ་ནི་ཉི་སྣང་ལས། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང་དབང་པོ་དང༌། ཚོགས་ཁྱད་ཞུགས་པའི་ཕྱིར། ཞེས་གསུངས་པས་སོ། །གཉིས་པ་ཤེས་སྒྲིབ་རྟོག་པའི་སྤོང་ཚུལ་དང༌། སྤོང་བྱེད་ཀྱི་གཉེན་པོ་ནི་གཉིས་ཏེ། སྦྱོར་བའི་ལམ་གྱིས་དང༌། བར་ཆད་མེད་པའི་ལམ་གྱིས་སོ། །དང་པོ་ནི་གཉིས་ཏེ། མཐོང་སྒོམ་ལམ་གྱི་ཐུན་མོང་གི་སྦྱོར་བས་དང༌། ཐུན་མོང་མ་ཡིན་པའི་སོ་སོའི་སྦྱོར་བའི་ལམ་གྱིས་སྤོང་ཚུལ་ལོ། །དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ་ནི་ལམ་གཉིས་པོའི་སྤང་བྱ་རྟོག་པ་གཉིས་ཀའི་ཐུན་མོང་གི་སྤོང་གཉེན་དུ་འཇོག་དགོས་པ་ཡིན་ཏེ། དེ་ལམ་གཉིས་ཀའི་དབང་དུ་བྱས་པའི་སྦྱོར་བའི་ལམ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་བཞི་པོ་ཞེས་གསུངས་པས་སོ། །དེ་ཡང་ཇི་ལྟར་ཞེ་ན། དྲོད་ཀྱི་མཉམ་གཞག་ཡེ་ཤེས་སྐྱེས་པ་དང༌། ལམ་གཉིས་པའི་སྤང་བྱ་ཀུན་ནས་ཉོན་མོངས་གཟུང་རྟོག་འགགས་པ་དུས་མཉམ་པ་ན། ཆོས་མཆོག་གི་ཡེ་ཤེས་སྐྱེས་པ་དང༌། དེའི་སྤང་བྱ་བཏགས་འཛིན་རྟོག་པ་འགགས་པ་དུས་མཉམ་པས་སོ། །དེར་དེ་འགགས་པའི་ཚུལ་ཡང༌། མངོན་དུ་གྱུར་པ་འགགས་པ་ཡིན་གྱི། དབང་ལྡན་དུ་གནས་པ་ནི་འགོག་མི་ནུས་ཏེ། དེར་སྤོང་གཉེན་བར་ཆད་མེད་ལམ་དངོས་སུ་འདྲེན་མི་ནུས་པའི་ཕྱིར། དེ་འགགས་པའི་འགོག་པ་དེ་ཡང་བརྡའི་འགོག་པ་ཡིན་ཏེ། འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པས་ཐོབ་པའི་འགོག་པ་ཡིན་པའི་ཕྱིར། ཁ་ཅིག་འདི་བརྟགས་མིན་གྱི་འགོག་པ་ཡིན་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་འགོག་པ་ཡིན་པའི་ཕྱིར་རོ། །འོ་ན་སྦྱོར་ལམ་བཞིའི་མཉམ་གཞག་དུ་རྟོག་པ་བཞི་པོ་དེ་མངོན་གྱུར་དུ་ལྡན་པ་འགགས་མ་འགགས་ཀྱི་ཁྱད་པར་དབྱེ་མི་ནུས་ཏེ། བཞི་ཀའི་མཉམ་གཞག་དུ་རྟོག་པ་བཞི་ཀ་མངོན་གྱུར་དུ་མི་འབྱུང་བ་ནི་མཚུངས་པའི་ཕྱིར་རོ་སྙམ་ན། དེ་ལྟ་མོད་ཀྱི་ཁྱད་པར་དེ་འབྱེད་ནུས་པའི་རྒྱུ་མཚན་ནི། དྲོད་ཀྱི་རྗེས་ཐོབ་དུ་ཀུན་ནས་ཉོན་མོངས་བཟུང་རྟོག་མངོན་གྱུར་དུ་མི་འབྱུང་ལ། རྣམ་བྱང་བཟུང་རྟོག་མངོན་གྱུར་དུ་འབྱུང་བ་དང༌། བཟོད་པའི་རྗེས་ཐོབ་དུ་རྫས་འཛིན་རྟོག་པ་མངོན་གྱུར་དུ་མི་འབྱུང་ལ། བཏགས་འཛིན་རྟོག་པ་མངོན་གྱུར་དུ་འབྱུང་བ་ཡིན་ནོ། །དེའི་ཕྱིར་དྲོད་ཀྱི་མཉམ་གཞག་དུ་གཟུང་རྟོག་དང་པོ་དབང་དང་མི་ལྡན་ཅིང༌། གཉིས་པ་དབང་དང་ལྡན་པ་དང༌། བཟོད་པའི་མཉམ་བཞག་དུ་འཛིན་རྟོག་དང་པོ་དབང་དང་མི་ལྡན་ཅིང༌། འཛིན་རྟོག་གཉིས་པ་དབང་དང་ལྡན་པ་ཡིན་ནོ། །དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང༌། གཟུང་རྟོག་དང་པོ་སྤང་བྱའི་རྟོག་པ་དང༌། གཟུང་རྟོག་གཉིས་པ་དེའི་གཉེན་པོར་གྱུར་པའི་རྟོག་པ་དང༌། འཛིན་རྟོག་དང་པོ་སྤང་བྱའི་རྟོག་པ་དང༌། འཛིན་རྟོག་གཉིས་པ་དེའི་གཉེན་པོར་གྱུར་པའི་རྟོག་པ་ཡིན་པའི་རིམ་པ་ལས་སོ། །གལ་ཏེ་འཛིན་རྟོག་ཕྱི་མ་གཉིས། གཅིག་བདེན་འཛིན་གྱི་རྟོག་པ་དང༌། ཅིག་ཤོས་བདེན་མེད་དུ་འཛིན་པའི་རྟོག་པ་ཡིན་པས། སྤང་གཉེན་དུ་འགྱུར་བ་དེ་ལྟ་མོད་ཀྱི། གཟུང་རྟོག་གཉིས་པ་ལ་དེ་ལྟར་འཆད་ནུས་པའི་རྒྱུ་མཚན་ཅི་ཞེ་ན། བཤད་པ། གཟུང་རྟོག་དང་པོ་ནི། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་བླང་བྱར་ཞེན་པ་དང༌། གཉིས་པ་ནི། དེའི་འགལ་ཟླ་རྣམ་བྱང་གི་ཕྱོགས་ལ་བླང་བྱར་ཞེན་པ་ཡིན་པའི་རིམ་པ་ལས་སོ། །དེའི་ཤེས་བྱེད་ཀྱང༌། གཟུང་རྟོག་དང་པོའི་སྐབས་སུ་འགྲེལ་པ་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པ་དང༌། འཕགས་པའི་ལམ་ལ་མི་གནས་པ་དང༌། ཞེས་སོགས་དང༌། དེའི་ཐད་ཀྱི་མདོ་ལས། ཤིན་ཏུ་གསལ་ལ། གཟུང་རྟོག་གཉིས་པའི་སྐབས་སུ་སྟོང་པ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། མཐོང་སྒོམ་མི་སློབ་པའི་ལམ་གསུམ་ལ་དམིགས་པར་བཤད་པས་སོ། །རྣམ་བྱང་གི་རྟོག་པ་དེ་ལ་ཡང༌། སྤྱིར་རྣམ་བྱང་ཙམ་ལ་བླང་བྱར་ཞེན་པའི་གཉེན་པོར་ཟློག་པ་གཟུང་རྟོག་གསུང་བ་ཡིན་པས། དེ་ཡང་རྣམ་བྱང་བཟུང་རྟོག་གི་ནང་ཚན་སོ་སོར་སྤང་དཀའ་སླ་འབྱུང་བའི་ཤེས་བྱེད་དོ། །དེ་ལྟ་ཡིན་པ་འོ་ན། རྣམ་བྱང་གཟུང་རྟོག་དང༌། རྫས་འཛིན་རྟོག་པ་ལ་ཡང་སྤང་གཉེན་གྱི་རིམ་པ་ཡོད་པར་ཧ་ཅང་ཐལ་ལོ་སྙམ་ན། སྤྱིར་རྫས་འཛིན་གྱི་རྟོག་པ་ཙམ་ནི་གཟུང་རྟོག་གཉིས་ཀྱི་ནང་ལ་ཡང་ཡོད་ལ། འདིར་ནི་འཛིན་རྟོག་དུ་གྱུར་པའི་རྫས་འཛིན་དེ་ཉིད་སྐབས་སུ་བབས་པ་ཡིན་ཅིང༌། དེ་དང་རྣམ་བྱང་གི་གཟུང་རྟོག་ལ་སྤང་དཀའ་སླའི་ཁྱད་པར་འབྱུང་བ་ནི། སྤང་གཉེན་གྱི་རིམ་པ་ཡོད་པས་མ་ཡིན་གྱི། སྤྱིར་གཟུང་འཛིན་གྱི་རྟོག་པ་སྤོང་བའི་རིམ་པ་ལས་ཡིན་ནོ། །དེ་གཉིས་ལ་རིམ་པ་དེ་ལྟར་འབྱུང་བའི་ཤེས་བྱེད་ཀྱང༌། ཐོག་མར་གཟུང་བ་བདེན་མེད་དུ་གཏན་ལ་མ་ཕེབས་ན། འཛིན་པ་བདེན་མེད་དུ་གཏན་ལ་མི་ཕེབས་ཏེ། ཇི་སྐད་དུ། གཟུང་བ་མེད་ན་འཛིན་པ་མེད་དོ་ཞེས། དེ་དེའི་སྒྲུབ་བྱེད་དུ་གསུངས་པའི་ཕྱིར། གཉིས་པ་སྦྱོར་བ་སོ་སོའི་སྤོང་ཚུལ་ལ། ལམ་གཉིས་པོའི་ཐུན་མོང་མ་ཡིན་པའི་སྦྱོར་བ་ནི་གཉིས་ཏེ། མཐོང་ལམ་གྱི་དང༌། སྒོམ་ལམ་གྱིའོ། །དེ་ཡང་ལམ་གཉིས་པའི་སྦྱོར་བ་ཉེར་བསྡོགས་ནི་གཞུང་ལས་གསལ་བར་གསུངས་ལ། མཐོང་ལམ་གྱི་སྦྱོར་བ་ཉེར་བསྡོགས་ལུས་རྣམ་གཞག་དུ་རྐང་གྲངས་ཙམ་གསུངས་ཀྱང་ཡན་ལག་རྒྱས་བཤད་དུ། དེའི་ངོས་འཛིན་གསལ་བར་མ་གསུངས་ཤིང༌། སློབ་དཔོན་གྱིས་ནི་མིང་ཙམ་གསུངས་ཀྱང༌། དེའི་ངོས་འཛིན་གསལ་བར་མ་གསུངས་པས། མི་མཐུན་པར་འཆད་པ་དུ་མ་བྱུང་ཡང༌། མཛོད་ཀྱི་འགྲེལ་བཤད་དུ། ཆོས་མཆོག་གི་ཡེ་ཤེས་ལ་བཤད་པ་དེ་ཉིད་འདིར་ཡང་རིགས་པས། ཐེག་ཆེན་གྱི་ཆོས་མཆོག་ཐ་མའི་ཡེ་ཤེས་དེའོ། །འོ་ན་དེས་མཐོང་སྤངས་རྟོག་པའི་སྤོང་གཉེན་ཇི་ལྟར་བྱེད་ཅེ་ན། སྔར་གོང་དུ་བཤད་པའི་ཐུན་མོང་གི་སྦྱོར་བས་ནི་རྟོག་པ་ལ་ཀུན་བརྟགས་ལྷན་སྐྱེས་སོ་སོར་མ་ཕྱེ་བར་གཉིས་ཀ་མངོན་གྱུར་དུ་ལྡན་པ་ལ་གནོད་པ་བྱས་པ་ཡིན་ལ། དེ་ལྟར་བྱས་ཟིན་པའི་འོག་དུ་རྟོག་པ་བཞི་ཀ་ཆོས་མཆོག་ཆུང་འབྲིང་གི་ཚེ། དབང་ལྡན་གྱི་ཚུལ་གྱིས་གནས་པ་དེ་ལ། ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཆ་སོ་སོར་ཕྱེ་ནས། ཀུན་བཏགས་ཀྱི་ཆ་རྣམས་ནི་མཐོང་ལམ་གྱི་སྦྱོར་བས་མགོ་གནོན། ཅིག་ཤོས་ནི། སྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱིས་གནོན་ནོ། །དེ་ཡང་ཇི་ལྟར་ཞེ་ན། དེ་ཡང་བྱང་སེམས་ཀྱི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ལ་ཆ་སྔ་ཕྱི་གཉིས་སུ་ཕྱེ་ནས། སྔ་མས་ཀུན་བརྟགས་ཀྱི་ཆར་གྱུར་པའི་གཟུང་འཛིན་གྱི་རྟོག་པ་སྔ་མ་གཉིས་ལ་གནོད་པ་བྱས། དེའི་རྒྱུ་མཚན་གྱིས་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཀྱི་ཆ་ཕྱི་མ་སྐྱེས་པ་དང༌། རྟོག་པ་སྔ་མ་གཉིས་དབང་ལྡན་དེ་ཡང་འགགས་པ་དུས་མཉམ། ཆ་ཕྱི་མ་དེས་ལྡོག་པ་ཟུང་རྟོག་དང༌། བཏགས་འཛིན་རྟོག་པ་ཀུན་བརྟགས་དབང་ལྡན་དུ་གནས་པ་དེ་ལ་གནོད་པ་བྱས། དེའི་རྒྱུ་མཚན་གྱིས་ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་དང་པོ་སྐྱེས་པ་དང༌། རྟོག་པ་ཕྱི་མ་གཉིས་དབང་ལྡན་འགགས་པ་དུས་མཉམ། དེ་ལྟར་གྱུར་པ་ན། མཐོང་ལམ་བར་ཆད་མེད་ལམ་གྱིས་དུས་དེར་རྟོག་པ་ཀུན་བཏགས་ཀྱི་ས་བོན་ཁོ་ན་དང་ལྡན་ཞིང༌། རྣམ་པར་གྲོལ་བའི་ལམ་རྫོགས་པའི་ཚེ་དེའི་ས་བོན་ཡང་སྤངས་སོ། །མཐོང་ལམ་དེའི་རྗེས་ཐོབ་ཀྱི་ཚེ་སྒོམ་སྤངས་སུ་གྱུར་པའི་ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྫས་འཛིན་རྟོག་པ་མངོན་གྱུར་དུ་མི་འབྱུང་སྟེ། དེ་སྔར་ཐུན་མོང་གི་སྦྱོར་བའི་དྲོད་དང་བཟོད་པའི་རྗེས་ཐོབ་ཏུ་ཡང་མི་འབྱུང་བའི་ཕྱིར། སྒོམ་སྤངས་སུ་གྱུར་པའི་རྣམ་བྱང་གཟུང་རྟོག་དང༌། བཏགས་འཛིན་གྱི་རྟོག་པ་ནི་མངོན་གྱུར་དུ་འབྱུང་སྲིད་ལ། སྒོམ་སྤངས་སུ་གྱུར་པའི་རྟོག་པ་བཞི་ཀ་དབང་དང་ལྡན་པ་ནི་ཐེག་ཆེན་མཐོང་ལམ་གྱི་མཉམ་རྗེས་ཀྱི་གནས་སྐབས་ཐམས་ཅད་དུའོ། །གཉིས་པ་སྒོམ་ལམ་གྱི་སྦྱོར་བ་ཉེར་བསྡོགས་ཀྱི་སྤོང་ཚུལ་ནི། སྒོམ་ལམ་བར་ཆད་མེད་ལམ་དགུ་ལ་སྦྱོར་བའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུ་དགུར་འབྱེད་ནུས་པར་ནི་ལུང་དང་རིགས་པས་གྲུབ་ལ། དེ་ཡང་གཅིག་ལ་མཚོན་ན། ལྷན་སྐྱེས་སུ་གྱུར་པའི་སྒོམ་སྤངས་རྟོག་པ་ཆེན་པོའི་ཆེན་པོ་དེ་སྤོང་བར་བྱེད་པའི་སྦྱོར་བའི་ལམ་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཆུང་ངུའི་ཆུང་ངུ་ཞེས་བྱ་བ་དེ་ཡིན་ལ། དེས་ཤེས་མ་ཐག་པའི་སྒོམ་སྤངས་སུ་ལྷན་སྐྱེས་ཆེན་པོའི་ཆེན་པོ་དབང་ལྡན་པ་དེ་ལ་གནོད་པ་བྱས་ནས། གཉེན་པོ་དེ་རྫོགས་པར་སྐྱེས་པ་དང༌། དེ་དབང་དང་ལྡན་པ་དེ་འགགས་ནས། ས་བོན་ཁོ་ན་དང་ལྡན་པར་བྱེད་དོ། །དེ་ཡང་སློབ་དཔོན་གྱི་བཞེད་པ་ལྟར་ན། སྒོམ་སྤངས་རྟོག་པ་བཞི་ལ་ཡང་མཐོང་སྤངས་རྟོག་པ་བཞི་པོའི་མིང་གཞུང་རྩ་བས་ཟིན་པ་དེ་ཉིད་སྦྱར་ནས་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་སྦྱོར་བའི་ལམ་གྱིས་སྤོང་བ་དང༌། ཕྱི་མ་གཉིས་འཇུག་པའི་ལམ་གྱིས་སྤོང་བར་བཞེད་པས། དེའི་སྤོང་ཚུལ་མཐོང་སྤང་གི་སྐབས་བཞིན་སྦྱར་བར་བྱའོ། །འཕགས་པའི་དགོངས་པས་ནི། སྦྱོར་འཇུག་གཉིས་དང༌། རྟོག་པ་གཉིས་ཚན་སོ་སོར་སྤང་གཉེན་དུ་སྦྱོར་བར་མི་མཛད་ཀྱི། རྟོག་པ་ཐམས་ཅད་ཀྱི་ས་བོན་མགོ་གནོན་པ་དང༌། དྲུངས་འབྱིན་པའི་དབྱེ་བས་སོ་སོར་སྦྱར་བ་ཉིད་ལེགས་སོ་ཞེས་བོད་སྔ་མ་རྣམས་གསུང་ངོ༌། །སློབ་དཔོན་གྱི་བཞེད་པ་འདི་ལྟར་འཆད་ནུས་ཏེ། ལམ་གཉིས་པོའི་སྤང་བྱ་རྟོག་པ་ལ་ཕྲ་རགས་གཉིས་ལས། རགས་པ་རྣམས་སྦྱོར་བ་དང༌། ཕྲ་བ་རྣམས་འཇུག་པས་སྤོང་ཞིང༌། ཕྲ་རགས་ཀྱི་མཚན་གཞི་ཡང་གོང་དུ་བཤད་པ་བཞིན་ནོ། །གཉིས་པ་བར་ཆད་མེད་ལམ་གྱིས་སྤོང་ཚུལ་ནི། ལམ་གཉིས་པོའི་བར་ཆད་མེད་ལམ་གྱིས་རང་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་པར་བྱེད་པ་ལ་ཁྱད་པར་མེད་ལ། བར་ཆད་མེད་ལམ་གྱི་དབྱེ་བ་དང༌། སྐྱེ་བའི་རིམ་པ་ནི་འོག་དུ་མཐོང་ལམ་སྐྱེ་ཚུལ་གྱི་རྣམ་པར་བཞག་པ་དང༌། སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་འཆད་པས་དེར་བལྟ་བར་བྱའོ། །དེ་ནས་བག་ལ་ཉལ་སྤོང་བའི་ཚུལ་མདོ་ཙམ་བརྗོད་ན། སྤང་བྱ་བག་ལ་ཉལ་གང་ཡིན་པ་དང༌། དེ་སྤོང་བྱེད་ཀྱི་གཉེན་པོ་གང་ཡིན་པའོ། །དང་པོ་ལ་ངོ་བོ་ནི། སྤང་བྱ་རྣམ་པར་རྟོག་པས་བཞག་པའི་གནས་ངན་ལེན་ནོ། །དེ་ལའང་གཉིས། རྣམ་པར་རྟོག་པ་གཞན་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་པ་དང༌། མེད་པའོ། །དང་པོ་ལ་ནི་རྟོག་པའི་ས་བོན་ཞེས་བྱ་ལ་དེ་ལའང་ཉོན་མོངས་སུ་གྱུར་པའི་རྟོག་པས་གཞག་པའི་བག་ཆགས་དང༌། ཤེས་སྒྲིབ་དུ་གྱུར་པའི་རྟོག་པས་བཞག་པའི་བག་ཆགས་གཉིས། དང་པོ་ལ་ཉོན་སྒྲིབ་ཀྱི་ས་བོན་ཡིན་པ་དང་མིན་པ་གཉིས་ལས། དང་པོ་ནི་ཉོན་སྒྲིབ་ཀྱི་གཉེན་པོ་གང་ཡིན་པ་དེ་ཉིད་ཀྱིས་ཉོན་སྒྲིབ་གང་དུ་སྤངས་པའི་དུས་དང་གནས་སྐབས་དེ་ཉིད་དུ་སྤངས་སོ། །གཉིས་པ་ལ་མཐོང་སྤངས་སུ་གྱུར་པའི་རྟོག་པ་བསྐྱེད་བྱེད་དང༌། སྒོམ་སྤངས་སུ་གྱུར་པའི་རྟོག་པ་བསྐྱེད་བྱེད་གཉིས་ལས། དང་པོ་ནི། མཐོང་སྤངས་ཤེས་སྒྲིབ་གང་དུ་སྤངས་པའི་གནས་དེ་ཉིད་དུ་དང༌། གཉིས་པ་ནི། སྒོམ་སྤངས་ཤེས་སྒྲིབ་གང་དུ་སྤངས་པའི་གནས་དང་དུས་དེ་ཉིད་དུ་སྤངས་པ་ཡིན་ཏེ། ཇི་སྐད་དུ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་བསྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་བོ་ཞེས་དང༌། སྔ་མ་བཞིན་དུ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར། དེ་དག་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པས། ཞེས་གསུངས་སོ། །འདིར་དེ་དག་གིས་བསྡུས་པས་ཞེས་པས་ནི་ཉོན་མོངས་པའི་མིང་ཅན་དེ་དག་ཤེས་སྒྲིབ་དུ་སྟོན་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་པ་དབྱིག་གཉེན་གྱི་ལུང༌། སློབ་དཔོན་གྱི་ཞལ་སྔ་ནས་ཁུངས་སུ་འདྲེན་པར་མཛད་པ་དེ་བཞིན་ནོ། །གཉིས་པ་ཤེས་སྒྲིབ་རྟོག་པས་བཞག་པའི་གནས་ངན་ལེན་ཤེས་སྒྲིབ་ཀྱི་རྟོག་པ་ཕྱི་མ་བསྐྱེད་བྱེད་དུ་གྱུར་པ་དེ་ཡང༌། ཤེས་སྒྲིབ་ཀྱི་ས་བོན་ཉིད་ཡིན་པས། ཤེས་སྒྲིབ་ཀྱི་རྟོག་པ་གང་དུ་སྤངས་པའི་གནས་དང་དུས་དེ་ཉིད་དུ་སྤངས་སོ། །དེ་ལྟར་སྤང་བྱ་རྟོག་པ་ཐམས་ཅད་མཐོང་སྤངས་དང་སྒོམ་སྤངས་གཉིས་སུ་བསྡུས་ནུས་ཤིང༌། དེའི་ས་བོན་ཐམས་ཅད་ཀྱང་ལམ་དེ་གཉིས་ཀྱི་སྤང་བྱར་འདུས་སོ། །གཉིས་པ་རྟོག་པ་ཕྱི་མ་བསྐྱེད་པར་མི་ནུས་པའི་གནས་ངན་ལེན་གང་ཡིན་པ་དེ་ལ་ནི། སྤང་བྱ་དེ་གཉིས་སུ་མ་འདུས་པའི་གནས་ངན་ལེན་གྱི་སྒྲིབ་པ་ཞེས་བྱ་ལ། དེ་ལ་ཡང་ཉོན་སྒྲིབ་ཀྱི་དང༌། གནས་ངན་ལེན་གྱི་དབྱེ་བས་གཉིས་སོ། །གཉིས་པ་དེ་དག་སྤོང་བྱེད་ཀྱི་གཉེན་པོ་གང་ཡིན་པ་ནི། སྤང་བྱ་གཉིས་ཀྱིས་བསྡུས་པར་བཤད་མ་ཐག་པ་དེ་དག་གི་གཉེན་པོ་ནི། མཐོང་ལམ་སྦྱོར་འཇུག་དང༌། སྒོམ་ལམ་སྦྱོར་འཇུག་དག་གོ །གཉིས་པོས་མ་བསྡུས་པའི་གནས་ངན་ལེན་གྱི་སྒྲིབ་པར་བཤད་མ་ཐག་པ་དེ་ཉིད་དོ། །དེའི་གཉེན་པོ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ལ། དེ་ལ་ཡང་སྦྱོར་འཇུག་གཉིས་སུ་དབྱེ་དགོས་ཏེ། མངོན་པ་ཀུན་ལས་བཏུས་སུ་གནས་ངན་ལེན་ཉི་ཤུ་རྩ་བཞིར་བཤད་ནས། དེའི་གཉེན་པོ་འཆད་པ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། སྦྱོར་བའི་ལམ་གྱིས་བསྡུས་པ་དང༌། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ་ཞེས་གསུངས་པས་སོ། །འོ་ན་སྒྲིབ་པ་གཉིས་ཀྱི་ས་བོན་སྤངས་པ་དང༌། གནས་ལེན་སྤངས་པ་ལ་ངོ་བོ་དང་གནས་སྐབས་ཀྱི་ཁྱད་པར་ཅི་ཡོད་ཅེ་ན། ངོ་བོའི་ཁྱད་པར་ནི་སྤངས་པ་དང་གནས་གྱུར་པ་ཞེས་བྱ་བ་དེ་ཉིད་ཡིན་ནོ། །གནས་སྐབས་ཀྱི་ཁྱད་པར་ནི། སྒོམ་ལམ་རྩེ་སྦྱོར་རྫོགས་པར་སྐྱེས་པ་ན། སྒོམ་སྤངས་རྟོག་པ་དགུའི་ས་བོན་མ་ལུས་པར་སྤངས་ཟིན་ལ། དེ་ནས་དེའི་འོག་ཏུ་བར་ཆད་མེད་པའི་རྩེ་སྦྱོར་གྱིས་གནས་ལེན་གྱི་སྒྲིབ་པ་སྤོང་དགོས་པ་ཡིན་ནོ། །དེ་ལྟར་འཆད་ཤེས་ན་རྩེ་སྦྱོར་ལ་གསུམ་དུ་ཕྱེ་བ་དང༌། དེའི་སྤང་བྱ་ཡང་གསུམ་དུ་ཕྱེ་བའི་ཁྱད་པར་གྲུབ་པ་ཡིན་ཏེ། བརྟེན་པ་ཡོན་ཏན་གྱི་མཚམས་སྦྱར་དུའང༌། སྒོམ་ལམ་རྩེ་སྦྱོར་རྫོགས་པ་ན་སྒོམ་སྤངས་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པར་བཤད་ནས། དེའི་འོག་ཏུ་བར་ཆད་མེད་རྩེ་འབྱུང་བར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་སྒོམ་པའི་ལམ་ལ་གནས་པ་ལ་བརྟེན་ཏོ་ཞེས་དང༌། སྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ལམ་ཡིན་པས། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་གསུངས་སོ། །འོ་ན་སྤང་བྱའི་ས་བོན་གནས་ངན་ལེན་དུ་འཆད་པ་འདི་ལ་ཁུངས་སུ་བྱ་བ་ཇི་ལྟར་ཡོད་ཅེ་ན། མངོན་པ་ཀུན་ལས་བཏུས་ལས། འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ཡིན་པ་དེ་ལས་སྤོང་ངོ༌། །གནས་ངན་ལེན་གྱི་རྣམ་པ་གང་གིས་གཉེན་པོ་གང་བྱུང་བ། གཉེན་པོའི་རྣམ་པ་དེ་བྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་སྟེ་ཞེས་དང༌། གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས་ཉོན་མོངས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་ནི་སྤོང་བའོ། །ཞེས་གསུངས་པས་སོ། །དེ་ལྟར་ཤེས་པ་ན་སྤང་བྱ་ཐམས་ཅད་མཐོང་སྤངས་དང་སྒོམ་སྤངས་དང༌། གནས་ངན་ལེན་གྱི་སྒྲིབ་པ་ཞེས་བྱ་བ་གསུམ་དུ་འདུས་ཤིང༌། གཉེན་པོ་བར་ཆད་མེད་པའི་ལམ་ཐམས་ཅད་མཐོང་སྒོམ་གཉིས་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་རྣམ་པ་གསུམ་དུ་འགྱུར་རོ། །གང་གང་གཉེན་པོ་དེ་དེའི་སྤང་བྱ་དག །ཇི་ལྟར་སྤོང་ཚུལ་བཤད་འདི་འཕགས་སེང་གིས། །མདོ་རྒྱན་འཆད་ཚུལ་ལྟ་བའི་མེ་ལོང་ཡིན། །འདི་ན་ཤེས་ལྡན་ཡོད་དམ་འདི་ལྟོས་ཤིག །མདོ་འགྲེལ་རྒྱས་པ་ཇི་བཞིན་མ་བཀླགས་པར། །འཆལ་གཏམ་དབྱངས་སུ་ལེན་པའི་ཟློས་གར་གྱིས། །དད་པའི་རྗེས་འབྲངས་མགུ་བྱེད་རོལ་རྩེད་མཁན། །སྙོམས་ལས་བདེ་བའི་མལ་དུ་གཉིད་ལོག་ཅིག།  །།གསུམ་པ་འཇུག་བྱ་བསྒྲུབ་པའི་ཡན་ལག་གི་ཆོས་བཤད་པ་ལ་བཞི་སྟེ། བསྒྲུབ་པའི་རྟེན། བསྒྲུབ་པའི་དམིགས་པ། བསྒྲུབ་པའི་ཆེད་དུ་བྱ་བ། བསྒྲུབ་པ་རང་གི་ངོ་བོ་བཤད་པའོ། །དང་པོ་ལ། རིགས་སྤྱིའི་རྣམ་པར་བཞག་པ་རྒྱས་པར་བཤད། བདེ་གཤེགས་སྙིང་པོའི་རྣམ་གཞག་བསྡུས་ཏེ་བསྟན། དེ་ལས་འཕྲོས་པའི་བརྒལ་ལན་འགའ་ཞིག་བཤད་པའོ། །དང་པོ་ལ་རིགས་ཙམ་གྱི་རྣམ་བཞག་དང༌། བསྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ངོས་བཟུང་བའོ། །དང་པོ་ལ། གྲུབ་མཐའ་སྨྲ་བ་བཞིའི་འདོད་ཚུལ་བཞི་ལས། དང་པོ་བྱེ་བྲག་དུ་སྨྲ་བའི་འདོད་ཚུལ་ནི། ཇི་སྐད་དུ། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་གྱི་ཚུལ་བསྟན་ཐ་མས་ལས། །ཞེས་གསུངས་པ་དེ་ལྟར་རོ། །གཉིས་པ་མདོ་སྡེ་པའི་འདོད་པ་ནི། རྒྱལ་པོ་སྲས་ལས། དེ་ལས་མདོ་སྡེ་པ་དག་གི་རིགས་ཞེས་བྱ་བ་ནི། སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང༌། སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་འབྱུང་ངོ༌། །གསུམ་པ་རྣམ་རིག་པའི་འདོད་ཚུལ་ལ་གཉིས་ཏེ། རིགས་བཤད་པ། བདེ་བར་གཤེགས་པའི་སྙིང་པོ་གང་ཡིན་པའོ། །དང་པོ་ལ། ངོ་བོ། དབྱེ་བ། རིགས་ཆད་པ་སྲིད་མི་སྲིད་ཀྱི་རྣམ་པར་བཞག་པའོ། །དང་པོ་ནི། བྱང་ས་ལས། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང༌། ཡང་དག་པར་བསྒྲུབ་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་དུ་བརྒྱུད་དེ་འོང་ལ། ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབ་པའི་རིགས་ནི། སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་དང༌། ཉན་ས་ལས། འོ་ན་རིགས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་དང༌། སྐྱེ་མཆེད་དྲུག་གིས་ཟིན་པ་དང༌། ཆོས་ཉིད་ཀྱིས་ཐོབ་པ་དང༌། ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དེ་ལྟ་བུ་ཡིན་ཏེ། ཞེས་གསུངས་པས་སོ། །དེའི་དོན་བཤད་ན། སྐྱེ་མཆེད་དྲུག་ཅེས་པ་ནང་གི་སྐྱེ་མཆེད་ལ་བྱ་དགོས་ཏེ། ལུགས་འདི་ལ་ཕྱི་རོལ་གྱི་དོན་སྐྱེ་མཆེད་དུ་ཁས་མི་ལེན་ཅིང༌། ཆོས་ཀྱི་སྐྱེ་མཆེད་ལ་ཡང༌། འདུས་མ་བྱས་རྟག་པ་རྣམས་ནི་རྒྱུ་མ་ཡིན་པས་རིགས་སུ་བཞག་མི་ནུས། སེམས་ལས་བྱུང་བ་རྣམས་ཀྱང་རྣམ་འགྱུར་ཡིན་གྱི། རང་བཞིན་མ་ཡིན་པས། དེར་བཞག་མི་ནུས་པའི་ཕྱིར་རོ། །དེ་བས་ན་ནང་གི་སྐྱེ་མཆེད་ཀྱི་ཁྱད་པར་ཡིན་ལ། དེ་ཡང་དབང་པོ་ལྔ་ནི་གནས་སྐབས་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རིགས་མ་ཡིན་ལ། དེས་ན་དྲུག་པ་ཡིད་ཀྱི་སྐྱེ་མཆེད་ཀྱི་ཁྱད་པར་དུ་བཞག དེ་ཡང་ཉོན་ཡིད་དང༌། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དང༌། དེའི་ཁྱད་པར་གང་ཡང་གནས་སྐབས་ཀྱི་དབང་དུ་བྱས་པ་ཡིན་པས། རང་བཞིན་དུ་མི་རུང་བའི་ཕྱིར་ན། ཀུན་གཞིའི་རྣམ་པར་ཤེས་པའི་ཁྱད་པར་ལ་འཆད་དགོས་ལ། དེ་ལ་ཡང་ས་བོན་དང་རྣམ་སྨིན་གཉིས་ལས། གཉིས་པ་ནི། གསར་དུ་བཅོས་པའི་ཕྱིར་ན་དེར་མི་རུང་བས་དང་པོའི་ཆ་ནས་འཆད་དགོས་ལ། དེ་ཡང་དེའི་སྟེང་གི་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ཞིག་ལ་བྱའོ། །དེ་ལ་མིང་གི་རྣམ་གྲངས་ནི་ཟག་པ་མེད་པའི་ས་བོན་དང༌། ཐོས་པའི་བག་ཆགས་དང༌། སྒྲིབ་པ་སྤང་རུང་ཞེས་བྱའོ། །དེ་ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་སྟེ། དབང་པོ་རྟུལ་པོ་དང༌། འབྲིང་པོས་གང་ཟག་གི་བདག་མེད་ཙམ་སྟོན་པའི་གསུང་རབ་ཐོས་པའི་རྐྱེན་གྱིས་གསོས་འདེབས་པ་དང༌། དབང་པོ་རྣོན་པོས་བདག་མེད་གཉིས་ཀ་སྟོན་པའི་གསུང་རབ་ཐོས་པའི་རྐྱེན་གྱིས་གསོས་འདེབས་པའི་དབྱེ་བས་གསུམ་མོ། །དེ་ལ་ཡང་རིགས་ངེས་པ་དང༌། མ་ངེས་པ་དང༌། རིགས་ཆད་པའི་དབྱེ་བས་གསུམ་མོ། །དང་པོ་ལ། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ཆེན་པོར་རིགས་ངེས་པའི་དབྱེ་བས་རྣམ་པ་གསུམ་ཡིན་ལ། གཉིས་པ་ལ། ཐེག་པའི་དོན་མཐོང་བ་དང༌། མ་མཐོང་བའི་དབྱེ་བས་གཉིས་སོ། །དང་པོ་ལ་ཡང༌། འདོད་པ་ལ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བའི་དབྱེ་བས་གཉིས་སོ། །དེ་སྐད་དུ་ཡང༌། མདོ་སྡེའི་རྒྱན་ལས། རིགས་ནི་ངེས་དང་མ་ངེས་དང༌། །རྐྱེན་རྣམས་ཀྱིས་ནི་མི་འཕྲོག་དང༌། །འཕྲོག་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་དེ་ནི་རྣམ་པ་བཞི། །ཞེས་དང༌། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །ཞེས་གསུངས་སོ། །རིགས་ཆད་པ་ནི། ཟག་པ་མེད་པའི་ས་བོན་དེ་དང་མི་ལྡན་པ་སྟེ། ཇི་སྐད་དུ། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པའི་འགྲེལ་པར། དབྱིག་གཉེན་ཞབས་ཀྱིས། གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་རྒྱུ་དང་བྲལ་བ་སྟེ། གང་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་རིགས་ཉིད་མེད་པའོ། །ཞེས་གསུངས་སོ། །དེ་ལྟ་ན་ཡང་ལུགས་འདི་ལ་བདེ་བར་གཤེགས་པའི་སྙིང་པོ་དང་མི་ལྡན་པའི་སེམས་ཅན་ནི་ཁས་མི་ལེན་ནོ། །འདི་ལ་དར་ཊཱིཀ་མཛད་པ་ན་རེ། སེམས་ཙམ་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་འདོད་ཀྱང༌། དེའི་རིགས་ཅན་དུ་མི་འདོད་དོ། །ཞེས་ཟེར་བ་ནི་རང་གི་དེ་ཉིད་སྟོན་པ་ལ་ཆས་པ་ཙམ་དུ་ཟད་དོ། །ཞེས་ཟེར་རོ། །དར་ཊཱིཀ་མཛད་པ་ལུགས་འདི་ལ། རིགས་ཆད་ཀྱི་སེམས་ཅན་ཡོད་པར་ཁས་ལེན་པ་དེ་ལྟར་འདོད་བཞིན་དུ། དེ་སྐད་ཅེས་འདོད་པ་དེ་ནི་ནོར་བ་ཡིན་ཏེ། འདི་ལྟར་ལུགས་འདི་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་དུ་ཐལ། དེ་ཐམས་ཅད་དེའི་སྙིང་པོ་ཅན་དུ་ཁས་ལེན་དགོས་པའི་ཕྱིར། ཁྱབ་པ་དང་ཐལ་ཆོས་ཁས་བླངས། རྟགས་གྲུབ་སྟེ། མདོ་སྟེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེའི་ཕྱིར། །འགྲོ་ཀུན་དེའི་སྙིང་པོ་ཅན། །ཞེས་དང༌། དབུ་མ་ལ་འཇུག་པར། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་བཤད་ལ། དེའི་སྐབས་ཀྱི་དྲང་དོན་དུ་འགྲེལ་རྒྱུའི་མདོ་དེ་ནི། སེམས་ཙམ་པས་སྒྲ་ཇི་བཞིན་པར་ཁས་བླངས་པའི་མདོ་སྡེ་དག་ལ་འཆད་དགོས་པ་ཡིན་ལ། དེའི་མཚན་གཞི་ཡང༌། བཀའ་ཐ་མར་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་སྟོན་པའི་མདོ་སྡེ་ལ་ངོས་འཛིན་པར་ནི་འཇུག་འགྲེལ་ལས་གསལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་ཉིད་ལས། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། ཞེས་སོགས་ཀྱི་མདོ་དྲངས་པའི་དེ་མ་ཐག་དུ། རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱིས་ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་པའི་དོན་ཡིན་པར་ལུང་འདིས་མངོན་པར་གསལ་བར་བྱས་ནས། ཞེས་གསུངས་པ་ཡིན་ནོ། །ཡང་དར་ཊཱིཀ་མཛད་པ་ལུགས་འདིར། རིགས་གཉིས་ཀྱི་ངོས་འཛིན་ནི། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་དེ་ཉིད་རྐྱེན་གྱིས་གསོས་བཏབ་མ་བཏབ་ཙམ་ལ་འཆད་པ་ནི་ནོར་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཞེས་རིགས་གཉིས་པོ་ཡོན་ཏན་དང༌། ཡོན་ཏན་ཅན་གྱི་ཚུལ་གྱིས་རྟེན་བརྟེན་པར་བཤད་པ་དང༌། བྱང་ས་ལས་ཀྱང༌། མདོར་བསྡུ་ན་རིགས་དེ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང༌། ཡང་དག་པར་བསྒྲུབ་པའོ། །ཞེས་གསར་དུ་བསྒྲུབ་པར་བཤད་པའི་ཕྱིར་རོ། །དེ་ལྟར་རང་ལུགས་བཞག་པ་དང༌། དེ་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བ་དེ་དག་ནི། རྣམ་བཤད་མཛད་པའི་བཞེད་པ་འཐད་ལྡན་དུ་བསྒྲུབ་པའོ། །དེ་ནས་རང་གི་བློ་ལ་ཤར་བའི་དོན་འགའ་ཞིག་བརྗོད་པ་ལ། རིགས་ཀྱི་ངོ་བོ་ངོས་བཟུང༌། རིགས་ཆད་ཁས་མི་ལེན་པའི་ཤེས་བྱེད། དབུ་སེམས་གཉིས་ཀྱི་རང་བཞིན་གནས་རིགས་ངོས་འཛིན་ཚུལ་ཕལ་ཆེར་མཐུན་པར་བསྟན་པའོ། །དང་པོ་ནི། བྱང་ས་ལས། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་གསུངས་པ་དེའི་དོན་ནི། སྐྱེ་མཆེད་དྲུག་པོ་ཁྱད་གཞིར་བཟུང་ནས། དེའི་ཁྱད་པར་གྱི་ཆོས་ལ་འཆད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐྱེ་མཆེད་དྲུག་པོ་ཁྱད་པར་གྱི་ཆོས་སུ་བཞག་ནས། དེའི་ཁྱད་པར་གྱི་གཞི་ལ་དེ་སྐད་ཅེས་བྱའོ། །ཁྱད་པར་གྱི་གཞི་དེ་ཡང་གང་ཞེ་ན། དེ་ཉིད་ལས། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ལ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན་ནི། སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་དོ། །དེ་ལྟར་ན་སྐྱེ་མཆེད་དྲུག་གི་ཆོས་ཉིད་ལ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱ་བ་ཡིན་ནོ། །འདི་ལ་རང་བཞིན་དུ་གནས་པ་ཞེས་བྱ་སྟེ། ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་དུ་གནས་པའི་ཕྱིར་དང༌། གསར་དུ་མ་བཅོས་པར་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་དང༌། རྐྱེན་གྱིས་གསོས་བཏབ་ན་བྱང་ཆུབ་གསུམ་པོ་གང་རུང་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ལུགས་འདི་ལ་དེ་ཆད་པ་མི་སྲིད་དེ། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་དང་མི་ལྡན་པའི་སེམས་ཅན་ཁས་མི་ལེན་པའི་ཕྱིར་དང༌། ས་བོན་དེ་ཡང་གསར་དུ་བཅོས་པ་མ་ཡིན་གྱི་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་དང༌། སྒྲིབ་པ་སྤང་རུང་གི་ནུས་པ་དང་མི་ལྡན་པའི་སེམས་ཅན་མི་སྲིད་པའི་ཕྱིར་དང༌། དེའི་ཤེས་བྱེད་ཀྱང་གཉེན་པོས་སྤང་དུ་མི་རུང་བའི་སྒྲིབ་པ་ལུགས་འདི་ལ་ཁས་མི་ལེན་པའི་ཕྱིར་ཏེ། ཇི་སྐད་དུ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་བློ་བུར་བ། །ཞེས་དང༌། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་དྲངས་ན། །རྒྱུ་ཡོད་ཕྱིར་དང་རྒྱུ་ཡིས་ནི། །ཞེས་སོགས་གསུངས་པ་དང༌། ཐོས་པའི་བག་ཆགས་དང་མི་ལྡན་པའི་སེམས་ཅན་ཁས་མི་ལེན་པའི་ཕྱིར་དང༌། བག་ཆགས་དེ་ཡང་གསར་དུ་འཇོག་པ་དང༌། སྙིང་པ་བསོ་བའི་ལུགས་གཉིས་བོད་ཀྱི་སློབ་དཔོན་རྣམས་ལ་གྲགས་པ་ལས། ལུགས་གཉིས་པ་དེ་བཟང་བར་ཆེས་མཁས་པ་དག་ལ་གྲགས་པའི་ཕྱིར། མདོ་སྡེ་རྒྱན་དུ། རྒྱུ་དང་བྲལ་ཞེས་གསུངས་པ་ཡང༌། ཐར་པ་ཆ་མཐུན་གྱི་དགེ་རྩ་ཆད་པ་ལ་འཆད་དགོས་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་འདོད་ཆེན་པ་རྣམས་ཀྱི་ཡིན་པར་བལྟ་སྟེ། དེ་དག་ལ་ཐར་པའི་རྒྱུ་མེད་པའི་ཕྱིར་གཏན་དུ་སྟེ། རྒྱུ་དང་མི་ལྡན་པའོ་ཞེས་གསུངས་པས་སོ། །འོ་ན་རིགས་མེད་པ་དང༌། ཐར་པའི་རྒྱུ་མེད་པ་ལ་ཁྱད་པར་ཅི་ཞེ་ན། ཐར་པའི་རྒྱུ་ནི། ཐར་པ་ཆ་མཐུན་གྱི་དགེ་བ་ལ་བྱ་ལ། དེ་ཡང་རྒྱས་འགྱུར་གྱི་རིགས་སུ་འདོད་དགོས་ལ། རང་བཞིན་གྱིས་གནས་པའི་རིགས་ནི་སེམས་ཅན་ཀུན་ལ་ཁྱད་པར་མེད་པའི་ཕྱིར། དེ་ལྟ་ན་ལུགས་འདི་ལ། དགེ་རྩ་ཆད་པ་སྲིད་ཀྱང་རིགས་ཆད་པ་མི་སྲིད་ལ། དགེ་རྩ་ལ་ཡང་ཐར་པ་ཆ་མཐུན་གྱི་དང༌། བསོད་ནམས་ཆ་མཐུན་གྱི་གཉིས་ལས། དང་པོ་ཆད་ལ་གཉིས་པ་མ་ཆད་པ་སྲིད་ཅིང༌། དེ་ལྟར་སྲིད་པ་དེ་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་གྱི། རིགས་ཆད་ནི་མ་ཡིན་ཏེ། བསོད་ནམས་ཆ་མཐུན་གྱི་དགེ་བ་དང་ལྡན་པའི་ཕྱིར་རོ། །མདོར་ན་རིགས་ཆད་ཀྱི་སེམས་ཅན་སྲིད་ན་ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་དང་མི་ལྡན་པའི་སེམས་ཅན་སྲིད་པར་འགྱུར་ལ། དེ་ལྟ་ན་ས་བོན་ཐམས་ཅད་པའི་ཀུན་གཞི་དང་མི་ལྡན་པའི་སེམས་ཅན་སྲིད་པར་འགྱུར་རོ། །ཞེས་པ་ནི་རིགས་པའི་སྒྲུབ་བྱེད་ཡིན་ལ། ལུང་གི་སྒྲུབ་བྱེད་ནི། འཕགས་པ་ཐོགས་མེད་ཀྱིས། ཀུན་གཞིའི་སྒྲུབ་བྱེད་དུ་མདོ་དྲངས་པ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གཞི་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་རང་བཞིན་དུ་གནས་པའི་རིགས་ངོས་བཟུང་ནས། དེ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་རྒྱུ་ཡིན་པ་དང༌། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་པར་འཆད་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཐོགས་མེད་ཞབས་ཀྱིས་རྒྱུད་བླའི་འགྲེལ་པར་དྲངས་མ་ཐག་པའི་ལུང་དེ་ཉིད། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྒྲུབ་པའི་ལུང་དུ་དྲངས་པའི་ཕྱིར། གཞན་ཡང་ལུགས་འདི་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ཁས་ལེན་དགོས་པར་ནི་གོང་དུ་བསྒྲུབ་ཟིན་ལ། དེ་གྲུབ་པ་ན། དེ་ཐམས་ཅད་དེའི་རིགས་ཅན་དུ་ཡང་འགྲུབ་པ་ཡིན་ཏེ། དེའི་རྒྱུད་ལ་རང་བཞིན་གནས་རིགས་སུ་མ་གྱུར་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ཞེས་ལུགས་འདིར་ངོས་འཛིན་མི་ནུས་པའི་ཕྱིར་དང༌། མེད་དགག་གི་ཆ་ལ་སྙིང་པོར་འཇོག་པ་ནི། རྣལ་འབྱོར་སྤྱོད་པའི་ལུགས་འདིར་ལྟ་ཞོག དབུ་མའི་ལུགས་ལ་ཡང་འཆད་དཀའ་བའི་ཕྱིར་རོ། །འོ་ན་ལུགས་འདི་ལ་དེ་ཐམས་ཅད་དེའི་སྙིང་པོ་ཅན་དུ་ཁས་ལེན་ན། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཁས་ལེན་དགོས་པར་འགྱུར་རམ་སྙམ་ན། དེ་ཡང་མིན་ཏེ། དེ་ལྟར་ཁས་ལེན་ཀྱང་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་སེམས་ཅན་ཁས་ལེན་པ་ནི། ལུགས་འདིའི་གྲུབ་པའི་མཐའ་ཡིན་པ་བཞིན་ནོ། །དཔེ་མ་གྲུབ་པ་མིན་ཏེ། དབུ་མ་སྣང་བར། སེམས་ཙམ་པའི་འདོད་པ་འགོག་པ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་བྱ་བ་འདིས་ཡང༌། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ནོ། །ཞེས་བཤད་པ་དང༌། སེམས་ཅན་ཐམས་ཅད་དེའི་སྙིང་པོ་ཅན་དུ་ཁས་ལེན་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱ་བ་དོན་གཅིག་ལ་འདུ་བ་ཡིན་ནོ། །ཞེས་དབུ་མ་སྣང་བར་འབད་པས་བསྒྲུབས་ལ། དེ་ཡང་སེམས་ཙམ་པའི་ངོར་དེ་ལྟར་སྒྲུབ་དགོས་པ་ལས་འོས་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་ལུགས་འདི་ལ་མཚན་བཟང་པོ་སོ་གཉིས་ཀྱིས་བརྒྱན་པའི་སྙིང་པོ་དང་མི་ལྡན་པའི་སེམས་ཅན་མེད་ཀྱང༌། དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་སེལ་བའི་གཉེན་པོ་སྣ་གཅིག་ཀྱང་རྒྱུད་ལ་སྐྱེ་མི་སྲིད་པའི་སེམས་ཅན་སྲིད་ལ། དེ་ལ་ནི་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱའོ། །དེ་ལ་སྒྲིབ་བྱེད་ཀྱི་ཉོན་སྒྲིབ་ཀྱི་གཉེན་པོ་སྐྱེ་སྲིད་ཀྱང༌། ཤེས་སྒྲིབ་ཀྱི་གཉེན་པོ་རང་རྒྱུད་ལ་སྐྱེ་མི་སྲིད་པའི་སེམས་ཅན་འགའ་ཞིག་ཡོད་ལ། དེ་ལ་ནི་ཞི་བ་བགྲོད་པ་གཅིག་པུ་པའི་རིགས་ཅན་ཞེས་བྱའོ། །ཞེས་འཆད་པའི་ལུགས་གཅིག་དང༌། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་མཚན་བཟང་པོ་སོགས་ཀྱི་ཡོན་ཏན་དང་མི་ལྡན་ཡང༌། དེ་ལས་བདེ་བར་གཤེགས་པ་འབྱུང་དུ་རུང་བས་དེའི་སྙིང་པོ་ཞེས་བྱ་ལ། དེ་འདྲ་དེ་ཡང་དགེ་བའི་རྩ་བ་ཆད་པ་དང༌། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་གཉིས་ཀའི་རྒྱུད་ལ་ཡོད་དོ། །ཞེས་འཆད་པའི་ལུགས་གཉིས་ཡོད་ཅིང༌། ལུགས་དང་པོ་དེ་ནི་སློབ་དཔོན་ཟླ་བ་གྲགས་པས་འཇུག་འགྲེལ་དུ་ཕྱོགས་སྔ་མར་བཞག་པའི་སེམས་ཙམ་པ་དེ་ཡིན་ལ། ལུགས་གཉིས་པ་ནི། ཐེག་བསྡུས་ཀྱི་འགྲེལ་པ་དོན་གསང་མཁན་པོ་ལ་སོགས་པ་ཡིན་ཏེ། དེ་སྐད་དུ་ཡང༌། དོན་གསང་ལས། དཔལ་འཕྲེང་སེང་གེ་ང་རོའི་མདོ་ལས། །རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས། །སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་འབྱུང་ངོ༌། །ཞེས་པ་ལྟར་རོ། །དེར་མ་ཟད། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །ཀུན་གཞི་དེ་ལ་སྙིང་པོའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་གསུངས་ལ། དེར་གཽ་ཞེས་པ་ས་དང་རིགས་གཉིས་ཀའི་སྐད་དོད་ཡིན་པས་རིགས་སུ་བསྒྱུར་ན་ལེགས་པ་ཡིན་ལ། དེའི་ཚེ་རིགས་དང༌། བདེ་བར་གཤེགས་པའི་སྙིང་པོ་གཉིས་ཀ་ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་ལ་འཆད་པ་ཡིན་ལ། དེ་ལྟར་འཆད་པའི་མདོ་དེ། སྒྲ་ཇི་བཞིན་པར་ཁས་ལེན་མཁན་ཡང་སེམས་ཙམ་པ་ལས་གཞན་ན་མེད་དོ། །འོ་ན་འདིར། ཀུན་གཞིའི་སྟེང་གི་ཟག་བཅས་ཀྱི་ས་བོན་ཀུན་གཞིར་ཁས་ལེན་དགོས་པ་བཞིན་དུ། དེའི་སྟེང་གི་ཟག་མེད་ཀྱི་ས་བོན་ཞེས་བྱ་བ་རང་བཞིན་གནས་རིགས་དང༌། བདེ་བར་གཤེགས་པའི་སྙིང་པོའི་ངོས་འཛིན་དུ་བཤད་པ་དེ་ཡང་ཀུན་གཞི་ཉིད་ཡིན་པར་ཁས་ལེན་དགོས་སམ་ཞེ་ན། མ་ཡིན་ཏེ། ཐེག་པ་ཆེན་པོ་བསྡུས་པ་ལས། དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང༌། ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ན། སེམས་ཙམ་གྱི་གཞུང་རྣམས་སུ་གནས་གྱུར་པ་ཞེས་བཤད་པའི་གོ་བ་ཡང༌། བདེ་བླག་དུ་རྙེད་པར་འགྱུར་ཏེ། ཀུན་གཞིའི་སྟེང་ན་ཟག་པ་ཡོད་མེད་ཀྱི་ས་བོན་གཉིས་ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་ཏུ་གནས་པ་ལས། ཟག་མེད་ཀྱི་ས་བོན་ལ་གཉེན་པོ་ཡེ་ཤེས་སྐྱེས་པའི་སྟོབས་ཀྱིས། ཟག་བཅས་ཀྱི་ས་བོན་རྣམས་ཟད་པ་ན། གནས་གྱུར་པ་ཞེས་པའི་ཐ་སྙད་འདོགས་པའི་ཕྱིར་རོ། །འོ་ན་ལུགས་འདི་ལ་རིགས་གཉིས་པོའི་ཁྱད་པར་ཅི་ཞེ་ན། སྔར་བཤད་པའི་རིགས་དང་པོ་དེ་ནི། འཇིག་རྟེན་ལ་གྲགས་པའི་རྟག་པ་ཡིན་ཀྱང༌། བསྟན་འཆོས་ལ་གྲགས་པའི་མི་རྟག་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་རྒྱུ་རྐྱེན་ལས་སྐྱེས་པའི་ཆ་ནས་འདུས་བྱས་དང༌། རིགས་འདྲའི་རྒྱུན་སྔོན་མེད་པ་གསར་དུ་བྱུང་བ་མ་ཡིན་པའི་ཆ་ནས། འདུས་མ་བྱས་པའོ། །རྒྱས་འགྱུར་གྱི་རིགས་ནི། རང་བཞིན་གནས་རིགས་དེ་ཉིད་རྐྱེན་གྱིས་གསོས་བཏབ་པ་ལས་གསར་དུ་བྱུང་བའི་དགེ་བ་གང་ཞིག རྒྱུའི་ཀུན་སློང་མྱ་ངན་ལས་འདས་པ་དོན་གཉེར་གྱི་བསམ་པས་ཀུན་ནས་བླངས་པའོ། །འདི་སྔར་བཤད་པའི་ཟག་མེད་ཀྱི་ས་བོན་ཞེས་ཀྱང་བྱ། སེམས་ཀྱི་ཆོས་དབྱིངས་ཞེས་ཀྱང་བྱ། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་ཀྱང་བྱ་བ་དེ་ལ་ཡོན་ཏན་གྱི་ཚུལ་གྱིས་བརྟེན་པ་ཡིན་གྱི། དབྱིངས་དེ་ཉིད་ལ་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཞེས་བཤད་པས་སོ། །དེར་མ་ཟད་དེ་ཉིད་ལས། ཡོད་མེད་ཉིད་དང་ཞེས་པས་ཀྱང་དེ་གཉིས་འགལ་བར་བསྟན་པ་ཡིན་ཏེ། རྒྱུར་ཡོད་འབྲས་བུར་མེད་པ་དང༌། འབྲས་བུར་ཡོད་པ་ཞེས་པ་ནི། རིགས་གཉིས་པོའི་གོ་དོན་དུ་གཞུང་དེས་བཤད་པ་ཡིན་པའི་ཕྱིར་རོ། །འདི་ལ་ཁ་ཅིག་ན་རེ། རིགས་གཉིས་པོ་ལྡོག་པ་འགལ་ཡང་རྫས་ལ་བསམ་ན། ལམ་དུ་ཞུགས་ནས་གཉིས་ཀ་ཡིན་ཏེ། ཉན་ཐོས་ཀྱི་ས་ལས། ས་བོན་དེས་འབྲས་བུ་མ་བསྐྱེད་ཅིང༌། འབྲས་བུ་མ་གྲུབ་པ་ན་ཕྲ་བ་ཞེས་བྱའོ། །གང་གི་ཚེ་འབྲས་བུ་བསྐྱེད་ཅིང་འབྲས་བུ་གྲུབ་པ་དེའི་ཚེ། ས་བོན་གང་ཡིན་པ་དེ་དང༌། འབྲས་བུ་གང་ཡིན་པ་དེ་གཅིག་དུ་བསྡུས་ནས། དེའི་ཕྱིར་རིགས་དེར་རགས་པ་ཞེས་བྱ་བར་སྟོན་པར་འགྱུར་རོ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །དེ་ལྟར་བཤད་པ་དེས་ནི་རིགས་གཉིས་ཀྱི་ཁྱད་པར་ལ་ཅི་ཡང་ཕན་པ་མ་ཡིན་ཏེ། ལུང་དེས་ནི། རང་བཞིན་གནས་རིགས་གཅིག་པུ་ལ་ཕྲ་རགས་ཀྱི་གནས་སྐབས་གཉིས་སྟོན་པ་ཡིན་པས་སོ། །གསུམ་པ་དབུ་སེམས་གཉིས་ཀ་རང་བཞིན་གནས་རིགས་ཀྱི་ངོས་འཛིན་ཕལ་ཆེར་མཐུན་པར་བཤད་པ་ལ་གཉིས་ཏེ། དེ་ལྟར་བཤད་པ་དངོས་དང༌། བཤད་པ་དེ་ལ་ཉི་སྣང་དང་འགལ་བའི་བརྒལ་ལན་ནོ། །དང་པོ་ནི། བྱམས་པའི་ཆོས་བར་པ་གསུམ་དང༌། དེའི་རྗེས་སུ་འཇུག་པའི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་ལས་ནི། སེམས་ཅན་གྱི་ཆོས་ཀྱི་དབྱིངས་ལ་རང་བཞིན་གནས་རིགས་སུ་བཞེད་པ་ཡིན་ཏེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་པའི་རྒྱས་བཤད་དུ། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་དང༌། མངོན་པ་ཀུན་ལས་བཏུས་སུ། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་དང༌། ཤནྟི་པའི་དག་ལྡན་ལས་ཀྱང༌། རང་བཞིན་གནས་རིགས་ཆོས་ཀྱི་དབྱིངས་ཁོ་ནའི་སྟེང་ནས་འཇོག་པའི་ཚུལ་ལན་ཅིག་མ་ཡིན་པར་གསུངས་པའི་ཕྱིར་དང༌། ཐེག་བསྡུས་སུ། རང་བཞིན་གནས་རིགས་ཀྱི་ཁུངས་དྲངས་པའི་མདོ་ལས་ཀྱང༌། ཆོས་ཉིད་ཀྱིས་ཐོབ་པ་ཞེས་བཤད་པའི་ཕྱིར། གལ་ཏེ་ཆོས་དབྱིངས་ལ་འདོད་ན། དེ་ཀུན་གཞིའི་སྟེང་གི་གསལ་རིག་གི་ཆ་ལ་འཆད་པ་དང་འགལ་ལོ་སྙམ་ན། དེ་ལྟར་དོགས་པ་དེ་ནི་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ལས་འབྱུང་བའི་དེ་བཞིན་ཉིད་དང༌། ཆོས་དབྱིངས་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་དང༌། དོན་དམ་པའི་བདེན་པ་རྣམས་སྟོང་ཉིད་མེད་དགག་གི་ཆ་ལ་འཆད་དགོས་སོ་སྙམ་དུ་ལོག་པར་རྟོག་པས་ཀུན་ནས་བླང་བ་ཡིན་ལ། དེ་འདྲ་དེ་ལོག་རྟོག་ཡིན་པའི་ཤེས་བྱེད་ཀྱང༌། སུམ་ཅུ་པའི་འགྲེལ་པར། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ཞེས་པའི་སྒྲ་བཤད་མཛད་པ་ན། བདེན་པ་གཉིས་ཀ་རྣམ་རིག་ཏུ་ཁས་ལེན་པའི་རྒྱུ་མཚན་གྱིས་དེར་བཤད་པ་དང༌། བརྒྱད་སྟོང་དོན་བསྡུའི་འགྲེལ་པར། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མ་ཡིན། །ཞེས་དང༌། འཕགས་པ་གྲོལ་སྡེས་སེམས་ཙམ་པའི་འདོད་པ་འཆད་པ་ན། ཉི་སྣང་ལས། གང་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལྟར་ན། ཞེས་བཤད་པའི་ཕྱིར། རིགས་པས་ཀྱང་ཤེས་ཏེ། ལུགས་དེ་ལ་དེ་བཞིན་ཉིད་ལ་སོགས་པ་དེ་དག་ནི་བདེན་པར་གྲུབ་པར་ཁས་ལེན་དགོས་ལ། བདེན་གྲུབ་ལ་དངོས་པོས་ཁྱབ་པ་ནི་དངོས་པོར་སྨྲ་བ་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། མེད་དགག་གི་ཆ་ནི་ལྡོག་པ་གཞན་སེལ་ཡིན་པས་སྤྱི་མཚན་ཁོ་ནར་ངེས་ལ། སྤྱི་མཚན་དང་བདེན་གྲུབ་ཀྱི་གཞི་མཐུན་ཁས་ལེན་པ་ནི་མདོ་སེམས་གཉིས་ཀའི་ལུགས་ལ་མེད་པའི་ཕྱིར་རོ། །དེ་ལྟར་ན། ཆོས་དབྱིངས་ལ་རིགས་སུ་འཇོག་པར་གྲུབ་མོད། དེ་ཙམ་གྱིས་དབུ་མ་པ་དང་རིགས་ཀྱི་ངོས་འཛིན་མཐུན་པར་མི་འགྲུབ་སྟེ། དབུ་མ་པ་ནི་ཆོས་དབྱིངས་ཀྱི་ངོས་འཛིན་མེད་དགག་གི་ཆ་ནས་འཆད་པའི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། དབུ་མ་པས། སྤྲོས་བྲལ་མེད་དགག་གི་ཆ་ལ་ཆོས་དབྱིངས་སུ་འཇོག་མོད་ཀྱང༌། སེམས་རང་བཞིན་གྱིས་འོད་གསལ་བའི་ཆ་ལ་ཡང་ཆོས་དབྱིངས་སུ་ཁས་ལེན་པའི་གནས་སྐབས་ཤིན་ཏུ་མང་བ་ཡིན་ཏེ། རྒྱུད་བླ་མར། དྲི་བཅས་དེ་བཞིན་ཉིད་དང༌། དྲི་མེད་དེ་བཞིན་གཉིས་ཀ་ཡང་གསལ་རིག་གི་ཆ་ལ་འཆད་པའི་ཕྱིར་དང༌། གསང་སྔགས་བླ་ན་མེད་པའི་རྒྱུད་གཞུང་དུ་མར་ཡང་དེ་ལྟར་བཤད་པ་ཤིན་ཏུ་མང་བའི་ཕྱིར་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ཞེས་བྱ་བའི་བསྟན་འཆོས་སུ། གང་ལ་བསྟོད་པའི་ཡུལ་གྱི་ཆོས་དབྱིངས་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་གཞི་དུས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་འཆད་པའི་ཕྱིར་ཏེ། དེ་ཉིད་ལས། སའི་ནང་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་དེ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོགས་རྒྱ་ཆེར་བཤད་པའི་ཕྱིར་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང༌། བརྒྱད་སྟོང་འགྲེལ་ཆེན་གཉིས་ཀ་ལས། མི་གནས་པའི་མྱང་འདས་ཀྱི་ངོས་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱེད་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། འགྲེལ་པ་དོན་གསལ་ལས་ཀྱང༌། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅེས་བཤད་པའི་ཕྱིར་དང༌། ངོ་བོ་ཉིད་སྐུའི་ངོས་འཛིན་དུ་ཡང༌། དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད། ཅེས་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། གཞུང་འདིར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པའི་སྐབས་ནས་བསྟན་པའི་ཆོས་དབྱིངས་དེ་ལ། ཆོས་དབྱིངས་མེད་དགག་གི་ཆ་དང༌། མྱོང་བ་གསལ་རིག་གི་ཆ་གཉིས་ལས། རང་བཞིན་དུ་གནས་པའི་རིགས་ལ་ནི་དེ་གཉིས་ཀ་ཡོད་ལ། བདེ་བར་གཤེགས་པའི་སྙིང་པོ་ནི་གསལ་རིག་གི་ཆ་ཁོ་ན་ལ་འཇོག་དགོས་པ་ཡིན་ཏེ། སྙིང་པོ་ནི་མ་ཡིན་དགག་ཁོ་ནའི་སྟེང་ནས་ངོས་འཛིན་དགོས་པ་རྒྱུད་བླ་མའི་དགོངས་པར་སྣང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབུ་སེམས་གཉིས་རང་བཞིན་གནས་རིགས་ཀྱི་འཆད་ཚུལ་ཕར་ཆེར་མཐུན་པ་དེ་ལྟ་ན། ཉི་སྣང་དུ། སེམས་ཙམ་པའི་ལུགས་ཀྱི་རང་བཞིན་གནས་རིགས་ཀྱི་འདོད་ཚུལ་བཀག་ནས། ཆོས་དབྱིངས་ཁོ་ན་རིགས་སུ་བཤད་པ་མིན་ནམ་ཞེ་ན། དེའི་ལན་ལ་གཉིས་ཏེ། ཉི་སྣང་གི་གཞུང་བཀོད། དེའི་དོན་བཤད་པའོ། །དང་པོ་ནི་དེ་ཉིད་ལས། གཞན་དག་ནི་རིགས་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། རྐྱེན་གྱིས་ཡང་དག་པར་གནས་པ་དང༌། རང་བཞིན་དུ་གནས་པའོ། །ཞེས་ཟེར་རོ། །དེ་དག་གིས་ནི། རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པས། དེས་ན་དོན་གྱི་ཁྱད་པར་ཅི་ཡོད། ཆོས་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་དེ་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་བ་ཡིན་ལ། འདི་མཚན་ཉིད་པ་ཡིན་ཏེ། དེས་ནི་དེ་རིགས་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། འཕགས་པ་ཐོགས་མེད་ཀྱིས་མདོ་དྲངས་པ་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་རིགས་སུ་བཤད་པ་ལ་རྣམ་རིག་པ་ཁ་ཅིག མདོ་དེའི་སྒྲ་ཇི་བཞིན་པ་དེ་ཉིད་ལ་རིགས་སུ་འདོད་པ་དང༌། གཞན་དག་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་པ་ཆོས་དབྱིངས་ལ་འདོད་པའི་ལུགས་གཉིས་ལས་དང་པོ་བཀག་ནས། གཉིས་པ་རང་ལུགས་སུ་བཞག་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། ཉི་སྣང་དང་འགྲེལ་ཆེན་གཉིས་ཀར། སྒྲུབ་པའི་རྟེན་གྱི་རིགས་ངོས་འཛིན་པ་ན། སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་དང༌། ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་རྒྱུད་དེ་འོངས་པ་ཞེས་འཕགས་པ་ཐོགས་མེད་ཞབས་ཀྱི་གསུང་རབ་ཀྱི་ཚིག་གི་སྒྲ་ཇི་བཞིན་པར་བཞག་ནས་བཤད་པ་ཡིན་ནོ། །དེ་ལས་གཞན་དུ། ཟག་མེད་ཀྱི་ས་བོན་རང་བཞིན་གནས་རིགས་སུ་འདོད་པ་འགོག་པ་ཡིན་ན། རྒྱས་འགྱུར་གྱི་རིགས་རང་བཞིན་གནས་རིགས་སུ་ཐལ་བ་འཕེན་ནུས་པ་མ་ཡིན་ཏེ། དེ་དེར་སེམས་ཙམ་པས་ཁས་མི་ལེན་པའི་ཕྱིར། དེ་ལྟར་ན་དབུ་སེམས་གཉིས་ཀ་སེམས་ཅན་གྱི་ཆོས་དབྱིངས་རིགས་སུ་འཇོག་པར་འདྲ་ཡང༌། ཆོས་དབྱིངས་ཀྱི་ངོས་འཛིན་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཞེས་བྱ་བ་འདི་ཡིན་ནོ། །འདིར་སྨྲས་པ། རྣམ་དཔྱོད་སྐྱ་བ་འཛིན་པ་ཡིས། །ཐོས་པའི་གྲུ་ཆེན་རབ་བཟུང་ནས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་ནས་དེ་སྐད་སྨྲས། །བཞི་པ་དབུ་མ་པའི་འདོད་ཚུལ་ལ། མཚན་ཉིད། དབྱེ་བ། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི་གནས་གྱུར་པ་ན་སངས་རྒྱས་ཀྱི་སྐུར་འགྱུར་དུ་རུང་བའོ། །གཉིས་པ་ནི། ཇི་སྐད་དུ། རིགས་དེ་རྣམ་གཉིས་ཞེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་པ་ལྟར་གཉིས་ལས། སེམས་ཀྱི་རང་བཞིན་དུ་གནས་པ་གང་ཞིག གནས་གྱུར་པ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུར་འགྱུར་དུ་རུང་བ་དེ། རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད་དང༌། གསར་དུ་ཡང་དག་པར་བླངས་པའི་དགེ་བ་གང་ཞིག གནས་གྱུར་པ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུར་འགྱུར་དུ་རུང་བ་དེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་དོ། །རིགས་གཉིས་པོ་སངས་རྒྱས་ཀྱི་ཆོས་སྐུ་དང༌། གཟུགས་སྐུ་གཉིས་པོ་སོ་སོའི་རྒྱུའི་གཙོ་བོར་འཆད་པ་དེ་དག་ནི། ཇི་སྐད་དུ། དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་བཤད་པ་ལ་བརྟེན་པ་ཡིན་པས་མི་འགལ་མོད། ངེས་པའི་དོན་དུ་ན་གཟུགས་སྐུ་གཉིས་ནི་གཞན་སྣང་གི་སྐུ་ཡིན་པས། སངས་རྒྱས་ཀྱི་སྨོན་ལམ་དང༌། གདུལ་བྱའི་བསོད་ནམས་ཀྱི་དབང་གིས་བྱུང་བ་ཡིན་པའི་ཕྱིར། རིགས་གཉིས་ཀ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་རིགས་ཡིན་པ་ལ་ཁྱད་པར་མེད་དོ། །རང་བཞིན་གནས་རིགས་དེ་ལ་དབྱེ་ན། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་མེད་དགག་གི་ཆ་དང༌། རང་བཞིན་གྱིས་འོད་གསལ་བའི་ཆ་གཉིས་ལས། གཉིས་ཀ་ཡང༌། ཆོས་དབྱིངས་སུ་ཁས་ལེན་དགོས་པའི་ལུང་རིགས་ནི། གོང་དུ་བཤད་ཟིན་པ་དེ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཚེ། རྩ་བར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་དང༌། འགྲེལ་པར། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ། །ཞེས་གསུངས་པ་དང་ཡང་མི་འགལ་བར་གྲུབ་བོ། །དོན་འདི་ལ་གཞན་དག་ན་རེ། རང་བཞིན་གནས་རིགས་དང་དངོས་པོའི་གཞི་མཐུན་ཁས་ལེན་པ་ནི། དངོས་པོར་སྨྲ་བའི་འདོད་པ་ཡིན་པས། འདིར་དེ་བཀག་ནས་ཆོས་དབྱིངས་མེད་དགག་གི་ཆ་ཁོ་ན་རིགས་སུ་འཆད་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རྒྱུད་བླ་མ་ལས། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཞེས་དང༌། དེའི་རྒྱས་བཤད་དུ། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། དགེ་ལེགས་སེམས་ལས་སངས་རྒྱས་འབྱུང༌། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་བཤད་ལ། དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་ལ་འཆད་དགོས་པའི་ཕྱིར་དང༌། སེམས་ཅན་གྱི་རྒྱུད་ཀྱི་བདེ་བར་གཤེགས་པའི་སྙིང་པོ་གང་ཡིན་རང་བཞིན་གནས་རིགས་སུ་ཁས་ལེན་པ་དེ་དག་གིས་ནི། དོན་འདི་ངེས་པར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་བཤད་ལ། དེ་ཡང་མ་དག་པའི་གནས་སྐབས་ཀྱི་སྙིང་པོ་ངོས་འཛིན་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་ཕལ་པོ་ཆེའི་མདོ་ལས་ཀྱང༌། མྱོང་བ་གསལ་རིག་གི་ཆ་ལ་ཆོས་དབྱིངས་སུ་བཤད་པ་དང༌། རིགས་སུ་ཡང་བཤད་པ་ཡིན་ཏེ། དེ་ཉིད་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ། རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་དེས། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན། མ་འོངས་པའི་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་ཞེས་སོ། །འདིར་འཕགས་སེང་གཉིས་ཀྱིས་རྒྱུའི་སྒོ་ནས་རིགས་སུ་འཇོག་པར་བཤད་པ་ཡང༌། མྱོང་བ་གསལ་རིག་གི་ཆ་ལ་འབྲེལ་བ་ཡིན་གྱི། མེད་དགག་གི་ཆ་ལ་དེ་ཙམ་དུ་འབྲེལ་བ་མིན་ཏེ། རྒྱུ་ལ་སྐྱེད་བྱེད་ཀྱི་རྒྱུ་དང༌། འཇོག་བྱེད་ཀྱི་རྒྱུ་གཉིས་སུ་ངེས་པ་ལས། འདིར་ནི་སྐྱེད་བྱེད་ཀྱི་རྒྱུའི་དབང་དུ་བྱས་ནས་བཤད་ལ། མེད་དགག་གི་ཆ་ནི་སྐབས་འདིའི་རྒྱུ་དེ་གཉིས་ཀར་ཡང་མི་རུང་བའི་ཕྱིར་རོ། །དེར་བཤད་པ་ཡང་ཡིན་ཏེ། ཉི་སྣང་ལས་ངེས་པའི་ཚིག་ནི། ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། དེ་ལས་ཡོན་ཏན་དེ་དང་དེ་དག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པས་སོ། །རང་བཞིན་གནས་རིགས་ཀྱི་དབྱེ་བ་འདི་གཉིས་ལ། ལ་ལ་དག་འདུས་བྱས་རང་བཞིན་གནས་རིགས་དང༌། འདུས་མ་བྱས་རང་བཞིན་གནས་རིགས་ཞེས་པའི་ཐ་སྙད་བྱེད་པ་ནི་ལེགས་པ་མིན་ཏེ། འཕགས་སེང་གིས་རང་བཞིན་གནས་རིགས་ལ་འདུས་མ་བྱས་ཁོ་ནའི་སྒྲས་བསྟན་པའི་ཕྱིར་དང༌། སེམས་རང་བཞིན་གྱིས་འོད་གསལ་བ་ལ་ནི། འདུས་མ་བྱས་ཀྱི་སྒྲས་བསྟན་པ་རྗེ་བཙུན་གྱི་གཞུང་ན་ཤིན་ཏུ་མང་བ་ཡིན་ཏེ། ཇི་སྐད་དུ། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་མཐའ་དབུས་དང་བྲལ་བ་ལ་འདུས་མ་བྱས་སུ་བཤད་ཀྱི། སྐྱེ་འཇིག་དང་བྲལ་བར་དགོས་པར་མ་བཤད་པའི་ཕྱིར་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཆོས་ཉིད་སེམས་ལས་གཞན་པ་སེམས་ཅན་ནི། །རང་བཞིན་མ་ཡིན་འོད་གསལ་ལ་བརྗོད་དོ། །ཞེས་ཆོས་ཉིད་ཀྱི་སེམས་ཞེས་པ་རང་བཞིན་འོད་གསལ་ལ་བཤད་ཅིང༌། ཆོས་ཉིད་ཐམས་ཅད་འདུས་མ་བྱས་སུ་འཆད་པ་ནི། གཞུང་དེའི་ལུགས་ཡིན་པའི་ཕྱིར་དང༌། མངོན་པ་ཀུན་ལས་བཏུས་ལས་ཀྱང༌། འདུས་མ་བྱས་པའི་དངོས་པོ་བརྒྱད་བཤད་ལ། དེ་དག་ཀྱང་དོན་བྱེད་ནུས་པར་ཁས་ལེན་དགོས་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་གི་སྤྱི་ལུགས་ཡིན་པའི་ཕྱིར། དེ་ལྟར་ན། རྟོག་གེའི་བསྟན་འཆོས་ལས། འདུས་བྱས་དང་འདུས་མ་བྱས་ཀྱི་འཇོག་མཚམས་རྒྱུ་རྐྱེན་ལས་སྐྱེས་མ་སྐྱེས་ལ་བཤད་ལ། ལུང་ཆོས་ལས། ལས་ཉོན་གྱིས་འདུས་བྱས་མ་བྱས་དང༌། མཐའ་དབུས་དང་བྲལ་མ་བྲལ་ལ་བཤད་པ་མང་ཞིང༌། དེ་བཞིན་དུ་རྟག་མི་རྟག་གི་འཇོག་མཚམས་ཀྱང༌། རྟོག་གེ་ལས་སྐད་ཅིག་གིས་འཇིག་མི་འཇིག་གི་ཆ་ལ་བཤད་ལ། ལུང་ཆོས་ལས་རིགས་འདྲའི་རྒྱུན་ཆད་མ་ཆད་ཀྱི་གནས་སྐབས་ལ་བཤད་པས། ཕྲ་རགས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བ་དེ་ལྟར་ན། འདིར་ནི། རང་བཞིན་གནས་རིགས་ལ་འདུས་མ་བྱས་ཀྱིས་ཁྱབ་པར་ཁས་བླངས་ན་མཛེས་སོ། །གཉིས་པ་རྟེན་དུ་འགྱུར་བའི་ཚུལ་ནི། ཇི་སྐད་དུ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་གསུངས་ལ། ཆོས་དབྱིངས་བསྒྲུབ་པའི་རྟེན་ཡིན་པ་འདི་ཙམ་ཞིག་དངོས་པོར་སྨྲ་བ་སེམས་ཙམ་པ་དག་གིས་ཀྱང་ཁས་ལེན་མོད། དེ་ལྟ་ན་ཡང༌། དེས་དེ་དངོས་པོ་དང་བདེན་གྲུབ་དུ་ཁས་ལེན་ལ། འདིར་ནི་དངོས་པོ་དང་བདེན་པར་གྲུབ་པའི་རྟེན་མེད་དོ། །ཞེས་སྟོན་པའི་དབང་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མེད་པ་སྟེ། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་ཡོད་པའམ་དམིགས་པ་མ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན་ནི། བརྟེན་པ་བྱང་ཆུབ་རྫས་སུ་མེད་པའི་ཕྱིར། །དེའི་རྟེན་ཡང་རྫས་སུ་མེད་དོ་ཞེས་པའོ། །མདོའི་དངོས་བསྟན་དེ་ལྟར་ཡིན་ཀྱང༌། བསྟན་འཆོས་སུ་ནི་རྟེན་མེད་པ་ལ་རྟེན་དུ་སྒྲོ་བཏགས་ནས། བསྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་སོ། །དེའི་དོན་ཡང༌། འདིར་བསྟན་གྱི་བསྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་ལ་བརྟེན། དེ་ཡང་དེའི་སྐྱེ་མཆེད་དྲུག་ལ་བརྟེན་ནས་བཏགས། དྲུག་པོ་ཡང༌། དེ་དང་དེའི་ཆོས་དབྱིངས་རང་བཞིན་འོད་གསལ་བ་ལ་བརྟེན་ནས་བཏགས། དེ་ནི་ཅི་ལ་ཡང་མི་བརྟེན་པ་ལ། ཆོས་ཀྱི་དབྱིངས་ལ་བརྟེན་པ་ཞེས་པའི་མིང་གིས་བཏགས་པ་ཡིན་ཏེ། དཔེར་ན་རླུང་གི་དཀྱིལ་འཁོར་ཅི་ལ་ཡང་མི་བརྟེན་པ་ལ། ནམ་མཁའ་ལ་བརྟེན་པ་ཞེས་པའི་མིང་གིས་བསྟན་པ་བཞིན་ནོ། །གལ་ཏེ་དྲི་མ་དང་བཅས་པའི་སེམས་རང་བཞིན་གྱིས་འོད་གསལ་བ་རྟེན་དང༌། རྒྱུའི་དོན་བཤད་ཟིན་ཅིང༌། སེམས་སྤྲོས་བྲལ་མེད་དགག་གི་ཆ་ལ་རྟེན་གྱི་དོན་བཤད་ཟིན་པ་དེ་ལྟ་ན། དེ་ལ་རྒྱུའི་དོན་ཇི་ལྟར་ཚང་ཞེ་ན། ཆོས་དབྱིངས་མེད་དགག་གི་ཆ་དེ་དེ་ཉིད་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ཡང༌། དེ་ལ་བརྟེན་ནས་ཡོན་ཏན་རྣམས་སྐྱེ་བ་ལ་རྒྱུའི་དོན་དུ་འཇོག་པ་ཡིན་ཏེ། ས་གཞི་ལ་བརྟེན་ནས་མྱུ་གུ་སྐྱེ་བ་བཞིན་ནོ། །དེ་ལྟར་ན་ཅི་ལ་ཡང་མི་གནས་པའི་ཚུལ་གྱིས་གནས་པ་ཞེས་བྱ་བ་ནི། འདིར་རྟེན་གྱི་དོན་ཡིན་ལ། དེ་ཉིད་རྒྱུའི་ཡང་དོན་ཡིན་པས། ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་དུས་ཀྱི་རྒྱུའི་མཚན་ཉིད་ནི། འདི་ལ་ཡོད་པ་མ་ཡིན་ལ། དེའི་རྒྱུ་མཚན་གྱིས་ཀུན་རྫོབ་དུ་རིགས་ཀྱི་མཚན་ཉིད་ཀྱང་ཡོད་པ་མིན་ཏེ། རིགས་ཀྱི་དོན་ནི་རྒྱུའི་དོན་ལ་འཆད་དགོས་པའི་ཕྱིར། དེ་ལྟར་ན་མདོའི་དངོས་བསྟན་ལ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པར་བཤད་པ་ལ། མེད་དགག་གི་ཆ་ནས་བཤད་ལ། བསྟན་འཆོས་སུ་རྟེན་དང་རྒྱུ་དང༌། རིགས་ཀྱི་ཆ་ནས་བཤད་པས། མ་ཡིན་པར་དགག་པའི་ཆ་ནས་འཆད་དགོས་ཤིང༌། དེ་ཡང༌། ཆོས་ཀྱི་དབྱིངས་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱ་བ་གང་ཡིན་པ་དེ་ཉིད་ཡིན་ནོ། །གསུམ་པ་དེ་ལས་འཕྲོས་པའི་དོན་བཤད་པ་ལ། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། སློབ་དཔོན་འཕགས་པ་གྲོལ་སྡེས། སྐབས་འདིར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་རྣམ་གཞག་ཀྱང་མཛད་དེ། ཉི་སྣང་ལས། དེ་ལ་རྟོག་པ་དང༌། རྣམ་པར་རྟོག་པ་ནི་དངོས་པོ་དང་དེའི་མཚན་མ་ལ་མངོན་པར་ཞེན་པ་སྟེ། དེ་མེད་པའི་ཕྱིར་ཆགས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཡོད་པར་མ་གྱུར་པ་ཉིད་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེས་ན་འདི་ནི་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། རང་བཞིན་དུ་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཞེས་བཤད་ལ། དེའི་དོན་ནི། བདེན་འཛིན་གྱིས་བཟུང་བ་ལྟར་ཡོད་པ་མ་ཡིན་པའི་བདེན་སྟོང་ལ་ཆོས་དབྱིངས་སུ་བཤད་ནས། དེ་འདྲའི་ཆོས་དབྱིངས་དེ་ལ་འཕགས་པའི་གང་ཟག་ཐམས་ཅད་ཀྱིས་དམིགས་པར་ཡང་བཤད་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། གལ་ཏེ་ཆོས་ཀྱི་དབྱིངས་རིགས་ཡིན་ན་ཐམས་ཅད་རིགས་ལ་གནས་པར་འགྱུར་ཏེ། དེ་ནི་སྤྱིར་གནས་པ་ཡིན་ནོ། །ཞེ་ན། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན། འདིར་ཧ་ཅང་ཐལ་བ་ཅིས་ཏེ་འཚོལ་བར་བྱེད། ཅེས་གསུངས་པས་སོ། །གཞན་ཡང་སྐབས་འདིར་རྟེན་ནི་དམིགས་པ་དང༌། བརྟེན་པ་ནི་དམིགས་བྱེད་ཡིན་ལ། དམིགས་བྱེད་ལ་ཉན་རང་གི་ཐེག་པ་གཉིས་ཀྱང་ཡོད་ཅིང༌། ཆོས་ཉིད་ལ་དམིགས་ན་དེ་རྟོགས་དགོས་པ་ཡིན་ཏེ། ཆོས་ཉིད་ལ་དམིགས་ན་དེ་བློ་ངོར་གྲུབ་དགོས། བདེན་སྟོང་བློ་ངོར་གྲུབ་ན། བདེན་གྲུབ་བློ་ངོར་བཅད་དགོས། དེ་བཅད་ན་དེ་རྟོགས་དགོས་པའི་ཕྱིར་རོ། །གཞན་ཡང་ཉི་སྣང་དང་འགྲེལ་ཆེན་གཉིས་ཀར་དུ། ཆོས་དབྱིངས་ཐེག་པ་གསུམ་གྱི་རིགས་སུ་འཇོག་པའི་ཤེས་བྱེད་དུ། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་པའི་རྡོ་རྗེ་གཅོད་པའི་ལུང་དྲངས་ལ། ལུང་དེའི་དོན་ཡང༌། ཐེག་པ་ཆེ་ཆུང་གི་འཕགས་པ་ཐམས་ཅད་ཆོས་ཉིད་མངོན་སུམ་དུ་རྟོགས་པས་རབ་ཏུ་ཕྱེ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གསུམ་སྟེ། འཕགས་པ་ཐམས་ཅད་ཀྱིས་ཆོས་དབྱིངས་ལ་དམིགས་པ་ཉི་སྣང་གི་དགོངས་པ་མ་ཡིན་པར་བསྟན། རྟེན་གྱི་དོན་དམིགས་པ་ལ་འཆད་པ་རྩ་འགྲེལ་གཉིས་ཀའི་དགོངས་པ་མ་ཡིན་པར་བསྟན། ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་འཇོག་པའི་ཤེས་བྱེད་དུ། འཕགས་པ་ཐམས་ཅད་ཀྱི་ཆོས་དབྱིངས་རྟོགས་པའི་ཕྱིར་ཞེས་འགོད་པ་མདོ་དང་འགྲེལ་པ་གཉིས་ཀའི་དགོངས་པ་མ་ཡིན་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེ་ལྟར་འཆད་པ་འཕགས་པའི་དགོངས་པ་མིན་པར་བསྟན། དེ་ལྟར་ཤེས་པ་ན་སློབ་དཔོན་གྱིས་མཛད་པའི་འགྲེལ་པ་གཉིས་ཀྱི་དགོངས་པའང་འཆད་ཤེས་པའོ། །དང་པོ་ནི། ཁྱེད་ཀྱིས་དྲངས་མ་ཐག་པའི་ཉི་སྣང་གི་འགྲེལ་ཚིག་དེའི་དགོངས་པ་ནི་འདི་ཡིན་ཏེ། ཆོས་དབྱིངས་སངས་རྒྱས་ཀྱི་རིགས་ཡིན་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པར་ཐལ་ལོ། །ཞེས་པ་ནི་ཕྱོགས་སྔ་མའོ། །ལན་ལ་གཉིས་ཏེ། དེ་དེ་ཡིན་པའི་ཤེས་བྱེད་དང༌། འདོད་ལེན་ཐེབས་པའི་རྒྱུ་མཚན་གྱིས་ཧ་ཅང་ཐལ་བ་མེད་པའོ། །དང་པོ་ནི། སེམས་ཅན་གྱི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། སངས་རྒྱས་ཀྱི་རིགས་ཡིན་ཏེ། ཁྱོད་དམིགས་པ་སྟེ་རྟོགས་པ་ན་ཁྱོད་འཕགས་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུར་འགྱུར་བའི་ཕྱིར། ཞེས་འཆད་པ་ནི་ཇི་ལྟར་སོགས་སོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པ་འདོད་པ་ཡིན་ཏེ། དེ་ལ་དེའི་རྒྱུ་ཡོད་པའི་ཕྱིར། ཞེས་འཆད་པ་ནི། དེས་ན་འདིར་ཧ་ཅང་ཐལ་བ་སོགས་སོ། །འོ་ན་རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་པར་ཐལ་ལོ། །ཞེ་ན་དེའི་ལན་ནི། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་སོགས་ཏེ། ཉན་ཐོས་ཀྱི་རྒྱུད་ཀྱི་ཆོས་དབྱིངས་ལ་གང་ཟག་གི་བདག་མེད་ཙམ་རྟོགས་པའི་རྟོགས་རིགས་དང༌། རང་རྒྱལ་གྱི་ཆོས་དབྱིངས་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རྟོགས་རིགས་ཙམ་ལ་བརྟེན་པ་དེའི་ཚེ་ན། གནས་སྐབས་སུ་ཐེག་དམན་གྱི་རིགས་སུ་འཇོག་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཉན་རང་གི་སེམས་ཀྱི་ཆོས་དབྱིངས་གཉིས་པོ་ཆོས་ཅན། གནས་སྐབས་ཐེག་དམན་གྱི་རིགས་ཡིན་ཀྱང༌། མཐར་ཐུག་རྒྱུའི་སྒོ་ནས་སངས་རྒྱས་ཀྱི་རིགས་སུ་འཇོག་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པ་སྟེ། རྫོགས་པར་བྱས་ཟིན་པའི་རིམ་གྱིས། ཁྱོད་ལ་དམིགས་པ་སྟེ་རྟོགས་པ་ན། འཕགས་པ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་རྒྱུ་བྱེད་པའི་ཕྱིར། ཞེས་འཆད་པ་ནི། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་ན། འཕགས་པའི་ཆོས་རྟོགས་པར་འགྱུར་བའི་ཕྱིར། ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ། །ཞེས་འགྲེལ་པ་ཆེ་ཆུང་གཉིས་ཀ་ལས་གསུངས་སོ། །འདིར་རྟོགས་པའི་རིམ་གྱིས་ཞེས་པ་རྫོགས་པའི་རིམ་གྱིས་ཞེས་པ་ལ་འཆད་དགོས་པ་ཡིན་ཏེ། རྟོགས་པ་དང་རྫོགས་པ་ཞེས་པ་སྐད་དོད་གཅིག་པའི་ཕྱིར་དང༌། འདིར་ཉན་རང་གི་ཆོས་དབྱིངས། གནས་སྐབས་དམན་པའི་རིགས་དང༌། མཐར་ཐུག་སངས་རྒྱས་ཀྱི་རིགས་སུ་འཇོག་པའི་སྐབས་ཡིན་པའི་ཕྱིར་དང༌། དེའི་ཤེས་བྱེད་དུ། ཐེག་པ་དམན་པ་གཉིས་ཀྱི་སྤངས་རྟོགས་རྫོགས་ཟིན་པའི་རིམ་གྱིས་རང་རྒྱུད་ཀྱི་ཆོས་དབྱིངས་ལ་དམིགས་པ་ན། སངས་རྒྱས་ཀྱི་ཆོས་རྣམས་ཆོས་དབྱིངས་དེ་ལས་འབྱུང་བའི་ཕྱིར། ཞེས་བཀོད་ན་ཤིན་ཏུ་འབྲེལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྟེན་གྱི་དོན་དམིགས་པ་ལ་འཆད་མི་རིགས་པ་དང༌། རིགས་སུ་ཆུག་ཀྱང་དམིགས་པ་ལ་རྟོགས་པས་ཁྱབ་པ་མི་འཐད་པའོ། །དང་པོ་ནི། སྐབས་འདིར་རྟེན་བརྟེན་པ་ཞེས་པ། འཁར་གཞོང་དང༌། རྒྱ་ཤུག་ལྟ་བུའི་ཚུལ་ལ་འཆད་དགོས་པ་ཡིན་གྱི། ཡུལ་ཡུལ་ཅན་ལ་འཆད་པ་ནི་རྩ་འགྲེལ་གྱི་དགོངས་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ལུང་དང་རིགས་པ་གཉིས་ཀ་དང་འགལ་བའི་ཕྱིར་རོ། །དང་པོ་ལུང་ནི། ཇི་སྐད་དུ། འཇིམ་པ་གཅིག་ལས་མངོན་པར་འགྲུབ་ཅིང༌། །ཞེས་སོགས་དཔེའི་སྐབས་སུ་བུམ་པ་ལ་སོགས་པའི་སྣོད་དང༌། སྦྲང་རྩི་ལ་སོགས་པའི་བཅུད་གཉིས་ཕན་ཚུན་རྟེན་བརྟེན་པ་ཡིན་པའི་ཚུལ་དཔེར་བཀོད་པའི་ཕྱིར། རིགས་པ་ནི་ཐེག་པ་གསུམ་པོ་སོ་སོའི་སྤངས་རྟོགས་ཀྱི་རིགས་རྣམས་རང་རང་གི་ཆོས་དབྱིངས་ལ་སྣོད་བཅུད་ཀྱི་ཚུལ་གྱིས་བརྟེན་པའི་རྒྱུ་མཚན་གྱིས། གནས་སྐབས་རིགས་གསུམ་གྱི་དབྱེ་བ་ཐ་དད་པར་འཆད་པའི་སྐབས་ཡིན་པས་སོ། །གཞན་ཡང་རྟེན་དང་དམིགས་པ་སྐབས་འདིར་དོན་གཅིག་པར་འཆད་པ་རྩ་བའི་དགོངས་པ་མིན་ཏེ། རྩ་བར་རྟེན་ཆོས་དབྱིངས་ཁོ་ན་དང༌། དམིགས་པ་ཆོས་ཐམས་ཅད་ལ་དམིགས་པར་བཤད་པའི་ཕྱིར། ཡང་དེ་གཉིས་དོན་གཅིག་ཏུ་འཆད་པ་འགྲེལ་པའི་དགོངས་པ་མ་ཡིན་ཏེ། ཉི་སྣང་དུ། ཐེག་ཆེན་གྱི་བསྒྲུབ་པ་དེ་རྟེན་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་བཞིན་དུ། དམིགས་པ་ཡང་དེ་ཁོ་ན་ལ་དམིགས་པ་ཡིན་ན། དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པའི་སྐྱོན་བརྗོད་པར་མཛད་པའི་ཕྱིར་ཏེ། དེ་ཉིད་ལས། གང་དག་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་སྙམ་དུ་སེམས་པ་དེ་དག་གིས། དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཇི་ལྟར་ཡིན་ཞེས་བྱ་བ་བརྗོད་དགོས་སོ། །ཞེས་བཤད་པའི་ཕྱིར། གཞན་ཡང་དེ་གཉིས་དོན་མི་གཅིག་པར་འཆད་དགོས་པ་ནི། འགྲེལ་ཆེན་གཉིས་ཀའི་དགོངས་པ་ཡིན་ཏེ། གཉིས་ཀ་ལས་དེ་ལྟར་བྱས་ནས་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉིས་ཀའང་གཉིས་ཀར་མ་བཞག་པ་དེས་ན་རྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་དང༌། དམིགས་པ་དག་པ་མཐར་ཐུག་པར་འགྲོ་བ་ཡང་འཐད་པར་འགྱུར་རོ། །ཞེས་གསལ་བར་གསུངས་སོ། །གཉིས་པ་ནི། ཆོས་དབྱིངས་ལ་དམིགས་ན། ཆོས་དབྱིངས་རྟོགས་པས་ཁྱབ་པའང་འཐད་པ་མིན་ཏེ། བསྒྲུབ་བྱ་མི་འཐད་པ་དང༌། སྒྲུབ་བྱེད་འཁྲུལ་བའོ། །དང་པོ་ནི་དེ་ལྟར་འདོད་པ་ནི་འཕགས་སེང་གི་ལུང་དང༌། རིགས་པ་དང་འགལ་ལོ། །དང་པོ་ནི་འགྲེལ་ཆེན་ལས། ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིའི་དམིགས་པ་ཅི་ཞིག་ཅེ་ན། ཁ་ཅིག་ནི་སྟོང་པ་ཉིད་ཡིན་ནོ་ཞེས་འདོད་དོ། །གཞན་དག་གིས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པར་འདོད་དོ། །འདི་ཉིད་རིགས་པ་ཡིན་ཏེ། གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་དུ་རྟ་ལ་སོགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པ་ལྟ་བུའོ། །རྩོད་པའི་གནས་སུ་གྱུར་པའི་རྣམ་པར་མི་རྟོག་པའི་ཡིད་འདི་ཡང་ཤེས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་གསུངས་ལ། ཉི་སྣང་ལས་ཀྱང་དེ་ལྟར་དུ་གསུངས་པས་ཁྱེད་ལྟར་ན། ཤེས་པ་ཡིན་ན་བདེན་སྟོང་རྟོགས་པས་ཁྱབ་པར་འགྱུར་ཏེ། དེ་ཡིན་ན་དེ་ལ་དམིགས་པས་ཁྱབ་པར་བཤད་པ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་རིགས་པས་གནོད་པའི་ཚུལ་ནི། བདེན་སྟོང་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ཆོས་ཅན། བདེན་སྟོང་རྟོགས་པར་ཐལ། དེ་ལ་དམིགས་པའི་ཕྱིར། རྟགས་གྲུབ་སྟེ། དེ་དང་དེ་ལ་དམིགས་ནས་བདེན་སྟོང་དུ་རྟོགས་པའི་བློ་གཉིས་དམིགས་པ་གཅིག་ལ་དམིགས་ནས། འཛིན་སྟངས་འགལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །གཞན་ཡང་མྱུ་གུ་ལ་དམིགས་ནས་བདེན་པར་འཛིན་པའི་བློ་དང༌། དེ་ལ་དམིགས་ནས་བདེན་སྟོང་དུ་རྟོགས་པའི་བློ་གཉིས་ཀས་མྱུ་གུ་རྟོགས་པར་འགྱུར་ལ། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ནི། དབུ་མའི་སྐབས་འདིར། སྔ་མ་ནི་དེ་ལ་ལོག་ཤེས་སུ་ཁས་ལེན་དགོས་པ་དང༌། གཉིས་པས་དེ་རྟོགས་ན་ཁྱེད་ལ་ཁས་བླངས་ནང་འགལ་བ་ཡིན་ཏེ། གཉིས་སྣང་དང་བཅས་པའི་ཚུལ་གྱིས་སམ། གཉིས་སྣང་ནུབ་པའི་ཚུལ་གྱིས་སམ། ཤུགས་ལ་རྟོགས་པ་གསུམ་ལས་གང་ཡིན། དང་པོ་ལྟར་ན། དེ་དེར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། འཕགས་པ་སློབ་པའི་མཉམ་གཞག་ཡེ་ཤེས་མ་ཡིན་པར་ཐལ། བཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། མྱུ་གུ་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། རང་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་ཟློག་པར་མི་ནུས་ལ། གསུམ་པ་ལྟར་ན། དེ་དེ་ལ་མངོན་སུམ་མམ་རྟོག་མེད་འཁྲུལ་ཤེས་གཉིས་ལས་མ་འདས་ལ། དང་པོ་ལྟར་ན། ཁྱེད་ལ་ནང་འགལ་འདི་ལྟར། སློབ་པའི་མཉམ་གཞག་སྣང་བཅས་སུ་ཐལ་བའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་འཁྲུལ་བ་ནི། དེ་དམིགས་ན་དེ་བློ་ངོར་གྲུབ་དགོས་སུ་ཆུག་ཀྱང༌། དེ་ལ་དམིགས་ན་དེ་བློ་ངོར་གྲུབ་དགོས་པ་ནི་མིན་ཏེ། ཆོས་ཉིད་ལ་དམིགས་ནས་བདེན་པར་འཛིན་པའི་བློ་བཞིན་ནོ། །ཁོ་བོ་ཅག་ཀྱང་དེ་ལྟར་ཁས་ལེན་ནོ་སྙམ་ན། དེ་ལྟ་ན་སྐབས་ཀྱི་རྩོད་ལན་མ་འབྲེལ་བར་འགྱུར་ཏེ། ཆོས་དབྱིངས་ལ་བརྟེན་པའི་དོན་གང་ཡིན་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ལ། དངོས་དང་ལུང་དོན་བཤད་པའོ། །དང་པོ་ནི། ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་ཡིན་པའི་ཤེས་བྱེད་དུ། དེ་ཐམས་ཅད་ཀྱིས་དེ་རྟོགས་པའི་ཕྱིར་ཞེས་འགོད་ན་ཤིན་ཏུ་འཁྲུལ་བ་ཡིན་ཏེ། རིགས་ཀྱི་དོན་ནི་རྒྱུའི་དོན་ལ་འཆད་དགོས་པ་ཡིན་གྱི། རྟོགས་པའི་དོན་ལ་འཆད་པའི་གནས་སྐབས་མེད་པའི་ཕྱིར་དང༌། དེས་དེ་རྟོགས་པ་ཙམ་གྱིས། དེའི་རིགས་སུ་འཆད་ན། གང་ཟག་གི་བདག་མེད་ཀྱང་ཐེག་པ་གསུམ་གྱི་རིགས་སུ་ཐལ་བའི་ཕྱིར་དང༌། དེས་དེ་རྟོགས་དགོས་པ་ཙམ་གྱིས་དེ་དེའི་རིགས་སུ་འགྱུར་བ་མ་ཡིན་གྱི། དེ་ངེས་པར་དེའི་རྒྱུ་ཡིན་པ་ཙམ་གྱིས་དེའི་རིགས་སུ་འཇོག་དགོས་པ་ནི། གཞུང་འགྲེལ་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །གཞན་ཡང༌། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཆོས་དབྱིངས་རྟོགས་པས་རབ་ཏུ་ཕྱེ་བར་ཁས་ལེན་པ་དང༌། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཉན་ཐོས་ཞིག་ཀྱང་ཡོད་པར་ཁས་ལེན་པ་ནང་འགལ་ལོ། །གཉིས་པ་ནི། དེ་དེའི་རིགས་ཡིན་པའི་ཤེས་བྱེད་དུ། སྒྲུབ་བྱེད་དེ་ལྟར་བཀོད་པ་མ་ཡིན་གྱི། དེ་དེའི་རིགས་ཡིན་པའི་རྒྱུ་མཚན་གྱིས་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་བཤད་པ་ཡིན་ཏེ། འགྲེལ་ཆེན་གཉིས་ཀ་ལས། ངེས་པའི་ཚིག་ནི་ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། དེ་ལས་ཡོན་ཏན་དེ་དང་དེ་དག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་བརྗོད་པ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལྟར་ན་འཕགས་པ་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཆོས་དབྱིངས་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། ཆོས་དབྱིངས་དེ་གསུམ་ཀའི་རིགས་སུ་གྲུབ། དེ་གྲུབ་པ་ན། འཕགས་པའི་གང་ཟག་ཐམས་ཅད་ནི་ཞེས་སོགས་ཀྱི་མདོའི་དོན་ཡང་ལེགས་པར་གྲུབ་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ནི། སྐབས་གསུམ་པ་ཉིད་དུ་བཤད་པར་བྱའོ། །གཉིས་པ་སངས་རྒྱས་ཀྱི་སྙིང་པོའི་རྣམ་པར་བཞག་པ་ལ་གསུམ་སྟེ། བོད་ཕྱི་རབ་པའི་འདོད་པ་མི་འཐད་པར་བསྟན་པ། བོད་སྔ་རབས་ཀྱི་མཁས་པ་སོ་སོའི་བཞེད་པ་མ་འདྲེས་པར་བཀོད་པ། རང་གི་ལུགས་རྣམ་པར་བཤད་པའོ། །དང་པོ་ནི། དིང་སང་ལུང་ཆོས་སྨྲ་བ་ཁས་འཆེ་བ་དག་ཕལ་ཆེར་མཐུན་པར། མདོ་དང་བསྟན་འཆོས་དག་ལས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་པར་བྱེད་ཅིང༌། དེའི་སྒྲ་ཟིན་གྱི་གོ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གནས་རིགས་ཡོད་པ་ལ་འཆད་ཅིང༌། རང་བཞིན་གྱིས་གནས་པའི་རིགས་གང་ཡིན་པ་དེ་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནོ་ཞེས་མགྲིན་གཅིག་ཏུ་འཆད་པ་ལ་ཐེ་ཚོམ་ཙམ་ཡང་དགོས་པར་མ་གྱུར་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པ་དང༌། དེ་ཐམས་ཅད་ཀྱི་རྒྱུད་ལ་སྙིང་པོ་དེ་བཞིན་གཤེགས་པ་རེ་རེ་ཡོད་པར་ཁས་ལེན་དགོས་ལ། དེ་ལྟར་ཡང་ཁྱེད་ཀྱིས་མི་འདོད་པའི་ཕྱིར། དེ་ལྟར་དུ་ཁོ་བོ་ཅག་ཀྱང་འདོད་དོ་སྙམ་ན་ནི་རང་བཞིན་དུ་གནས་པའི་རིགས་སྙིང་པོའི་ངོས་འཛིན་དུ་འཆད་པ་རིགས་པ་མིན་ཏེ། དེ་དེའི་ངོས་འཛིན་དུ་འཆད་པ་དེ་དག་གིས་ནི། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པ་ལ་བསམ་ནས། དེ་དེའི་ངོས་འཛིན་དུ་འཆད་པ་ཡིན་ལ། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་གོ་ཆོད་པོ་ཡོད་པར་འཆད་པ་དང༌། སངས་རྒྱས་ཀྱི་རིགས་སངས་རྒྱས་ཀྱི་སྙིང་པོར་འཆད་པ་ནི་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་ཡང་འདི་ལྟར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནོ། །ཞེས་འཆད་པའི་སངས་རྒྱས་ཀྱི་གསུང་དེའི་སྒྲ་ཇི་བཞིན་པ་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་དང༌། དེ་བཞིན་གཤེགས་པ་གོ་ཆོད་པོ་རེ་རེ་ཡོད་དོ་ཞེས་འཆད་པ་ཡིན་ཏེ། དེ་ལྟར་བཤད་པ་ལས། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཞེས་པའི་སྐབས་ནས་བཤད་པའི་སྐྱོན་ལྔ་པོ་དེ་སེལ་ནུས་པའི་ཕྱིར་དང༌། དེའི་རྒྱུད་ལ་རང་བཞིན་དུ་གནས་པའི་རིགས་སམ། དྲི་མ་དང་བཅས་པའི་སེམས་བདེན་པས་སྟོང་པ་དེ་ཡོད་དོ་ཞེས་གསུངས་པ་ཙམ་གྱིས་ཉེས་པ་ལྔ་པོ་དེ་སེལ་བར་མི་ནུས་པའི་ཕྱིར་རོ། །དང་པོ་དེས་དེ་ལྟར་ནུས་པ་ཡིན་ཏེ། སེམས་ཅན་འགའ་ཞིག་བདག་ལྟ་བུས་སངས་རྒྱས་ག་ལ་ཐོབ་སྙམ་དུ་སེམས་ཞུམ་པར་གྱུར་པ་དང༌། ཡང་འགའ་ཞིག་ལམ་དུ་མ་ཞུགས་པའི་སེམས་ཅན་འདི་དག་ནི་དམན་པ་ཡིན་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ནི་མཆོག་ཡིན་ནོ་སྙམ་དུ་རློམ་པ་ལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་གོ་ཆོད་པོ་རེ་རེ་བཞུགས་སོ་ཞེས་བསྟན་པ་ན། རློམ་པ་དེ་དག་སེལ་ནུས་པའི་ཕྱིར་དང༌། རང་བཞིན་དུ་གནས་པའི་རིགས་ནི་སངས་རྒྱས་ཀྱི་སྙིང་པོ་ཡིན་ལ། དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ཞེས་བསྟན་པ་ཙམ་གྱིས་རློམས་པ་དེ་དག་སེལ་བར་མི་ནུས་པའི་ཕྱིར་རོ། །གཞན་ཡང་རང་བཞིན་དུ་གནས་པའི་རིགས་བདེ་བར་གཤེགས་པའི་སྙིང་པོ་དངོས་ཡིན་ནོ་ཞེས་འཆད་པ་ལ་ནི་ཤེས་བྱེད་ཀྱི་ལུང་དང་རིགས་པ་ཅི་ཡང་ཡོད་པ་མིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་འཆོས་ཀྱི་རྩ་འགྲེལ་གང་ན་ཡང་དེ་ལྟར་འཆད་པའི་ལུང་མེད་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་དང་དེའི་སྙིང་པོ་དོན་ལྡོག་ཐ་དད་དུ་ངོས་འཛིན་པ་ནི། ཡི་གེའི་དོན་མ་ཡིན་ལ། ཡིན་དུ་ཆུག་ཀྱང་དེ་ནི་དེའི་རྒྱུ་ཡིན་གྱི་སྙིང་པོ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྙིང་པོ་དེ་བཞིན་གཤེགས་པ་རེ་རེ་ཡོད་དོ། །ཞེས་བྱ་བ་ནི་ཇི་སྐད་དུ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་པ་ལྟ་བུའི་མདོ་རྣམས་ཀྱི་སྒྲ་ཟིན་གྱི་དོན་ནོ། །དོན་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་པའི་ལུགས་གཅིག་དང༌། དེར་ཁས་མི་ལེན་པ་དགོངས་པ་ཅན་དུ་འཆད་པའི་ལུགས་ཤིག་སྟེ་གཉིས་པོ་དེ་ནི། བོད་ཀྱི་ཤིང་རྟ་ཆེན་པོ་སྔོན་བྱོན་པ་དེ་དག་གི་བཞེད་པ་ཡིན་ལ། རང་བཞིན་དུ་གནས་པའི་རིགས་དང༌། དྲི་མ་དང་བཅས་པའི་སེམས་ཀྱི་རང་བཞིན་འོད་གསལ་དང༌། དེའི་སེམས་བདེན་པས་སྟོང་པ་བདེ་བར་གཤེགས་པའི་སྙིང་པོ་ཡིན་ནོ་ཞེས་བྱ་བ་དང༌། སེམས་ཅན་གྱི་ཁམས་དང༌། སངས་རྒྱས་ཀྱི་ཁམས་དང༌། གཞི་དུས་ཀྱི་བདེ་བར་གཤེགས་པའི་སྙིང་པོ་རྣམས་དོན་གཅིག་ལ་འདུ་བ་ཡིན་ནོ། །ཞེས་ཟེར་བ་ནི། གངས་ཅན་དུ་ཕྱིས་བྱོན་པའི་རྟོག་གེ་བ་ལུང་ཆོས་སྨྲ་བར་ཁས་ལེན་པ་རྣམས་ཀྱིས་སྨྲས་པའོ། །གཉིས་པ་ནི། བོད་ཡུལ་དུ་བྱོན་པའི་མཁས་གྲུབ་ཤིན་ཏུ་མང་པོ་དག་གིས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྙིང་པོ་སངས་རྒྱས་རེ་རེ་བཞུགས་པར་བཤད་པ་དེ་སྤྱིར་སྒྲ་ཇི་བཞིན་པ་དང༌། བྱེ་བྲག་ཏུ་སངས་རྒྱས་དེ་ཡང་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། སྟོབས་དང་མ་འདྲེས་ལ་སོགས་པའི་ཡོན་ཏན་རྣམས་གདོད་མ་ནས་ངོ་བོ་ཉིད་ཀྱིས་གྲུབ་པ། རྟག་པ་བརྟན་པ་ཐེར་ཟུག་པ། མི་འགྱུར་བའི་ཆོས་ཅན་ཞིག་ཡིན་ལ། དེ་ཡང་སེམས་ཅན་གྱི་རྒྱུད་ལ་བཞུགས་ཚུལ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དཔེ་རྣམ་པ་དགུའི་སྒོ་ནས་གསུངས་པ་ཡིན་ནོ། །ཞེས་གསུང་ངོ༌། །དེ་ལྟར་བཤད་པ་དེ་ནི་སྙིང་པོའི་སྒྲ་ཇི་བཞིན་པར་འཆད་པའི་ལུགས་གཅིག་གོ །ཡང་དེ་དེ་ལྟར་འཆད་པའི་ལུགས་གཉིས་པ་ཞིག་སྣང་བ་ནི། རྔོག་ལོ་ཙཱ་བ་ཆེན་པོ་རྗེས་འབྲངས་དང་བཅས་པ་སྟེ། དེ་ཡང་འདི་ལྟར། རིགས་དང་དེ་བཞིན་ཉིད་དང་ཆོས་ཀྱི་སྐུ་ཞེས་བྱ་བ་རྣམ་པ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་ལས། དེ་ཡང་རང་བཞིན་དུ་གནས་པའི་རིགས་ནི་སྙིང་པོ་བཏགས་པ་བ་དང༌། སེམས་ཅན་ཐམས་ཅད་ལ་ཡོད་པ་མཚན་ཉིད་པའོ། །ཆོས་སྐུ་ནི་སྙིང་པོ་མཚན་ཉིད་པ་དང༌། སེམས་ཅན་ལ་ཡོད་པ་བཏགས་པའོ། །དེ་བཞིན་ཉིད་ནི་སྙིང་པོ་དང༌། སེམས་ཅན་ཐམས་ཅད་ལ་ཡོད་པ་གཉིས་ཀ་མཚན་ཉིད་པའོ། །ཞེས་གསུངས་ལ། གསུམ་པོ་ལ་རིམ་པ་བཞིན་དུ། རྒྱུ་དང༌། རང་བཞིན་དང༌། འབྲས་བུ་བདེ་གཤེགས་སྙིང་པོ་ཞེས་པའི་མིང་གིས་འདོགས་པར་མཛད་ཅིང༌། རྒྱུ་བདེ་གཤེགས་སྙིང་པོ་ནི། སྙིང་པོ་མཚན་ཉིད་པ་མིན་ཏེ། འདུས་བྱས་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་ས་ན་ཡོད་པ་མ་ཡིན་པའི་ཕྱིར་ཞེས་དང༌། སྤྱིར་དཀོན་མཆོག་གསུམ་དང་བདེ་གཤེགས་སྙིང་པོ་ལ་ཀུན་རྫོབ་དང༌། དོན་དམ་པའི་དེ་གཉིས་སུ་ཕྱེ་ནས། མཚན་གཞི་ཡང་ཆོས་སྐུ་དང༌། གཟུགས་སྐུ་དང༌། འགོག་ལམ་དང༌། ལུང་དང་རིག་གྲོལ་དང༌། འཕགས་པའི་ཚོགས་དང༌། རིགས་དང་དེ་བཞིན་ཉིད་ལ་བྱ་ལ། དེ་ཡང་རིགས་ནི་ནུས་པའི་ཆ་དང༌། དེ་བཞིན་ཉིད་ནི་མེད་དགག་གི་ཆ་ལ་འཇོག་པ་ཡིན་ནོ། །ཞེས་བཞེད་པ་ཡིན་ནོ། །རྗེ་བཙུན་ས་སྐྱ་པའི་བཞེད་པ་ནི། མདོ་ལས་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་བཞེད་པ་ཡིན་ལ། དེ་ཇི་ལྟར་བཞེད་པའི་ཚུལ་ལ་གཉིས་ཏེ། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་འཆོས་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ལ་དྲང་དོན་དུ་འགྲེལ་རྒྱུའི་མདོ་ནི། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་གསུངས་པ་དེའོ། །དེ་དགོངས་པ་ཅན་དུ་འགྲེལ་བའི་ཚུལ་ནི། བསྟན་འཆོས་དེ་ཉིད་ལས། སེམས་རྟོགས་ན་ཞེས་སོགས་དེ་སྐད་གསུངས་པ་ནི། མུ་སྟེགས་གྲངས་ཅན་པ་ལ་སོགས་པ་རྗེས་སུ་བཟུང་བའི་ཕྱིར་དགོངས་པ་ཅན་ཡིན་ཏེ། གྲངས་ཅན་གྱི་གཞུང་ལས། ལྷ་མིག་རྣམ་དག་བསྒྲུབ་ནས་ནི། །སེམས་ཀྱི་བདག་ཉིད་རྟོགས་པར་བྱ། །སྐྱེས་བུའི་བདག་ཉིད་སུས་རྟོགས་པ། །ཆ་ལུགས་གང་གིས་གནས་ཀྱང་གྲོལ། །ཞེས་ཟེར་བ་དེ་རྗེས་སུ་བཟུང་བའི་ཕྱིར་ཡིན་ནོ། །དགོངས་གཞི་ནི། ཆོས་ཀྱི་སྐུའི་སངས་རྒྱས་ལ་དགོངས། དགོས་པ་ནི་གྲངས་ཅན་པ་ལ་སོགས་པ་དེ་དག་སྙིང་གི་དཀྱིལ་ན་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་རང་ཆས་སུ་ཡོད་པར་འདོད་པ་དག་དྲང་བའི་ཕྱིར་ཡིན། དངོས་ལ་གནོད་བྱེད་ནི། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པ་ནས། ཤེས་ཏེ་འཇིག་རྟེན་ལ་ཡང་ནི། །ཡོད་ན་ཅིས་ཏེ་མཐོང་མི་འགྱུར། །ཞེས་བྱ་བ་ལ་སོགས་པའི་རིགས་པ་དང༌། གཞན་ཡང་གྲངས་ཅན་འགོག་པའི་རིགས་པ་རྣམ་འགྲེལ་སོགས་ནས་བཤད་པ་ཐམས་ཅད་ཀྱིས་གནོད་པའི་ཕྱིར་དང༌། སྐུ་གསུམ་ལ་སོགས་པའི་རྣམ་གཞག་ཐམས་ཅད་འདི་ལ་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ་དགོངས་པ་ཅན་དུ་འགྲེལ་རྒྱུའི་མདོ་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གོས་ཧྲུལ་གྱི་ནང་ན་རིན་པོ་ཆེ་འོད་འབར་བ་ཡོད་པའི་དཔེས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཚན་སོ་གཉིས་དང་ལྡན་པའི་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་པ་དེའོ། །ཇི་ལྟར་འགྲེལ་བའི་ཚུལ་ནི་བསྟན་འཆོས་དེ་ཉིད་ལས། འོན་ཀྱང་མདོ་སྡེ་འགའ་ཞིག་དང༌། །ཐེག་པ་ཆེན་པོ་རྒྱུད་བླ་མར། །གོས་རུལ་ནང་ན་རིན་ཆེན་ལྟར། །སེམས་ཅན་རྣམས་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །དགོངས་པ་ཡིན་པར་ཤེས་པར་བྱ། །དེའི་དགོངས་གཞི་སྟོང་ཉིད་ཡིན། །དགོས་པ་སྐྱོན་ལྔ་སྤངས་ཕྱིར་གསུངས། །དངོས་ལ་གནོད་བྱེད་ཚད་མ་ནི། །དེ་འདྲའི་སངས་རྒྱས་ཁམས་ཡོད་ན། །མུ་སྟེགས་བདག་དང་མཚུངས་པ་དང༌། །བདེན་པའི་དངོས་པོར་འགྱུར་བ་དང༌། །ངེས་པའི་དོན་གྱི་མདོ་སྡེ་དང༌། །རྣམ་པ་ཀུན་ཏུ་འགལ་ཕྱིར་རོ། །ཞེས་གསུངས་སོ། །འདིར་ཐེག་པ་ཆེན་པོ་རྒྱུད་བླ་མ་ཞེས་གསུངས་པ་དེ་རྗེ་བཙུན་གྱིས་མཛད་པའི་བསྟན་འཆོས་ལ་དགོངས་པ་མིན་ཏེ། སྤྱིར་དབུ་མའི་བསྟན་འཆོས་དག་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འགྲེལ་དགོས་པ་མི་སྲིད་པའི་ཕྱིར་དང༌། བསྟན་འཆོས་དེར་བཤད་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་འཆད་ན་སེམས་ཅན་གྱི་རྒྱུད་ལ་རང་བཞིན་གནས་རིགས་མེད་པར་ཐལ་བའི་ཕྱིར་དང༌། བསྟན་འཆོས་དེ་ན། གོས་རུལ་གྱི་ནང་ན་རིན་པོ་ཆེ་ཡོད་པའི་དཔེས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་བཤད་པ་མེད་པའི་ཕྱིར་རོ། །རྒྱུད་བླ་མའི་བསྟན་འཆོས་ཀྱིས་སྙིང་པོའི་མདོ་དགོངས་པ་ཅན་དུ་བསལ་ཟིན་པའི་ཕྱིར་རོ། །དེར་དེ་བཀྲལ་བ་ཇི་ལྟར་ཞེ་ན། མདོར་གོས་རུལ་གྱི་ནང་ན་རིན་པོ་ཆེ་ཡོད་པའི་དཔེས། སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་པའི་དགོངས་གཞི་རང་བཞིན་གནས་རིགས་ཀྱི་སྟེང་གི་ངོ་བོ་ཉིད་ཀྱི་སྐུ་བསྐྱེད་པའི་ནུས་པ་ལ་དགོངས་པ་ཡིན་ནོ། །ཞེས་བཤད་པ་དེའོ། །གང་དུ་བཤད་ཅེ་ན། ཇི་སྐད་དུ། དང་པོས་སྐུ་ནི་དང་པོ་སྟེ། །ཞེས་གསུངས་པ་དེར་རོ། །དེ་ལྟར་ན་རྒྱུད་བླ་མ་ཞེས་པ་འཁོར་ལོ་ཕྱི་མ་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། སླར་ཡང་བླ་མའི་རྒྱུད་འདིར་ནི། །ཞེས་འབྱུང་བ་བཞིན་ནོ། །འདིར་བཤད་པའི་དགོངས་གཞི་དང༌། དངོས་ལ་གནོད་བྱེད་གཉིས་ནི་ལང་ཀར་གཤེགས་པའི་མདོ་སྡེ་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། བློ་གྲོས་ཆེན་པོ་ངའི་བདེ་བར་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཅན་གྱི་བདག་དུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤངས་པའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་ནས་བསྟན་པས། རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། ཞེས་གསུངས་པ་ཡིན་ནོ། །དེ་སྒྲ་ཇི་བཞིན་པ་ཡིན་ན། མུ་སྟེགས་ཀྱི་བདག་དང་མཚུངས་པའི་ཤེས་བྱེད་ཀྱང༌། མདོ་གང་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ན། གཙང་བདེ་རྟག་བདག་བཞིས་ཁྱད་པར་དུ་བྱས་ཏེ་སྟོན་པ་ཡིན་པས་སོ།        རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*