ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ཉ ༽

 །དེའི་ཕྱིར་མི་མཁས་པ་གང་དག སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་སྟོན་པའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པར་ཁས་བླངས་ན། སེམས་ཅན་གྱི་རྒྱུད་ལ་སེམས་བདེན་སྟོང་མེད་པ་ཉིད་དུ་ཁས་བླངས་པར་འགྱུར་བ་དང༌། དེའི་རྒྱུད་ལ་སེམས་གསལ་སྟོང་ཟུང་འཇུག་མེད་པ་ཉིད་དུ་ཁས་བླངས་པར་འགྱུར་བ་དང༌། དེར་རང་བཞིན་དུ་གནས་པའི་རིགས་མེད་པ་ཉིད་དུ་ཁས་བླངས་པར་འགྱུར་རོ། །སྙམ་དུ་སེམས་པ་དེ་དག་གིས་ནི། སྙིང་པོའི་མདོའི་སྒྲས་ཟིན་གྱི་དགོངས་པ་གང་ཡིན་པ་དང༌། མདོ་དེ་དགོས་པ་གང་གི་ཕྱིར་གསུངས་པ་མ་ཤེས་པ་དང༌། སྙིང་པོའི་དགོངས་གཞི་དང༌། སྙིང་པོ་དངོས་ཀྱི་རྣམ་དབྱེ་མ་ཕྱེད་བཞིན་དུ་སྨྲ་བ་ལ་མངོན་དུ་ཕྱོགས་པས་རྨོངས་པ་དག་དགའ་བར་བྱེད་དོ། །འོ་ན་བོད་མཁས་པའི་ལུགས་དེ་དག་ལས་གང་གི་རྗེས་སུ་འཇུག་ཅེ་ན། ཁོ་བོ་ཅག་གི་རྗེ་བཙུན་དམ་པ་སྔོན་བྱོན་པའི་རྣམ་བཤད་མཛད་པ་པོ་དེ་དག་གིས་ནི་རྔོག་ལོ་ཙཱ་བ་ཆེན་པོས། སྙིང་པོས་སེམས་ཅན་ལ་ཁྱབ་པའི་མདོ་སྒྲ་ཇི་བཞིན་པ་དང༌། རང་བཞིན་རྣམ་དག་གི་ཆོས་ཉིད་ལ་སྙིང་པོ་དངོས་སུ་འཆད་པ་དེའི་རྗེས་སུ་འཇུག་པར་ཞལ་གྱིས་བཞེས་སོ། །གསུམ་པ་རང་གི་བློས་བཏགས་པའི་ལུགས་རྣམ་པར་བཞག་པ་ལ་གསུམ་སྟེ། སེམས་ཅན་ལ་སྙིང་པོས་ཁྱབ་པར་གསུངས་པའི་མདོ་བཀོད། མདོ་དེའི་དགོངས་པ་རྒྱུད་བླ་མའི་བསྟན་འཆོས་སུ་ཇི་ལྟར་བཀྲལ་བའི་ཚུལ་བཤད། བདེ་བར་གཤེགས་པའི་སྙིང་པོའི་མཚན་གཞི་གང་ཡིན་ངོས་བཟུང་བའོ། །དང་པོ་ནི། རྒྱུད་བླ་མའི་འགྲེལ་པར། སངས་རྒྱས་ཕལ་པོ་ཆེ་ཞེས་པའི་མདོ་དྲངས་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་དར་ཡུག་ཆེན་པོ། སྟོང་གསུམ་གྱི་ཡོན་ཏན་གྱི་ཚད་ཐམས་ཅད་ཡོངས་སུ་རྫོགས་པ། རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཞིག་ཡོད་ལ། དེ་ཐམས་ཅད་རྡུལ་ཐམས་ཅད་ཀྱི་ནང་དུ་བཅུག་ཅིང༌། དེ་ཡུན་རིང་མོ་ཞིག་ན་སྐྱེས་བུ་མཁས་པ་ལྷའི་མིག་དང་ལྡན་པ་ཞིག་གིས་རྫས་ཀྱི་རྡོ་རྗེས་ཕྱེ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་ཆེན་པོར་བྱས་པ་ཞིག་དཔེར་བྱས་ནས། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང༌། དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་གསུངས་པ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དྲི་བཅས་དེ་བཞིན་ཉིད་ཡོད་པ་ལ་དགོངས་པ་ཡིན་ནོ། །ཞེས་རྒྱུད་བླ་མའི་བསྟན་འཆོས་ཀྱིས་འགྲེལ་བར་བྱེད་དོ། །དེའི་ཚུལ་ལ་གསུམ་སྟེ། དོན་རྣམ་པ་གསུམ་ལ་དགོངས་ནས་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པའི་དགོངས་པ་བཤད། དགོས་པ་རྣམ་པ་ལྔ་གཟིགས་ནས་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་གསུངས་པའི་ཕན་ཡོན་བཤད། སངས་རྒྱས་ཀྱི་སྙིང་པོ་ནི་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་རྟགས་ཀྱིས་དངོས་ལ་གནོད་བྱེད་བསྟན་པའོ། །དང་པོ་ནི་འགྲེལ་པ་ལས། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་གང་ཡིན་པ་དེ་དོན་གང་གིས་ཡིན་ཅེ་ན། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེ་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །མདོར་བསྡུ་ན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་འབྱུང་ངོ༌། །དེའི་དོན་ནི། གོང་དུ་དྲངས་མ་ཐག་པའི་མདོ་དེར། སེམས་ཅན་ཐམས་ཅད་ཀྱི་ཁོང་ན་སྙིང་པོ་སངས་རྒྱས་གོ་ཆོད་པོ་རེ་རེ་བཞུགས་པར་བཤད་པ་དེ། སྒྲ་ཇི་བཞིན་པ་ཡིན་ནམ་ཞེ་ན། མིན་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལ་དགོངས་ནས་དེ་སྐད་ཅེས་གསུངས་པས་སོ། །ཞེས་འཆད་པ་ནི་སྔ་འགྲེལ་གྱི་དོན་ནོ། །ལུས་ཅན་ཀུན་ཆོས་ཅན། རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མདོ་ལས་གསུངས་པའི་རྒྱུ་མཚན་ཡོད་དེ། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འཕྲོ་བའི་ཕྱིར་དང༌། སངས་རྒྱས་ཀྱི་དེ་བཞིན་ཉིད་དང༌། ཁྱོད་ཀྱི་དེ་བཞིན་ཉིད་དབྱེར་མེད་པའི་ཕྱིར་དང༌། སངས་རྒྱས་ཀྱི་རིགས་སམ་རྒྱུ་ཡོད་པའི་ཕྱིར། ཞེས་འཆད་པ་ནི། རྫོགས་སངས་སྐུ་ནི་ཞེས་སོགས་ཀྱི་དོན་ནོ། །འཆད་ཚུལ་དེ་ལས་གཞན་དུ་སྙིང་པོ་ཅན་ཞེས་པ། སྒྲ་ཇི་བཞིན་པར་འཆད་པ་དག་ལ་འདི་འདྲི་བར་བྱ་སྟེ། སེམས་ཅན་ཐམས་ཅད་སྙིང་པོ་ཅན་བསྒྲུབ་པ་ལ་གཏན་ཚིགས་སུ་བཀོད་པའི་དོན་རྣམ་པ་གསུམ་པོ་དེ་སྙིང་པོ་དངོས་ཡིན་ནམ་མིན། མ་ཡིན་ན་ཁྱབ་པ་འགལ་བར་འགྱུར་ཏེ། འདི་འབྲས་བུའི་གཏན་ཚིགས་མ་ཡིན་ལ། སྙིང་པོ་ཡོད་པའི་ཤེས་བྱེད་དུ་སྙིང་པོ་མ་ཡིན་པ་འགའ་ཞིག་ཡོད་པ་གཏན་ཚིགས་སུ་བཀོད་པའི་ཕྱིར་རོ། །དང་པོ་ལྟར་ན། སངས་རྒྱས་ཀྱི་གཞན་དོན་གྱི་སྐུའམ་བརྟེན་པ་ཆོས་ཀྱི་སྐུ་དང༌། རྒྱས་འགྱུར་གྱི་རིགས་དང༌། རིགས་ཀྱི་ནུས་པ་འདུས་བྱས་སུ་འགྱུར་བ་དེ་དག་ཀྱང་སྙིང་པོ་དངོས་ཡིན་པར་འགྱུར་ལ། དེ་ལྟ་ན། དཔེ་དགུས་མཚོན་པའི་དོན་དགུ་པོ་ཐམས་ཅད་ཀྱང་སྙིང་པོ་མཚན་ཉིད་པར་ཁས་ལེན་དགོས་ལ། དེ་ཡང་དེ་ལྟ་ན། ཁྱེད་ཀྱིས་དེ་ལྟར་ཁས་ལེན་དགོས་སམ་སྙམ་པའི་ཐེ་ཚོམ་ཙམ་ཡང་མ་ཞུགས་ཤིང༌། ཁས་མི་ལེན་པས་ཁས་བླངས་པ་དང་འགལ་བ་དང༌། སྙིང་པོའི་ངོས་འཛིན་འཆད་པ་ན། བསྟན་འཆོས་སུ་རྟག་དུ་མི་འགྱུར་བ་ཞེས་བྱ་བའི་དོན་ཚང་དགོས་པར་བཤད་པ་དེ་དགུ་པོ་ཐམས་ཅད་ལ་ཚང་བ་མ་ཡིན་པས། ལུང་དང་འགལ་བ་དང༌། རྒྱས་འགྱུར་གྱི་རིགས་ཀྱིས་སེམས་ཅན་ཐམས་ཅད་ལ་མ་ཁྱབ་པས། རིགས་དེའི་དཔེ་དོན་འཆད་པའི་སྐབས་སུ། སེམས་ཅན་གྱི་ཁྱད་པར་ཉི་ཚེ་བ་འགའ་ཞིག་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྒྲུབ་དགོས་པར་འགྱུར་རོ། །གཞན་ཡང་དེ་ཐམས་ཅད་དེའི་སྙིང་པོ་ཅན་དུ་བསྒྲུབ་པའི་གཏན་ཚིགས་འདི། དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་སམ། ཡིད་ཆེས་པའི་གཏན་ཚིགས་སུ་འདོད། དང་པོ་ལྟར་མི་རིགས་ཏེ། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་མི་འཇུག་པའི་ཕྱིར། གཉིས་པ་ལྟར་ཡང་མི་རིགས་ཏེ། དེའི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཅག་ལྟར་ན། སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེའི་རིགས་ཡོད་པའི་ཕྱིར་ཞེས་པ་དེ་ནི། རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་ཡོད་པར་བསྒྲུབ་པ་ཡིན་པས། གཏན་ཚིགས་ཡང་དག་ཏུ་སོང་བའི་གོ་སྐབས་མེད་ལ། ཁོ་བོ་ཅག་ལྟར་ན་ནི། སྙིང་པོའི་དགོངས་གཞི་འཆད་པ་ཡིན་ལ། དེའི་གོ་དོན་ཡང་མ་འོངས་པ་ན་སྙིང་པོ་འབྱུང་དུ་རུང་སྟེ། དེའི་རིགས་ཡོད་པའི་ཕྱིར་ཞེས་འགོད་པ་ཡིན་པས། རང་བཞིན་གྱི་གཏན་ཚིགས་སོ། །འདིར་རྟོགས་དཀའ་བ་ཆོས་སྐུ་འཕྲོ་བ་དང༌། དེ་བཞིན་ཉིད་དབྱེར་མེད་པ་མི་ཟློས་པར་འཆད་པའི་ཚུལ་ནི་འདི་ཡིན་ཏེ། སེམས་ཅན་གྱི་དེ་བཞིན་ཉིད་དྲི་མས་རྣམ་པར་དག་པ་ན། ཆོས་ཀྱི་སྐུར་གནས་འགྱུར་བའི་ཕྱིར། ཞེས་པ་འཕྲོ་པའི་དོན་དང༌། ཅིག་ཤོས་ནི་སྒྲ་ཇི་བཞིན་པ་དེ་ཉིད་དོ། །དེ་སྐད་དུ་ཡང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེའི་ཕྱིར། །འགྲོ་ཀུན་དེའི་སྙིང་པོ་ཅན། །ཞེས་དང༌། མདོ་ལས། བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི། སེམས་ཅན་རྣམ་པར་དག་པ་སྟེ་སེམས་ཅན་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་གསུངས་པ་ཡིན་ནོ། །གཉིས་པ་དགོས་པ་ལ། དྲི་བ་དང་ལན་ནོ། །དང་པོ་ནི་ཇི་སྐད་དུ། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་པའོ། །དེའི་དོན་ལ་དོགས་པ་འགོད་ཚུལ་མི་འདྲ་བ་གསུམ་ཏེ། དང་པོ་ནི། འཁོར་ལོ་བར་པར་ཤེས་བྱ་ཐམས་ཅད་སྟོང་པར་གསུངས་པ་དང༌། འཁོར་ལོ་ཐ་མར་སངས་རྒྱས་ཀྱི་སྙིང་པོ་གཙང་བདེ་རྟག་བདག་ཏུ་གསུངས་པ་འགལ་ལོ་ཞེ་ན། ཞེས་པའོ། །གཉིས་པ་ནི། བཀའ་འཁོར་ལོ་བར་པར་ཉོན་མོངས་པ་དང༌། ལས་དང་རྣམ་པར་སྨིན་པ་གསུམ་སྤངས་པའི་ཡང་དག་པའི་མཐའ་ལ་སངས་རྒྱས་སུ་བཤད་ནས། འཁོར་ལོ་ཐ་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཤད་པ་འགལ་ལོ་ཞེ་ན། ཞེས་པའོ། །གསུམ་པ་ནི། འཁོར་ལོ་བར་པར་སྤྲོས་པ་ཐམས་ཅད་བཀག་པའི་མེད་དགག་ལ་སངས་རྒྱས་ཀྱི་སྙིང་པོར་འཆད་པ་དང༌། ཐ་མར་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་མིན་པར་དགག་པ་ལ་སྙིང་པོར་བཤད་པ་དང་འགལ་ལོ་ཞེ་ན། ཞེས་པའོ། །དེ་གསུམ་གང་ལྟར་ཡང༌། འཁོར་ལོ་ཐ་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཉེས་པ་ལྔ་སེལ་བའི་ཆེད་ཡིན་པའི་ཕྱིར་རོ། །ཞེས་འཆད་པ་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤངས་དོན་དུ་གསུངས། །ཞེས་པའོ། །འགྲེལ་པ་ལས་ནི། དགོས་པ་འདིའི་མཚམས་སྦྱར་འདི་ལྟར་དུ་ཡང་བཤད་དེ། སྙིང་པོའི་ངོས་འཛིན་བློ་བུར་རྣམ་དག་གི་ཆོས་སྐུ་ལ་བྱེད་པའི་ཤེས་བྱེད་དུ། སྤྲིན་མཐོངས་མཁའ་ལ་ཉི་བཞིན་ཞེས་སོགས་ཀྱི་མདོ་དྲངས་ནས། འོ་ན་སྙིང་པོ་ཡོངས་སུ་རྫོགས་པ་དེ་སངས་རྒྱས་མ་ཡིན་པ་ལ་མེད་ན། འཁོར་ལོ་ཐ་མར། སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་བཤད་པ་ལ་དགོས་པ་ཅི་ཡོད་ཞེས་པའི་ལན་དུ་འཆད་པ་ཡིན་ཏེ། འདིའི་སྔ་འགྲེལ་དུ། སྨྲས་པ། གལ་ཏེ་དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པའི་འཕགས་པའི་མཆོག་རྣམས་ཀྱིས་ཀྱང་ཡུལ་མ་ཡིན་ན། ཁམས་འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོ་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་འདི་ནི་ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་བསྡུས་པའི་ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་ནི་དྲིས་ལ། གཉིས་པས་ནི་ལན་བསྟན་པའོ། །ཞེས་གསལ་བར་གསུངས་ལ། དེ་ནི་གོང་གི་འཆད་ཚུལ་གཉིས་པ་དང་མཐུན་ནོ། །གསུམ་པ་དངོས་ལ་གནོད་བྱེད་ནི། བདེ་བར་གཤེགས་པའི་སྙིང་པོ་ལ་མིང་གི་རྣམ་གྲངས་ནི་བཞི་སྟེ། ཆོས་སྐུ་དང༌། དེ་བཞིན་གཤེགས་པ་དང༌། དོན་དམ་པའི་བདེན་པ་མཐར་ཐུག་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། བཞི་པོ་དེར་ངེས་ལ། དེ་ནི་སངས་རྒྱས་ལས་གཞན་ལ་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་ནོ། །ཞེས་འཆད་པ་ནི་ཇི་སྐད་དུ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིག་དེ་བཞིན་ཐོབ་པ་དང༌། །བརྫུན་མེད་བསླུ་མེད་ཆོས་ཉིད་དང༌། །གདོད་ནས་རང་བཞིན་ཞི་ཉིད་དོ། །རྣམ་ཀུན་མངོན་པར་བྱང་ཆུབ་དང༌། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་པ་ནས། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་པའི་བར་གསུངས་སོ། །དེ་ལྟར་འཆད་པའི་རྒྱུ་མཚན་ཡང་འཕེལ་འགྲིབ་མེད་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི། ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དགས་སོ། །ཞེས་གསུངས་པ་ཡིན་ནོ། །དགོངས་གཞི་དེ་བཞིན་ཉིད་ལ་དགོངས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མདོ་ལས་གསུངས་པ་ཡིན་ཞེས་འཆད་པ་འདི་ནི། ཐོགས་མེད་ཞབས་ཀྱི་དགོངས་པ་བླ་ན་མེད་པ་ཡིན་པར་ངེས་ཏེ། ཇི་སྐད་དུ། རྒྱུད་བླ་མའི་འགྲེལ་པ་ལས། ཡོངས་སུ་དག་པའི་རིགས་དེ་བཞིན་གཤེགས་པའི་ཁམས་འདི་ཉིད་ལ་དགོངས་ནས། ཇི་ལྟར་རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་ཞིང༌། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་གསུངས་པའོ་ཞེས་དང༌། ཡང་དེ་ཉིད་ལས། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་རྣམ་པར་དག་པ་རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་སྒྲིབ་མི་མཐོང་བཞིན། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་གསུངས་སོ། །ཞེས་པ་དང༌། ཡང་དེ་ཉིད་ལས། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་བྱ་བའི་བར་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསལ་བར་གསུངས་པ་ལས་ཤེས་སོ། །གསུམ་པ་སྙིང་པོའི་མཚན་གཞི་ངོས་བཟུང་བ་ལ་གཉིས་ཏེ། དོན་གྱི་ཁོག་ཕུབ་པ་དང༌། གཞུང་དང་སྦྱར་ནས་བཤད་པའོ། །དང་པོ་ནི། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་མདོ་གང་ལས་དུས་ནམ་གྱི་ཚེ། གདུལ་བྱ་གང་ལ། དུས་ནམ་གྱི་ཚེ་གསུངས་པ་ཡིན། གསུངས་པའི་སྙིང་པོ་དེ་གང་ཞེ་ན། དང་པོ་ནི། བཀའ་འཁོར་ལོ་རིམ་པ་གསུམ་ལས་ཐ་མར་གསུངས་པ་ཡིན་ཏེ། དང་པོར་བདག་མེད་མ་བསྟན་པར་སྙིང་པོ་གསུངས་ན་བྱིས་པ་རྣམས་ཀྱིས་བདག་ཏུ་རྟོག་པའི་ཉེས་དམིགས་འབྱུང་བའི་ཕྱིར་རོ། །དཔེར་ན་ནུ་ཞོ་བླུད་པའི་དུས་ལ་མ་བབ་པའི་ཁྱེའུ་ལ་དེ་མི་བླུད་པ་དང༌། འོ་མའི་སྨན་གཏོང་བའི་དུས་སུ་མ་བབ་པའི་ནད་ལ། དེ་མི་གཏོང་བ་བཞིན་ནོ། །ཞེས་མྱ་ངན་ལས་འདས་པའི་མདོ་ལས་གསུངས་སོ། །དོན་དེ་ཉིད་ཀྱང་ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་དུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། །དེ་ལྟར་སྟོན་པའི་བཀའ་ཐ་མའི་མདོ་ལ་ཡང་གཉིས་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ལྟ་བུ་སྙིང་པོ་དེ་ཉིད་སྒྲ་ཇི་བཞིན་པའི་ཚུལ་གྱིས་སྟོན་པ་དང༌། ལང་ཀར་གཤེགས་པའི་མདོ་སྡེ་དང༌། མྱ་ངན་ལས་འདས་པའི་མདོ་སྡེ་ལྟ་བུ་སྙིང་པོ་དེ་ཉིད་དགོངས་པ་ཅན་དུ་སྟོན་པའི་མདོའི་དབྱེ་བས་རྣམ་པ་གཉིས་སོ། །གཉིས་པ་གདུལ་བྱ་ནི་འཁོར་ལོ་དང་པོ་གཉིས་ཀྱི་བརྗོད་བྱ་བདག་མེད་པ་རྣམ་པ་གཉིས་ཀྱིས་རྒྱུད་ཡོངས་སུ་སྨིན་པར་བྱས་པའི་གདུལ་བྱ་ལ་བསྟན་དགོས་པ་ཡིན་ཏེ། དེས་མ་སྨིན་པ་ལ་དེ་བསྟན་ན། མུ་སྟེགས་ཀྱི་ལྟ་བ་བདག་ཤེས་རིག་གི་སྐྱེས་བུ་སེམས་ཅན་ཐམས་ཅད་ཀྱི་སྙིང་དཀྱིལ་ན་གནས་སོ། །ཞེས་སྨྲ་བ་དེ་དང་མཚུངས་པར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་གསུངས་པ་དང༌། བསྟན་འཆོས་ལས་ཀྱང༌། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། རབ་ཏུ་སྨིན་དང་ལུང་སྟོན། །ཞེས་གསུངས་སོ། །དེ་ལྟར་བསྟན་པའི་དགོངས་པ་ལ་གཉིས་ཏེ། འཁོར་ལོ་དང་པོ་གཉིས་ཀྱིས་རྒྱུད་སྨིན་པའི་གདུལ་བྱ་ལ་དེ་བསྟན་པའི་དགོས་པ་དང༌། དེས་མ་སྨིན་ཀྱང་གདུལ་བྱ་འགའ་ཞིག་ལ་དེ་བསྟན་པའི་དགོས་པའོ། །དང་པོ་ནི། ཁམས་ཀྱི་དྲི་མ་སྦྱངས་ནས། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་ཡིན་ཏེ། ཇི་སྐད་དུ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པར་འགྱུར་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་པས་སོ། །གཉིས་པ་རྒྱུད་མ་སྨིན་པ་ལ་བསྟན་པའི་དགོས་པ་ནི། མུ་སྟེགས་བདག་ཏུ་སྨྲ་བ་རྣམས་བསྟན་པ་ལ་རིམ་གྱིས་དྲང་བར་བྱ་བའི་ཕྱིར་དང༌། སྟོང་པ་ཉིད་ཀྱིས་རྒྱུད་སྨིན་པ་དང༌། མ་སྨིན་པ་གང་ཡིན་ཀྱང་རུང་སྟེ་སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལྔའི་གཉེན་པོར་གསུངས་སོ། །འོ་ན་བདག་དུ་སྨྲ་བའི་མུ་སྟེགས་ལྟ་བུ་ལ་འཁོར་ལོ་ཐ་མའི་བརྗོད་བྱ་དེ་ཉིད་ཐོག་མ་ནས་སྟོན་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་གྱི། འཁོར་ལོ་ཐ་མར་བདག་དུ་སྨྲ་བའི་ཆོས་ཀྱི་སྒོ་ཞིག་བསྟན་ཏོ། །ཞེས་པའི་ཚིག་ཙམ་གྱིས་འདུན་པར་བྱས་ནས་བསྟན་པ་ལ་རིམ་གྱིས་འཇུག་པ་ཡིན་ནོ། །མདོར་བསྡུ་ན། འཁོར་ལོ་དང་པོ་གཉིས་སུ་བདག་མེད་པ་གཉིས་རིམ་པ་བཞིན་དུ་བསྟན་ནས། དེས་རྒྱུད་ཡོངས་སུ་སྨིན་པ་ན། བདག་མེད་པ་དེ་ཉིད་དགོངས་གཞིར་བཟུང་ནས་དེ་ཉིད་བདག་ཡིན་ནོ་ཞེས་སྟོན་པ་ནི། འཁོར་ལོ་ཐ་མར་སྙིང་པོ་བསྟན་པའི་མདོའི་སྒྲ་ཟིན་གྱི་དོན་དང༌། དགོས་པའི་དོན་ནོ། །དེ་སྐད་དུ་ཡང༌། མདོ་སྡེ་རྒྱན་ལས། བདག་མེད་མཆོག་གི་བདག་ཐོབ་ནས། །སངས་རྒྱས་དག་པའི་བདག་དུ་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྟན་པའི་མཚན་གཞི་གང་ཡིན་པ་ནི། ཇི་སྲིད་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བའི་ཐ་སྙད་ཁས་ལེན་པ་དེ་སྲིད་དུ། དེའི་མཚན་གཞི་གང་དང་གང་ཡིན་པ་དེ་གཙང་བདེ་རྟག་བདག་དང༌། རྟག་བརྟན་ཞི་བ་གཡུང་དྲུང་གི་ངོ་བོར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང༌། དེ་ནི་རྟག་དང་བརྟན་ཕྱིར་དང༌། །ཞི་བའི་ཕྱིར་ན་གཡུང་དྲུང་ཕྱིར། །ཞེས་གསུངས་སོ། །འོ་ན་གཙང་བ་ལ་སོགས་པ་དེ་དག་གི་དོན་ཇི་ལྟར་ཞེ་ན། ཇི་སྐད་དུ། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་དང༌། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་དགའ་བ་མེད་པ་སྟེ། །ཞེས་དང༌། དེའི་རྒྱས་བཤད་དུ། དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་མི་ཁྱབ་རྒྱུར་འཆི་འཕོ་ཡི། །དེ་ནི་མི་འཆི་བརྟན་པའི་ཕྱིར། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱི། །གཡུང་དྲུང་ཕྱིར་ན་དགའ་བ་མེད། །ཅེས་གསུངས་སོ། །དེ་དག་གི་དོན་ཞིབ་མོར་ངེས་པར་བྱས་ནས། རྟག་པ་དང་འདུས་མ་བྱས་པའི་དོན་རྟོག་གེ་ལ་གྲགས་པ་བཞིན་དུ་བཤད་པར་མི་བྱ་ཞིང༌། བདག་གི་སྒྲས་གསུངས་པ་ཡང༌། བདག་མེད་པ་ལ་དེའི་མིང་གིས་བསྟན་པར་རིག་པར་བྱའོ། །གཉིས་པ་གཞུང་དང་སྦྱར་བ་ལ་གསུམ་སྟེ། དོན་གསུམ་གྱི་སྒོ་ནས་སྙིང་པོའི་དགོངས་གཞི་བཤད། རྣམ་གཞག་བཅུའི་སྒོ་ནས་སྙིང་པོ་ངོས་བཟུང༌། དཔེ་དགུའི་སྒོ་ནས་སྙིང་པོ་དེ་སེམས་ཅན་ལ་ཇི་ལྟར་གནས་པའི་ཚུལ་བཤད་པའོ། །དང་པོ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་སོགས་ཡིན་ལ། དགོངས་གཞིར་བཤད་པ་གསུམ་པོ་དེའི་ནང་ན་སྙིང་པོ་ཡིན་ངོ་ཤེས་པ་ནི་གཅིག་ཀྱང་ཡོད་པ་མིན་ཏེ། རིགས་ནི་སངས་རྒྱས་ཀྱི་ས་ན་མེད་པས་སངས་རྒྱས་ཀྱི་སྙིང་པོར་མི་རུང༌། བློ་བུར་རྣམ་དག་དང་མ་འབྲེལ་བའི་རང་བཞིན་རྣམ་དག་རྐྱང་པ་ལ་ནི། སྙིང་པོ་མཚན་ཉིད་པ་དེའི་ཡན་ལག་ཏུ་ངེས་པར་དགོས་པའི་ཡོན་ཏན་དབྱེར་མེད་པ་ལ་སོགས་པ་རྣམས་མ་ཚང༌། ཆོས་ཀྱི་སྐུ་སྙིང་པོ་དངོས་ཡིན་མོད་ཀྱང༌། འདིར་དེ་དགོངས་གཞིར་བཞག་པ་མ་ཡིན་གྱི། དེ་འཕྲོ་བ་དགོངས་གཞིར་བཞག་པ་ཡིན་ལ། དེའི་དོན་ཡང་སེམས་ཅན་གྱི་ཆོས་ཉིད་དྲི་མས་དག་པ་ན། ཆོས་ཀྱི་སྐུར་འགྱུར་བ་ལ་འཆད་དགོས་པར་རྒྱུད་བླའི་འགྲེལ་པ་ཉིད་དུ། མདོ་སྡེ་རྒྱན་གྱི་ལུང་དྲངས་ནས་བཤད་པ་ཡིན་ལ། དེའི་ཚེ་ཡང་འཕྲོ་བ་དེ་སྙིང་པོར་མི་རུང་བའི་ཕྱིར་རོ། །དེ་ལས་གཞན་དུ་སྒྲ་ཇི་བཞིན་པར་ཁས་ལེན་ན། ཆོས་སྐུ་འཕྲོ་ཞེས་པ་སྒྲུབ་བྱེད་བསྒྲུབ་བྱ་མཚུངས་པ་དང༌། ཆོས་སྐུ་ལ་འོག་ནས་གསུམ་དུ་ཕྱེ་བའི་དུས་ཀྱི་གསུམ་ཀ་སྙིང་པོ་དངོས་མ་ཡིན་ན་ནི། ཁྱབ་པ་འགལ་བར་འགྱུར་ཏེ། འདི་འབྲས་བུའི་གཏན་ཚིགས་སུ་ནི་མི་རུང་བས་སོ། །ཡིན་ན་ནི་སྙིང་པོ་རྟག་བརྟན་དང༌། འདུས་མ་བྱས་ཁོ་ནར་འཆད་པ་མི་རུང༌། ཆོས་སྐུ་རང་བཞིན་རྣམ་དག་རྐྱང་པ་ལ་བྱེད་ན། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་པ་དང་ཟློས་པས་སྒྲུབ་བྱེད་ལ་ནུས་པ་མེད་པར་མ་ཟད་རྒྱས་བཤད་དང་འགལ། དེ་བཞིན་ཉིད་དབྱེར་མེད་པའི་ཕྱིར་ཞེས་པས་དྲི་བཅས་དེ་བཞིན་ཉིད་སྙིང་པོར་དངོས་སུ་འཆད་པ་ཡིན་ན། དེ་སེམས་ཅན་ལ་ཡོད་པར་གོ་བ་ན། དགོས་པ་ལྔ་འགྲུབ་པ་ལ་ཇི་ལྟར་ཕན། རིགས་ཡོད་ཕྱིར་ན་ཞེས་པ་འབྲས་བུའི་རྟགས་སུ་འཆད་ན་ནི། མདོ་འགྲེལ་ལས། རྒྱུ་རྟགས་སུ་བཀོད་པར་བཤད་པ་དང་འགལ། རང་བཞིན་གྱི་རྟགས་སུ་འཆད་ན་ནི། རིགས་ལ་ལྔར་ཕྱེ་བ་དེ་ཐམས་ཅད་སྙིང་པོར་ཁས་ལེན་དགོས་ཤིང༌། དེ་ལྟ་མ་ཡིན་ན་ཁྱབ་པ་འགལ་བར་འགྱུར་རོ། །ཞེས་རྣམ་པར་དཔྱད་ན་འཆད་པ་པོ་སུ་ཞིག་གིས་ཚུལ་ཇི་ལྟར་འཆད་པའི་དགོས་པ་ཡིན་ནོ། །གཉིས་པ་ལ། དངོས་དང༌། རྩོད་པ་སྤོང་བའོ། །དང་པོ་ནི། བདེ་བར་གཤེགས་པའི་སྙིང་པོའི་མཚན་ཉིད་ནི། རྣམ་གཞག་རྣམ་པ་བཅུ་དང་ལྡན་པའི་ཆོས་ཀྱི་སྐུའོ། །མིང་གི་རྣམ་གྲངས་ནི་ཆོས་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། འཕགས་པའི་བདེན་པའི་དོན་དམ་པ་དང༌། མྱ་ངན་ལས་འདས་པ་ཞེས་བྱའོ། །བཅུ་ནི་ཇི་སྐད་དུ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་གསུངས་པ་དེའོ། །འོ་ན་བཅུ་པོ་དེ་སེམས་ཅན་གྱི་རྒྱུད་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་གང་ཡིན་པ་དེ་ལ་ཚང་བ་མ་ཡིན་ནམ་ཞེ་ན། དེ་ལ་ནི། ངོ་བོ་དང་འཇུག་པ་དང༌། རྟག་ཏུ་མི་འགྱུར་བའི་དོན་ཙམ་ཞིག་ཚང་དུ་རུང་ཡང་གཞན་རྣམས་ཚང་བ་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཐོག་མར་རྒྱུ་དང་འབྲས་བུའི་དོན་མ་ཚང་བའི་ཚུལ་ནི། རྒྱུ་འབྲས་ཞེས་པ་སྙིང་པོ་ཉིད་རྒྱུ་དང་འབྲས་བུ་གཉིས་ཀ་ཡིན་པར་འཆད་པ་མ་ཡིན་གྱི། རྒྱུ་གཞན་ཞིག་གིས་འབྲས་བུར་བྱས་པའི་དེ་ཁོ་ན་ཉིད་ལ་རྒྱུ་དང་འབྲས་བུའི་དོན་དུ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཆོས་མོས་ལྷག་པའི་ཤེས་རབ་དང༌། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །ཞེས་དང༌། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་སྙིང་པོའི་རྒྱུ་དང་ལྡན་པའི་མ་མཐའི་ས་མཚམས་ས་དང་པོ་ནས་བཟུང་བའི་ཕྱིར་དང༌། རྒྱུ་དེས་སྙིང་པོ་ལ་བྱ་བ་བྱེད་པའི་ཚུལ་ཡང༌། ཇི་སྐད་དུ། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །དག་རྒྱུ་ལྷག་པར་མོས་པ་ལ། །སོགས་པའི་ཆོས་ནི་རྣམ་བཞི་ཉིད། །ཅེས་ངོ་སྐལ་གྱི་སྒྲིབ་པ་བཞི་པོ་དེ་དང་བྲལ་དགོས་པར་བཤད་པའི་ཕྱིར་དང༌། འབྲས་བུའི་དོན་འཆད་པ་ན། འདི་དག་འབྲས་ནི་མདོར་བསྡུ་ན། །ཆོས་ཀྱི་སྐུ་ལས་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། །ཅེས་ཕ་རོལ་ཏུ་ཕྱིན་པ་བཞི་ལ་འབྲས་བུར་བཤད་པའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་བཞི་ལས་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས། གཞན་གསུམ་པོ་ས་དང་པོ་ནས་ཡོད་དུ་རུང་ལ། ཉན་རང་དང་སོ་སོ་སྐྱེ་བོ་ལ་ཡོད་པ་མི་སྲིད་ཅིང༌། གཅིག་པོ་དེ་ནི་སངས་རྒྱས་ལས་གཞན་ལ་མི་སྲིད་པའི་ཕྱིར་རོ། །ཡང་སེམས་ཅན་གྱི་ཆོས་ཉིད་ཐམས་ཅད་ལ་ལས་ཀྱི་དོན་ཡང་ཚང་བ་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སངས་རྒྱས་ཁམས་མེད་ན། །ཞེས་པ་ནས། རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་པའི་སྐབས་ཀྱི་སྲིད་ཞིའི་སྐྱོན་ཡོན་མཐོང་བ་དེ་སེམས་ཅན་ཐམས་ཅད་ལ་ཡོད་པར་རིགས་པས་མི་འགྲུབ་པའི་ཕྱིར་དང༌། དེའི་ཐད་ཀྱི་འགྲེལ་པ་ལས་ཀྱང༌། གང་གི་ཚེ་རྐྱེན་འཁོར་ལོ་བཞི་ཚང་བ་དེའི་ཚེ་བྱེད་ལས་དེ་དག་དང་ལྡན་པར་བཤད་པའི་ཕྱིར་ཏེ། འགྲེལ་པ་ལས། ཇི་སྲིད་དུ་བློ་བུར་གྱི་དྲི་མ་རྣམ་པར་དག་པའི་རིགས་སྐྱེས་བུ་དམ་པ་ལ་བརྟན་པ་ལ་སོགས་པ་འཁོར་ལོ་བཞི་ཡང་དག་པར་འབྱོར་བའི་ཚུལ་གྱིས་གསུམ་ལས། གང་ཡང་རུང་བའི་ཆོས་ལ་མོས་པ་བསྐྱེད་པར་བྱེད་པ་མ་ཡིན་པ། དེ་སྲིད་དུ་ནི་འགྱུར་བ་ཡང་མ་ཡིན་ནོ། །ཞེས་གསལ་བར་གསུངས་པའི་ཕྱིར། ཡང་དེ་ལ་ལྡན་པའི་དོན་ཡང་ཚང་བ་མིན་ཏེ། ཇི་སྐད་དུ། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང༌། །ཐུགས་རྗེའི་ཁམས་ནི་བསྡུས་པའི་ཕྱིར། །ཞེས་པ་ནས། དྲི་མེད་གནས་ལ་མངོན་ཤེས་དང༌། །ཡེ་ཤེས་དྲི་མེད་དེ་ཉིད་དང༌། །རྣམ་དབྱེར་མེད་ཕྱིར་མར་མེ་ཡི། །སྣང་དང་དྲོ་མདོག་ཆོས་མཚུངས་ཅན། །ཞེས་གསུངས་ལ། དེའི་དོན་ནི། མངོན་ཤེས་དྲུག་དང་ངོ་སྐལ་གྱི་ཤེས་སྒྲིབ་སྤངས་པའི་སྤངས་པ་དང་ལྡན་དགོས་པར་བཤད་པ་ཡིན་ནོ། །ཡང་བདེ་གཤེགས་སྙིང་པོའི་དོན་ལྡོག་གི་གཙོ་བོ་ནི། ཡོན་ཏན་དབྱེར་མེད་པ་ཞེས་བྱ་བ་རྣམ་གཞག་རྣམ་པ་བཅུའི་ཐ་མར་བསྟན་པ་དེ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །ཞེས་སོགས་སྔར་དྲངས་པ་རྣམས་ལས་གསལ་བར་ཤེས་པས་སོ། །དེ་ལྟར་ན་སྙིང་པོ་དངོས་ཀྱི་མཚན་གཞི་ནི། བློ་བུར་གྱི་དྲི་མས་རྣམ་པར་དག་ཅིང༌། སྟོབས་སོགས་ཡོན་ཏན་གྱི་ཆོས་དང་དབྱེར་མེད་པའི་ཆོས་ཀྱི་སྐུ་ཞིག་ཡིན་ལ། འདི་ལ་ཡང་ཆ་ཤས་རྣམས་ཡོངས་སུ་རྫོགས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ་བ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཀྱི་སྙིང་པོ་དང༌། ཆོས་ཀྱི་སྐུའི་ཆ་ཤས་ཡོངས་སུ་མ་རྫོགས་པ་དག་ལ། མ་དག་པའི་གནས་སྐབས་ཀྱི་བློ་བུར་རྣམ་དག་གི་ཆོས་སྐུ་ཞེས་བྱ་བ་ཞིག་སྟེ་རྣམ་པ་གཉིས་སོ། །མདོར་ན་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ཆོས་ཅན། སྙིང་པོའི་མིང་གིས་འདོགས་སུ་རུང་སྟེ། དེའི་ཆོས་གསུམ་ཚང་བའི་ཕྱིར། འདོགས་པའི་རྒྱུ་མཚན་ནི། དེ་དྲི་མ་བཞི་པོས་དག་ན་དེར་འགྱུར་བའི་ཕྱིར། དགོས་པ་སེམས་ཞུམ་པ་སྤང་བ་སོགས་སོ། །གནོད་བྱེད་ནི་དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དགོས་པ་ལ། སྙིང་པོ་བདག་དུ་གསུངས་པའི་དགོས་པ་དང༌། སེམས་ཅན་རྣམས་སྙིང་པོ་ཅན་དུ་གསུངས་པའི་དགོས་པ་གཉིས་མ་འདྲེས་པར་བྱའོ། །སྙིང་པོའི་མཚན་གཞི་ཡང་བོད་ཕྱི་མ་དག་དང༌། ལོ་ཆེན་དཔོན་སློབ་རྣམས་མེད་དགག་གི་ཆ་ནས་འཆད་མོད་ཀྱང༌། མ་ཡིན་པར་དགག་པའི་ཆ་ནས་ངོས་འཛིན་དགོས་པ་འཕགས་པ་ཐོགས་མེད་ཀྱི་དགོངས་པ་ཡིན་ཏེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པའི་སྔ་འགྲེལ་དུ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ། དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། ཞེས་མཚམས་སྦྱར་ནས། ཕྱི་འགྲེལ་དུ་དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཞེས་གསུངས་སོ། །གཉིས་པ་རྩོད་པ་སྤང་བ་ནི། དེ་ལྟར་བཤད་པ་ལ་དོགས་པ་རྣམ་པ་གསུམ་འཇུག་སྟེ། དང་པོ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་གཞུང་འདིས་རང་བཞིན་རྣམ་དག་གི་ཆ་ལ་སྙིང་པོར་བཟུང་བ་ཡིན་གྱི། བློ་བུར་རྣམ་དག་གི་ཆ་ལ་ངོས་བཟུང་བ་མ་ཡིན་ནོ་སྙམ་པའི་དོགས་པ་དང༌། ས་དང་པོ་ནས་སྙིང་པོ་མངོན་སུམ་དུ་མཐོང་བའི་ས་མཚམས་འཇོག་པར་རིགས་ཀྱི། དེ་ཡོད་པའི་ས་མཚམས་འཇོག་པར་མི་རིགས་སོ་སྙམ་པའི་དོགས་པ་དང༌། སོ་སོ་སྐྱེ་བོ་དང་ཉན་རང་ལ་སངས་རྒྱས་ཀྱི་སྙིང་པོ་དངོས་མེད་ན། ཇི་སྐད་དུ། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་དང༌། དེའི་འགྲེལ་པར། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལ་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བ་ལས་རིག་པར་བྱའོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་པའོ། །དོགས་པ་དང་པོ་སེལ་བའི་ལན་ནི། གཞུང་དེས་སྙིང་པོའི་དགོངས་གཞིར་གྱུར་པའི་དེ་བཞིན་ཉིད་ངོས་བཟུང་བར་ཡང་མི་འགལ་མོད། གཙོ་བོར་ནི་སྙིང་པོ་དངོས་སུ་གྱུར་པའི་ཆོས་ཀྱི་སྐུ་ཉིད་ངོས་བཟུང་བ་ཡིན་ཏེ། གཞུང་དེ་ཉིད་ཀྱི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཆོས་ཀྱི་སྐུ་ཡིན་པ་དང༌། དེ་ཡང་འཇིག་རྟེན་ལས་འདས་པའི་སྙིང་པོ་ཡིན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་རྣམས་ནི། བློ་བུར་གྱི་དྲི་མས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་བཤད་ནས་དེ་ཇི་ལྟར་མཐོང་བའི་ཚུལ་བཤད་པ་ནི། ཇི་སྐད་དུ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་ཡོངས་སུ་དག་པ་ལ་བལྟ་བ་གང་ཡིན་པ་འདི་ནི། འདིར་གང་གི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ༌། །ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཀུན་མཐོང་བར་འདོད་དོ། །དེ་སྐད་དུ་ནི། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་གསུངས་སོ། །ཞེས་འབྱུང་བ་ཡིན་ནོ། །དེའི་ཚེ་རང་བཞིན་རྣམ་དག་གི་ཆོས་དབྱིངས་ལ་སྙིང་པོར་འཆད་ན། ས་དང་པོ་ནས་རྫོགས་པར་མཐོང་དགོས་ལ། ས་རེ་རེ་ལ་བློ་བུར་རྣམ་དག་གི་ཆོས་ཉིད་གསར་མཐོང་རེ་རེ་ཡོད་ཅིང༌། སངས་རྒྱས་ཀྱི་སར་རྫོགས་པར་མཐོང་བ་ལ་དགོངས་ནས། དེ་སྐད་ཅེས་བཤད་དོ། །དེ་ལྟར་བཤད་པ་ན་ཇི་སྐད་དུ། འདིའི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །ཞེས་གསུམ་དུ་ཕྱེ་བ་ལས། གཉིས་པ་ནི་སྙིང་པོའི་དགོངས་གཞི་ཡིན་གྱི་སྙིང་པོ་དངོས་མ་ཡིན། ཅིག་ཤོས་ནི་སྙིང་པོ་དངོས་ཡིན་ལ། དེ་ལའང་བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་དང༌། རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ཀྱི་དབྱེ་བས་གཉིས་སོ། །འོ་ན་དེ་བཞིན་ཉིད་ཀྱི་དབྱེ་བ་གསུམ་བཤད་པ་ལས་ཕྱི་མ་གཉིས་སྙིང་པོར་བཞག་ནས། མ་དག་པའི་དེ་བཞིན་ཉིད་གཅིག་པུ་དེར་མི་འཇོག་པ་ཅི་ཞེ་ན། གནས་སྐབས་དེ་ན་དེ་བཞིན་གཤེགས་པ་དང༌། སངས་རྒྱས་དང་ཆོས་ཀྱི་སྐུ་མེད་པའི་ཕྱིར་དེའི་སྙིང་པོར་མ་བཞག་གོ །དེ་སྐད་དུ་ཡང་སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཞེས་གསུངས་སོ། །འོ་ན་ཅི་སློབ་པའི་ལམ་ན་དེ་བཞིན་གཤེགས་པ་དང༌། སངས་རྒྱས་དང་ཆོས་ཀྱི་སྐུ་དང༌། མྱ་ངན་ལས་འདས་པ་རྣམས་ཡོད་པར་ཁས་ལེན་ནུས་སམ་ཞེ་ན། དེ་ལྟར་ལེན་པ་ཡིན་ཏེ། དེའི་རྒྱུ་མཚན་གྱིས་ཡང་དག་པར་རྫོགས་པའི་ཞེས་པའི་ཚིག་རྣམ་པར་སྦྱར་དགོས་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ལ་སོགས་པའི་གོ་དོན་འཆད་པ་ན་ཇི་སྐད་དུ། སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌། །བརྫུན་མེད་བསླུ་མེད་ཆོས་ཉིད་དང༌། །གདོད་ནས་རང་བཞིན་ཞི་ཉིད་དང༌། །ཞེས་གསུངས་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་བཤད་པས་སོ། །དོགས་པ་གཉིས་པའི་ལན་ཡང་དེ་ཉིད་ཀྱིས་གྲུབ་པ་ཡིན་ཏེ། ས་དང་པོ་པའི་སེམས་ཀྱི་ཆོས་ཉིད་ལ་རྣམ་གཞག་རྣམ་པ་བཅུ་ཀ་ཚང་ལ། ཉན་རང་དང་སོ་སྐྱེའི་ཆོས་ཉིད་ལ་དེ་མ་ཚང་བའི་ཕྱིར་རོ། །ཇི་སྐད་དུ། སངས་རྒྱས་ལས་ཆོས། ཆོས་ལས་འཕགས་པའི་ཚོགས། ཚོགས་ལས་སྙིང་པོ་ཡེ་ཤེས། ཞེས་རྡོ་རྗེའི་གནས་བདུན་གྱི་གོ་རིམ་བཤད་པ་དེའང༌། རྒྱུ་འབྲས་ཀྱི་རིམ་པ་ཡིན་གྱི། མཐོང་བའི་རིམ་པ་མ་ཡིན་ནོ། །དོགས་པ་གསུམ་པའི་ལན་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་ལ་དེ་ཐམས་ཅད་སྙིང་པོ་ཅན་དུ་མཐོང་བའི་མིང་གིས་བཏགས་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེས་ཏེ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་ཕྱིར་ཆོས་དབྱིངས་སྙིང་པོའི་དགོངས་གཞི་ཡིན་པར་གྲུབ་པ་ན། ཆོས་དབྱིངས་མཐོང་བ་ལ་སྙིང་པོ་མཐོང་ངོ་ཞེས་བརྗོད་པ་ལས་འོས་གཞན་ཅི་ཞིག་ཡོད། དེ་ལས་གཞན་དུ་སྙིང་པོ་དངོས་མཐོང་བ་ཡིན་ན་ནི། ས་དང་པོ་ནས་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པ་ཉིད་དུ་མཐོང་བར་ཐལ་བ་དང༌། དེ་ཡང་དེ་དང་དབྱེར་མེད་ཡིན་པར་ཐལ་བར་འགྱུར་ལ། དེ་ཡང་དེ་ལྟ་ན། དེས་སྟོབས་སོགས་ཡོན་ཏན་རྣམས་དངོས་སུ་མཐོང་བར་འགྱུར་ལ། དེ་ལྟ་ན། དེས་ཆོས་སྐུ་རྫོགས་པར་མ་མཐོང་བ་ལ་ཤེས་བྱེད་མེད་པ་དང༌། རྒྱུ་དུས་སུ་འབྲས་བུ་མི་གསལ་བའི་ཚུལ་གྱིས་དབྱེར་མེད་དུ་གནས་པར་ཁས་ལེན་དགོས་པས། གྲངས་ཅན་གྱི་ལུགས་ལས་མ་འདས་སོ། །ཡང་གཞན་དག་བྱང་སེམས་ས་དང་པོ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྙིང་པོ་ཡོད་པར་མཐོང་བའི་དོན་ངེས་དོན་གྱི་མཚན་དཔེ་དང༌། སྟོབས་སོགས་ཀྱི་ཡོན་ཏན་ཚད་མར་ལྡན་པའི་སངས་རྒྱས་ཀྱི་སྐུ་རེ་རེ་ཡོད་པར་མངོན་པར་མངོན་སུམ་དུ་མཐོང་བ་ལ་འཆད་པ་དེ་དག་གི་ལྟར་ན་ཡང༌། ས་དང་པོ་ནས་ངོ་བོ་ཉིད་སྐུ་མངོན་སུམ་དུ་མཐོང་བར་ཐལ་བ་དང༌། སེམས་ཅན་ཐམས་ཅད་ལ་ངེས་དོན་གྱི་སྐུ་གསུམ་ཚང་བར་ཐལ་བ་དང༌། ངེས་དོན་གྱི་སྐུ་གསུམ་གྱིས་སྐུ་སོ་སོའི་གོ་མི་ཆོད་ན། དྲང་དོན་གྱི་དེ་དང་དེས་དེའི་གོ་མི་ཆོད་པ་ནི། ཤིན་ཏུ་ཡང་རིགས་པས། སྐུ་གསུམ་གྱི་རྣམ་བཞག་འཐད་ལྡན་མི་སྲིད་པར་འཐལ་བ་དང༌། སངས་རྒྱས་ཀྱི་མཛད་པ་ཉེ་བར་མི་གནས་པའི་ངེས་དོན་གྱི་སངས་རྒྱས་ཁས་ལེན་པ་ནི། ས་བོན་གྱི་དུས་སུ་མྱུ་གུ་མི་གསལ་བའི་ཚུལ་གྱིས་གནས་པར་ཁས་ལེན་པས། གྲངས་ཅན་གྱི་ལུགས་དང་ཁྱད་པར་མེད་དོ། །རྗེ་བཙུན་ས་སྐྱ་པཎྜི་ཏའི་བཞེད་པ་ནི། རྒྱུད་བླ་མར། བདེ་བར་གཤེགས་པའི་སྙིང་པོའི་མིང་ཅན་གསུམ་གསུངས་པའི་ནང་ནས། ཆོས་སྐུ་ཁོ་ན་ལ་སྙིང་པོ་དངོས་སུ་བཞེད་པ་ཡིན་ཏེ། སྙིང་པོ་མཚན་ཉིད་པ་ཞིག་བཞེད་ནི་དགོས་ལ། ཆོས་དབྱིངས་དང་སེམས་ཅན་གྱི་ཁམས་ནི་སྙིང་པོ་དངོས་ཡིན་པ་རིགས་པས་འགོག་པར་མཛད་པའི་ཕྱིར་རོ། །རིགས་པ་གང་གིས་གང་དུ་ཇི་ལྟར་བཀག་ཅེ་ན། ཇི་སྐད་དུ། གལ་ཏེ་བེམ་པོའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་མ་ཡིན་ཡང༌། །སེམས་ཅན་ཁོ་ནའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་ཡིན་སྙམ་ན། །མ་ཡིན་ཆོས་ཀྱི་དབྱིངས་ལ་ནི། །དབྱེ་བ་མེད་པར་རྒྱལ་བས་གསུངས། །ཞེས་བཤད་ལ། དེའི་དོན་ཡང་སེམས་ཅན་གྱི་ཆོས་དབྱིངས་ཆོས་ཅན། སྙིང་པོ་དངོས་མ་ཡིན་ཏེ། བེམས་པོའི་ཆོས་དབྱིངས་དང་དབྱེ་བ་མེད་པའི་ཕྱིར། བེམ་པོའི་དབྱིངས་ནི་སྙིང་པོ་དངོས་མ་ཡིན་ཏེ། དཔེར་ན་བུམ་པའི་ཆོས་ཉིད་དྲི་མས་རྣམ་པར་དག་པ་ན། བུམ་པ་དེ་དེ་བཞིན་གཤེགས་པར་འཇོག་པ་མ་ཡིན་པ་བཞིན་ནོ། །རིགས་པ་འདི་ནི་རྗེ་བཙུན་བྱམས་པའི་གཞུང་ཉིད་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེའི་ཕྱིར། །འགྲོ་ཀུན་དེའི་སྙིང་པོ་ཅན། །ཞེས་གསུངས་ལ། གཞུང་དེས་ནི། དེ་བཞིན་ཉིད་དེ་ཤེས་བྱ་ཐམས་ཅད་ལ་ཁྱད་པར་མེད་པར་བཞུགས་ཀྱང༌། སེམས་ཅན་ཁོ་ན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་འཆད་པའི་ཤེས་བྱེད་བསྟན་པའོ། །དོན་འདི་ཉིད་འཕགས་པ་ཐོགས་མེད་ཀྱིས་ཀྱང་གསལ་བར་བཤད་པ་ཡིན་ཏེ། དེ་ནི་ཇི་སྐད་དུ། དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་པའི་འགྲེལ་པར། དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུ་ཅན་གྱི་སེམས་ཅན་ཐམས་ཅད་ལ་ཡང་རང་བཞིན་ཁྱད་པར་མེད་དུ་ཟིན་ཀྱང༌། བློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ལ་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེས་ན་དྲི་མ་སྣ་གཅིག་ཀྱང་མ་དག་པའི་སེམས་ཅན་གྱི་ཆོས་དབྱིངས་ནི་སེམས་ཅན་གྱི་སྙིང་པོ་དངོས་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་དགོངས་གཞིར་འཇོག་དགོས་པ་ཡིན་ཏེ། སེམས་ཅན་གྱི་ཆོས་ཉིད་དངོས་ཡིན་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཕགས་པ་ཐོགས་མེད་ཀྱིས་སྙིང་པོའི་ཤེས་བྱེད་དུ་དྲངས་པའི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །འོ་ན་རྗེ་བཙུན་ས་སྐྱ་པས་ཆོས་དབྱིངས་སྙིང་པོར་མི་བཞེད་པ་དེའི་ཚེ་ཇི་སྐད་དུ། དེས་ན་དེ་བཞིན་གཤེགས་པ་ཡི། །སྙིང་པོ་སྤྲོས་བྲལ་ཡིན་ཕྱིར་དང༌། །སེམས་ཅན་རྣམས་ལ་སངས་རྒྱས་དང༌། །འཁོར་བ་གཉིས་ཀ་འབྱུང་བར་འཐད། །ཅེས་གསུངས་པ་མིན་ནམ་ཞེ་ན། དེ་ཡང་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དེ་སངས་རྒྱས་ཀྱི་སྙིང་པོའི་དགོངས་གཞི་དང༌། སེམས་ཅན་གྱི་སྙིང་པོ་དངོས་སུ་འཆད་པའི་ལུང་ཡིན་ནོ། །གཞན་དུ་སེམས་ཅན་གྱི་སྙིང་པོ་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་པར་འདོད་ན། སེམས་ཅན་གང་ཡིན་སངས་རྒྱས་ཡིན་པའི་གྲུབ་པའི་མཐའ་དེ་ཉིད་ཁས་བླང་བར་བྱའོ། །ཡང་ཇི་སྐད་དུ། སེམས་ནི་རང་གནས་སྙེགས་པའི་ཕྱིར། །མེའི་སྒྲུབ་བྱེད་ཚ་བ་ལྟར། །བདེ་གཤེགས་ཁམས་ཀྱི་སྒྲུབ་བྱེད་འཐད། །ཅེས་གསུངས་པ་ཡང༌། དེ་ལས་དེ་འབྱུང་བ་སྒྲུབ་བྱེད་དུ་བཀོད་པ་ཡིན་གྱི། དེ་ཉིད་དེར་འཆད་པ་མ་ཡིན་ནོ། །འོ་ན་ཆོས་ཀྱི་དབྱིངས་སྙིང་པོ་དངོས་མ་ཡིན་པར་འཆད་པ་དེ་ལྟ་ན། སེམས་ཅན་གྱི་ཁམས་སྙིང་པོ་མ་ཡིན་པར་འཆད་པའི་རིགས་པ་ཅི་ཞེ་ན། ཇི་སྐད་དུ། ཁ་ཅིག་བདེ་གཤེགས་སྙིང་པོའི་སྒྲ། །ཆོས་ཀྱི་དབྱིངས་ལ་མི་ཟེར་བར། །སེམས་ཅན་ཁོ་ནའི་ཁམས་ལ་འདོད། །ཁམས་དེ་དངོས་པོའམ་དངོས་མེད་དམ། །གཉིས་ཀ་མིན་པའི་སྤྲོས་བྲལ་ཡིན། །དངོས་པོ་ཡིན་ན་བེམ་པོ་དང༌། །རིག་པ་གཉིས་སུ་ཁ་ཚོན་ཆོད། །ཅེས་སོགས་རྒྱས་པར་གསུངས་པ་དེ་ཉིད་དོ། །དེ་ལ་འདི་སྙམ་དུ། ལུང་དེ་དག་གིས་ནི་སེམས་ཅན་གྱི་ཁམས་དང་ཆོས་དབྱིངས་དགེ་བ་ཡིན་པ་འགོག་པར་མཛད་ཀྱི། སངས་རྒྱས་ཀྱི་སྙིང་པོ་ཡིན་པ་འགོག་པར་མི་མཛད་དོ་སྙམ་ན། སངས་རྒྱས་ཀྱི་སྙིང་པོ་ཡིན་ན་དགེ་བ་ཡིན་དགོས་ཏེ། དེ་ཡིན་ན་སངས་རྒྱས་ཀྱི་དོན་དམ་པའི་སྐུ་ཡིན་དགོས་པའི་ཕྱིར། མདོར་ན་སངས་རྒྱས་ཀྱི་དོན་དམ་པའི་སྐུ་ལ་སངས་རྒྱས་ཀྱི་སྙིང་པོ་དངོས་དང༌། སེམས་ཅན་གྱི་དོན་དམ་པའི་ལུས་ལ་སེམས་ཅན་གྱི་སྙིང་པོ་དངོས་སུ་འཇོག་དགོས་སོ། །དེ་ལྟ་ན་ཡང༌། རྗེ་བཙུན་དེའི་བཞེད་པ་ལ་སྙིང་པོ་དངོས་སུ་གྱུར་པའི་ཆོས་སྐུ་ལ་ཆ་ཤས་རྫོགས་མ་རྫོགས་གཉིས་སུ་འབྱེད་པ་ནི་གསལ་ཁ་མེད་པས། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་མ་ཡིན་པ་ཞེས་བྱ་བ་འདི་བཞེད་པར་ངེས་སོ། །གསུམ་པ་དཔེ་དགུའི་སྒོ་ནས་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་ཇི་ལྟར་ཡོད་པའི་ཚུལ་བཤད་པ་ནི། སྙིང་པོའི་མདོ་ལས་སྙིང་པོ་ལ་ཕྱེ་བསལ་མེད་པར་སངས་རྒྱས་ཀྱི་སྙིང་པོ་གཅིག་ཉིད་དཔེ་དགུའི་སྒོ་ནས་སེམས་ཅན་ལ་ཡོད་པར་གསུངས་ལ། རྗེ་བཙུན་གྱི་བསྟན་འཆོས་སུ་ནི། དོན་ཡང་རྣམ་པ་དགུར་ཕྱེ་ནས་དཔེ་དགུ་དང་སོ་སོར་སྦྱར་ནས་སེམས་ཅན་ལ་ཡོད་པར་གསུངས་པ་ཡིན་ཏེ། ཇི་སྐད་དུ། འདིའི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་བསྟན་པ་ཡིན། །ཞེས་དང༌། རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། །སངས་རྒྱས་སོགས་དང་ཆོས་མཚུངས་སོ། །ཞེས་དང༌། དེའི་འགྲེལ་པར། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གསུམ་གྱི་དབང་དུ་བྱས་ཏེ། སངས་རྒྱས་ཀྱི་གཟུགས་ལ་སོགས་པ་རྣམ་པ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་དགུ་པོ་དེ་སྙིང་པོ་དངོས་ཡིན་ནམ་ཞེ་ན། དོན་དགུ་པོ་དེ་སྙིང་པོ་དངོས་ཡིན་པར་བྱས་ནས་དཔེ་དོན་སྦྱོར་བ་ནི་མ་ཡིན་ཏེ། དགུ་པོ་དེ་ནི་ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་སྒྲུབ་བྱེད་དུ་འགོད་པ་ཡིན་ལ། དེའི་ཚེ་སྒྲུབ་བྱེད་དགུ་པོ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ནི་མཚན་ཉིད་པར་བྱས་ནས་དཔེ་དགུ་དང་སྦྱོར་ལ། བསྒྲུབ་བྱ་སངས་རྒྱས་ཀྱི་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ནི། བཏགས་པ་བར་བཤད་ནས་མདོའི་དགོངས་པ་རྗེ་བཙུན་གྱིས་བཀྲལ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་སྐུས་ཁྱབ་པར་ཁས་ལེན་དགོས་པར་འགྱུར་ཏེ། སྒྲུབ་བྱེད་དགུ་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་སྒྲ་ཇི་བཞིན་པར་ཁས་བླངས་པའི་ཕྱིར་སྙམ་ན། ཁྱབ་པའི་དོན་ད་ལྟ་ཁྱབ་བཞིན་པ་ལ་བཤད་ན་དེར་འགྱུར་ཡང༌། མ་འོངས་པ་ན་དེས་ཁྱབ་པར་འགྱུར་བ་ལ་བསམ་ནས། ཆོས་སྐུ་འཕྲོ་བ་ཞེས་བཤད་ལ། དེའི་དོན་ཡང་སྔར་བཤད་པ་ལྟར་ལུས་ཅན་ཀུན་ཆོས་ཅན་དུ་བཟུང་ནས། དེ་ལས་ཆོས་ཀྱི་སྐུ་འཕྲོ་བ་སྔར་སྙིང་པོའི་སྒྲུབ་བྱེད་དུ་བཀོད་ཅིང༌། འདིར་དཔེ་གསུམ་དང་སྦྱོར་བ་ཡིན་ནོ། །ཆོས་ཀྱི་སྐུ་ལ་དོན་རྣམ་པ་གསུམ་བཤད་པ་དེའི་ནང་ནས། རྟོགས་པ་ཆོས་སྐུ་ནི་སེམས་ཅན་ལ་ཡོད་པ་མི་སྲིད་ལ། བསྟན་པ་ཆོས་སྐུ་ནི་རྗེས་མཐུན་པ་སེམས་ཅན་གྱི་ཤེས་རྒྱུད་ལ་ཞུགས་པ་ཡང་སྲིད་དེ། སེམས་ཅན་གྱི་རྣམ་རིག་ལ་གསུང་རབ་ཡན་ལག་བཅུ་གཉིས་སུ་སྣང་བ་དང༌། གཟུགས་ཀྱི་སྐུ་གཉིས་སུ་སྣང་བ་འབྱུང་བའི་ཕྱིར། དེས་ན་ཆོས་སྐུ་འཕྲོ་བ་དང༌། ཡོད་པའི་ཁྱད་པར་སོ་སོར་འབྱེད་དགོས་པ་ཡིན་ཏེ། དེ་ལས་དེ་མ་འོངས་པ་ན་འཕྲོ་བ་དང༌། དེ་ལ་དེ་ད་ལྟ་ཡོད་པའི་ཁྱད་པར་དབྱེ་དགོས་པས་སོ། །དེ་ལས་གཞན་དུ་གངས་ཅན་པ་འགའ་ཞིག་གི་བཞེད་པ་ལྟར། དེ་ལ་དེ་ཡོད་པ་མཚན་ཉིད་པར་ཁས་ལེན་ན། ཇི་སྐད་དུ། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཞེས་བཤད་པ་དང་འགལ་ལོ། །ཡང་དེ་བཞིན་ཉིད་དང་གསེར་གྱི་དཔེ་དོན་སྦྱོར་བ་ན། དེ་བཞིན་ཉིད་ཅེས་པ་རྔོག་ལོ་ཆེན་པོའི་བཞེད་པ་ལྟར་མེད་དགག་ལ་འཆད་པ་ནི་རིགས་པ་མ་ཡིན་ཏེ། རྩ་བར་དགེ་དང་ཞེས་དགེ་བར་བཤད་པའི་ཕྱིར་དང༌། འགྲེལ་པར་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་ལ་མི་བརྟེན་པ་དེའི་ཕྱིར། གསེར་བཟང་པོ་བཞིན་དུ་མི་འགྱུར་བའི་དོན་གྱིས་དེ་བཞིན་ཉིད་ཅེས་བརྗོད་དོ། །ཞེས་གསལ་རིག་གི་ཆ་ལ་བཤད་པའི་ཕྱིར་དང༌། མདོ་སྡེ་རྒྱན་ལས། དེ་ཉིད་ནི་ཐམས་ཅད་ལ། །ཞེས་པས་བསྟན་པའི་དེ་བཞིན་ཉིད་དེ། འདིའི་སྐབས་ཀྱི་ཁུངས་སུ་འགྲེལ་པར་དྲངས་ལ། དེ་ཡང་དེ་བཞིན་ཉིད་ཀྱི་སེམས་ལ་འཆད་དགོས་པར་རྣལ་འབྱོར་སྤྱོད་པའི་གཞུང་གི་སྤྱི་ལུགས་ཡིན་པའི་ཕྱིར། མདོར་བསྡུ་ན། དཔེ་དགུ་དོན་དགུ་འཆད་པའི་སྐབས་དེར། དཔེ་དགུ་པོ་སྒྲུབ་བྱེད་དང༌། དོན་དགུ་པོ་བསྒྲུབ་བྱ་ཡིན་ཀྱང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པ་ལ་ཤེས་བྱེད་འགོད་པའི་སྐབས་སུ་ནི། དོན་དགུ་པོ་སྒྲུབ་བྱེད་དུ་འགྱུར་བ་ཡིན་ནོ། །དེའི་ཚེ་ཡང་ཆོས་སྐུ་འཕྲོ་བ་དོན་དུ་འཇོག་པ་ཡིན་གྱི། ཆོས་སྐུ་ཉིད་དོན་དུ་འཇོག་པ་མ་ཡིན་ཏེ། གཞན་དུ་ན་སེམས་ཅན་ལ་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཡོད་པར་ཐལ་བ་ཟློག་མི་ནུས་སོ། །གཞན་ཡང་འདི་ཤེས་དགོས་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལ་ལྡོག་པའི་ཆ་ཐ་དད་པ་དགུར་ཕྱེ་ནས། དེ་ཉིད་དོན་དགུ་དང་སྦྱར་ཏེ་སེམས་ཅན་གྱི་རྒྱུད་ལ་ཡོད་ཚུལ་བཤད་པའི་སྒོ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་མདོའི་དགོངས་པ་བཤད་པ་འདི་དང༌། བྱང་ཆུབ་ཀྱི་ལེའུར་དྲི་མེད་དེ་བཞིན་ཉིད་ཅེས་བྱ་བ་སངས་རྒྱས་ཀྱི་ཆོས་སྐུ་མཚན་ཉིད་པ་དེ་ལ། ལྡོག་ཆ་དགུར་ཕྱེ་ནས་དགུ་པོ་དེ་དཔེ་དགུ་དང་སྦྱར་ནས་སངས་རྒྱས་ཀྱི་ས་ཁོ་ན་ཡོད་པར་བཤད་པའི་སྒོ་ནས། སྙིང་པོ་མཚན་ཉིད་པ་ཡོངས་སུ་རྫོགས་པ་དེ། སངས་རྒྱས་ཀྱི་ས་ཁོ་ནར་བཞག་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཐུབ་པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང༌། །རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་གསུངས་སོ། །དེ་ལྟར་ན། དཔེ་དོན་སྦྱོར་རྒྱུ་དངོས་ནི། འབྲས་བུའི་སྐབས་ཀྱི་སྙིང་པོ་དགུ་པོ་དེ་ཉིད་ཡིན་ལ། རྒྱུ་དུས་ཀྱི་སྙིང་པོ་དགུ་པོ་དེ་སྙིང་པོ་དངོས་ཀྱི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་སྙིང་པོའི་དགོངས་གཞིར་བཤད་ཅིང༌། དགོངས་གཞི་ཡིན་པའི་རྒྱུ་མཚན་གྱིས་དཔེ་དགུ་དང་སྦྱར་བ་ཡིན་ནོ། །དེ་ནས་བློ་གྲོས་གཞོན་ནུ་མ་དག་གིས་བཟུང་བདེ་བའི་ཕྱིར་ངག་དོན་བསྡུ་ན། རང་བཞིན་དུ་གནས་པའི་རིགས་གང་ཡིན་པ་དེ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དངོས་ཡིན་ལ། སྤྱིར་སངས་རྒྱས་ཀྱི་སྙིང་པོ་དངོས་མ་ཡིན་ཞིང༌། སེམས་ཅན་གྱི་སྙིང་པོ་དངོས་ཡིན་ཅིང་དེ་གང་ལ་ཡོད་པ་ནི་སེམས་ཅན་ཁོ་ན་ཡིན་པ་དང༌། སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཁྱབ་པའི་དེ་བཞིན་ཉིད་རང་བཞིན་རྣམ་དག་གི་ཆ་མིན་པར་དགག་པ་དེ། རང་བཞིན་བདེ་གཤེགས་སྙིང་པོ་དངོས་ཡིན་ཀྱང༌། སྤྱི་ཙམ་ནས་སངས་རྒྱས་ཀྱི་སྙིང་པོ་མ་ཡིན་པ་དང༌། དེ་གང་ལ་ཡོད་པ་ནི་སངས་རྒྱས་དང་སེམས་ཅན་གཉིས་ཀ་ལ་ཡོད་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། འབྲས་བུ་བདེ་བར་གཤེགས་པའི་སྙིང་པོ་དང༌། སྙིང་པོ་དངོས་དང༌། དེ་གང་ལ་ཡོད་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པ་དང༌། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་ཀྱི་ཕྱོགས་གཅིག་དང་བྲལ་བའི་ཆོས་སྐུ་དེ་ཡང་རང་རྒྱུད་ལྡན་གྱི་འཕགས་པ་དགེ་འདུན་དཀོན་མཆོག་ཏུ་འཇོག་པར་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་ཡིན་པས་སྙིང་པོ་དངོས་སུ་ཁས་ལེན་དགོས་ལ། དེ་ཡང་གསུམ་གྱི་ནང་ནས་ཆོས་སྐུའི་ནང་དུ་འདུས་ཤིང༌། དེ་དག་ཆོས་ཀྱི་སྐུ་ཇི་ལྟར་ཡིན་པའི་ཤེས་བྱེད་ནི། མྱ་ངན་ལས་འདས་པའི་མདོ་དང༌། ཀླུ་སྒྲུབ་ཞབས་ཀྱི་ཆོས་དབྱིངས་བསྟོད་པ་དང༌། ཐོགས་མེད་ཞབས་ཀྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་པ་རྣམས་ལས་གསལ་བ་ཡིན་ནོ། །འདིར་སྨྲས་པ། བསོད་ནམས་ཟོང་གིས་དེང་འདིར་རྙེད་པའི་ལེགས་བཤད་ཀྱི། །མུ་ཏིག་དོ་ཤལ་རྣམ་དཔྱོད་ཉག་ཐག་ལ་རྒྱུས་པ། །མ་ཕམ་རྒྱལ་བའི་དབུ་ལ་རིགས་པར་མཆོད་འབུལ་གྱི། །ཐུགས་རྗེའི་ཕྱག་རིང་གིས་ནི་གྲིམས་པར་དེ་ལོངས་ཤིག །ངེས་དོན་འཁོར་ལོའི་དགོངས་པ་རྗེ་བཙུན་གྱི། །བསྟན་བཅོས་མཆོག་གིས་ཇི་ལྟར་བཀྲལ་བའི་ཚུལ། །ཇི་བཞིན་ལེགས་པར་ཤེས་ནས་འདིར་སྨྲས་ཀྱི། །རྨོངས་རྣམས་མགུ་བྱེད་ཆོས་དང་འདི་མི་མཉམ།།  །།དེ་ལྟར་སྤྱི་རྒྱས་པར་བཤད་ཟིན་ནས། གཞུང་དོན་གྱི་སྐབས་སུ་དཀའ་བའི་གནས་འགའ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་བསྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་བཅུ་གསུམ་དུ་འབྱེད་པ་ནི། རྟེན་ཆོས་བསྒྲུབ་པ་བཅུ་གསུམ་གྱིས་ཕྱེ་བས་ཡིན་ལ། ཚོགས་པའི་བསྒྲུབ་པའི་རྟེན་མི་འཆད་པ་ནི། དེ་ན་བསྒྲུབ་པ་མེད་པ་མ་ཡིན་གྱི། དེར་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་གཙོ་བོར་གྱུར་པའི་བསྒྲུབ་པ་མེད་པའི་རྒྱུ་མཚན་གྱིས་དང༌། དེར་རིགས་ངེས་པའི་ཁྱབ་པ་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །བཅུ་གསུམ་གྱི་གྲངས་ནི། རྩ་བ་ལས་ཇི་ལྟར་འབྱུང་བ་བཞིན་ཡིན་ལ། དེ་ཡང་གཉེན་པོ་དང་སྤོང་བའི་བསྒྲུབ་པ་ཐ་དད་དུ་བགྲང་དགོས་ཀྱི། འགའ་ཞིག་ཤེས་རབ་སྙིང་རྩེར་བཅས་པ་གཉིས་ཐ་དད་དུ་བགྲང་བ་ནི་དོན་ལ་མི་འབྱོར་ཞིང༌། འགྲེལ་པ་གཉིས་ཀ་དང་མི་མཐུན་ནོ། །དར་ཊཱིཀ་མཛད་པ་གཉེན་པོ་དང་སྤོང་བའི་བསྒྲུབ་པ་གཅིག་དུ་བསྡོམས་ནས་འཆད་པ་ནི་ཉི་སྣང་དང༌། ལེ་བརྒྱད་མ་གཉིས་ཀ་དང་འགལ་ཏེ། དེ་དང་དེར་གཉིས་པོ་ལ་མདོ་སོ་སོར་དྲངས་ནས་བསྒྲུབ་པ་ཐ་དད་དུ་བཤད་པས་སོ། །དེ་ལྟར་ན་འགྲེལ་པ་དོན་གསལ་འདིར། རྐུན་པོ་ཕྱུང་བ་དང༌། སྒོ་འཕར་རམ་སྒོ་གླེགས་བཅད་པའི་དཔེས་གཉེན་པོ་བར་ཆད་མེད་ལམ་གྱི་བསྒྲུབ་པ་དང༌། སྤོང་བ་ཞེས་པ་སྤངས་པའི་དོན་ཡིན་པས་རྣམ་གྲོལ་ལམ་གྱི་བསྒྲུབ་པ་གཉིས་བསྟན་ནོ། །འདིར་དུས་མཉམ་དུ་ཐོབ་བོ་ཞེས་དཔེ་གཉིས་དང་སྦྱོར་བ་མིན་ཏེ། དཔེ་གཉིས་པོ་དུས་མི་མཉམ་པའི་ཕྱིར་རོ། །འོ་ན་དོན་གཉིས་པོ་དུས་མཉམ་པ་ཇི་ལྟར་ཞེ་ན། གཉེན་པོ་ལ་གཉིས་ཏེ། སྤོང་བའི་གཉེན་པོ་དང༌། གཞིའི་གཉེན་པོའི། །དང་པོ་སྐྱེས་པ་དང༌། དེའི་ངོ་སྐལ་གྱི་མི་མཐུན་ཕྱོགས་མངོན་གྱུར་འགག་པ་དུས་མཉམ། གཉིས་པ་ནི་རྣམ་པར་གྲོལ་བའི་ལམ་ཡིན་ལ། དེ་སྐྱེས་པ་དང་དེའི་ས་བོན་འགག་པ་དུས་མཉམ་པ་ལ་དེ་སྐད་ཅེས་བྱའོ། །འདི་ལ་དར་ཊཱིཀ་མཛད་པ་ན་རེ། བར་ཆད་མེད་ལམ་གྱི་དུས་སུ། དེའི་དངོས་ཀྱི་གནོད་བྱ་དེའི་ས་བོན་འགགས་ཟིན་པ་ཡིན་ལ། དེ་ལྟ་ན་ཡང་དེ་འགགས་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཙམ་ཞིག་ཐོབ་པ་ཡིན་གྱི། འགོག་པ་དེ་བརྟགས་འགོག་ནི་མ་ཡིན་ཏེ། དེར་རྣམ་པར་གྲོལ་བའི་ལམ་མ་སྐྱེས་པའི་ཕྱིར། གལ་ཏེ་སྐྱེས་ན་རྒྱུ་འབྲས་དུས་མཉམ་པར་ཐལ་ལོ། །ཞེས་གསུངས་པ་ནི་རིགས་པ་མ་ཡིན་ཏེ། ས་བོན་འགག་པའི་དུས་མི་འཐད་པ་དང༌། འགོག་པའི་ངོས་འཛིན་ལུགས་མི་འཐད་པའོ། །དང་པོ་ནི། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་མཐོང་སྤངས་ཀྱི་ས་བོན་འགགས་པ་དེ་གཉེན་པོའི་སྟོབས་ཀྱིས་སམ། དེ་ལ་མ་ལྟོས་པར་འགགས་པ་ཡིན། གཉིས་པ་ལྟར་ན། སྤངས་པ་དེ་ཡང་དེ་ལ་མ་ལྟོས་པར་སྤངས་པ་ཡིན་ཞེས་བརྗོད་ན་མཚུངས་ལ། དང་པོ་ལྟར་ན། གཉེན་པོ་གང་གིས་ཡིན། མཐོང་ལམ་བར་ཆད་མེད་ལམ་གྱིས་སམ། དེའི་སྔར་བྱུང་བའི་ལམ་གྱིས་ཡིན། དང་པོ་ལྟར་ན། རྒྱུ་འབྲས་དུས་མཉམ་པར་འགྱུར་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱིས་བྱས་པའི་ལག་རྗེས་ཁོ་རང་གི་དུས་སུ་བྱུང་བའི་ཕྱིར་དང༌། དེའི་དུས་སུ་དེ་འགགས་པའི་འགོག་པ་དེ་ཆོས་ཅན། སོ་སོར་བརྟགས་འགོག་དུ་ཐལ་བར་འགྱུར་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པའི་འགོག་པ་ཡིན་པའི་ཕྱིར་རོ། །དང་པོ་ལྟར་ན་དེའི་སྔ་རོལ་གྱི་དེའི་ས་བོན་འགོག་བྱེད་ཀྱི་གཉེན་པོ་དེ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་དུ་ཐལ་བར་འགྱུར་ཏེ། ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པའི་ལམ་ཡིན་པའི་ཕྱིར། གཉིས་པ་ནི། འགོག་པ་གཉིས་ཀྱི་ཁྱད་པར་མ་ཕྱེད་པས་ནོངས་པ་ཡིན་ཏེ། ཆོས་མངོན་པ་ལས། གཉེན་པོའི་སྟོབས་ཀྱིས་སྤང་བྱ་མངོན་གྱུར་འགགས་པའི་འགོག་པ་ཡང་སོ་སོར་བརྟགས་འགོག་ཏུ་བཤད་ན། འདས་ལམ་བར་ཆད་མེད་ལམ་གྱིས་སྤང་བྱའི་ས་བོན་འགགས་པའི་འགོག་པ་བརྟགས་མིན་གྱི་འགོག་པར་འཆད་པའི་གོ་སྐབས་མེད་པའི་ཕྱིར་དང༌། ཆོས་མངོན་པར་འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པའི་འགོག་པ་ཡང་བརྡའི་འགོག་པ་ཞེས་བྱ་བ་འགོག་བདེན་རྗེ་མཐུན་པར་བཤད་ན། འདས་ལམ་བར་ཆད་མེད་ལམ་གྱིས་དེའི་ས་བོན་འགགས་པའི་འགོག་པ་དེ་བརྟགས་མིན་གྱི་འགོག་པར་འཆད་པའི་གོ་སྐབས་མེད་པའི་ཕྱིར་དང༌། དེ་འདྲ་དེ་རྐྱེན་མ་ཚང་བའི་འགོག་པ་ཡིན་ན་མཐོང་ལམ་རྣམ་གྲོལ་ལམ་གྱི་དུས་ཀྱི་འགོག་པ་དེ་ཡང༌། དེར་ཐལ་བ་མཚུངས་པར་འགྱུར་བའི་ཕྱིར། གཞན་ཡང་འདས་ལམ་བར་ཆད་མེད་ལམ་གྱི་དུས་སུ་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགགས་ཟིན་ན། མངོན་པ་ཀུན་ལས་བཏུས་ལས། དེ་གཉིས་དུས་མཉམ་དུ་བཤད་པ་དང་འགལ་བ་དང༌། གཞུང་དེར་འཁོར་གསུམ་དངོས་འགལ་དུ་ཁས་བླངས་བར་འགྱུར་རོ། །ཇི་ལྟར་ཞེ་ན། དང་པོ་ནི་ཇི་སྐད་དུ། གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོའི་རྣམ་པ་དེ་བྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་པ་ཞེས་སྤང་བྱའི་ས་བོན་འགོག་པ་དང༌། དེའི་གཉེན་པོ་བར་ཆད་མེད་ལམ་དུས་མཉམ་པར་བཤད་པའི་ཕྱིར། གཉིས་པ་ནི། གཞུང་དེ་ལས་ཇི་སྐད་དུ། གང་ཞིག་གང་ལས་སྤོང་ཞེ་ན། འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་བའི་ཕྱིར་མ་ཡིན་ནོ། །ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན་ནི། ཇི་སྐད་དུ། འཆད་པར་བྱེད་པ་དེ་ཉིད་ས་བོན་ལ་མཚུངས་པ་ཡིན་ཏེ་འདི་ལྟར། མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤངས་ཀྱི་ས་བོན་སྤྱིར་མི་སྤོང་བར་ཐལ། ཞེས་སམ། དངོས་སུ་ཕྲད་ནས་ཞེས་སམ། མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚུལ་གྱིས་སྤོང་བ་མིན་པར་ཐལ། འདས་པ་ནི་འགགས་པ་ལ་སོགས་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་ཟེར་ཏེ། གཞུང་དེའི་དོན་ནི། བར་ཆད་མེད་ལམ་དེས་སྤང་བྱའི་ས་བོན་དེ་རང་དུས་ན་འདས་པ་ཐོ་བས་བུམ་པ་བཅོམ་པ་ལྟར་སྤོང་བ་ཡང་མ་ཡིན། རང་དུས་སུ་མ་སྐྱེས་པ་མདུན་ནས་ཕུལ་བ་ལྟར་སྤོང་བ་ཡང་མ་ཡིན། མཛོ་སྦྲེལ་གཡང་ལ་སྐྱུར་བ་ལྟར་རང་དུས་ན་ཡོད་པ་དུས་མཉམ་དུ་འགགས་པའི་ཚུལ་གྱིས་སྤོང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཉེན་པོ་བར་ཆད་མེད་ལམ་སྐྱེས་པ་དང༌། དེའི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པའི་སྒོ་ནས། སྐྱེར་མི་རུང་བའི་ཆོས་ཅན་དུ་སོང་བ་ནི་གནོད་པ་བྱས་པའི་དོན་ཡིན་ནོ། །དེ་ལས་གཞན་དུ་ན་སྣང་མུན་གཉིས་དུས་མཉམ་པར་འགྱུར་ཏེ། བར་ཆད་མེད་ལམ་དང་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་དུས་མཉམ་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་གཉིས་དེའི་དཔེར་མཛད་པའི་ཕྱིར། ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གསུམ་སྟེ། གཞུང་གི་དོན་མ་ཡིན་པ་དང༌། ཁས་བླངས་ནང་འགལ་བ། སྣང་མུན་གཉིས་དུས་མཉམ་པར་ཐལ་བའི་ཉེས་པ་མེད་པའོ། །དང་པོ་ནི། འདས་པ་འགགས་པའི་ཕྱིར་ཞེས་སོགས་ཀྱི་གཞུང་དེ། གཉེན་པོའི་སྤང་བྱའི་ས་བོན་སྤོང་ཚུལ་ལ་སྦྱོར་བ་ནི་གཞུང་གི་དགོངས་པར་གཏན་མི་རུང༌། གཞུང་དེའི་དོན་གཉེན་པོས་སྤང་བྱ་མངོན་གྱུར་བ་སྤོང་ཚུལ་གསུམ་པོ་དེ་མི་རུང་བར་འཆད་ནས། ས་བོན་ལ་སྤོང་ཚུལ་གསུམ་པོ་ལས། སྤང་གཉེན་དུས་མཉམ་དུ་གནས་ནས་སྤོང་བའི་ཚུལ་དེ་འཐད་པར་སྟོན་པ་ནི། ཇི་སྐད་དུ། འོན་ཀྱང་གནས་ངན་ལེན་གྱི་རྣམ་པ་གང་ཡིན་པ་དེ་ལས་སྤོང་ངོ༌། །ཞེས་སོགས་གསུངས་པ་ཤིན་ཏུ་གསལ་བའི་ཕྱིར། དེ་ལས་གཞན་དུ། ས་བོན་ལ་སྤོང་ཚུལ་གསུམ་པོ་དེ་མི་འཐད་ན། གཉེན་པོས་སྤང་བྱའི་ས་བོན་ཡང་མི་སྤོང་བར་ཧ་ཅང་ཐལ་ལོ། །དེ་ཡང་ཞིབ་མོར་ཕྱེ་ན། ཚ་གྲང་ལྟར་སྤང་གཉེན་མངོན་གྱུར་པ་གཉིས་ཕྲད་ནས་མི་སྤོང་བའི་ཤེས་བྱེད་དུ་གཞུང་སྔ་མ་གསུངས་ལ། ས་བོན་དང་ཕྲད་ནས་སྤོང་བའི་ཤེས་བྱེད་དུ། གཞུང་ཕྱི་མ་གསུངས་པ་ཡིན་ནོ། །གཉིས་པ་ནི། བར་ཆད་མེད་ལམ་གྱིས་ངོ་སྐལ་གྱི་སྤང་བྱའི་ས་བོན་རང་དུས་ན་འདས་པ་ཐོ་བས་བུམ་པ་བཅོམ་པ་ལྟ་བུའི་ཚུལ་གྱིས་སྤོང་བར་འགྱུར་ཏེ། དེས་དེ་སྤོང་བ་ནི་གང་ཞིག དེའི་དུས་སུ་དེ་འདས་ཟིན་པའི་ཕྱིར་རོ། །ཡང་དེས་དེ་རང་དུས་སུ་མ་སྐྱེས་པ་མདུན་ནས་ཕུལ་བ་ལྟ་བུའི་ཚུལ་གྱིས་སྤོང་བ་ཡིན་པར་འགྱུར་ཏེ། དེས་དེ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚུལ་གྱིས་སྤོང་བའི་ཕྱིར་རོ། །གཞན་ཡང་བར་ཆད་མེད་ལམ་གྱི་དུས་སུ་དེའི་སྤང་བྱའི་ས་བོན་འགགས་ཀྱང་མ་སྤངས་སོ་ཞེས་ཟེར་བ་དང༌། སྤངས་པའི་གོ་དོན་འཆད་པ་ན། ཇི་སྐད་དུ། གཉེན་པོ་སྐྱེས་པ་དང༌། དེ་འགགས་པ་དུས་མཉམ་པའི་སྒོ་ནས་སྤང་བྱ་སྐྱེར་མི་རུང་བའི་ཆོས་ཅན་དུ་སོང་བ་ནི། གནོད་པ་བྱས་པའི་དོན་ཡིན་ནོ་ཞེས་ཟེར་བ་དངོས་སུ་འགལ་ལོ། །གསུམ་པ་ནི་བར་ཆད་མེད་ལམ་དང༌། དེའི་སྤང་བྱའི་ས་བོན་དུས་མཉམ་པར་ཁས་བླངས་པ་ལ། སྣང་མུན་གཉིས་པོ་དུས་མཉམ་པར་ཐལ་བའི་ཉེས་པ་བརྗོད་པ་དེ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། གཞུང་གི་དངོས་བསྟན་ལ་སྣང་བ་སྐྱེས་པ་དང༌། མུན་པ་འགོག་པ་དུས་མཉམ་པར་དཔེར་བྱས་ནས། བར་ཆད་མེད་ལམ་སྐྱེ་བ་དང༌། དེའི་སྤང་བྱའི་ས་བོན་འགོག་པ་དུས་མཉམ་པ་དང༌། ས་བོན་འགགས་པ་དང༌། དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དོན་གཅིག་པ་སྟོན་པ་ནི། ཇི་སྐད་དུ། གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས་ཞེས་སོགས་ཀྱི་དོན་ཡིན་པས་སོ། །ཅི་སྣང་བ་སྐྱེས་པ་དང་མུན་པ་འགགས་ཟིན་པ་དུས་མཉམ་པར་ཁས་ལེན་དགོས་པ་མིན་ནམ། དེ་དང་མ་འོངས་པ་འགོག་པ་དུས་མཉམ་པ་ཇི་ལྟར་ཡིན་ཞེ་ན། སྣང་བས་མུན་པ་འདས་པ་སེལ་ན་དེ་ལྟར་ཡིན་ཀྱང༌། སྣང་བ་ད་ལྟར་བས་མུན་པ་མ་འོངས་པ་སེལ་བ་ནི་དཔེ་དང༌། བར་ཆད་མེད་ལམ་ད་ལྟར་བས་ས་བོན་ད་ལྟར་བ་ལ་གནོད་པ་བྱས་པའི་སྒོ་ནས་མ་འོངས་པ་འགོག་པ་ནི། དོན་དུ་འཆད་དགོས་པས་སོ། །ཡང་ན་གཉེན་པོ་རྣམ་པ་དེ་བྱུང་བ་དང༌། ཞེས་སོགས་ཀྱི་དོན། གཉེན་པོ་རྣམ་པར་གྲོལ་བའི་ལམ་ལ་འཆད་དགོས་པ་ཡིན་ཏེ། དེ་དང་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པར་བཤད་པས་སོ། །དེའི་འོག་ཏུ་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་ཞེས་སོགས་ཀྱི་སྐབས་སུ་དགོངས་པ་ཅན་དང་ལྡེམ་པོར་དགོངས་པའི་ཁྱད་པར་ལ། བོད་སྔ་མ་རྣམས་དགོངས་གཞི་གཙོ་བོར་སྟོན་པ་དང༌། དགོས་གཙོ་བོར་སྟོན་པའོ། །ཞེས་གསུང་ཡང༌། གཉིས་པོ་འགལ་བ་མ་ཡིན་ཏེ། དགོངས་པ་ཅན་བཞི་ཀ་གཉེན་པོ་ལ་ལྡེམ་དགོངས་ཀྱི་ནང་དུ་འདུ་བའི་ཕྱིར། དེས་ན་མདོ་དེའི་སྒྲ་དོན་ཇི་བཞིན་དུ་བཤད་དུ་མི་རུང་བར་དགོངས་པ་གཞན་དུ་བཙལ་དགོས་པ་ནི། དགོངས་པ་ཅན་ཡིན་ལ། དེ་ཉིད་གཞིར་བྱས་པ་ལ་དགོངས་གཞི་དང༌། དགོས་པ་ཆ་མཉམ་དུ་སྟོན་པ་དེ་ནི་ལྡེམ་པོར་དགོངས་པའོ། །དེ་རེ་རེ་ལ་བཞི་བཞི་ལས། དང་པོ་མཉམ་པ་ཉིད་ལ་དགོངས་པ་ནི། ང་ཉིད་དེའི་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་གསུངས་པ་ལྟ་བུ་སྟེ། དེའི་དགོངས་གཞི་ནི། ཆོས་ཀྱི་སྐུ་མཉམ་པ་ལ་དགོངས་པའོ། །དགོས་པ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་གསུངས་པའོ། །གཉིས་པ་དོན་གཞན་ལ་དགོངས་པ་ནི། གངྒཱའི་ཀླུང་གི་བྱེ་མ་རྙེད་ཀྱི་གྲངས་དང༌། མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་ཐེག་ཆེན་གྱི་རྟོགས་པ་སྐྱེའོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་ཐེག་བསྡུས་སུ་བཤད་ལ། དེའི་དགོངས་པ་ནི། ཐེག་ཆེན་གྱི་རྟོགས་པའི་ཆོས་ལ་དགོངས་ལ། དགོས་པ་ནི། ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་རོ། །མདོ་སྡེ་རྒྱན་རྩ་འགྲེལ་ལས་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་མདོ་ལ་བཤད་དོ། །འདི་ཡང་ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་གསུངས་ཏེ། ལུང་གི་ཚིག་ངན་པ་ལྟ་བུ་ལ་བརྗོད་བྱའི་དོན་བཟང་པོ་ཡོད་པར་བཤད་པས་སོ། །དུས་གཞན་ལ་དགོངས་པ་ནི། གང་དག་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ། དེའི་དགོངས་གཞི་ནི། ཤི་འཕོས་མ་དག་དེར་མི་སྐྱེ་ཡང༌། དུས་གཞན་ན་སྐྱེ་བ་ལ་དགོངས་པའོ། །དགོས་པ་ནི་ལེ་ལོའི་གཉེན་པོར་རོ། །འདིའི་དཔེར་བརྗོད་ཐེག་བསྡུས་ལས། དེ་བཞིན་གཤེགས་པ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ། །ཞེས་པ་ལྟ་བུ་ལ་བཤད་དོ། །གཉིས་པ་གང་ཟག་གི་བསམ་པ་ལ་དགོངས་པ་ནི། གནས་སྐབས་ལ་ལར་སྦྱིན་པ་ལ་སྨད་ཅིང་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །འདིའི་དགོངས་པ་ནི། ཚུལ་ཁྲིམས་བསྲུང་ནུས་པའི་གང་ཟག་ལ་དགོངས་པའོ། །དགོས་པ་ནི། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་གསུངས་སོ། །དགོངས་པ་ཅན་བཞི་པོ་འདི་ནི། སྤྱིར་ལྡེམ་པོར་དགོངས་པ་དང༌། བྱེ་བྲག་ཏུ་གཉེན་པོ་ལ་ལྡེམ་པོར་དགོངས་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། དེ་སྐད་དུ་ཡང་མདོ་སྡེ་རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་འཛིན་དང༌། །ང་རྒྱལ་འདོད་ཆགས་གཅོད་པ་དང༌། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེའི་གཉེན་པོར་ཐེག་མཆོག་གསུངས། །ཞེས་གསུངས་སོ། །དེར་གཉེན་པོ་བརྒྱད་གསུངས་པ་ལས། དང་པོ་བཞི་ནི་གོང་དུ་བཤད་མ་ཐག་པ་དེ་ཡིན་ལ། ཕྱི་མ་བཞི་ནི། འདོད་ཆགས་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་བསྔགས་པ་བརྗོད་པ་ལྟ་བུའོ། །ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་ལ་བསྔགས་པ་ལྟ་བུའོ། །འགྱོད་པའི་གཉེན་པོར་གང་དག་བྱང་སེམས་ལ་གནོད་པ་བྱེད་པ་དེ་དག་མཐོ་རིས་སུ་འགྲོའོ་ཞེས་པ་ལྟ་བུའོ། །མ་ངེས་པ་ལྡོག་པའི་གཉེན་པོར་ནི། ཉན་ཐོས་རྣམས་ལུང་བསྟན་པ་དང༌། ཐེག་པ་གཅིག་ཏུ་བཤད་པ་ལྟ་བུའོ། །ཞེས་རྒྱན་གྱི་འགྲེལ་པར་བཤད་དོ། །གཉིས་པ་ལྡེམ་པོར་དགོངས་པ་ལ་བཞི་ལས། གཞུག་པ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་པ་རྣམས་བསྟན་པ་ལ་རིམ་གྱིས་གཞུག་པའི་དོན་དུ་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པ་ལྟ་བུའོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། །མཚན་ཉིད་གསུམ་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལྟ་བུའོ། །གཉེན་པོ་ལྡེམ་དགོངས་ནི། གོང་དུ་བཤད་ཟིན་པ་དེ་ཉིད་དོ། །བཞི་པ་བསྒྱུར་བ་ལྡེམ་པོར་དགོངས་པ་ནི། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་སྙིང་པོ་ནི་རྣམ་གཡེང་ངོ༌། །ཕྱིན་ཅི་ལོག་ནི་གཙང་བདེ་རྟག་བདག་གི་ལོག་ཕྱོགས་བཞི་པོའོ། །དེ་ལ་གནས་པ་ནི། ཤེས་རབ་ཀྱི་བསླབ་པའོ། །ཉོན་མོངས་པ་ནི་དཀའ་སྤྱད་དོ། །དེས་ཉོན་མོངས་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེ་སྐད་དུ་ཡང་རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང༌། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་གསུངས་སོ། །དེ་ལྟར་ལྡེམ་པོར་དགོངས་པ་བཞི་ཀ་ཡང་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གཞན་ལ་དགོངས་ནས་གསུངས་པ་ཡིན་གྱི། དངོས་དོན་དེ་ཉིད་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་ཕྱིར་དང༌། དེ་བཞི་ཀའི་མིང་གི་ཚིག་ཟུར་ལས་ཀྱང་གསལ་བའི་ཕྱིར། དེ་ལྟར་ན་གཉིས་ཀ་ཕན་ཚུན་དུ་གཅིག་ཀྱང༌། ཅིག་ཤོས་ཡིན་ལ། དེ་ཡང་དེ་ཡིན་པའི་ཤེས་བྱེད་ནི། སྤྱིར་སྒྲ་ཇི་བཞིན་པ་མ་ཡིན་པའི་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ནི། དགོངས་གཞི་དང༌། དགོས་པ་གཉིས་ཀྱི་སྒོ་ནས་འཆད་དགོས་པའི་ཕྱིར། འོ་ན་དགོངས་པ་ཅན་ལ་ལྡེམ་པོ་ཞེས་པའི་མིང་འབྱུང་བ་ཅི་ཞེ་ན། ལྡེམ་པོ་ཞེས་པ་ནི་དྲང་པོའི་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་སྒྲ་ཇི་བཞིན་པ་ལ་ཟེར་རོ། །འདི་བཞི་པོ་སྒྲ་ཇི་བཞིན་པ་མ་ཡིན་ཡང༌། སྒྲ་ཇི་བཞིན་པ་དེར་བཤད་པ་ལ་དགོས་པ་འདི་ལྟ་བུ་ཡོད་དོ་ཞེས་འཆད་པའི་ཆ་ནས་ལྡེམ་པོ་ཞེས་བྱའོ། །དེ་ལྟར་བཤད་པ་ན། གཉིས་པོའི་ཁྱད་པར་ནི། དགོངས་པ་ཅན་དང༌། དགོངས་པ་ཅན་དེའི་ལྡེམ་པོའི་དགོངས་པ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ཤེས་པ་ན་བོད་སྔ་ཕྱི་མང་པོ་དག་རྣལ་འབྱོར་སྤྱོད་པའི་གཞུང་གི་ལུགས་ལ། དགོངས་ལྡེམ་དགོངས་གང་རུང་གི་མདོ་ཡིན་ན། དེའི་ལུགས་ལ་དྲང་དོན་གྱི་མདོ་ཡིན་པས་ཁྱབ་བོ་ཞེས་གསུང་པ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། ལུགས་དེ་ལ་དགོངས་པ་ཅན་དང༌། ངེས་དོན་གྱི་མདོའི་གཞི་མཐུན་དུ་མ་དམིགས་པའི་ཕྱིར། དཔེར་ན་དེའི་ལུགས་ལ་ཤེར་ཕྱིན་གྱི་མདོ་བཞིན་ནོ། །དེ་ལྟ་ན་ཡང་འདིར་བསྟན་པའི་དགོངས་ལྡེམ་དགོངས་བརྒྱད་པོ་ནི། སྒྲ་ཇི་བཞིན་པ་མ་ཡིན་པ་ཁོ་ནར་ངེས་ཏེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འཆད་དགོས་པའི་ཕྱིར། དེའི་ཕྱིར་བརྒྱད་པོ་འདིས་སྒྲ་ཇི་བཞིན་པར་གྱུར་པའི་སངས་རྒྱས་ཀྱི་གསུང་རབ་རྣམས་མ་བསྡུས་ཀྱང༌། སྤྱི་ཙམ་ནས་དྲང་ངེས་ཀྱི་གསུང་རབ་མཐའ་དག་བསྡུས་པ་ཡིན་ལ། དོན་དེ་ལ་དགོངས་ནས་ཐེག་བསྡུས་སུ། དགོངས་པ་བཞི་དང༌། ལྡེམ་པོར་དགོངས་པ་རྣམ་པ་བཞིས་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །ཡང་འདི་ལྟར་ཡང་འཆད་ནུས་ཏེ། སངས་རྒྱས་ཀྱི་གསུང་རབ་ལ་དབྱེ་ན། དགོངས་པ་ཅན་གྱི་ངག་དང༌། ལྡེམ་པོའི་ངག་གོ །དང་པོ་ནི། སྒྲ་ཇི་བཞིན་པ་མ་ཡིན་པའི་གསུང་རབ་རྣམས་སོ། །གཉིས་པ་ནི། སྒྲ་ཇི་བཞིན་པའི་ངག་རྣམས་སོ། །གཉིས་པ་ལ་གཉིས་ཏེ། དགོངས་དོན་ལྡེམ་པོ་ཡིན་པ་དང༌། དེ་ལྡེམ་པོ་མ་ཡིན་ཡང༌། དགོས་པ་ལྡེམ་པོ་ཡིན་པའོ། །དང་པོ་ནི། དགོངས་དོན་དང་དགོས་པ་གཉིས་ཀ་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར། རྗོད་བྱེད་ཀྱི་དབང་དུ་བྱས་པའི་ངེས་དོན་གྱི་མདོ་ཡིན་ལ། གཉིས་པ་ནི། དགོས་པ་སྒྲ་ཇི་བཞིན་པ་ཡིན་ཀྱང༌། དགོངས་པ་དེ་མ་ཡིན་པའི་ཕྱིར། དེའི་དབང་དུ་བྱས་པའི་དྲང་དོན་ནོ། །དེ་ལྟར་ན་དགོངས་པ་དང་ལྡེམ་པོའི་ངག་གཉིས་སུ་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་འདུས་པ་ལ་དགོངས་ནས་ཀྱང༌། ཐེག་བསྡུས་སུ་དེ་ལྟར་གསུངས་པ་ཡིན་ནོ། །དེ་ལྟར་ཤེས་པ་ན། བོད་གང་དག་ལྡེམ་པོའི་ངག་ཞེས་བྱ་བ་ནི་འཁྱོག་པོའི་ངག་ཡིན་ཏེ། ལྡེམ་པོའི་དོན་ནི་ལེའུའི་དོན་ཡིན་པས་སོ་ཞེས་ཟེར་བ་ལ་ནི་ཚིག་དོན་གང་ལ་ཡང་དཔྱད་རྒྱུ་མེད་དོ། །དེ་ལྟར་བསྒྲུབ་པའི་རྟེན་བཤད་ཟིན་ནས། གཉིས་པ་དམིགས་པ་འཆད་པ་ལ་གཉིས་ཏེ། གཞུང་གི་འཕྲོས་བཤད་པ་དང༌། དངོས་དོན་བསམ་པའོ། །དང་པོ་ནི། ཇི་སྐད་དུ། བསྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་རང་བཞིན་ཁོ་ན་ལ་རྟེན་དུ་བཤད་ནས། དམིགས་པ་ཡང་དེ་ཁོ་ན་ཡིན་ནམ་སྙམ་པ་ལ། དམིགས་པ་དག་དང༌། ཞེས་ཀུན་རྫོབ་དང༌། དོན་དམ་གཉིས་ཀའི་ཚིག་གིས་བཤད་ལ། རྒྱས་བཤད་དུ་ཡང་དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་གྱུར་པའི་ཆོས་ཐམས་ཅད་ལ་དམིགས་པར་བཤད་པ་ཡིན་ཏེ། འདིའི་དམིགས་པ་བཅུ་གཅིག་པོའི་ནང་ནས་ཀུན་རྫོབ་ཀྱི་བདེན་པ་མང་བའི་ཕྱིར། འདིའི་བཅུ་གཅིག་པོ་བཤད་པའི་གོ་རིམ་ཇི་ལྟར་ཡིན་པ་དེ་བཞིན་དུ། རྟོགས་པའི་གོ་རིམ་ཀྱང་ཡིན་པར་སློབ་དཔོན་གྱིས་བཞེད་ལ། དེ་ཡང་ཇི་ལྟར་ཞེ་ན། ཐོག་མར་བྱང་ཆུབ་སེམས་དཔས་བདག་གི་བླང་བྱ་དང༌། དོར་བྱ་དང༌། བཏང་སྙོམས་སུ་བྱ་བ་གང་ཡིན་སྙམ་པའི་བློ་སྐྱེ་བས། དེའི་དབང་དུ་བྱས་ནས། དགེ་སོགས་གསུམ་བཤད་དོ། །བླང་བྱ་ལ་ཡང༌། དང་པོ་དང་ཕྱིས་བླང་བྱ་གང་ཡིན་སྙམ་པ་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་གསུངས་སོ། །ཕྱི་མ་དེའི་དབང་དུ་བྱས་པའི་སྤང་བྱ་དང༌། འདས་ལམ་རང་གི་ངོ་བོ་གང་ཡིན་སྙམ་པ་ལ། ཟག་པ་ཡོད་མེད་གཉིས་བཤད་དོ། །ཞེས་འཆད་པའི་ལུགས་གཅིག་དང༌། ཡང་ན་འདས་ལམ་ལ་ཡང༌། རེ་ཤིག་གི་བླང་བྱ་ཟག་བཅས་དང༌། གཏན་དུ་བླང་བྱ་ཟག་མེད་གཉིས་སོ་སྙམ་དུ་སེམས་པར་བྱེད་པས། དེའི་འོག་ཏུ་གཉིས་པོ་དེ་བཤད་དོ། །དེ་ནས་ཟག་མེད་དེའི་དམིགས་པ་གང་ཡིན་སྙམ་པ་ལ། ཀུན་རྫོབ་འདུས་བྱས་དང༌། དོན་དམ་པའི་བདེན་པ་འདུས་མ་བྱས་གཉིས་བཤད་དོ། །འདུས་མ་བྱས་ལ་དམིགས་པའི་འབྲས་བུ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་དོ་ཞེས་རྟོག་པར་བྱེད་པས། དེའི་འོག་ཏུ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་བསྟན་ནོ། །ཞེས་སམ། ཡང་ན་ལས་ཉོན་གྱིས་འདུས་བྱས་པ་ནི་ཀུན་རྫོབ་རྣམས་ཡིན་ལ། དེས་དེ་མ་བྱས་པ་ནི། འཕགས་པའི་ཡོན་ཏན་རྣམས་ཏེ། དེ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཕྱེའོ། །དེ་ལྟར་བཅུ་གཅིག་པོ་སྔ་མ་རེ་རེ་ལ་ཕྱི་མ་གཉིས་གཉིས་སུ་ཕྱེ་ནས་བཤད་པ་ནི། རྟོགས་པའི་གོ་རིམ་གྱི་དོན་ཡིན་པར་འགྲེལ་ཆེན་ལས་གསལ་ཞིང༌། དོན་གསལ་ལས་ཀྱང་རྣམ་པ་གཉིས་པོའི་དབྱེ་བ་བཞི་ཉིད་ཀྱི་ཞེས་གསུངས་སོ། །དེ་ལྟར་ན་འདུས་མ་བྱས་ཀྱི་མཚན་གཞི་དེ་བཞིན་ཉིད་དང༌། དེ་ཡང་དགེ་བར་བཤད་ལ། དེའི་ཚེ་ན་དེ་བཞིན་ཉིད་དེ་མ་ཡིན་པར་དགག་པ་ལ་འཆད་དགོས་ཏེ། མེད་པར་དགག་པ་ལ་ནི། དགེ་བའི་དོན་མེད་པའི་ཕྱིར་རོ། །གཉིས་པ་དངོས་དོན་བསམ་པ་ལ་གཉིས་ཏེ། འཕགས་སེང་གཉིས་ཀྱིས་འཕགས་པའི་མཉམ་གཞག་ཡེ་ཤེས་སྣང་བཅས་སུ་བཞེད་པའི་འཐད་པ། དེ་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི། སློབ་དཔོན་དེ་དག་གིས་དེ་ལྟར་བཞེད་པ་ཡིན་ཏེ། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པ་སྒྲ་ཇི་བཞིན་པར་བཤད་ནས། ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་ཁོ་ན་དེའི་དམིགས་པ་ཡིན་པ་ལ། གནོད་བྱེད་བརྗོད་པར་མཛད་པའི་ཕྱིར། ཇི་ལྟར་ཞེ་ན། འགྲེལ་ཆེན་གཉིས་ཀ་ལས་གསལ་བར་གསུངས་པའི་ཚིག་རྣམས་ཕལ་ཆེར་མཐུན་པས། དེ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་དང༌། དེའི་ཉེས་སྤོང་གི་ལན་མི་འཐད་པ་དང༌། རང་ལ་མཚུངས་པ་སྤང་བ་དང་ལྔ་ཡིན་ནོ། །དང་པོ་ནི། སེམས་ཙམ་རྣམ་བརྫུན་པ་ན་རེ། ཕྱི་རོལ་གྱི་དོན་དང༌། དོན་སྣང་གི་རྣམ་པར་ཤེས་པ་གཉིས་ཀ་ཐ་སྙད་དུ་ཡང་ཚད་མས་མི་འགྲུབ་པས། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་འགྱུར་བ་མེད་པའི་ཡོངས་གྲུབ་དེ་ཁོ་ན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དམིགས་པའོ། །ཞེས་པའི་ཕྱོགས་སྔ་མ་བརྗོད་པ་ནི། ཇི་སྐད་དུ། གང་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས། ཞེས་གསུངས་སོ། །གཉིས་པ་ནི། སྒྲིབ་པ་སེལ་བར་བྱེད་པའི་གཉེན་པོ་ཡེ་ཤེས་ཀྱིས་ཐོག་མར་དྲི་མས་མ་དག་པའི་དམིགས་པ་ཞིག་ལ་དམིགས་ནས་སྒོམ་པ་ལས། ཕྱིས་དྲི་མ་དག་པར་འགྱུར་བའི་རིམ་པ་མི་འཐད་པར་ཐལ། ཡེ་ཤེས་དེ་དང་པོ་ཐོག་མ་ཉིད་ནས་དྲི་མས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཁོ་ན་ལ་དམིགས་པའི་ཕྱིར་ཞེས་འཆད་པ་ནི། ཇི་སྐད་དུ། རྟག་ཏུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར། གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་དུ་འགྲོ་བའི་ཇི་ལྟར་བརྗོད་པར་བྱ། ཞེས་གསུངས་སོ། །གསུམ་པ་ནི། སེམས་ཙམ་པ་ན་རེ། ཉེས་པ་དེ་མེད་དེ། རང་བཞིན་གྱིས་རྣམ་པར་དག་ཀྱང༌། བློ་བུར་གྱི་དྲི་མས་མ་དག་པའི་དེ་བཞིན་ཉིད་ལ་དམིགས་པས་དྲི་མ་དག་པ་གོང་ནས་གོང་དུ་འགྱུར་བ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེས་ན་ཞེས་པའོ། །དེ་འགོག་བྱེད་ཀྱི་རིགས་པ་ནི། གཟུང་འཛིན་དུ་ཞེན་པའི་རྟོག་པ་དེ་གཉེན་པོས་སྤངས་མི་ནུས་པར་ཐལ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་དབྱིངས་ལ་མངོན་པར་ཞེན་པའི་རྟོག་པ་དེ་གཉེན་པོས་སྤངས་མི་ནུས་པའི་ཕྱིར་ཏེ། དབྱིངས་དེ་ཉིད་དོན་དམ་པར་གྲུབ་པའི་ཕྱིར་རོ། །ཞེས་འཆད་པ་ནི་ཇི་སྐད་དུ། དེ་ལྟ་ན་ནི་དག་པ་ནི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །ཞེས་གཉེན་པོའི་ཕྱོགས་ལ་མངོན་པར་ཞེན་པའི་ཕྱིར། མི་མཐུན་པའི་ཕྱོགས་ལ་མངོན་པར་ཞེན་པ་ཡང་དོན་གྱིས་འཕངས་པ་ཡིན་ནོ། །དེ་བས་ན་མི་མཐུན་པ་དང༌། གཉེན་པོའི་ཕྱོགས་རྣམ་པར་རྟོག་པ་སྤངས་པ་མེད་པས། ཕྱོགས་གཅིག་པའི་དག་པར་ཐལ་བར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི། མཉམ་གཞག་སྣང་བཅས་ཡིན་པ་དེ་ལྟ་ན་ཡུམ་གྱི་མདོ་དང་འགལ་ལོ་ཞེས་འཆད་པ་ནི། ཇི་སྐད་དུ། ཁྱེད་ཀྱི་ཕྱོགས་ལྟར་ན་ཡང༌། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ནོ། །ཞེས་བྱ་བས། དམིགས་པའི་མཐར་ཐུག་ཇི་ལྟར་ཡིན་ཞེ་ན། ཞེས་པའོ། །དེའི་ལན་ནི། དེར་དངོས་པོ་མེད་པ་ཞེས་གསུངས་པ་དེ། མེད་དགག་ནམ་མཁའ་ལྟ་བུ་ལ་འཆད་པ་མ་ཡིན་གྱི་བདེན་མེད་སྒྱུ་མ་ལྟ་བུ་ལ་དགོངས་པ་ཡིན་ནོ་ཞེས་འཆད་པ་ནི། ཇི་སྐད་དུ། ཉེས་པ་མེད་དེ་གང་གི་ཕྱིར་རིགས་པའི་རྗེས་སུ་འགྲོ་བའི་དངོས་པོ་མེད་པའི་ཕྱིར་ན། དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་སྒྲིབ་པས་དེ་རིམ་གྱིས་སྒྱུ་མ་ལྟ་བུར་རྟོགས་པ་ནི། རྣམ་པར་དག་པ་ཡིན་ནོ་ཞེས་སོ། །བཞི་པ་དོན་བསྡུ་བ་ནི། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིག་པ་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། ཇི་སྐད་དུ་གཉིས་ཀ་ཡང་གཉིས་ཀ་མ་བཀག་པ་དེས་ན་རྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་དང༌། དམིགས་པ་དག་པ་མཐར་ཐུག་པར་འགྲོ་བ་ཡང་འཐད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་མ་ཆགས་པ་ཉིད་དང༌། ཡོད་པར་འགྱུར་བ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །དོན་གང་ཡིན་ཞེ་ན། རང་བཞིན་དང་རྗེས་སུ་འབྲེལ་བའི་རྣམ་འགྱུར་ནི་དམིགས་པ་ཡིན་གྱི། རྣམ་པར་འགྱུར་བ་ཙམ་ནི་མ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །འདིར་དག་པ་གོང་ནས་གོང་དུ་འགྲོ་བའི་དོན་ནི། མྱུ་གུ་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་ནས། བདེན་པས་སྟོང་པའི་རྣམ་པ་ཅན་དུ་བསྒོམས་པས། དེ་ཉིད་ཅིར་ཡང་མི་དམིགས་པའི་སྟོང་པ་ཉིད་དུ་ཞེན་པའི་བློ་སྐྱེ། སྟོང་ཉིད་དེ་ཉིད་ལ་དམིགས་ཏེ་སྒྲོ་འདོགས་བཅད་པས་དེ་ཉིད་ཀྱང་མི་དམིགས་པའི་བློ་སྐྱེ་བ་ལ་བྱ་བ་ཡིན་ལ། སེམས་ཙམ་པ་ལ་ནི་འདི་མེད་དེ། མཉམ་གཞག་གིས་ཀུན་རྫོབ་ལ་དམིགས་པ་མེད་ཅིང༌། སྟོང་པ་ཉིད་ལ་དམིགས་ནས་ཞེན་པའི་བློ་ནི་འདོར་དུ་མེད་པའི་ཕྱིར་རོ། །འདིར་ནི་སེམས་ཙམ་པ་ལ་སྟོང་པ་ཉིད་འདུས་བྱས་སུ་ཐལ་བའི་ཉེས་པ་མི་འཇུག་པས་མ་བརྗོད་ལ། སྣང་མེད་མེད་དགག་ཁོ་ནའི་ཡུལ་ཅན་དུ་འདོད་པ་ལ་དེར་ཐལ་བ་འཕེན་པ་ཡིན་པས། འདོར་ན། མཉམ་གཞག་སྣང་མེད་འདོད་མཁན་ལ། སེམས་ཙམ་པ་དང་དབུ་མ་པའི་དབྱེ་བས་གཉིས་སོ། །གཉིས་པ་གཞན་གྱིས་བཏགས་པའི་མཐའ་བསལ་བ་ལ་འདོད་པ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི་དར་ཊཱིཀ་མཛད་པ་ན་རེ། འདི་མི་འཐད་དེ། གཞན་གྱི་འདོད་པ་བཀོད་པ་ཕ་རོལ་པོའི་འདོད་པ་མ་ཡིན་པ་དང༌། རང་གི་ལུགས་བཞག་པ་མི་འཐད་པའོ། །དང་པོ་ནི། མཉམ་གཞག་སྣང་མེད་དུ་འཆད་པ་སེམས་ཙམ་པའི་འདོད་པ་མིན་ཏེ། ཚད་མ་སྡེ་བདུན་དུ་རྣམ་རིག་པའི་འདོད་པ་འཆད་པ་ན། དངོས་ཀྱི་གནོད་བྱེད་དང༌། གནོད་བྱ་སྒྲོ་འདོགས་གཉིས་གཞི་དམིགས་པ་མཚུངས་པར་ལན་ཅིག་མིན་པར་བསྒྲུབ་པའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་མཉམ་གཞག་ཡེ་ཤེས་ནི། དམིགས་པ་མི་མཚུངས་ན། དེ་ལ་གཟུང་འཛིན་རྫས་གཞན་དུ་སྣང་བ་ལྟར་མ་གྲུབ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་མི་སྲིད་པར་བསྒྲུབས་པས། དེ་བཞིན་ཉིད་འབའ་ཞིག་ལ་དམིགས་པ་ཡིན་ན། མྱུ་གུ་བདེན་སྟོང་དུ་རྟོགས་པ་མ་ཡིན་པར། བདེན་སྟོང་འབའ་ཞིག་མངོན་སུམ་དུ་རྟོགས་པར་འགྱུར་རོ། །གཉིས་པ་ནི། སེམས་ཙམ་པས་མཉམ་གཞག་སྣང་མེད་དུ་འདོད་པ་བཀག་ནས། དབུ་མ་པ་རང་གི་ལུགས་ལ་མཉམ་གཞག་གི་གཟིགས་ངོར་མྱུ་གུ་ལ་སོགས་པའི་ཆོས་རྣམས་སྣང་བར་ཁས་ལེན་པ་ནི། ཆེས་མི་རིགས་ཏེ། སྡུག་བསྔལ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱི་གཟིགས་ངོར་ཆོས་ཅན་དེ་སྣང་ན། ཆུ་ལ་ཆུ་བཞག་པའི་ཚུལ་དུ་སྣང་ངམ། གཉིས་སུ་སྣང༌། དང་པོ་ལྟར་ན། དོན་དམ་པའི་བདེན་པར་ཐལ་བ་བཟློག་ཏུ་མེད་ལ། གཉིས་པ་ལྟར་ན། འཕགས་པའི་མཉམ་གཞག་བདེན་སྟོང་དུ་གཟིགས་པའི་ངོར་ཡང༌། དེ་ལྟར་དུ་སྣང་དགོས་པས། མཉམ་གཞག་རང་ཉིད་རང་ལས་རྫས་ཐ་དད་དུ་ཐལ་བ་བཟློག་ཏུ་མེད་དོ། །ཡང་མཐོང་ལམ་དེ་ལ་སྡུག་བསྔལ་ཐ་དད་དུ་སྣང་ཞིང༌། དོན་དམ་པའི་བདེན་པ་ཆུ་ལ་ཆུ་བཞག་པའི་ཚུལ་དུ་སྣང་ངམ། འོན་ཏེ་དོན་དམ་པའི་བདེན་པ་ཤུགས་ལ་རྟོགས། དང་པོ་ལྟར་ན་བྱང་སེམས་འཕགས་པའི་མཉམ་གཞག་ཡེ་ཤེས་གཅིག་གི་གཟིགས་ངོར། ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་གཉིས་སྣང་ཚུལ་མི་འདྲ་བར་སྣང་བ་རིགས་པའི་ལམ་ལས་འདས་ཏེ། མཉམ་གཞག་རྗེས་ཐོབ་ངོ་བོ་གཅིག་ཏུ་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ལྟར་ན། དོན་དམ་པའི་བདེན་པ་ཤུགས་ལ་རྟོགས་པའི་དངོས་རྟོགས་དེ་གང་ཡིན། ཆོས་ཅན་སྡུག་བསྔལ་དེ་ཉིད་དངོས་སུ་རྟོགས་པ་དེའོ་ཞེ་ན། དོན་དམ་པའི་བདེན་པར་ཐལ་བ་དེ་བས་ཀྱང་བཟློག་ཏུ་མེད་དོ། །དེས་ན་འཕགས་པ་སློབ་པའི་མཉམ་གཞག་གི་གཟིགས་ངོར་ཆོས་ཅན་འདུས་བྱས་སྣང་བར་འདོད་པའི་དབུ་མ་ཐལ་འགྱུར་བ་དང༌། རང་རྒྱུད་པ་སུ་ཡང་མེད་དོ། །འོག་དུ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་བཤད་པ་ཇི་ལྟར་ཞེ་ན། དེ་ནི་མཉམ་གཞག་ཉིད་སྒྱུ་མ་ལྟ་བུར་སྟོན་པ་ཤིན་ཏུ་གསལ་ཏེ། འགྲེལ་ཆེན་གྱི་སྐབས་དུ་མར་དེ་ལྟར་དུ་གསུངས་པས་སོ། །ཞེས་འཆད་པར་བྱེད་དོ། །འདི་བརྟགས་པར་བྱ་བ་ལ་གསུམ་སྟེ། ཁས་བླངས་ནང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ལུང་དང་འགལ་བའོ། །དང་པོ་ནི། སེམས་ཙམ་པ་མཉམ་གཞག་སྣང་མེད་དུ་འཆད་དོ་ཞེས་ཟེར་བ་ལ། གནོད་བྱེད་ཀྱི་རིགས་པ་ཇི་སྙེད་བརྗོད་པ་དེ་ཐམས་ཅད་ཁྱེད་འཕགས་སེང་གིས་མཉམ་གཞག་སྣང་མེད་དུ་ཞལ་གྱིས་བཞེས་སོ། །ཞེས་འཆད་པ་ལ་འཇུག་པར་འགྱུར་རོ། །ཇི་ལྟར་ཞེ་ན། འཕགས་སེང་གིས་དེ་ལྟར་བཞེད་པ་ཡང་མི་རིགས་པར་འགྱུར་ཏེ། དེའི་བཞེད་པ་ལ་དངོས་ཀྱི་གནོད་བྱེད་དང༌། གནོད་བྱ་སྒྲོ་འདོགས་གཉིས་གཞི་དམིགས་པ་གཅིག་ལ་དམིགས་ནས། འཛིན་སྟངས་འགལ་བའི་རྣམ་པ་ཅན་དུ་འཆད་དགོས་པའི་ཕྱིར། དེ་དགོས་པ་ཅི་ཞེ་ན། ཅིག་ཤོས་ལ་ཡང་མཚུངས་པ་དང༌། ཕྱོགས་དེ་ལ་ལུང་གསལ་པོ་མེད་ཅིང༌། ཡོད་དུ་ཆུག་ནའང་འདིར་ཡང༌། དམིགས་པ་མི་རྟག་ལ་སོགས་པ། དེ་ཡི་ནི། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང༌། ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་པའི་དོན་འགྲེལ་པ་ན། སློབ་དཔོན་གྱིས་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཡང་ཀུན་རྫོབ་ལ་དམིགས་ནས་བདེན་མེད་དུ་བལྟ་བར་བཤད་པའི་ཕྱིར་རོ། །གཞན་ཡང༌། བདེན་འཛིན་ལ་བུམ་སོགས་བདེན་གྲུབ་ཏུ་སྣང་ཞིང༌། སྣང་བ་ལྟར་གྲུབ་པ་ཉིད་དུ་རྟོགས་པའི་མངོན་སུམ་མི་སྲིད་པར་འགྱུར་རོ། །ཞེས་ཞལ་གྱིས་བཞེས་པར་འགྱུར་ཞིང༌། གལ་ཏེ་དི་སྲིད་ནའང༌། སོ་སོ་སྐྱེ་བོའི་མངོན་སུམ་གྱིས་རྟོགས་སོ་ཞེས་ཞལ་གྱིས་བཞེས་པར་འགྱུར་རོ། །འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དེ་བཞིན་ཉིད་འབའ་ཞིག་ལ་དམིགས་པ་ཡིན་ན། མྱུ་གུ་བདེན་མེད་དུ་མངོན་སུམ་གྱིས་མ་རྟོགས་པར་བདེན་སྟོང་འབའ་ཞིག་མངོན་སུམ་དུ་རྟོགས་སོ་ཞེས་ཞལ་གྱིས་བཞེས་དགོས་པར་འགྱུར་རོ། །ཞེས་བརྗོད་ན་འཁོར་གསུམ་ཚང་བའི་ཐལ་འགྱུར་ལུང་རིགས་རྣམ་པ་ཐམས་ཅད་དུ་མཚུངས་དགོས་པས། ཁས་བླངས་ནང་འགལ་བ་ཡིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། སངས་རྒྱས་ཀྱི་མཉམ་གཞག་ཡེ་ཤེས་ལ་ཀུན་རྫོབ་ཀྱི་བདེན་པ་སྣང་ངམ་མི་སྣང༌། མི་སྣང་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པ་ནི། རྣམ་པ་ཐམས་ཅད་དུ་མེད་པར་གོ་བར་བྱེད་དོ། །ཞེས་རིགས་པ་མཁྱེན་པའི་གཞུང་ལས་འབྱུང་བའི་ཕྱིར་ན། དེ་མེད་པར་འགྱུར་ཏེ། དེ་ལ་མི་སྣང་བའི་ཕྱིར་ཞེས་འཕངས་ན། ཁྱེད་ཀྱི་ངོར། འཁོར་གསུམ་ཚང་བའི་ཐལ་འགྱུར་རོ། །དང་པོ་ལྟར་ན། གཉིས་སུ་སྣང་ངམ། ཆུ་ལ་ཆུ་བཞག་གི་ཚུལ་གྱིས་སྣང་བ་གང་རུང་དུ་ཐལ། དེ་ལ་སྣང་བའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། འདོད་ན་གཉིས་ལས་གང་ཡིན། དང་པོ་ལྟར་ན་སངས་རྒྱས་ཀྱི་མཉམ་གཞག་ཡེ་ཤེས་དེ། གཟུང་འཛིན་གཉིས་སྣང་གི་ཤེས་པར་མི་འདོད་བཞིན་དུ་ཁས་བླངས་པ་ཡིན་ནོ། །གཉིས་པ་ལྟར་ན། དེ་ལས་དེ་ཐམས་ཅད་མེད་པར་ཐལ་བ་དང༌། དོན་དམ་པའི་བདེན་པར་ཡང་ཐལ་བའོ། །ཁོ་བོ་ཅག་ལ་མི་མཚུངས་ཏེ། སྤྱིར་དབུ་མའི་ལུགས་དང༌། བྱེ་བྲག་ཏུ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་འདིར། དེ་ལ་དེ་སྣང་བར་ཁས་མི་ལེན་པའི་ཕྱིར་ཏེ། དེར་སྣང་བའི་རྒྱུ་མ་རིག་པའི་བག་ཆགས་དྲུངས་ཕྱུང་བའི་ཕྱིར་རོ། །གཞན་ཡང༌། སློབ་དཔོན་གྱིས་སྟོང་ཉིད་ཉི་ཤུ་རྟོགས་པའི་ཡེ་ཤེས་ལ་ས་མཚམས་བཞག་པ་རྣམས་མི་འཐད་པར་འགྱུར་ཏེ། འཕགས་པའི་མཉམ་གཞག་ལ་ཆོས་ཅན་ཉི་ཤུ་ནི་མི་སྣང་བར་མཚུངས། ཆོས་ཉིད་ཀྱི་རང་གི་ངོ་བོ་སྣང་ཚུལ་ནི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་འདི་ལྟར། ཁོ་བོ་ཅག་ནི་བདེན་སྟོང་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ལ་ཅི་ཡང་མི་སྣང་བ་ལ། ཆོས་ཉིད་སྣང་བའི་ཐ་སྙད་བྱས་པ་ཙམ་དུ་ཟད་ཀྱི། དེ་ལ་དེ་སྣང་བ་སྣང་བ་མཚན་ཉིད་པར་ཁས་མི་ལེན་ལ། ཁྱེད་ནི་དེ་ལ་དེ་སྣང་བ་སྣང་བ་མཚན་ཉིད་པར་ཁས་ལེན་པས། སྣང་ཚུལ་གཉིས་ལས་གང་དུ་སྣང༌། དང་པོ་ལྟར་ན། དེ་གཉིས་ཐ་དད་མེད་པར་འགྱུར་ཏེ། མ་འཁྲུལ་བའི་མངོན་སུམ་ལ་ཐ་དད་མེད་པར་སྣང་ཞིང༌། དེ་ལ་ཆོས་ཉིད་སྣང་བའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་སུ་འགལ་ལོ། །གཞན་ཡང་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ལ། ཀུན་རྫོབ་ཀྱི་བདེན་པ་གཉིས་སྣང་ཅན་དུ་སྣང་བར་ཁས་ལེན་དགོས་པ་ཡིན་ལ། དེ་ལྟར་ཁས་བླངས་པ་ལ་མཉམ་གཞག་ཡེ་ཤེས་ཁོ་རང་བདེན་སྟོང་དུ་མངོན་སུམ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་ཡང་དེ་ལྟར་དུ་ཐལ་ལོ། །ཞེས་འཕེན་པ་ནི། གཟུགས་འཛིན་མིག་ཤེས་ལ་གཟུགས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་སྣང་ན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ། མིག་ཤེས་དེ་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱིས་སྣང་བར་འགྱུར་རོ། །ཞེས་འཕེན་པ་དང་མཚུངས་པས། ནུས་པ་མེད་དོ། །གཞན་ཡང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དེ་མངོན་སུམ་དུ་རྟོགས་སམ་མ་རྟོགས། གཉིས་པ་ལྟར་ན། དེ་ཤེས་པ་ཡིན་ན། དེ་མྱོང་རང་རིག་མངོན་སུམ་གྱིས་དེ་མ་རྟོགས་པ་སྤྱིར་འགལ་བ་དང༌། བྱེ་བྲག་ཏུ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་པའི་ལུང་གི་དོན་འཆད་ཚུལ་ཁྱེད་ཀྱིས་ཇི་སྐད་བཤད་པ་དེ་དང་འགལ་ལོ། །དང་པོ་ལྟར་ན། བྱང་སེམས་འཕགས་པའི་མཉམ་གཞག་གཅིག་གི་གཟིགས་ངོར། བདེན་གཉིས་ཀྱི་རྟོགས་ཚུལ་མི་འདྲ་བ་གཉིས་ཅིག་ཆར་དུ་ཁས་ལེན་ན། སྐབས་དེར་མཉམ་རྗེས་ངོ་བོ་གཅིག་དུ་ཁས་ལེན་དགོས་པར་འགྱུར་རོ། །ཞེས་འཕངས་ན་བཟློག་པར་མི་ནུས་སོ། །མདོར་ན། བདེན་སྟོང་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་གཞག་ཡེ་ཤེས་སྣང་བཅས་སུ་ཁས་ལེན་པ་ལ། ཆོས་ཅན་ཀུན་རྫོབ་པ་རྣམས་དོན་དམ་བདེན་པར་ཐལ་བ་འཕེན་པ་ནི། ཆ་ཤས་ཙམ་ཡང་འཇུག་པ་མ་ཡིན་ཏེ། དེ་དེའི་རྣམ་པ་དང་འཛིན་སྟངས་ཀྱི་གཟུང་བྱར་ཁས་བླངས་ན་དེར་ཐལ་བ་འཇུག་ཀྱང༌། དེ་དེའི་སྒྲོ་འདོགས་གཅོད་པའི་གཞིར་ཁས་ལེན་གྱི། འཛིན་སྟངས་ཀྱི་བཟུང་བྱར་ཁས་མི་ལེན་པའི་ཕྱིར་རོ། །གསུམ་པ་ལུང་དང་འགལ་བ་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་སྣང་བཅས་སུ་ཁས་མི་ལེན་ན། ཉི་སྣང་དང་འགྲེལ་ཆེན་གཉིས་ཀ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་འདིའི་དམིགས་པ་ཅི་ཞིག་ཡིན་ཅེ་ན། ཁ་ཅིག་ནི་སྟོང་པ་ཉིད་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པར་འདོད་དོ། །འདི་ཉིད་རིགས་པ་ཡིན་ཏེ། གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་དུ་རྟ་ལ་སོགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པ་ལྟ་བུའོ། །རྩོད་པའི་གནས་སུ་གྱུར་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ཡང་ཤེས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་མཉམ་གཞག་སྣང་མེད་འགོག་བྱེད་ཀྱི་རིགས་པ་དང༌། སྣང་བཅས་ལ་སྒྲུབ་བྱེད་ཀྱི་གཏན་ཚིགས་གསུངས་པ་རྣམས་དང༌། ཁྱེད་ཀྱི་འདོད་པ་དེ་འགལ་ལོ། །དེ་ལ་འདི་སྐད་ཅེས་ཟེར་ཏེ། དེར་ངོ་བོ་ཉིད་སྟོང་པ་ཉིད་ཅེས་གསུངས་པ་དེ་ཆོས་ཉིད་ལ་འཆད་དགོས་པ་ཡིན་གྱི། ཀུན་རྫོབ་ལ་སྟོང་པ་ཉིད་ཀྱི་སྒྲས་བསྟན་པ་མི་འཐད་དོ། །ཞེས་ཟེར་རོ། །འོ་ན་གང་དང་གང་ཤེས་པ་ཡིན་ན། ཆོས་ཉིད་ལ་དམིགས་པས་ཁྱབ་པར་འགྱུར་ཏེ། ལུང་དྲངས་མ་ཐག་པ་དེ་ཉིད་ཀྱི་ཕྱིར་དང༌། ཁྱེད་ཀྱི་འདོད་པ་ཡང་དེ་ལྟ་ཡིན་པ་དེའི་ཕྱིར། ཡང་དེའི་ཉེས་པ་སྤོང་བར་འདོད་ནས། གང་ཤེས་པ་ཡིན་ན་དེ་དང་དེའི་ཤེས་བྱ་ཡིན་ན་བདེན་སྟོང་ཡིན་པས་ཁྱབ་བོ། །ཞེས་སོགས་ཀྱི་སྤྲོས་པ་བྱེད་པ་ནི། རྣམ་པར་འཕོངས་པའི་གཏམ་ཡིན་པས། སྐབས་ཀྱི་དོན་མ་ཡིན་པར་འཆད་སླའོ། །འོ་ན་ཆོས་ཉིད་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱོགས་ལ་འཕགས་སེང་གིས་འགོག་བྱེད་ཀྱི་རིགས་པ་ཇི་ལྟར་མཛད་ཅེ་ན། འགྲེལ་པ་གཉིས་ཀ་ལས་ཇི་སྐད་དུ། སྟོང་པ་ཉིད་ལ་དམིགས་པའི་ཕྱོགས་ལ་ནི་ཡེ་ཤེས་སྟོང་པའི་ཡུལ་ཅན་དང༌། སྟོང་པ་ཉིད་འདུས་བྱས་སུ་ཐལ་བར་འགྱུར་ཏེ། གོ་རིམ་བཞིན་དུ་ཡེ་ཤེས་དང༌། དེའི་སྟོང་པ་ཉིད་དག་དངོས་པོ་དང་དངོས་པོ་མེད་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པ་དང༌། ཐ་དད་པ་མ་ཡིན་པར་རྣམ་པར་རྟོག་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས། རྟོགས་རྒྱུ་ཅི་ཡང་མ་བྱུང་བ་ལ་དེ་རྟོགས་སོ་ཞེས་དང༌། དེས་ཅི་ཡང་ཡུལ་དུ་མ་བྱས་པ་ལ་སྤྲོས་བྲལ་ཡུལ་དུ་བྱས་སོ་ཞེས་ཐ་སྙད་འདོགས་པ་ནི་དབུ་མ་པ་དག་གི་ལུགས་ཡིན་ལ། དེ་ལས་གཞན་དུ་སྟོང་པ་ཉིད་མེད་དགག་གི་ཆ་དེ་ཡེ་ཤེས་དེས་ཡུལ་དུ་བྱས་པ་མཚན་ཉིད་པར་ཁས་ལེན་ན། ཉེས་པ་གཉིས་པོ་དེ་འཇུག་པའོ། །ཇི་ལྟར་ཞེ་ན། དེ་ལྟར་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་ཆོས་ཅན། སྤྱི་མཚན་སྣང་ཡུལ་དུ་བྱས་པའི་རིག་པ་ཡིན་པར་འགྱུར་ཏེ། སྟོང་ཉིད་མེད་དགག་གི་ཆ་དེ་ཡུལ་དུ་བྱེད་པའི་རིག་པ་ཡིན་པའི་ཕྱིར་རོ། །འདོད་ན། རྟོག་པ་ཉིད་དུ་ཁས་བླངས་པས་མངོན་སུམ་མ་ཡིན་པར་འགྱུར་རོ། །ཞེས་པའོ། །ཐལ་བ་གཉིས་པ་འཇུག་པའི་ཚུལ་ནི། ཡང་ན་དེས་ཡུལ་དུ་བྱས་པའི་སྟོང་ཉིད་མེད་དགག་གི་ཆ་དེ་ཆོས་ཅན། འདུས་བྱས་སམ་རང་མཚན་དུ་ཐལ་བར་འགྱུར་ཏེ། མངོན་སུམ་གྱི་སྣང་ཡུལ་ཡིན་པའི་ཕྱིར་རོ། །ཞེས་པའོ། །དོན་དེ་དག་ནི། འཇུག་འགྲེལ་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་དྲངས་པ་ལས། ལྷའི་བུ་དོན་དམ་པའི་བདེན་པ་ནི་ལུས་དང་ངག་དང་ཡིད་ཀྱི་ཡུལ་དུ་འགྱུར་ན་ནི། དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཞེས་པ་ནས། དོན་དམ་པའི་བདེན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཞེས་དང༌། འཇུག་པར། དེ་ཡོངས་ཤེས་པ་དེ་ནི་ཐ་སྙེད་ཉེ་བར་བསྟན་ནས་རིག་པ་ཡིན། ཞེས་དང༌། རིགས་པ་མཁྱེན་པས་ཇི་སྐད་དུ། རྣམ་རྟོག་མེད་པ་ཉིད་ཀྱིས་ན། །རང་གི་མཚན་ཉིད་ལ་མངོན་སུམ། །རྣམ་རྟོག་མེད་པར་སྤྱི་འཛིན་མིན། །དེ་ཕྱིར་དེ་ལ་རྗེས་དཔག་ཉིད། །ཅེས་འབྱུང་བ་དེ་ཉིད་བཤད་པ་ཡིན་ནོ། །འདི་ཡང་སེམས་ཙམ་པའི་འདོད་པ་འགོག་པ་ནི་མ་ཡིན་ཏེ། དེའི་ལུགས་ལ་རྣལ་འབྱོར་མངོན་སུམ་གྱིས་སྟོང་ཉིད་མེད་དགག་གི་ཆ་དེ་ཡུལ་དུ་བྱས་པར་མི་འདོད་ཀྱི། བཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བ་ཞེས་བྱ་བའི་རང་མཚན་དེ་རྣལ་འབྱོར་མངོན་སུམ་གྱི་ཡུལ་དུ་འཆད་པའི་ཕྱིར། དེ་སྐད་དུ་ཡང༌། རྣལ་འབྱོར་རྣམས་ཀྱིས་བླ་མས་བསྟན། །མ་འདྲེས་པ་ཡི་དོན་རྣམས་མཐོང༌། །ཞེས་བཤད་པ་ཡིན་ནོ། །འོ་ན་འགྲེལ་པ་དེས་སུ་ཞིག་གི་འདོད་པ་འགོག་ཅེ་ན། མཐའ་གཞན་འགོག་པའི་རིགས་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། གོང་དུ་རྩ་བའི་གཏན་ཚིགས་བཀོད་པ་ལ་ཚེར་མ་འབྱིན་པ་ན། གཞན་དག་ན་རེ། ཤེས་པ་ཡིན་ན་བདེན་སྟོང་ལ་དམིགས་པ་ཡིན་པར་འགལ་ཏེ། བདེན་འཛིན་དང་བདེན་མེད་རྟོགས་པའི་ཤེས་པ་གང་གི་ངོར་ཡང༌། བདེན་སྟོང་ཞེས་བྱ་བའི་ཆོས་དེ་ཡོད་པ་མ་ཡིན་པའི་ཕྱིར། ཅེས་པའི་དོགས་པ་བླངས་ནས་དེའི་ལན་དུ། ཅི་ཡང་མི་དམིགས་པ་ལ་དམིགས་པར་བཏགས་པ་ཡིན་གྱི། སྟོང་པ་ཉིད་ལ་དམིགས་པ་ནི་མ་ཡིན་ནོ། །ཞེས་འཆད་པ་ནི། འགྲེལ་ཆེན་ལས། གཞན་ཡང་དམིགས་པ་དེ་ནི་དེ་ཁོ་ན་ཉིད་དུ་མི་འགྲུབ་ཀྱི་ཀུན་རྫོབ་དུ་ཡུལ་དུ་བཏགས་པ་ཉམས་སུ་མྱོང་བའི་མཐར་ཐུག་པ་ཡིན་པས་ན་འགལ་བ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་ཉེས་པ་བརྗོད་པར་མི་བྱའོ། །སྟོང་པ་ཉིད་ཀྱི་ཕྱོགས་ལ་དམིགས་པ་ནི། ཞེས་སོགས་གསུངས་སོ། །མདོར་ན་རྣལ་འབྱོར་མངོན་སུམ་གྱིས་རང་མཚན་ཞིག་ཡུལ་དུ་མ་བྱས་ན་མངོན་སུམ་དུ་མི་འགྱུར་བ་དང༌། སྟོང་ཉིད་ཁོ་ན་ཡུལ་དུ་བྱས་ན་རྟོག་པ་ཉིད་དུ་ཐལ་བར་འགྱུར་བས། དེའི་ཕྱིར་འཕགས་པའི་མཉམ་གཞག་ཡེ་ཤེས་སྣང་བཅས་སུ་གྲུབ་པ་ཡིན་ནོ། །ཞེས་བྱ་བ་འདི་ངེས་སོ། །བཞི་པ་ཆེད་དུ་བྱ་བ་ལ། སྐབས་ཀྱི་དོན་ངོས་ཟིན་པའི་ཕྱིར་དུ་བཤད་བྱའི་མདོ་བཀོད། དེའི་དོན་བཤད་པའོ། །དང་པོ་ནི། སྔར་བྱང་སེམས་ཆེན་པོ་ཞེས་ལན་མང་དུ་གསུངས་པ་ལས་འཕྲོས་ནས། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོར་འཇོག་པར་བྱེད་པའི་བྱེད་ཆོས་དྲིས་པའོ། །དེ་ཡང་རིགས་ཀྱི་སྐབས་སུ་ནི་བྱང་སེམས་ཆེན་པོ་ཞེས་པའི་མིང་གི་ཐ་སྙད་གང་ལ་འཇུག་པའི་མཚན་གཞི་དྲིས་པ་ཡིན་ལ། འདིར་ནི་ཐ་སྙད་དེའི་མཚན་ཉིད་དྲིས་པའོ། །ཡུམ་གསུམ་གྱི་གནོད་འཇོམས་ལས་ནི། གོང་དུ་སེམས་དཔའ་ཙམ་དང༌། འདིར་ནི་སེམས་དཔའ་ཆེན་པོའི་ཚིག་གི་དོན་དྲིས་པ་ཡིན་ཅེས་ཀྱང་གསུངས་སོ། །ལན་ལ། བཅོམ་ལྡན་འདས་དང༌། ཤཱ་རིའི་བུ་དང༌། རབ་འབྱོར་གྱིས་སེམས་དཔའ་ཆེན་པོའི་འཇོག་བྱེད་བཤད་པས་ནི། ཆེན་པོ་གསུམ་གསུངས་ལ། བྱམས་མའི་བུ་གང་པོས་ཇི་ལྟར་འཇོག་བྱེད་བཤད་པས་ནི་བསྒྲུབ་པ་དང་པོ་གཉིས་བཤད་དོ། །དེ་ཡང་འདི་ལྟར། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་བས་དེའི་ཕྱིར། བྱང་སེམས་ཆེན་པོ་ཞེས་བྱའོ། །རྡོ་རྗེ་ལྟ་བུའི་སེམས་དང༌། རླབས་པོ་ཆེའི་སེམས་དང༌། མི་བསྒུལ་བའི་སེམས་དང༌། ཕན་བདེའི་སེམས་དང༌། ཆོས་ལ་ཀུན་དགའ་བའི་སེམས་ཀྱིས་ཡུམ་གྱི་རྣལ་འབྱོར་ལ་བརྩོན་པ་དང༌། རྣམ་བྱང་གི་ཆོས་ཐམས་ཅད་ལ་གནས་ནས། སེམས་ཅན་ཀུན་གྱི་མཆོག་ཉིད་དུ་འགྱུར་བར་བྱའོ། །ཞེས་གསུངས་པ་དེ་ནི། ཆེན་པོ་དང་པོའི་མདོའོ། །བདག་དུ་ལྟ་བ་དང་ཞེས་པ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བལྟ་བ་རྣམས་ཏེ། ལྟ་བ་འདི་དག་ཐམས་ཅད་རབ་ཏུ་སྤངས་པའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང༌། དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པ་དེ་ནི། ཆེན་པོ་གཉིས་པའི་མདོའོ། །ཡང་མདོ་ལས། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང༌། མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་ཟག་པ་མ་མཆིས་ཤིང༌། ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆགས་པ་མ་མཆིས་པ་དེའི་ཕྱིར་བྱང་སེམས་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་གསུངས་པ་ནི། ཆེན་པོ་གསུམ་པའི་མདོའོ། །གཉིས་པ་ལ། དོགས་པ་བཀོད་པ་དང༌། དེའི་ལན་བཤད་པའི་སྒོ་ནས་སྐབས་ཀྱི་དོན་ངོས་བཟུང་བའོ། །དང་པོ་ནི་འདིར་ཆེན་པོ་གསུམ་དང༌། ཆེད་དུ་བྱ་བ་གསུམ་དོན་གཅིག་གམ་ཐ་དད། གཅིག་ན་ཆེད་དུ་བྱ་བ་གསུམ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་གནས་སྐབས་གང་ན་ཡོད་པ་དེ་ན་ཡོད་པར་འགྱུར་ཏེ། དེ་གཉིས་དོན་གཅིག་ཅིང༌། ཆེན་པོ་གསུམ་ནི་བྱང་སེམས་ཆེན་པོར་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་པས་སོ། །ཐ་དད་ན་ཐ་དད་པའི་ཁྱད་པར་ཅི། འཆད་པ་པོ་ཕལ་ཆེར་གྱིས་གཅིག་པ་ལྟ་བུར་བཤད་པས་སོ་ཞེ་ན། གཉིས་པོ་དོན་གཅིག་པ་མ་ཡིན་ཏེ། ཆེད་དུ་བྱ་བ་ནི་བསྒྲུབ་བྱ་ཡིན་པས་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་ལ། ཆེན་པོ་གསུམ་ནི་བསྒྲུབ་བྱ་དེའི་སྒྲུབ་བྱེད་ཡིན་ཅིང༌། སྒྲུབ་བྱེད་དེ་དང་ལྡན་པའི་རྒྱུ་མཚན་གྱིས་བྱང་སེམས་ཆེན་པོར་འཇོག་པར་བྱེད་པས་སོ། །འོ་ན་ཆེད་དུ་བྱ་བ་གསུམ་པོ་གང༌། དེའི་སྒྲུབ་བྱེད་ཆེན་པོ་གསུམ་པོ་ནི་ཅི་ཞེ་ན། སེམས་ཅན་ཀུན་གྱི་མཆོག་ཉིད་དང༌། མཆོག་དེའི་སྤངས་པ་དང༌། དེའི་རྟོགས་པ་གསུམ་མོ། །དང་པོ་ནི། སྤངས་རྟོགས་སོ་སོར་མ་ཕྱེ་བའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཙམ་ལ་བྱ་ལ། ཕྱི་མ་གཉིས་ནི་སྤངས་རྟོགས་སོ་སོའི་ཆར་ཕྱེ་བའོ། །གསུམ་པོ་དེ་ཆོས་ཅན། ཐེག་ཆེན་བསྒྲུབ་པའི་ཆེད་དུ་བྱ་བ་ཡིན་ཏེ། ཐེག་ཆེན་བསྒྲུབ་པའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། ཆེད་དུ་བྱ་བ་དེ་སྒྲུབ་བྱེད་ཀྱིས་བསྒྲུབ་པ་ནི། ཆེན་པོ་ཡིན་ཏེ། རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་སངས་རྒྱས་སུ་སྒྲུབ་བྱེད་ཡིན་པའི་རྒྱུ་མཚན་གྱིས་གང་ཟག་དེ་བྱང་སེམས་ཆེན་པོར་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་པའི་ཕྱིར། དེ་ལ་གསུམ་སྟེ། སེམས་ཆེན་པོ་དང༌། སྤོང་བ་ཆེན་པོ་དང༌། རྟོགས་པ་ཆེན་པོའོ། །དང་པོ་ནི། གོང་དུ་མདོ་དྲངས་པ་ལས་གསལ་བའི་སེམས་དྲུག་པོ་དེའོ། །དེ་ཡང་སེམས་བསྐྱེད་ཆེན་པོ་ལ་སེམས་ཆེན་པོ་ཞེས་བྱ་བ་དང༌། གང་ཟག་དང་ཆོས་ཀྱི་བདག་དུ་ལྟ་བའི་ལྟ་བ་དེ་དག་སྤོང་བར་བྱེད་པའི་གཉེན་པོ་ལ་སྤོང་བ་ཆེན་པོ་ཞེས་བྱ་ལ། དེ་ཡང་སྤངས་པ་མཆོག་གི་ལག་རྗེས་ཐུན་མོང་མ་ཡིན་པར་འཇོག་བྱེད་ཡིན་པའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བྱ་བ་དང༌། རྟོགས་པ་ཆེན་པོ་དངོས་ནི། སངས་རྒྱས་པའི་རྟོགས་པ་དེ་ཡང་ཡིན་མོད། འོན་ཀྱང་འདིར་ཆེན་པོའི་སྒྲ་འཇུག་པ་ནི། རྟོགས་པ་དེའི་ལག་རྗེས་ཐུན་མོང་མ་ཡིན་པར་འཇོག་བྱེད་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་རྟོགས་པ་མདོ་དྲངས་པ་ལས་གསལ་བ་དེ་དག་གོ །དེ་ལ་ཆེན་པོའི་སྒྲས་སྟོན་པའི་ཤེས་བྱེད་ནི། རང་རྒྱུད་ལྡན་གྱི་གང་ཟག་དེ་བྱང་སེམས་ཆེན་པོར་འཇོག་བྱེད་ཡིན་པའི་རྒྱུ་མཚན་གྱིས་སོ། །མདོར་ན་ཆེད་དུ་བྱ་བ་གསུམ་ཀ་ཡང་དོན་ལ་ཆེན་པོ་ཡིན་ཀྱང༌། འདིར་ཆེན་པོའི་སྒྲས་མ་བསྟན་ཏེ། སྐབས་འདིར་གང་ལ་ཆེན་པོའི་སྒྲས་བསྟན་པ་དེ་ཡིན་ན། བྱེད་པ་པོ་ཡིན་དགོས་ལ། ཆེད་དུ་བྱ་བའི་སྒྲས་བསྟན་པ་དེ་ཡིན་ན། ལས་སུ་བྱ་བ་དེ་ཡིན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། ཆེན་པོ་གསུམ་གྱི་ཞེས་བྱེད་པ་པོའི་ཚིག་དང༌། ཆེད་དུ་བྱ་བ་འདི་ཞེས་བྱ། ཞེས་ལས་སུ་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །དེ་ལྟར་བཤད་པའི་ངག་དོན་བསྡུས་ན། རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་བྱེད་ཆོས་དེ། འདིར་བསྟན་ཆེན་པོའི་མཚན་ཉིད། དབྱེ་ན་གསུམ་ལས། དེ་དེར་བྱེད་པའི་སེམས་བསྐྱེད་དེ། སེམས་ཆེན་པོའི་མཚན་ཉིད། དེ་དེར་བྱེད་པའི་སྤང་གཉེན་དེ། སྤོང་བ་ཆེན་པོའི་མཚན་ཉིད། དེ་དེར་བྱེད་པའི་རྣམ་པར་གྲོལ་བའི་ལམ་མམ། ཁྱད་པར་ཅན་གྱི་ལམ་དུ་གྱུར་པ་དེ། རྟོགས་པ་ཆེན་པོའི་མཚན་ཉིད། ས་མཚམས་ནི་བྱང་སེམས་ཆེན་པོ་གང་ན་ཡོད་པ་དེ་ནས་སོ། །ཐེག་ཆེན་བསྒྲུབ་པའི་ཐོབ་བྱ་མཐར་ཐུག་དེ། འདིར་བསྟན་ཆེད་དུ་བྱ་བའི་མཚན་ཉིད་དོ། །དབྱེ་ན་སེམས་ཅན་ཀུན་གྱི་མཆོག་ཉིད་དང༌། སྤངས་པ་མཐར་ཐུག་དང༌། རྟོགས་པ་མཐར་ཕྱིན་པའོ། །མཚན་གཞི་ནི་གོང་དུ་བཤད་ཟིན་ཏོ། །ཞེས་བྱ་བ་ནི་མདོ་འགྲེལ་གྱི་དོན་ལ་རྣམ་པར་བརྟགས་པའི་ལེགས་པར་བཤད་པའི་གཏམ་དུ་བྱ་བ་ཡིན་ནོ། །བཞི་པ་བསྒྲུབ་པ་རང་གི་ངོ་བོ་ལ་གཉིས་ཏེ། གཞུང་རྩ་བར་མ་ཟིན་པའི་བསྒྲུབ་པ་གཉིས་སྤྱི་དོན་གྱི་ཚུལ་གྱིས་བཤད། རྩ་བའི་ཚིག་གིས་ཟིན་པའི་བསྒྲུབ་པ་བཞི་སོ་སོར་བཤད་པའོ། །དང་པོ་ནི། ཉི་སྣང་ལས། ད་ནི་བསྒྲུབ་པ་བརྗོད་པར་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ནི། སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་གྱི་བྱ་བ་བསྒྲུབ་པ་ཡིན་ལ། རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་ལ་ནི། མངོན་པར་རྟོགས་པ་སོ་སོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཐོགས་པ་མེད་པ་དང༌། འཛིན་པ་མེད་པ་གང་ཡིན་པ་དེ་སྒྲུབ་པ་ཡིན་ནོ། །ཞེས་གསུངས་སོ། །གཞུང་འདིའི་དོན་ལ་འགྲེལ་བཤད་བྱེད་པ་དག་གིས་ནི། དམིགས་ཕྱེད་པའི་བཤད་པ་གསལ་པོ་མི་སྣང་ལ། བདག་ཉིད་ཆེན་པོ་ལོ་ཙཱ་བའི་གསུང་གིས། མཁྱེན་གསུམ་སྤྱིའི་བསྒྲུབ་པ་དང༌། སྦྱོར་བཞི་བྱེ་བྲག་གི་སྒྲུབ་པ་ཞེས་དང༌། སྤྱིར་དགེ་བའི་ཆོས་བསྒྲུབ་པའི་བྱ་བ་དང༌། བྱེ་བྲག་ཏུ་ཕྱིན་དྲུག་བསྒྲུབ་པའི་བྱ་བ་ཞེས་གསུངས་པ་ཉིད་ལེགས་པར་བཤད་པ་ཡིན་ལ། དེ་ཡང་ཞིབ་མོར་བཤད་ན། ཉི་སྣང་གི་དགོངས་པ་དང༌། དེ་ཉིད་སློབ་དཔོན་གྱིས་བཀྲལ་བའི་བཤད་པའོ། །དང་པོ་ནི། སྐྱེ་མེད་གསུམ་ལ་ཐོགས་པ་མེད་པའི་བསྒྲུབ་པ་དང༌། ཕྱིན་དྲུག་ལ་འཛིན་པ་མེད་པའི་བསྒྲུབ་པ་ཞེས་པའམ། ཡང་ན་ཡུལ་ལ་ཐོགས་པ་མེད་པ་དང༌། ཡུལ་ཅན་ལ་འཛིན་པ་མེད་པའི་བསྒྲུབ་པ་ཞེས་བྱ་ལ། གཉིས་པོ་འགལ་བ་ནི་མ་ཡིན་ཏེ། ཐེག་ཆེན་གྱི་བསྒྲུབ་པ་མཐའ་དག་ལ་གཉིས་པོ་དེ་ཚང་དགོས་པའི་ཕྱིར་དང༌། གཉིས་པོ་འདི་བསྒྲུབ་པ་བཞི་ཀ་ལ་ཁྱབ་བྱེད་འགྲོ་དགོས་པའི་ཕྱིར། གཉིས་པ་ནི། འགྲེལ་ཆེན་དུ། མངོན་པར་རྟོགས་པ་དང་པོ་བདུན་ནི་རྒྱུའི་ལྡོག་པ་ནས་བཤད་པས་དེ་དང་འབྲེལ་བའི་བསྒྲུབ་པ་འཆད་ལ། ཆོས་སྐུ་ནི་འབྲས་བུའི་ལྡོག་པ་ནས་བཤད་པས། དེ་དང་འབྲེལ་བའི་བསྒྲུབ་པ་མི་འཆད་པར་གསུངས་པ་ལྟར་ན། དགོངས་པ་འདི་ཡིན་ཏེ། སྤྱིར་མཚོན་བྱ་དངོས་པོ་བརྒྱད་ཀྱི་ལམ་རིམ་གྱི་དབང་དུ་བྱས་པའི་བསྒྲུབ་པ་དང༌། མཚོན་བྱེད་དོན་བདུན་ཅུའི་དབང་དུ་བྱས་པའི་བསྒྲུབ་པ་གཉིས་ལས། གཉིས་པ་ནི་སེམས་བསྐྱེད་ལ་སོགས་པའི་གཞུང་སོ་སོས་དངོས་སུ་བསྟན་པ་དེ་ཡིན་ལ། དང་པོ་ནི། དོན་བདུན་ཅུ་པོས་མཚོན་པའི་ཚུལ་གྱིས་འཆད་དགོས་ལ། དེ་ཡང་མཁྱེན་པ་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྦྱོར་བ་བཞིས་ཉམས་སུ་ལེན་པའི་རིམ་པ་ཞེས་བྱ་བ་དེ་ཡིན་ལ། དེ་ཡང་སྐྱེ་མེད་གསུམ་གཏན་ལ་ཕབ་ནས་དེ་ཉིད་སྦྱོར་བ་བཞིའི་རིམ་པས་ཉམས་སུ་ལེན་པའོ། །དེ་ཡང་ཐོས་བསམ་གྱིས་གཏན་ལ་འབེབས་པའི་དུས་སུ་ནི་སྐྱེ་མེད་གསུམ་པོ་ཁོ་ན་གཏན་ལ་ཕབ་ནས། ཉམས་སུ་ལེན་པའི་དུས་སུ་ནི། དེ་གསུམ་རྟོགས་པའི་ལྟ་བ་དེ་དང༌། ཕྱིན་དྲུག་ཟུང་འབྲེལ་དུ་ཉམས་སུ་ལེན་པའོ། །དེ་ལྟར་ན་ཉམས་ལེན་གྱི་རྣལ་འབྱོར་དེ་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་དང༌། སྤྱོད་པ་ཕར་ཕྱིན་དྲུག་གི་རྣལ་འབྱོར་གཉིས་ཀ་ཐེག་ཆེན་གྱི་བསྒྲུབ་པའི་ངོ་བོར་ཟུང་དུ་འཇུག་པའི་ཚུལ་གྱིས་ངོ་བོ་དབྱེར་མེད་དུ་ཚང་བ་ཡིན་ཀྱང༌། ལྡོག་པའི་ཆ་ནས་སོ་སོར་ཕྱེ་ན། ལྟ་བའི་ཆ་དེ་ལ་མཁྱེན་པ་གསུམ་དང་འབྲེལ་བའི་བསྒྲུབ་པ་ཞེས་བྱ་སྟེ། སྐྱེ་མེད་གསུམ་ལ་ཉམས་ལེན་གཙོ་བོར་གྱུར་པའི་ལྡོག་ཆ་ནས་བསྟན་པའི་བསྒྲུབ་པ་ཡིན་པའི་ཕྱིར། སྤྱོད་པའི་ཆ་དེ་ལ། ཡུལ་ཅན་སྦྱོར་བ་བཞིའི་བསྒྲུབ་པ་ཞེས་བྱ་སྟེ། སྐྱེ་མེད་གསུམ་པོ་དེའི་ཡུལ་ཅན་དུ་གྱུར་པའི་ཕྱིན་དྲུག་ལ་ཉམས་ལེན་གཙོ་བོར་གྱུར་པའི་ལྡོག་ཆ་ནས་བསྟན་པའི་ཕྱིར། ཞེས་བྱ་བ་འདི་ཡིན་ནོ། །གཉིས་པ་གཞུང་གིས་ཟིན་པའི་བསྒྲུབ་པ་བཞིའི་ངོ་བོ་ངོས་བཟུང་བ་ལ། སྤྱིར་ཐེག་ཆེན་གྱི་བསྒྲུབ་པའི་ངོ་བོ་ནི། མདོ་སྡེ་རྒྱན་ལས། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་བསྒྲུབ་པ་ཡིན་པར་འདོད། །ཅེས་གསུངས་ལ། གནས་པ་ལ་རིགས་ལ་གནས་པ་དང༌། སེམས་བསྐྱེད་ལ་གནས་པ་གཉིས་སུ་ཕྱེ་ནས་ཁྱད་པར་བཞི་ལྡན་གྱི་བསྒྲུབ་པ་ཞེས་པའི་ཐ་སྙད་བོད་རྣམས་ཀྱིས་མཛད་དོ། །དབྱེ་ན་བཞི་ལས། སོ་སོའི་ངོ་བོ་དང༌། གཞུང་ལས་གསུངས་པའི་ས་མཚམས་ཀྱི་དོན་བཤད་པའོ། །དང་པོ་ལ། བསྒྲུབ་པ་དང་པོ་གཉིས་ནི་རྒྱུའི་རང་ལྡོག་ནས་ངོས་འཛིན་ལ། ཕྱི་མ་གཉིས་ནི་རྒྱུ་དེས་འབྲས་བུ་ཇི་ལྟར་བསྐྲུན་པའི་ཚུལ་གྱིས་ངོས་འཛིན་པ་ཡིན་ནོ། །དེ་ཡང་དང་པོ་ནི། བསམ་པའི་ཆ་ནས་དང༌། གཉིས་པ་ནི་སྦྱོར་བའི་ཆ་ནས་དང༌། གསུམ་པ་ནི་བསམ་སྦྱོར་དེ་གཉིས་ཀྱིས་འབྲས་བུ་ཇི་ལྟར་འཛིན་པའི་ཆ་ནས་དང༌། བཞི་པ་ནི། དེ་གཉིས་ཀྱིས་འབྲས་བུ་ཇི་ལྟར་འབྱིན་པའི་ཆ་ནས་བཤད་པ་ཡིན་ལ། བཞི་པོ་དང་པོར་སྐྱེ་བའི་ཚེ་རིམ་ཅན་དུ་འབྱུང་བ་ཡིན་ཀྱང༌། འགལ་བ་ནི་མིན་ཏེ། གཅིག་ལ་བཞི་ཀ་གཞི་མཐུན་དུ་འདུ་བས་སོ། །དེ་ཡང་དཔེར་ན། རྒྱུན་མཐའི་མཉམ་གཞག་ཡེ་ཤེས་དེ་བསམ་པའི་ཆ་ནས་གོ་ཆ་དང༌། སྦྱོར་བའི་ཆ་ནས་འཇུག་པ་དང༌། བྱང་ཆེན་གྱི་རྒྱུ་ཚོགས་ཡིན་པའི་ཆ་ནས་ཚོགས་དང༌། དེ་དངོས་སུ་འབྱིན་པའི་ཆ་ནས་ངེས་འབྱུང་དུ་བཞག་དགོས་པ་བཞིན་ནོ། །དང་པོ་གོ་བསྒྲུབ་ཀྱི་མཚན་ཉིད་ནི། ཡུལ་མཁྱེན་གསུམ་གྱི་བསྒྲུབ་པས་ཟིན་པའི་ཡུལ་ཅན་ཕྱིན་དྲུག་གི་ཉམས་ལེན་ལ་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱིན་དྲུག་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པའོ། །གཉིས་པ་འཇུག་བསྒྲུབ་ནི། དེ་འདྲ་དེ་ལ་སྦྱོར་བས་ཚུལ་བཞིན་དུ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བའོ། །འཇུག་བསྒྲུབ་རྒྱུད་ལ་སྐྱེས་ཕྱིན་ཆད། གོ་ཆ་དང་འཇུག་པ་གཉིས་སྤྱིར་འཇུག་པ་གཙོ་ཆེ་ཡང༌། དེའི་དུས་ཀྱི་གོ་བསྒྲུབ་ཀྱི་ངོས་འཛིན་ནི། གོ་ཆའི་ལྡོག་པ་ནས་འཛིན་དགོས་པས། དེ་ཡང་གོ་ཆ་གཙོ་བོར་གྱུར་པ་ཡིན་ནོ། །གསུམ་པའི་མཚན་ཉིད་ནི། གོ་ཆ་དང་འཇུག་པ་བཟུང་དུ་འབྲེལ་བའི་བསྒྲུབ་པ་གང་ཞིག རང་འབྲས་བྱང་ཆུབ་ཆེན་པོ་འཛིན་པའི་རྒྱུ་ཚོགས་སོ། །དེ་སྐད་དུ་ཡང༌། སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པའི་ཕྱིར་ན། སྙིང་རྗེ་ལ་སོགས་པ་ནི་ཚོགས་ཡིན་ནོ། །ཞེས་གསུངས་པས་སོ། །འདིར་འབྱིན་པ་ཞེས་སྦྱར་ནས། དེའི་གོ་བ་དངོས་སུ་འབྱིན་པ་དང༌། འབྱིན་རྒྱུ་ལ་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་ཕྱེ་ནས། འབྱིན་པ་པོ་བྱང་སེམས་ཀྱི་ཆོས་མཆོག་ནས་འཇོག་པར་བོད་ཀྱི་སློབ་དཔོན་རྣམས་བཞེད་ཀྱང༌། འཕགས་སེང་གི་དགོངས་པར་མ་མཐོང་ཞིང༌། མཛོད་ལས། འབྲས་བུ་འཛིན་འབྱིན་གྱི་གོ་བ་ཐ་དད་དུ་བཤད་པ་དེ་ཉིད། བཟང་པོའི་ཞབས་ཀྱིས་འདིར་དྲངས་ནས། བཤད་པ་མཛད་པ་དེ་མ་མཁྱེན་པར་ཟད་དོ། །བཞི་པ་ནི་དེ་འདྲའི་བསམ་སྦྱོར་ཟུང་དུ་འཇུག་པའི་བསྒྲུབ་པ་གང་ཞིག རང་འབྲས་བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའོ། །བོད་ཀྱི་སློབ་དཔོན་གོང་མ་རྣམས་ངེས་འབྱུང་གི་གོ་བ་གདོན་མི་ཟ་བར་འབྱུང་བ་ལ་བཤད་ནས། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ནས་འཆད་ཀྱང༌། ངེས་པར་འབྱུང་བ་ལ་སློབ་ལམ་མཐར་ཐུག་དང༌། མི་སློབ་ལམ་གཉིས་སུ་ཕྱེ་བ་དང༌། འབྲས་བུ་འཛིན་འབྱིན་ཐ་དད་དུ་ཕྱེ་བ་ལྟར་ན། འབྲས་བུ་འབྱིན་པར་ངེས་པ་ཙམ་ངེས་འབྱིན་གྱི་གོ་བ་མ་ཡིན་ནོ། །དེ་ལྟར་ན་ཐོག་མར་བསམ་པ་འབྱུང༌། དེ་ནས་སྦྱོར་བ་དང་ཟུང་དུ་འབྲེལ་བ་འབྱུང༌། དེ་འདྲའི་ཟུང་འཇུག་དེས་འབྲས་བུ་བྱང་ཆེན་འཛིན་པ་འབྱུང༌། དེ་ནས་དེ་འབྱིན་པ་འབྱུང་ངོ༌། །དཔེར་ན་ས་བོན་གྱིས་མྱུ་གུ་འཛིན་པ་དང༌། དེའི་འོག་ཏུ་འབྱིན་པ་བཞིན་ནོ། །དེ་སྐད་དུ་ཡང་མཛོད་ལས། ལྔ་པོ་ད་ལྟར་འབྲས་བུ་འཛིན། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ཅེས་བཤད་པ་ལྟར་རོ། །གསུམ་པ་ས་མཚམས་འཆད་པ་ནི། དོན་གསལ་ལས། དེ་ལྟར་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་བསྒྲུབ་པའི་མཚན་ཉིད། གོ་ཆ་དང་འཇུག་པ་དང༌། ཚོགས་དང་ངེས་པར་འབྱུང་བ་ཞེས་གསུངས། འདིའི་དོན་ལ། སློབ་དཔོན་ཆོས་བཤེས་དང༌། ཤེར་འབྱུང་གཉིས་ནི་བསྒྲུབ་པ་བཞི་དང་ལམ་ཞི་སྦྱོར་བ་ཡིན་ནོ། །ཞེས་བཞེད་ཀྱང༌། བརྒྱད་སྟོང་འགྲེལ་ཆེན་དང་འགལ་བས། སློང་དཔོན་གྱི་དགོངས་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། འགྲེལ་ཆེན་ལས། དེ་ལ་འཕགས་པ་ཐོགས་མེད་ཀྱིས་གོ་ཆ་དང་འཇུག་པའི་བསྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང༌། མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་བསྒྲུབ་པ་ནི། བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བས་བསྡུས་པའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་བསྒྲུབ་པ་ནི། མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། གཉིས་པ་ལ་སོགས་པའི་རང་བཞིན་ནི་སྒོམ་པའི་ལམ་གྱི་ངོ་བོ་ཡིན་ཞིང༌། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་བསྒྲུབ་པ་ནི་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་བསྒྲུབ་པ་ནི། སྒོམ་པའི་ལམ་ལ་བསྟན་པ་ཡིན་ནོ། །ཞེས་བཤད་དོ། །དེ་ལྟར་སྦྱོར་བ་དང༌། མཐོང་བ་དང་ཞེས་སོགས་དྲངས་མ་ཐག་པ་རྣམས་དང་སྦྲེལ་ནས་གསུངས་པ་ཡིན་ནོ། །དེ་ལྟར་བཤད་པ་འདི་ཡང༌། དང་པོར་ཐོབ་པའི་ས་མཚམས་ཀྱི་དབང་དུ་བྱས་ལ། ཚོགས་བསྒྲུབ་ཀྱི་མ་མཐའི་ས་མཚམས་ཆོས་མཆོག་ཆེན་པོ་ནས་བཤད་པ་འདི་དང༌། འགྲེལ་ཆེན་དུ། ཡེ་ཤེས་ཀྱི་ཚོགས་ཀྱི་ས་མཚམས་མོས་སྤྱོད་དང་པོ་ནས་བཞག་པ་གཉིས་ནི། གཙོ་ཕལ་ལམ། ཚོགས་བསྒྲུབ་ཁྱད་པར་ཅན་ཡིན་མིན་གྱི་ཆ་ནས་བཤད་པར་བྱ་ལ། དངོས་སུ་སྦྱོར་བ་དང༌། མངོན་སུམ་དུ་སྦྱོར་བ་གཉིས་ལ་ཁྱད་པར་བཤད་དཀའ་ཡང༌། སྔ་མ་མངོན་དུ་ཕྱོགས་པ་དང༌། ཕྱི་མ་དངོས་རྒྱུ་ལ་བཤད་ན་འགྲིག་པ་ཡིན་ཏེ། འགྲེལ་ཆེན་འགྱུར་རྙིང་ལས། སྔ་མ་ལ་མངོན་དུ་ཞེས་བཤད་པས་སོ། །ངེས་འབྱུང་བསྒྲུབ་པའི་ས་མཚམས་ལ། སྒོམ་པའི་ལམ་ལ་བརྟེན་པ་ཞེས་བཤད་པ་ནི། དེའི་ཁྱད་པར་གྱི་ལམ་ལ་འཆད་དགོས་པར་གསལ་ལ། དེ་ཡང་ས་བཅུའི་ཁྱད་པར་གྱི་ལམ་ལ་འཆད་དགོས་ཏེ། དེའི་མ་མཐའི་ས་མཚམས་རྒྱུན་མཐའི་སྔ་ལོགས་ནས་འཇོག་དགོས་པར་གསལ་བས་སོ། །དེ་ལྟར་སྤྱིར་བཤད་ནས། བསྒྲུབ་པ་སོ་སོའི་དཀའ་བའི་གནས་ལ། གོ་བསྒྲུབ་ཀྱི་སྐབས་སུ། གོ་ཆ་སོ་དྲུག་དུ་བསྡུ་བའི་ཚུལ་ལ། ཆོས་ཀྱི་བཤེས་གཉེན། སྦྱིན་པ་ལ་བརྟེན་པའི་དྲུག་པོ་སྦྱིན་པ་ལས་བྱུང་ཞིང༌། དེའི་ཉམས་ལེན་ལས་ཕྱེ་ནས་སྦྱིན་པར་ཆོས་མཐུན་པ་སོགས་ཡིན་ནོ་ཞེས་འཆད་ལ། གཞན་དག་ནི། སྦྱིན་པ་དྲུག་དང༌། ཚུལ་ཁྲིམས་དྲུག་སོགས་སོ་སོར་ཆོས་མཐུན་པ་ཡིན་ནོ་ཞེས་གསུང་ངོ༌། །འདིར་ཕྱིན་དྲུག་གི་རྣམ་གཞག་ནི། མདོ་སྡེ་རྒྱན་ལས། གྲངས་དང་དེའི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་པའི་ཡོན་ཏན་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །ཞེས་དོན་ཚན་བཅུའི་སྒོ་ནས་མདོར་བསྟན་ནས། དེ་ཉིད་རྒྱས་པར་འཆད་པའི་ཚུལ་ཇི་ལྟར་བཤད་པ་དེ་ཉིད་ལས་དཀའ་བའི་གནས་ཆེར་མེད་པས་འདིར་མ་བྲིས་ལ། དེ་ལྟ་ན་ཡང༌། དེར་ཕྱིན་དྲུག་གི་བཤད་པ་བྱེད་པ་ན། ཕ་རོལ་དུ་ཕྱིན་པར་བྱེད་པས་ན་ཕར་ཕྱིན་ཞེས་བཤད་པར་བྱའོ། །གཉིས་པ་འཇུག་བསྒྲུབ་ཀྱི་སྐབས་སུ། འཇུག་ཡུལ་ཐེག་ཆེན་གྱི་གྲངས་ངེས་དང༌། དཀའ་བའི་གནས་སོ་སོར་བཤད་པའོ། །དང་པོ་ནི། ལོ་ཙཱ་བ་ཆེན་པོས། དགུ་པོ་གསུམ་དུ་འདུས་ཏེ། འཇིག་རྟེན་པ་དང༌། དེ་ལས་འདས་པ་དང༌། དེ་གཉིས་ཀ་ཐེག་ཆེན་མ་ཡིན་པ་ལས་ཁྱད་པར་དུ་བྱས་པའི་ལམ་མོ། །དང་པོ་ནི། བསམ་གཏན་གཟུགས་མེད་ཅེས་པས་བསྟན་ནོ། །འདི་ཡང་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་འཇིག་རྟེན་པའི་ལམ་གྱི་དབང་དུ་བྱས་སོ། །གཉིས་པ་ལ། རང་དོན་བསྒྲུབ་པའི་ལམ་དང༌། གཞན་དོན་བསྒྲུབ་པའི་ལམ་མོ། །དང་པོ་ནི་སྦྱིན་སོགས་དང༌། མཐོང་ལམ་སོགས་སོ། །དེ་ཡང་རིམ་པ་ལྟར་ཡོན་ཏན་ཐོབ་པ་དང༌། སྒྲིབ་པ་སྤོང་བའི་དབང་དུ་བྱས་སོ། །གཉིས་པ་གཞན་དོན་བསྒྲུབ་པའི་ལམ་ནི། བྱམས་སོགས་དང༌། དམིགས་པ་མེད་པའོ། །དེ་ཡང་རིམ་པ་ལྟར། གཞན་དོན་ལ་སྤྲོ་བ་དང༌། དེ་བསྒྲུབ་པ་ལ་མཁས་པའི་དབང་དུ་བྱས་པའོ། །གསུམ་པ་ནི། འཁོར་གསུམ་རྣམ་པར་དག་པ་དང༌། ཆེད་དུ་བྱ་བ་དང༌། མངོན་ཤེས་དྲུག་གིས་བསྟན་ནོ། །དེ་དག་ནི། འདིས་བསྒྲོད་པ་རྒྱུའི་ཐེག་པ་ཡིན་ལ། གཉིས་པ་འདིར་བགྲོད་པ་འབྲས་བུའི་ལམ་ནི། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། ཞེས་པའོ། །འདིར་འཇུག་པ་དང༌། འཛེག་པ་ཞེས་བཤད་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཉི་སྣང་ལས། རྣམ་གྲངས་པར་བཤད་ལ། འགྲེལ་ཆེན་ལས་ཞུགས་མ་ཐག་པ་དང༌། གོང་ནས་གོང་དུ་འགྲོ་བ་ལ་བཤད་དོ། །འདི་ཉིད་རིགས་པ་ཡིན་ཏེ། མདོ་ལས་ཤཱ་རིའི་བུས། ཐེག་ཆེན་ལ་འཇུག་པ་དང་འཛེག་པ་གང་ཞེས་དྲིས་པའི་ལན་དུ། དང་པོ་ལྔ་ལ་འཇུག་པའི་སྒྲས་བསྟན། ལྷག་མ་བཞི་ལ་འཛེག་པའི་སྒྲས་བཤད་པ་ཡིན་པས་སོ། །གཉིས་པ་དཀའ་བའི་གནས་སོ་སོར་བཤད་པ་ལ། བསམ་གཏན་དང་གཟུགས་མེད་ཀྱི་རྣམ་པར་བཞག་པ་ནི། སྐབས་བཞི་པར་རྣམ་ཐར་དང་འགོག་སྙོམས་འཆད་པའི་སྐབས་དེ་ཉིད་དུ་བཤད་པར་བྱའོ། །ལམ་དང་ཞེས་པའི་སྐབས་སུ། སློབ་དཔོན་གྱིས་ལམ་བཞིར་བཤད་པ་ལ། ཇོ་བོ་འབུམ་ཕྲག་གསུམ་པ་ནི། མཐོང་བའི་ལམ་དང༌། ས་བདུན་པ་མན་ཆད་ཀྱི་སྒོམ་པའི་ལམ་དང༌། འབད་རྩོལ་གྱིས་མི་སློབ་པའི་ལམ་ས་བརྒྱད་པ་དང༌། ཁྱད་པར་གྱི་ལམ་ས་དགུ་པ་དང༌། བཅུ་པའོ་ཞེས་གསུངས་པ། ལོ་ཙཱ་བ་ནི། མི་སློབ་པའི་ལམ་ནི་ལམ་གྱི་དབྱེ་བར་བཀོད་པ་ཙམ་ཡིན་གྱི། དངོས་མ་ཡིན་ཏེ། རྒྱུའི་ཐེག་པ་འཆད་པའི་སྐབས་ཡིན་པས་སོ། །ཨ་བྷ་ཡ་ནི། ཁྱད་པར་གྱི་ལམ་དང་མི་སློབ་པ་ཞེས་གོ་རིམ་དེ་ལྟར་འཆད་དགོས་ཤིང༌། དེ་ཡང་མི་སློབ་ལམ་མཚན་ཉིད་པ་ཡིན་ཏེ། དེའི་མདོ་ལས། སྟོབས་སོགས་མི་སློབ་པའི་ཆོས་རྣམས་བཤད་པས་སོ། །ཞེས་གསུང་ངོ༌། །བྱམས་སོགས་ཀྱི་སྐབས་སུ། རྒྱུ་ངོ་བོ་དབྱེ་བ་སྒྲ་བཤད་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་གསུངས་ལ། དེ་ཡང་ཚོར་བ་གསུམ་ལ་དམིགས་ནས། སྡུག་བསྔལ་གསུམ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་སྐྱེ་བས། དམིགས་པའི་རྐྱེན་ནི་སྔ་མས་བསྟན་ལ། རྒྱུ་དང་ཞེས་པས་རྒྱུའི་རྐྱེན་བསྟན་ལ། དེ་ཡང་ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་ནོ། །བཤེས་གཉེན་དང་ཞེས་པ་ནི། བདག་པོའི་རྐྱེན་ནོ། །རང་བཞིན་དང་ཞེས་པ་ནི། དེ་མ་ཐག་པའི་རྐྱེན་ནོ། །གཉིས་པ་ལ། སྤྱིའི་ངོ་བོ་དང༌། སོ་སོའི་ངོ་བོའོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། བརྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་ཁྱད་པར་བཞི་དང་ལྡན་པར་གསུངས་སོ། །དེ་ཡང་མི་མཐུན་ཕྱོགས་ནི། གནོད་སེམས་དང༌། རྣམ་འཚེ་དང༌། མི་དགའ་བ་དང༌། ཉེ་རིང་ཆགས་སྡང་དུ་འཛིན་པ་རྣམས་སོ། །གཉེན་པོའི་ཁྱད་པར་ནི། སྤང་བྱ་དེ་དག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཟེར་བ་ཡིན་གྱི། བདག་མེད་རྟོགས་པའི་མི་རྟོག་ཡེ་ཤེས་ལ་བཤད་ན། སྤྱིར་ཚད་མེད་ཙམ་གྱི་མཚན་ཉིད་ལ་ནི་རྒྱ་ཆུང་ལ། འདིར་བསྟན་པའི་ཞེས་བཤད་པ་དང་སྦྲེལ་ན། དེ་ལ་བཤད་དུ་རུང་བ་ཙམ་ཡིན་ནོ། །དམིགས་པ་རྣམ་པ་གསུམ་ནི། སེམས་ཅན་དང༌། ཆོས་དང༌། དམིགས་པ་མེད་པ་ལ་དམིགས་པའོ། །བྱེད་ལས་ཀྱི་ཁྱད་པར་ནི། སེམས་ཅན་རྣམས་སྨིན་པར་བྱེད་པའོ། །གཉིས་པ་སོ་སོའི་ངོ་བོ་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་དང་བྲལ་བ་དང༌། བདེ་བ་དང་མི་འབྲལ་བ་དང༌། སེམས་ཅན་རྣམས་ལ་ཕན་པར་དགོངས་པའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གོ་རིམ་ནི་སྐྱེ་བའི་རིམ་པ་ཡིན་ལ། བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་ལ་འདི་མེད་དེ། མངོན་པ་ཀུན་ལས་བཏུས་ལས། བྱམས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་བདེ་བ་དང་ཕྲད་པར་ཤོག་ཅིག་པའི་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཞེས་སོགས་དང༌། སྙིང་རྗེ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་པའི་ཞེས་སོགས་དང༌། དགའ་བ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་ཤོག་ཅིག་པའི་ཞེས་སོགས་དང༌། བཏང་སྙོམས་གང་ཞེ་ན། དེ་ལ་བརྟེན་ཏེ་དེ་ལ་ཕན་པའི་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཞེས་སོགས་སོ། །དེ་དག་གིས་ནི་གོ་རིམ་བཞིན་དུ། རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། ངོ་བོ་དང༌། གྲོགས་རྣམས་བསྟན་ནོ། །གསུམ་པ་དབྱེ་བ་ནི། བཞི་པོ་རེ་རེ་ལ་སེམས་ཅན་ལ་དམིགས་པ་སོགས་གསུམ་དུ་ཕྱེ་བས་བཅུ་གཉིས་སོ། །ཁྱད་པར་ནི། དབུ་མ་ལ་འཇུག་པར། འཛིན་སྟངས་ལས་ཕྱེ་བར་བཤད་ལ། མདོ་སྡེ་རྒྱན་ལས། དམིགས་པའི་ཁྱད་པར་ཙམ་བཤད་ཀྱི། འཛིན་སྟངས་ཀྱི་ཁྱད་པར་མ་བཤད་དོ། །དོན་ལ་གནས་པ་ནི་དམིགས་པ་དང་འཛིན་སྟངས་གཉིས་ཀས་ཕྱེ་བ་ཡིན་ཏེ། དང་པོ་སེམས་ཅན་རྫས་ཡོད་དུ་ཞེན་པའི་བློ་དང་མཚུངས་ལྡན་དུ་བྱུང༌། གཉིས་པ་སེམས་ཅན་བཏགས་ཡོད་དུ་རྟོགས་པའི་བློ་དང་མཚུངས་ལྡན་དུ་བྱུང་བ་དང༌། གསུམ་པ་བཏགས་ཡོད་ཙམ་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་དུ་བྱུང་བ་ནི། རྣམ་པ་འཛིན་སྟངས་ཀྱི་ཁྱད་པར་དང༌། དམིགས་པའི་ཁྱད་པར་ནི། རྫས་ཀྱི་ངོ་བོར་ཞེན་པའི་སེམས་ཅན་དང༌། བཏགས་པ་ཙམ་གྱི་ངོ་བོར་གྱུར་པའི་སེམས་ཅན་དང༌། སེམས་ཅན་གྱི་དེ་བཞིན་ཉིད་ཅེས་བྱ་བ་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་དམིགས་པའོ། །དེ་སྐད་དུ་ཡང་རྒྱན་ལས། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང༌། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང༌། །ཉོན་མོངས་ཅན་དང་དེ་དག་བསྟན་འཆོས་དང༌། །དེའི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་གསུངས་པ་དང༌། འཇུག་པར། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། འགྲོ་ལ་སྙིང་རྗེ། ཞེས་དང༌། འགྲོ་ག་ཡོ་བ་ཆུའི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །འགྲོ་བ་སྙིང་རྗེ། ཞེས་འཛིན་སྟངས་ཀྱི་ཆ་ནས་བཤད་པ་ཡིན་ནོ། །ས་མཚམས་ནི། སློབ་དཔོན་ཤཱཀྱ་བློ། སེམས་ཅན་ལ་དམིགས་པ་བཞི་པོ་ཕྱི་རོལ་པ་དང་ཐུན་མོང༌། ཆོས་ལ་དམིགས་པ་བཞི་པོ་ཉན་རང་ཐུན་མོང༌། གསུམ་པ་བཞི་པོ་བྱང་སེམས་དང་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའོ། །ཞེས་གསུངས་ལ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་སྡེ་ལས། ཐོག་མར་སེམས་བསྐྱེད་པའི་བྱང་སེམས་ཀྱི་བྱམས་པ་ནི། སེམས་ཅན་ལ་དམིགས་པའོ། །སྤྱོད་པ་ལ་ཞུགས་པའི་བྱང་སེམས་ཀྱི་བྱམས་པ་ནི། ཆོས་ལ་དམིགས་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་ཀྱི་བཟོད་པ་ནི། དམིགས་པ་མེད་པ་ལ་དམིགས་པའོ། །ཞེས་གསུངས་སོ། །སྒྲ་བཤད་པ་ནི། འབུམ་ཊཱིཀ་ལས། སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་ཚད་མེད་པའི་རྒྱུར་གྱུར་བ་དང༌། ཆོས་ཚད་མེད་པ་ཐོབ་པའི་རྒྱུ་ཡིན་པ་དང༌། ཡེ་ཤེས་ཚད་མེད་པ་ཐོབ་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །ཞེས་གསུངས་པ་ནི་བཞི་པོ་རེ་རེ་དང་སྦྱོར་རྒྱུ་ཡིན་ལ། ཚངས་པའི་གནས་པ་ཞེས་གསུངས་པ་ནི། རྣམ་སྨིན་གྱི་འབྲས་བུའི་སྒོ་ནས་མིང་དུ་བཏགས་པ་སྟེ། ཟག་བཅས་ཀྱི་དབང་དུ་བྱས་སོ། །གསུམ་པ་ཚོགས་སྒྲུབ་ལ། བཅུ་བདུན་པའི་འཕྲོས་དང་འབྲེལ་ནི། གོང་དུ་སྤྱི་འབྲེལ་གྱི་སྐབས་སུ་བཤད་ཟིན་པ་དེ་ཉིད་ཡིན་ལ། ལོ་ཙཱ་བ་ཆེན་པོས་བཅུ་བདུན་པོ་ལྔར་བསྡུས་པ་ནི། བསམ་པ་རྣམ་པར་དག་པ་དང༌། སྦྱོར་བ་ཁྱད་པར་ཅན། སྲིད་ཞི་གཉིས་ལ་འཛིན་པའི་ཆོས། བགྲོད་བྱེད་ལམ་གྱི་རྒྱུ། མཐར་ཕྱིན་པའི་ངོ་བོའོ། །དེ་ཡང་དང་པོ་གསུམ་ནི། གོ་བསྒྲུབ་ལས་འཕྲོས་ཤིང༌། ཐེག་པ་ལ་གནས་ནས་གོ་ཆ་བགོས་པར་འཇོག་བྱེད་ཡིན་ལ། ཕྱི་མ་གཉིས་ནི་འཇུག་བསྒྲུབ་ལས་འཕྲོས་ཤིང༌། ཐེག་པ་རང་གི་ངོ་བོ་ཡིན་ནོ། །ཞེས་གསུང་ངོ༌། །འདིར་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། ཞི་ལྷག་གཉིས་དང༌། གཟུངས་དང༌། སའི་ཚོགས་སོ། །དང་པོ་ལ་རྣམ་གཞག་རྒྱས་པ་ནི་གཞན་དུ་བཤད་པར་བྱ་ཞིང༌། ངོས་འཛིན་བསྡུས་པ་ནི། སེམས་གནས་པའི་ཐབས་གང་ཡང་རུང་བ་སྔོན་དུ་བཏང་ནས། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་དྲངས་པའི་སེམས་རྩེ་གཅིག་པ་དེ། ཞི་གནས་དང༌། རང་རྒྱུ་ཞི་གནས་སྔོན་དུ་བཏང་ནས་དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་དེ། ལྷག་མཐོང་གི་མཚན་ཉིད་དོ། །དེ་སྐད་དུ་ཡང་མདོ་སྡེ་རྒྱན་ལས། ཆོས་ཀྱི་མིང་ནི་སྡོམ་པའང་དེ། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་བའི་ལམ་དེ་ནི། །སྡོམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། ངོ་བོ། དབྱེ་བ། བྱེད་ལས། ས་མཚམས་སོ། །དང་པོ་ནི། དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། བཟོད་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་ཀྱི་དང༌། ཚིག་གི་དང༌། དོན་གྱི་གཟུངས་སོ། །དང་པོ་ལ་འདིར་བཟོད་པ་ནི། སྐྱེ་མེད་ཀྱི་ཆོས་ལ་མི་སྐྲག་པའི་བཟོད་པ་སྟེ། ས་དང་པོ་མན་ཆད་དུ་འབྱུང་ལ། དེའི་རྒྱུར་གྱུར་བའི་དྲན་ཤེས་ལ་ནི། བཟོད་པའི་གཟུངས་ཞེས་བྱའོ། །དེ་ཡང་བཟོད་པ་ཉིད་ལ་བྱ་བ་ནི་མིན་ཏེ། འབུམ་ཊཱིཀ་ལས། བཟོད་པ་དེ་ལྟ་བུ་ཐོབ་པའི་རྒྱུའི་ཏིང་ངེ་འཛིན་བསྒོམ་པའི་ཚེ། ཤེས་རབ་དང་དྲན་པ་ལ་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ཞེས་བྱའོ། །གཉིས་པ་ནི། གཞན་ལ་ཕན་པའི་ཆེད་དུ་སྔགས་འབྲས་བྱིན་གྱིས་རློབས་པའི་མཐུ་དང་ལྡན་པའི་དྲན་པ་དང༌། ཤེས་རབ་བོ། །གསུམ་པ་ནི། སྔོན་ཐོས་མ་མྱོང་བའི་གསུང་རབ་དཔག་ཏུ་མེད་པ་འཛིན་པར་ནུས་པའོ། །བཞི་པ་ནི། དེ་ལྟ་བུའི་དོན་འཛིན་པར་ནུས་པའོ། །དེ་དག་ལ་ཡང་རྣམ་སྨིན་གྱི་ཐོབ་པ་དང༌། ཚེ་འདིར་ཐོས་བསམ་ལ་གོམས་པ་དང༌། ཏིང་ངེ་འཛིན་ལ་གོམས་པའི་དབང་གིས་ཐོབ་པའི་དེ་གསུམ་ཡོད་ལ། དང་པོ་གཉིས་ཆུང་ངུ་དང༌། ཕྱི་མ་ཆེན་པོ་ཡིན་ཞིང༌། ཆེན་པོ་དེ་ལ་ཡང་མོས་སྤྱོད་ཀྱི་གནས་སྐབས་དང༌། མ་དག་པ་དང༌། དག་པ་སའི་གནས་སྐབས་ཀྱི་དབྱེ་བས་གསུམ་མོ། །དེ་སྐད་དུ་ཡང༌། མདོ་སྡེ་རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུགས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །ཞེས་སོ། །བྱེད་ལས་ནི། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང༌། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །ཅེས་གསུངས་སོ། །གསུམ་པ་ས་མཚམས་ནི། ཡུམ་གསུམ་གྱི་གནོད་འཇོམས་ལས། བཟོད་པའི་རྒྱུའི་གཟུངས་ནི་མོས་པས་སྤྱོད་པའི་ས་ལའོ། །གཟུངས་གཞན་གསུམ་ནི། ས་དང་པོ་ལའོ། །ཞེས་གསུངས་པ་དེ་ནི་ཆེན་པོའི་དབང་དུ་བྱས་ལ། རྣམ་སྨིན་དང་ཐོས་བསམ་ལ་གོམས་པ་ནི། ལམ་དུ་མ་ཞུགས་པ་ནས་ཀྱང་ཡོད་དོ། །དེས་ན་འདི་གཉིས་ལ་ནི། བསམ་གཏན་གྱི་ཉེར་བསྡོམས་སམ། དངོས་གཞི་ལ་བརྟེན་དགོས་པའི་བཤད་པ་མེད་དོ། །གསུམ་པ་ཡེ་ཤེས་ཀྱི་ཚོགས་ལ། ཡུལ་ཅན་ཡེ་ཤེས་བཤད་པ་དང༌། ཡུལ་སྟོང་ཉིད་བཤད་པའོ། །དང་པོ་ལ་འཕགས་སེང་གི་བཞེད་པས། འདིའི་སྐབས་ཀྱི་མདོར། ཡུལ་སྟོང་པ་ཉིད་ཀྱི་དབྱེ་བ་ཙམ་བཤད་པ་དེས། ཡུལ་ཅན་ཡེ་ཤེས་ཀྱང་མཚོན་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ་འགྲེལ་ཆེན་ལས། འཕགས་པ་གྲོལ་སྡེས་སྐབས་གོ་རིམ་དང་བྲལ་བ་རྣམས་ཀྱི་སྐབས་ཀྱི་དོན་ཡང་ཕྱོགས་འདིས་བརྗོད་པར་བྱའོ། །གང་དག་གཞན་དགག་པའི་སྒོ་ནས་སྟོང་ཉིད་འབའ་ཞིག་ཁོ་ན་བརྗོད་པར་བྱེད་པ་ཡིན་གྱི། དེ་དག་ལ་མངོན་པར་རྟོགས་པའི་རིམ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན། སྐབས་ཀྱི་དོན་ཁོ་ན་བརྗོད་པར་བྱ་བ་ཡིན་གྱི། བསྟན་བཅོས་ཀྱི་དོན་ནི་གཙོ་བོ་མ་ཡིན་ནོ། །དེས་ན་སྟོང་པ་ཉིད་ཀྱི་བྱེ་བྲག་རྣམས་སོང་ཟིན་པ་དང༌། བགྲོད་པར་བྱ་བའི་གོ་རིམ་དང་བྲལ་བའི་ཕྱིར་ན། ཆེད་དུ་བྱ་བ་ཉམས་པར་འགྱུར་རོ། །ཞེས་བཤད་དོ། །ཞེས་གསུངས་པས་སོ། །སྐབས་འདིར་འགྲེལ་ཆེན་དུ། སྟོང་ཉིད་ཉི་ཤུ་ལ་ས་མཚམས་མཛད་ལ། དེ་ཡང་ཇི་ལྟར་ན། སྟོང་ཉིད་དང་པོ་གསུམ་མོས་སྤྱོད་ཀྱི་ས་དང༌། དེ་ནས་གཅིག་སྦྱོར་ལམ་དང༌། དེ་ནས་བདུན་མ་དག་ས་བདུན་དང༌། དེ་ནས་དག་པ་ས་གསུམ་ལ་གཉིས་གཉིས་དང༌། དེ་ནས་གསུམ་སངས་རྒྱས་ཀྱི་སར་བཞག་ཅིང༌། དེར་འཇོག་པའི་ཤེས་བྱེད་ཀྱང༌། དབུས་མཐའ་ལས། ཀུན་ཏུ་འགྲོ་དང་མཆོག་གི་དོན། །ཞེས་གསུངས་པ་རྣམས་དང་སྦྱོར་བར་མཛད་དོ། །དེའི་དོན་ལ་རྣམ་པར་བརྟགས་པ་ན། ཉི་ཤུ་པོ་རང་བཞིན་རྣམ་དག་གི་ཆ་ནས་བཤད་ན་ས་མཚམས་འོང་བའི་དོན་མེད་པས། བློ་བུར་རྣམ་དག་གམ། ཡང་ན་ཡུལ་ཅན་ཡེ་ཤེས་ཀྱི་ས་མཚམས་ལ་འཆད་དགོས་སོ། །དེ་ཡང་ལོ་ཙཱ་བ་ཆེན་པོ་ནི། སློབ་དཔོན་གྱི་དགོངས་པ་ཡུལ་སྟོང་ཉིད་ཀྱིས་ཡུལ་ཅན་ཡེ་ཤེས་མཚོན་པ་ཡིན་ལ། དེའི་ཚེ་ན་ཡེ་ཤེས་ཀྱི་ས་མཚམས་དབུས་མཐའ་དང་སྦྱོར་བ་ཡིན་ནོ། །ཞེས་འཆད་དོ། །བདག་གི་བློ་ལ་འདི་ལྟར་ཤར་ཏེ། འཕགས་པའི་འགྲེལ་པ་དེའི་དགོངས་པ་ནི། ཡུལ་གྱི་ཡུལ་ཅན་མཚོན་པའི་དོན་མ་ཡིན་གྱི། འོ་ན་ཅི་ཞེ་ན། མདོ་ལས་གསུངས་པའི་སྟོང་ཉིད་ཀྱི་ངོས་འཛིན་མེད་དགག་ཁོ་ན་ལ་འཆད་པ་བཀག་ནས། དེའི་ངོས་འཛིན་མ་ཡིན་དགག་ཞིག་ཀྱང་ཡོད་པར་སྟོན་པ་ཡིན་ཏེ། ཉི་སྣང་དུ། སྟོང་ཉིད་བཞི་པོའི་ངོས་འཛིན་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་བཤད་པ་བཞིན་ནོ། །སློབ་དཔོན་གྱི་དགོངས་པ་ཡང་དེ་ཉིད་ཡིན་མོད། ཁྱད་པར་དུ་ས་མཚམས་བཞག་པའི་དགོས་པ་ནི། ས་དེ་དང་དེ་དག་ཏུ་ཕྱི་སྟོང་པ་ཉིད་སོགས་ལ་གཙོ་བོར་ངེས་པ་འདྲེན་པའི་ནུས་པ་མཉམ་གཞག་ཏུ་ཐོབ་པ་ལ་དགོངས་པ་ཡིན་ཏེ། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་འཇོག་པའི་རྒྱུ་མཚན་འགྲེལ་ཆེན་ལས་གསུངས་པ་བཞིན་ནོ། །གཉིས་པ་ཡུལ་སྟོང་པ་ཉིད་ལ། གང་སྟོང་པའི་གཞི་དང༌། གང་གིས་སྟོང་པའི་དགག་བྱ་དང༌། ཇི་ལྟར་སྟོང་པའི་ཚུལ་རྣམས་སོ། །དང་པོ་ལ། ཉན་ཐོས་པའི་ལུགས་དང༌། ཐེག་ཆེན་པའི་ལུགས་སོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་ནི། གང་སྟོང་པའི་གཞི་ཡིན་ལ། མུ་སྟེགས་བྱེད་ཀྱིས་ཀུན་བཏགས་པའི་གང་ཟག་གི་བདག་ནི། དགག་བྱ་དང༌། དེ་ཡང་དེས་དེ་སྟོང་པའི་དངོས་པོ་ནི་ཇི་ལྟར་སྟོང་བའི་ཚུལ་ལོ། །གཉིས་པ་ལ་སེམས་ཙམ་པ་ལྟར་ན། གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ནི། གང་སྟོང་བའི་གཞི་དང༌། དགག་བྱ་བདག་གཉིས་ནི་གང་གིས་སྟོང་བའི་དངོས་པོ་དང༌། དེས་དེ་སྟོང་བའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ནི། ཇི་ལྟར་སྟོང་པའི་དངོས་པོའོ། །བོད་ཀྱི་སློབ་དཔོན་གཞན་སྟོང་འཆད་པ་དག་ན་རེ། ཐོགས་མེད་སྐུ་མཆད་ཀྱི་ལུགས་འདི་ལ། ཡོངས་གྲུབ་སྟོང་གཞིར་བཞག་ནས། དགག་བྱ་ཀུན་བརྟགས་དང་གཞན་དབང་གཉིས་ཀྱིས་སྟོང་པར་འཆད་དགོས་པ་ཡིན་ཏེ། དེ་ལྟར་བཤད་ན། ཀུན་རྫོབ་ཐམས་ཅད་རང་སྟོང་དང༌། དོན་དམ་པའི་བདེན་པ་གཞན་སྟོང་དུ་འཇོག་པར་གྲུབ་པའི་ཕྱིར་དང༌། དེ་ལྟར་འཆད་པ་དེ་བྱམས་ཆོས་བར་པ་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གིས་སྟོང་པ་ཉིད་ཇི་ལྟར་འཆད་པའི་གཞུང་གི་དགོངས་པ་ཡིན་པའི་ཕྱིར་ཏེ། མངོན་པ་ཀུན་ལས་བཏུས་ལས། སྟོང་པའི་མཚན་ཉིད་གང་ཞེ་ན། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། འདི་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི། འདིར་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་དང༌། ལྷག་མ་ཡང་གང་ཞིག་ཅེ་ན། བདག་ནི་མེད་ཀྱི་བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་བཤད་པས་སོ། །ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། བྱམས་ཆོས་བར་པ་རྗེས་འབྲང་དང་བཅས་པ་རྣམས་ན། གཞན་དབང་གི་དངོས་པོ་ཁོ་ན་སྟོང་གཞིར་གསུངས་པ་ཤ་སྟག་ཡོད་ཀྱི། ཆོས་ཉིད་སྟོང་གཞིར་གསུངས་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་འོ་ན་ཡུམ་གསུམ་གནོད་འཇོམས་དང༌། དེའི་རྗེས་སུ་འཇུག་པ་འབུམ་གྱི་གནོད་འཇོམས་དང༌། མན་ངག་རྗེས་འབྲངས་མ་གསུམ་དུ། ཤེས་བྱ་ཐམས་ཅད་ལ་ཀུན་བཏགས་དང༌། རྣམ་བཏགས་དང༌། ཆོས་ཉིད་གསུམ་དུ་ཕྱེ་ནས་ཕྱི་མ་དང་པོ་གཉིས་ཀྱིས་སྟོང་བར་བཤད་པ་ཡོད་པས་སོ། །ཞེ་ན། ལུགས་དེ་ནི་བྱམས་ཆོས་བར་པ་གསུམ་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་དགོངས་པ་འཆད་པ་མ་ཡིན་གྱི། ཁྱེད་ཅག་གི་རྩོད་ལྡན་གྱི་སློབ་དཔོན་དུ་ཁས་བླངས་པའི། ཟླ་བ་གྲགས་པ་ལ་སོགས་པའི་རྗེས་སུ་འཇུག་པ་ཡིན་པས། ཁྱེད་ལ་ཆོས་ཉིད་སྟོང་གཞིར་འཆད་པའི་ལུང་མེད་དོ། །དེའི་ཤེས་བྱེད་ཀྱང༌། གསུམ་ཀ་ལས། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་ཞིག་ཡོད་ན་ནི། དེ་ཡོད་པས་སྟོང་པ་མ་ཡིན་པ་ཉིད་ཀྱང་ཡོད་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་མི་འཐད་པའི་ཕྱིར་རོ། །ཞེས་སོགས་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པ་རང་སྟོང་དུ་འཆད་པའི་སྐབས་ཤིན་ཏུ་མང་བར་སྣང་བས་སོ། །མདོར་ན་ཆོས་ཉིད་སྟོང་གཞིར་འཆད་པའི་སློབ་དཔོན་དེ་དག་གིས། སྟོང་ཉིད་བདེན་མེད་དུ་བཤད། སྟོང་ཉིད་བདེན་གྲུབ་ཏུ་འཆད་པའི་བསྟན་འཆོས་མཁན་པོ་དེ་དག་གིས་གཞན་དབང་སྟོང་གཞིར་བཤད་ཀྱི། སྟོང་ཉིད་སྟོང་གཞིར་མ་བཤད་པས་གངས་ཅན་དུ་བྱོན་པའི་གཞན་སྟོང་འཆད་པ་པོ་རྣམས་ཀྱིས། སྟོང་གཞི་གང་ཡིན་པ་དང༌། གང་གིས་སྟོང་པའི་དགག་བྱ་དང༌། དེས་སྟོང་པའི་ཆོས་ཉིད་གང་དུ་གྲུབ་ཀྱི་འཇོག་ཚུལ་རྣམས་ལ་རྣམ་པར་བརྟགས་དགོས་པ་ཡིན་ནོ། །གཉིས་པ་དབུ་མའི་ལུགས་ལ། གང་སྟོང་པའི་གཞི་ནི། ནང་ཞེས་བྱ་བ་མིག་ལ་སོགས་པ་ནས། ཆོས་ཀྱི་གཞན་གྱི་ངོ་བོ་ཉིད། །ཅེས་བྱ་བ་རྟོག་པའི་ཡུལ་དུ་འཆད་དུ་རུང་ཞིང༌། སྒྲས་བརྗོད་པར་ནུས་པའི་ཤེས་བྱ་ཐམས་ཅད་དོ། །གང་གིས་སྟོང་བའི་དགག་བྱ་ཡང༌། ཆོས་དེ་དང་དེ་ཉིད་ལ་འཆད་དགོས་པ་ཡིན་གྱི། དེ་དེས་མི་སྟོང་བར་དེ་དེ་བདེན་གྲུབ་ཀྱིས་སྟོང་པ་ཡིན་ནོ་ཞེས་རང་སྟོང་གི་རྗེས་སུ་འཆད་པའི་གངས་ཅན་པ་ཕྱི་མ་དག་ལ་ནི། རང་སྟོང་གི་དོན་ཡོངས་སུ་རྫོགས་པར་གཏམ་དུ་བྱ་བ་ཅི་ཡང་ཡོད་པ་མིན་ཏེ། ཉི་ཚེ་བར་གྱུར་པའི་གཞན་སྟོང་ཞིག་ཁས་བླངས་ནས། དེ་ཉིད་རང་སྟོང་གི་དོན་དུ་འཆད་པར་སྣང་བའི་ཕྱིར་རོ། །གསུམ་པ་ཇི་ལྟར་སྟོང་བའི་ཚུལ་ནི། མ་བརྟགས་གཅིག་པུར་ཉམས་དགའ་བའི་ཆོས་ཅན་མིག་སོགས་ཉི་ཤུ་པོ་དེ། གནས་ཚུལ་སེམས་དཔའི་རིག་པས་རྣམ་པར་དཔྱད་པ་ན། མིག་ལ་སོགས་པའི་ཆོས་ཅན་རང་རང་གིས་སྟོང་པས་ན་རིག་པ་དེའི་ངོར། དེ་དེ་ཉིད་དུ་མ་གྲུབ་པ་ལ་ནི། རང་སྟོང་ཞེས་བྱ་སྟེ། ཇི་སྐད་དུ། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་གསུངས་སོ། །སྐབས་འདིར་ཉི་སྣང་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ཅི་ཞིག་ཡིན་ཅེ་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །ཞེས་བརྗོད་དོ། །གལ་ཏེ་གང་ཞིག་དམིགས་པར་བྱ་བ་དེ་ནི་མེད་པ་ཡིན་ཏེ། དཔེར་ན་མོ་བཤམ་གྱི་བུ་བཞིན་ནོ། །སྟོང་པ་ཉིད་འདི་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར་མེད་དོ། །དེས་ན་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། འདི་ཅུང་ཟད་དཔྱད་པར་བྱའོ། །དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཁ་ཅིག་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་ལ་གནས་པ་ཉིད་ཀྱིས་ན་ཆ་གཅིག་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །ལ་ལ་ན་རེ། དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ལ་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །འདི་ཉིད་ནི་རིགས་ཏེ། འགའ་ཞིག་གི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ལ་དམིགས་པ་དེར་ནི་འགྱུར་བ་ཡིན་ཏེ། དཔེར་ན་རྨི་ལམ་ན་ཤེས་པ་རྟ་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ལ་དམིགས་པར་འགྱུར་བ་བཞིན་ནོ། །སྔ་མའི་ཕྱོགས་དག་ལ་ཡེ་ཤེས་དངོས་པོ་མེད་པའི་ཡུལ་ཅན་དུ་འགྱུར་ཞིང༌། སྟོང་པ་ཉིད་ཀྱང་འདུས་བྱས་སུ་ཐལ་བར་འགྱུར་རོ། །ཞེས་གསུངས་སོ། །འདིའི་དོན་ལ། རང་གི་ལུགས་བཞག་པ་དང༌། གཞན་གྱིས་བཏགས་པའི་མཐའ་མི་འཐད་པའོ། །དང་པོ་ནི་འགྲེལ་པ་དེའི་དོན་ལ་བཞི་སྟེ། མཉམ་གཞག་སྣང་བཅས་ཡིན་པའི་རང་ལུགས་བཞག སྣང་མེད་དུ་འཆད་པའི་གཞན་གྱི་ལུགས་ཀྱི་རྩོད་པ་བཀོད། རྩོད་པ་དེ་ལ་གཞན་གྱིས་ལེན་འདེབས་ཚུལ་མི་འཐད། རང་ལུགས་ཀྱི་ལན་གདབ་སྟེ་དེ་ལ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དེ་ཡང་མི་རྟོག་ཡེ་ཤེས་ཀྱི་རྟེན་ཆོས་ཅན་ལ་གཏན་མི་དམིགས་པར་སྟོང་པ་ཉིད་ཅེས་བྱ་བ་གཟུང་བྱ་ཅི་ཡང་མེད་པ་ཞིག་ལ་དམིགས་པར་འདོད་པ་ཞིག་གི་ལུགས་དང༌། གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་ལ་དམིགས་པར་འདོད་པའི་ལུགས་དང༌། གཟུང་འཛིན་གཉིས་སྣང་གི་ཤེས་པ་ལ་དམིགས་པར་འདོད་པའི་ལུགས་དང༌། བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་པར་འདོད་པའི་ལུགས་དང་བཞི་ལས། དང་པོ་ནི་ངོ་བོ་ཉིད་མེད་པར་སྨྲ་བ་སྣང་མེད་པའི་ལུགས་དེ། གལ་ཏེ་ཞེས་སོགས་རྩོད་པ་འགོད་མཁན་དེའོ། །གཉིས་པ་ནི། རྣམ་བརྫུན་པའོ། །གསུམ་པ་ནི། རྣམ་བདེན་པའོ། །བཞི་པ་ནི་དབུ་མ་པའོ། །དེ་ཡང་རྣམ་བདེན་པ་ལྟར་ན། མི་རྟོག་ཡེ་ཤེས་ཀྱིས་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་མ་དམིགས་ཀྱང༌། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་ཁས་ལེན་པ་ཡིན་ཏེ། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུ་ཞེས་བྱ་བ་དེ། རྣམ་བདེན་པའི་ལུགས་ཀྱི་རང་གི་ཚད་འབྲས་འཇོག་ལུགས་ཡིན་ལ། དེ་ཉིད་རྣལ་འབྱོར་མངོན་སུམ་གྱི་སྟེང་དུ་ཡང་ཚང་བར་འཇོག་དགོས་པའི་ཕྱིར་དང༌། རྣམ་བརྫུན་པས་ནི། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་ཀྱང་ཁེགས་པས་རང་རིག་མངོན་སུམ་དང༌། རྣལ་འབྱོར་མངོན་སམ་གྱིས་གཟུང་རྣམ་ཡུལ་དུ་བྱེད་པར་ཁས་མི་ལེན་པའི་ཕྱིར་རོ། །ཇི་སྐད་དུ། སྔ་མའི་ཕྱོགས་དག་ལ། ཞེས་སོགས་ཀྱི་དོན་ནི། ཕྱོགས་སྔ་མའི་འདོད་པ་སྟོང་ཉིད་མེད་དགག་ཁོ་ན་ཡེ་ཤེས་ཀྱི་ཡུལ་དུ་འཆད་པ་དེ་འགོག་པ་ཡིན་གྱི། རྣམ་བརྫུན་པའི་འདོད་པ་དེ་འགོག་པ་ནི་མིན་ཏེ། ལུགས་དེ་ལ། སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕེན་མི་ནུས་པའི་ཕྱིར། འོ་ན་ཇི་སྐད་དུ། སྟོང་པ་ཉིད་ཅེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་དེ་རྣམ་བརྫུན་པའི་འདོད་པར་འཆད་པ་མ་ཡིན་ནམ། དེ་དང་ཕྱོགས་སྔ་མ་ལ་ཁྱད་པར་ཅི་ཡོད་ཅེ་ན། བཤད་པ། ལུང་དེའི་དོན་ནི་ཤེས་པ་ལས་ལོགས་ན་སྟོང་པ་ཉིད་ཅེས་བྱ་བ་ཡོད་པ་མ་ཡིན་པར་འཆད་པ་ཡིན་གྱི། དེ་མེད་དགག་ཏུ་ཁས་ལེན་པའི་ལུང་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་བརྒྱད་སྟོང་དོན་བསྡུའི་འགྲེལ་པར། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །ཞེས་དང༌། གོང་དུ་དྲངས་མ་ཐག་པའི་རྣམ་བརྫུན་པའི་འདོད་པ་སྟོན་བྱེད་ཀྱི་ཉི་སྣང་གི་ལུང་གཉིས་ལ་ཁྱད་པར་མེད་པའི་ཕྱིར། འོ་ན་སྟོང་པ་ཉིད་མེད་དགག་ཡེ་ཤེས་ཀྱི་ཡུལ་དུ་ཁས་ལེན་པ་ལ་ཉེས་པ་གཉིས་པོ་དེ་ཇི་ལྟར་འཇུག་ཅེ་ན། སྔར་ཡང་ཡང་བཤད་ཟིན་པ་བཞིན་དུ། ཡེ་ཤེས་དངོས་པོ་མེད་པའི་ཡུལ་ཅན་དུ་ཐལ་བ་ལ་ཚད་མའི་བསལ་བ་འཇུག་པའི་རྒྱུ་མཚན་ནི། དེས་སྤྱི་མཚན་སྣང་ཡུལ་དུ་བྱས་ན་རྟོག་པར་ཐལ་བའི་རྒྱུ་མཚན་གྱིས་ཡིན་ལ། རྣལ་འབྱོར་མངོན་སུམ་གྱི་ཡུལ་མཚན་ཉིད་པ་ཡིན་ན་རང་མཚན་ཡིན་དགོས་པའི་རྒྱུ་མཚན་གྱིས་སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕེན་ནུས་པ་ཡིན་ནོ། །རང་གི་ལུགས་ལ་ནི། རྣལ་འབྱོར་མངོན་སུམ་གྱིས་དོན་རང་མཚན་བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་པ་ན། རང་མཚན་དེ་དེའི་ཡུལ་མཚན་ཉིད་པ་དང༌། བདེན་སྟོང་གི་ཆ་ནས་བཏགས་པ་བ་ཡིན་ཏེ། ཡེ་ཤེས་ཀྱིས་ཅི་ཡང་མ་མཐོང་བ་ལ། སྟོང་པ་ཉིད་མཐོང་ངོ་ཞེས་བཏགས་པ་ཡིན་ཏེ། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་པ་བཞིན་ནོ། །འོ་ན་མཉམ་གཞག་སྣང་བཅས་སུ་ཁས་ལེན་པ་འདི་དབུ་མ་པ་ཀུན་གྱི་བཞེད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྤྱོད་འཇུག་ལས། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློའི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་པ། །བློའི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང༌། འཇུག་པར། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་སྣང་མེད་ཀྱི་ཕྱོགས་དང༌། འཕགས་སེང་གཉིས་ཀྱིས་སྣང་བཅས་ཀྱི་ཕྱོགས་ཞལ་གྱིས་བཞེས་པ་དང༌། ཀཱ་མ་ལ་ཤཱི་ལའི་བསྒོམ་རིམ་དུ་ལྷག་མཐོང་ལ་སོ་སོར་རྟོགས་པའི་ལྷག་མཐོང་དང༌། མི་གཡོ་བའི་ལྷག་མཐོང་གཉིས་སུ་ཕྱེ་ནས། དང་པོ་སྣང་བཅས་དང༌། གཉིས་པ་སྣང་མེད་ཡིན་པའི་ཕྱོགས་རྣམས་གསལ་བར་གསུངས་སོ། །གཉིས་པ་ནི། དར་ཊཱིཀ་མཛད་པ་ན་རེ། གང་དག་སློབ་དཔོན་གྱི་བཞེད་པ། འཕགས་པའི་མཉམ་གཞག་གིས་རྟེན་འབྱུང་བརྫུན་པ་སྒྱུ་མ་ལྟ་བུར་དངོས་སུ་རྟོགས་པར་ཁས་ལེན་པ་ནི། དབུ་མ་ཐལ་རང་གི་ལུགས་ལ་ཡང་ལེགས་པར་མ་སྦྱངས་ཤིང༌། སློབ་དཔོན་གྱི་བཞེད་པ་ལོག་པར་འཆད་པ་དང༌། རང་ཉིད་ཀྱིས་ཀྱང་ལྟ་བ་སྐྱོང་བའི་རྣམ་གཞག་མི་ཤེས་སོ་ཞེས་གསལ་བར་བསྟན་པ་ཡིན་ནོ། །འོ་ན་འཕགས་སེང་གི་འགྲེལ་པའི་དགོངས་པ་ཅི་ཞེ་ན། འདི་ལྟར་སེམས་ཙམ་པས་སྟོང་ཉིད་བདེན་གྲུབ་དམིགས་པར་འདོད་པ་ལ། འོ་ནི་སྟོང་ཉིད་དང་མི་རྟོག་ཡེ་ཤེས་རྫས་གཅིག་དང་རྫས་ཐ་དད་གང་རུང་དུ་ཐལ། སྟོང་ཉིད་ཀྱང་བདེན་པར་གྲུབ་པའི་དངོས་པོར་ཁས་ལེན་དགོས་པའི་ཕྱིར། འདོད་ན་རྫས་ཐ་དད་ཡིན་ན་གཞན་དབང་དང་ཡང་རྫས་ཐ་དད་དུ་ཁས་ལེན་དགོས་པས། ཡེ་ཤེས་དེ་གཞན་དབང་དང་འབྲེལ་པ་མེད་པའི་སྟོང་ཉིད་ཡན་གར་བའི་སྤྱོད་ཡུལ་ཅན་དུ་འགྱུར་ལ། དེ་ལྟ་ན་གཞན་དབང་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་མི་ཆོད་པར་འགྱུར་རོ། །རྫས་གཅིག་ན། སྟོང་ཉིད་འདུས་བྱས་སུ་ཐལ་ལོ། །འདོད་ན། དེ་ལ་དམིགས་ནས་སྒོམ་པས་སྒྲིབ་པའི་ས་བོན་སྤོང་མི་ནུས་པར་འགྱུར་རོ། །ཞེས་འཆད་པར་བྱེད་དོ། །དེ་དག་ནི་རིགས་པ་མིན་ཏེ། ལུང་ལ་བརྟེན་པའི་རིགས་པས་མི་འཐད་པ་དང༌། ཁྱེད་ལ་ཁས་བླངས་ནང་འགལ་བས་མི་འཐད་པའི་ཕྱིར་རོ། །དང་པོ་ནི་དངོས་པོར་ཁས་བླངས་པ་ཙམ་གྱིས་རྫས་གཅིག་དང་ཐ་དད་གང་རུང་གི་བརྟག་པ་འཇུག་པ་ནི། དབུ་སེམས་གང་གི་ཡང་ལུགས་མིན་ཏེ། སེམས་ཙམ་པ་ལྟར་ན། དངོས་པོ་ལ་རྫས་སུ་གྲུབ་པས་མ་ཁྱབ་པའི་ཕྱིར་ཏེ། དེ་ལ་བདེན་པར་གྲུབ་པས་མ་ཁྱབ་པའི་ཕྱིར། དཔེར་ན་ཤེས་པའི་རྒྱུན་བཞིན་ནོ། །དེ་ལྟར་ཁས་ལེན་པ་དབུ་མ་པའི་ལུགས་ཡང་མིན་ཏེ། ལུགས་དེ་ལ་དངོས་པོ་ཡིན་ན་རྫས་གཅིག་དང་རྫས་ཐ་དད་གང་རུང་གི་བརྟག་པ་འཇུག་ཏུ་མི་རུང་བས་ཁྱབ་པ་ཁས་ལེན་དགོས་པའི་ཕྱིར་དང༌། སྤྱིར་ཤེས་བྱའི་ཁྱད་པར་ཅི་འདྲ་ཞིག་ཐ་སྙད་དུ་ཁས་ལེན་པ་དེ་སྲིད་དུ། གཅིག་དང་ཐ་དད་ཀྱི་དཔྱད་པ་མི་འཇུག་པར་ཁས་ལེན་དགོས་པའི་ཕྱིར་དང༌། དེ་ལ་དཔྱད་པ་དེ་བཅུག་ནས་ཁས་བླངས་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་རོ། །ཡང་སེམས་ཙམ་པས་དོན་དེ་མི་རྟོག་ཡེ་ཤེས་དང་རྫས་ཐ་དད་དུ་ཁས་བླངས་པ་ཙམ་གྱིས་གཞན་དབང་དུ་རྫས་ཐ་དད་དུ་ཁས་ལེན་དགོས་པ་མིན་ཏེ། དཔེར་ན་གཞན་དབང་ཉིད་བཞིན་ནོ། །དེ་ལས་གཞན་དུ་ན། མི་རྟོག་ཡེ་ཤེས་དང་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཉིས་ལ། མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པར་འགྱུར་ལ། དེ་ཡང་དེ་ལྟ་ན། གཞན་དབང་སྤང་བྱ་དང་ཡེ་ཤེས་བརྟེན་བྱར་བཤད་པ་དང་འགལ་ལོ། །ཡང་སེམས་ཙམ་པ་ལ། སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕེན་ནུས་པ་མིན་ཏེ། སྟོང་ཉིད་ཅེས་བྱ་བ། མེད་དགག་ལ་བསམ་པ་ཡིན་ན་ནི། སེམས་ཙམ་པས་དེ་སྤྱི་མཚན་དུ་ཁས་ལེན་པས། དེ་བདེན་གྲུབ་ཏུ་ཁས་ལེན་པའི་གོ་སྐབས་མེད་ལ། དེ་ལྟ་ན། ཁྱེད་ཀྱིས་ཐལ་བ་རིམ་ཅན་དུ་འཕངས་པའི་མཐར་འདུས་བྱས་སུ་འཕངས་པའི་ཐལ་བ་འཇུག་པའི་སྐབས་མེད་པའི་ཕྱིར་དང༌། སྟོང་ཉིད་ཅེས་པ་དེས་འདོད་པའི་དོན་དམ་བདེན་པ་ལ་བསམ་པ་ཡིན་ན་ནི། དེས་དེ་འདུས་བྱས་སུ་ཁས་ལེན་པ་རྩ་བའི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །ཡང་འདུས་བྱས་ལ་དམིགས་ནས་སྒྲིབ་པའི་ས་བོན་སྤོང་མི་ནུས་པ་ནི། དབུ་སེམས་གང་གི་ཡང་ལུགས་མ་ཡིན་ཏེ། སེམས་ཙམ་པས་རྣམ་དག་གི་དམིགས་པར་གྱུར་པའི་དོན་དམ་བདེན་པ་དེ་བདེན་གྲུབ་དང༌། དངོས་པོར་ཁས་ལེན་པས་འདུས་བྱས་སུ་ཡང་ཁས་ལེན་པའི་ཕྱིར་དང༌། དབུ་མ་པ་ལྟར་ན། ཇི་སྐད་དུ། དམིགས་པ་མི་རྟག་ལ་སོགས་པ། །ཞེས་སྦྱོར་མཐོང་སྒོམ་གསུམ་གྱི་དམིགས་པ་མི་རྟག་སོགས་ལ་དམིགས་ནས། བདེན་སྟོང་དུ་བསྒོམ་པས་རིམ་གྱིས་སྒྲིབ་པའི་ས་བོན་སྤོང་ནུས་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། སྤྱིར་སེམས་ཙམ་པས་བདེན་གྲུབ་ལ་དངོས་པོས་ཁྱབ་པར་ཁས་ལེན་པ་ཡིན་ཀྱང༌། ཁྱེད་ཀྱིས་དེའི་འདོད་པ་འཆད་ཚུལ་ལ་དེ་འགྲིག་པ་མིན་ཏེ། ཁྱེད་ཀྱིས་ནི། ལུགས་དེ་ལ་བཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དེ། བདེན་གྲུབ་དང་རང་མཚན་དུ་ཁས་ལེན་དགོས་ཀྱང༌། དངོས་པོ་དང་དོན་བྱེད་ནུས་པར་ཁས་མི་ལེན་ནོ་ཞེས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་དུ་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་རྟེན་འབྱུང་སྒྱུ་མ་ལྟ་བུར་དངོས་སུ་མ་རྟོགས་ན་སངས་རྒྱས་འཕགས་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་བདེན་པ་དངོས་སུ་རྟོགས་པར་ཁས་ལེན་པ་འགལ་ལོ། །མདོར་ན་འཕགས་སེང་གི་ལུགས་འདི་ལ། སྟོང་པ་ཉིད་ལ་མེད་དགག་གི་ཆ་དང༌། མ་ཡིན་པར་དགག་པ་གཉིས་ལས། དང་པོ་ནི། ཡེ་ཤེས་ཀྱི་ཡུལ་མཚན་ཉིད་པ་མ་ཡིན་ཞིང༌། ཅི་ཡང་མ་མཐོང་བ་ལ་དེ་མཐོང་བར་བཏགས་པ་ཡིན་ནོ། །གཉིས་པ་ནི། ཡེ་ཤེས་དེ་གང་ལ་སོ་སོར་རང་གིས་རིག་པའི་ཡེ་ཤེས་སུ་སོང་བའི་ཡུལ་མཚན་ཉིད་པ་ཡིན་པས། མི་རྟོག་ཡེ་ཤེས་དེ་དེ་འདྲའི་སྟོང་ཉིད་དེའི་ཡུལ་ཅན་དང༌། སྟོང་ཉིད་དེ་ཡང་འདུས་བྱས་སུ་ཁས་བླངས་པས་ཆོག་པ་ཡིན་ནོ། །བཞི་པ་སའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ། ངོ་བོ་ངོས་བཟུང༌། དེའི་ཁྱད་ཆོས་རྒྱས་པར་བཤད་པའོ། །དང་པོ་ལ། མཚན་ཉིད་ནི། སྙིང་རྗེའི་སྙིང་པོ་ཅན་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །མཚོན་བྱའི་སྒྲ་བཤད་པ་ནི། ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་དེ་ཞེས་བྱའོ། །གཉིས་པ་ལ། ས་བཅུའི་མཉམ་གཞག་ཏུ་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་པའི་ཚུལ། རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་སོགས་ལ་ཁྱད་པར་ཡོད་པའི་ཚུལ། ཞར་ལ་སྤང་བྱ་སྤོང་བའི་ཚུལ་བཤད་པའོ། །དང་པོ་ནི། ས་བཅུའི་མཉམ་གཞག་དུ་ནི་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་ཅི་ཡང་ཡོད་པ་མིན་ཏེ། དེར་སྤྲོས་པའི་མཐའ་གང་དུ་ཡང་མི་འཛིན་ཞིང༌། སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་དབྱིངས་དང༌། ཡེ་ཤེས་དབྱེར་མེད་དུ་འདྲེས་པར་གྱུར་པ་དེ་ལ། ཆོས་ཉིད་མངོན་སུམ་དུ་མཐོང་ངོ་ཞེས་པའི་མིང་གིས་བཏགས་པའི་ཕྱིར་དང༌། ཆོས་དབྱིངས་ལ་ངོ་བོའི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། དེ་སྐད་དུ་ཡང༌། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ལ། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་སོ། །དོན་འདི་ཡང་འཛིན་སྟངས་ཀྱི་གཟུང་བྱ་ཅི་ཡང་མེད་པ་ལ་དགོངས་པ་ཡིན་གྱི། དམིགས་པའི་ཡུལ་ལ་དགོངས་པ་ནི་མ་ཡིན་ཏེ། གཟུགས་ལྟ་བུ་གཅིག་སྒྲོ་འདོགས་བཅད་པའི་གཞིར་མ་བཟུང་ན། དམིགས་པ་དག་པ་གོང་དུ་འགྲོར་མེད་པར་ཐལ་བའི་ཕྱིར་དང༌། སློབ་དཔོན་གྱིས་སྟོང་ཉིད་ཉི་ཤུ་ལ་ས་མཚམས་བཞག་པའི་དགོངས་པ་ཡང༌། ས་དེ་དང་དེར་ཆོས་ཅན་དེ་དང་དེ་སྒྲོ་འདོགས་གཅོད་པའི་གཞིར་བཟུང་ནས། སྒྲོ་འདོགས་གཅོད་པའི་རིམ་པ་ལ་དགོངས་པའི་ཕྱིར། དེ་ལྟ་མོད་ཀྱི་ས་བཅུའི་མཉམ་གཞག་དུ་བློ་བུར་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ཁྱད་པར་མེད་པ་ནི་མིན་ཏེ། ས་བཅུའི་མཉམ་གཞག་དུ་བློ་བུར་རྣམ་དག་གི་ཆོས་ཉིད་གསར་མཐོང་རེ་རེ་ཡོད་པར་རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་ནས་བཤད་པ་དང༌། ས་བཅུའི་མཉམ་གཞག་དུ་བདེ་བར་གཤེགས་པའི་སྙིང་པོ་རྫོགས་པར་མི་མཐོང་བའི་ཚུལ་རྒྱས་པར་བཤད་པ་བཞིན་ནོ། །འདི་ལ་བོད་ཕྱི་མ་དག་ན་རེ། ས་བཅུའི་མཉམ་གཞག་དུ་ཆོས་ཉིད་རྟོགས་པ་མིན་པར་ཐལ། དེར་དེ་ཡུལ་དུ་མི་བྱེད་པའི་ཕྱིར། ཞེས་ཟེར་བ་ནི་རིགས་པ་མིན་ཏེ། ཁྱོད་རང་གི་དོན་འདི་ལ་ལུང་ཚད་མར་ཁས་བླངས་པའི་ཟླ་བ་གྲགས་པའི་ལུང་གིས་མི་འཐད་པ་དང༌། ཆོས་ཀྱི་གྲགས་པའི་རིགས་པས་མི་འཐད་པའི་ཕྱིར་རོ། །དང་པོ་ནི་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེའི་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེའི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིགས་པ་ཡིན། །ཞེས་གསུངས་ལ། དེའི་དོན་ནི། མདོ་སྡེ་པའི་ལུགས་ལ་སྔོ་འཛིན་མངོན་སུམ་གྱིས་སྔོན་པོ་དངོས་སུ་མ་རྟོགས་ཀྱང༌། དེའི་རྣམ་པ་དངོས་སུ་རྟོགས་པ་ལ། དེ་རྟོགས་པའི་ཐ་སྙད་དང༌། དེ་ཡུལ་དུ་བྱས་པའི་ཐ་སྙད་འཇོག་པ་དེ་བཞིན་དུ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀྱང་ཆོས་ཉིད་ཡུལ་དུ་བྱས་པ་དང༌། དངོས་སུ་རྟོགས་པ་མཚན་ཉིད་པ་མ་ཡིན་ཀྱང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་དེ་ཉིད་ཉམས་སུ་མྱོང་བ་ལ། ཆོས་ཉིད་རྟོགས་པ་དང༌། ཡུལ་དུ་བྱས་པའི་ཐ་སྙད་བྱས་པ་ཡིན་ནོ། །ཞེས་འཆད་དགོས་པར་དེ་ཉིད་ཀྱི་རང་འགྲེལ་ལས་གསལ་བ་དང༌། ཡང་འཇུག་འགྲེལ་དུ། འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་དྲངས་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི། བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་གྱུར་ན་ནི། དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ། དོན་དམ་པར་ན། དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང༌། སྨྲ་བ་དང༌། ཤེས་པ་དང༌། ཤེས་པར་བྱ་བ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཞེས་གསུངས་པ་ལས། ཆོས་ཉིད་མི་རྟོག་ཡེ་ཤེས་ཀྱིས་རྟོགས་པ་དང༌། ཡུལ་དུ་བྱས་པ་གཉིས་ཀ་མཚན་ཉིད་པ་མིན་པར་བཤད་པའི་ཕྱིར། གཉིས་པ་ནི། ཆོས་ཉིད་ཅེས་བྱ་བ་སྤྲོས་བྲལ་མེད་དགག་གི་ཆ་ལ་ངོས་བཟུང་ནས། དེ་མཉམ་གཞག་ཡེ་ཤེས་ཀྱིས་དངོས་སུ་རྟོགས་པ་དང༌། དངོས་ཡུལ་ཡིན་པར་ཁས་བླངས་ན། །རིགས་པ་མཁྱེན་པས་ཇི་སྐད་དུ། །གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་དང༌། རྣམ་རྟོག་མེད་པར་སྤྱི་འཛིན་མིན། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལ། དབུས་མཐའ་ལས་འབྱུང་བ་དང༌། མདོ་སྡེ་རྒྱན་སོགས་ལས་འབྱུང་བ་གཉིས་ལས། དང་པོ་ནི་ཇི་སྐད་དུ། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །འགྲིབ་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞིའི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་རྣམ་བཅུ། །ས་བཅུའི་མི་མཐུན་ཕྱོགས་ཀྱི་ནི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་ཤིང༌། ས་གསུམ་པོ་དེར་དབང་བཞི་ཐོབ་པའི་ཚུལ་ཡང༌། མདོ་སྡེ་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་པ། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་རེ་རེར་ནི་འདོད་པ་ཡིན། །ཞེས་ས་བཅུའི་རྗེས་ཐོབ་དུ་ཆོས་དབྱིངས་ལ་ངེས་པ་འདྲེན་ཚུལ་མི་འདྲ་བ་བཅུ་དང༌། བཅུ་པོ་དེ་ཆོས་དབྱིངས་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་བཅུའི་གཉེན་པོ་བྱེད་པ་གསུངས་པ་ཡིན་ནོ། །ཡང་དེ་ཉིད་ལས། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་རྗེས་ཐོབ་ཏུ་ཕར་ཕྱིན་བཅུ་པོ་སོ་སོ་ལ་ཉམས་ལེན་གཙོ་བོར་གྱུར་པའི་ཡོན་ཏན་ཡང་གསུངས་སོ། །གཉིས་པ་ལ། མདོ་སྡེ་རྒྱན་ལས་གསུངས་པ་དང༌། དབུ་མ་འཇུག་པ་ལས་གསུངས་པ་དང༌། མངོན་པར་རྟོགས་པའི་རྒྱན་དུ་གསུངས་པ་རྣམས་སོ། །དང་པོ་ནི། དེ་ཉིད་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང༌། ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཅེས་ས་དང་པོར་ཆོས་ཉིད་རྟོགས་ནས་གཉིས་པ་ཚུལ་ཁྲིམས་དང༌། གསུམ་པར་ཏིང་ངེ་འཛིན་དང༌། ལྷག་མ་གསུམ་དུ་ཤེས་རབ་ལ་སློབ་པར་བསྟན་ནོ། །དེ་ཡང་ས་བཞི་པར་བྱང་ཆུབ་ཕྱོགས་མཐུན་ལ་མཁས་པའི་ཤེས་རབ་དང༌། ལྔ་པ་དང་དྲུག་པར་ཤེས་རབ་ཀྱི་སྤྱོད་ཡུལ་གཉིས་ལས། དང་པོ་ཆོས་ཀྱི་དེ་ཉིད་བདེན་པ་བཞི་ཤེས་པ་དང༌། དེ་ནི་མི་ཤེས་ཤེས་སོགས་ཞེས་པ་མ་རིག་པ་དང་རིག་པ་སོགས་ཏེ། རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་བཟློག་ལ་མཁས་པའི་ཤེས་རབ་བོ། །དེ་དག་གིས་ས་དང་པོ་དྲུག་ཏུ་སློབ་ཚུལ་བཤད་ནས། ས་ལྷག་མ་བཞིར་བསླབ་པ་གསུམ་ལ་བསླབ་པའི་འབྲས་བུ་འབྱུང་ཚུལ་ནི་དེ་ཉིད་ལས། མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང༌། །ཞིང་ནི་རྣམ་པར་དག་པ་དག །འབྲས་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པ་འགྲུབ་ཉིད་དང༌། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱིས་ནི་ཕུང་པོ་སྦྱོང༌། །དེའི་འོག་ཏུ་ཏིང་འཛིན་དང༌། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང༌། །དེ་ལས་གཞན་པ་དག་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ནི་རྣམ་གྲོལ་དང༌། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང༌། །ཞེས་གསུངས་ལ། དེར་སྒྲིབ་རྣམ་བཞི་ཞེས་པ་ནི་གོང་དུ་བཤད་མ་ཐག་པའི་འབྲས་བུ་བཞི་ལ་གེགས་བྱེད་པའི་སྒྲིབ་པ་བཞིའོ། །རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་གཉིས་ལ་སྒྲིབ་བྱེད་ནི། ཐོགས་པའི་སྒྲིབ་པ་ཞེས་བྱ་བ་དེ་ཡིན་ལ། དེ་སངས་རྒྱས་ཀྱི་སར་སྦྱོང་ཞེས་བཤད་ཀྱང༌། སྦྱངས་ཟིན་པ་ལ་འཆད་དགོས་པ་ཡིན་པས། མདོར་ན་ཟག་མེད་ཀྱི་ཕུང་པོ་ལྔ་སྦྱོང་བའི་ཚུལ་བཤད་པ་ཡིན་ནོ། །གཉིས་པ་ནི་དབུ་མ་ལ་འཇུག་པར། ས་དང་པོའི་རྗེས་ཐོབ་ཏུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་དང༌། ས་གཉིས་པ་སོགས་སུ་དེ་ཉིད་སྟོང་འགྱུར་སོགས་སུ་བསྒྲེས་པའི་ཡོན་ཏན་འབྱུང་བར་བཤད་དོ། །གསུམ་པ་ནི། རྒྱན་རྩ་འགྲེལ་དུ། རྗེས་ཐོབ་དུ་ཡོངས་སྦྱོང་མི་འདྲ་བ་རྣམ་པ་བཅུ་སྦྱོང་བར་བཤད་ལ། དེ་ཡང་ས་བཅུ་པའི་རྗེས་ཐོབ་དུ་ཡོངས་སྦྱོང་མ་བཤད་པ་ལྟ་བུར་སྣང་ཡང༌། དེ་སངས་རྒྱས་ཀྱི་སར་བཤད་པ་ཉིད་ཀྱིས་དེའི་ཡོངས་སྦྱོང་གྲུབ་པ་ཡིན་ཏེ། རྗེས་ཐོབ་དུ་སེམས་ཅན་གྱི་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པར་བཤད་པ་དེ་ཉིད་ཀྱིས་དེའི་ཡོངས་སྦྱོང་གྲུབ་པའི་ཕྱིར་རོ། །སྐབས་འདི་དག་གི་འགྲེལ་པ་རྣམས་སུ་དེས་བསྐྱེད་པའི་ཕྱིར་ཞེས་བཤད་པ་དང༌། རྩ་བར། ཐོབ་འགྱུར་ཏེ། ཞེས་བཤད་པས། ཇོ་བོ་སུ་ག་ཏ་ཤྲཱི་ལ་སོགས་པས། ས་མ་ཐོབ་པ་སྦྱོང་བ་ཡིན་ཏེ། དཔེར་ན་ཆུ་འདྲེན་པའི་ཡུར་བ་སྦྱོང་བ་བཞིན་ནོ། །ཞེས་འཆད་པ་ཡོད་ཀྱང་མི་འཐད་དེ། མདོ་ལས། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱོང་བ་འདི་དག་བྱ་སྟེ། ཞེས་སོགས་གསུངས་པ་དང༌། འགྲེལ་ཆེན་ལས། ས་གང་གིས་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ། རྫོགས་ན་ནི་ས་གཞན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་སོ། །གསུམ་པ་སྤང་བྱ་སྤོང་བའི་ཚུལ་ལ། ཤེས་སྒྲིབ་ཇི་ལྟར་སྤོང་བའི་ཚུལ་དང༌། ཉོན་སྒྲིབ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། རེ་རེ་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་རེ་རེར་ཕྱེ་ནས། ས་བཅུའི་རིམ་གྱིས་སྤོང་བར་བཤད་པ་ནི། རྒྱན་རྩ་འགྲེལ་དུ་གསལ་ཞིང༌། བྱང་ཆུབ་སེམས་དཔའི་ས་ལ་འཇུག་པ་ལས་ནི། ཇི་སྐད་དུ། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་དགའ་ལ་སོགས་ས་བཅུ་གཅིག །རྨོངས་གཉིས་གནས་ངན་ལེན་གཅིག་པ། །མི་མཐུན་ཕྱོགས་ཏེ་ཐ་དད་འདོད། །ཅེས་ས་རེ་རེ་ལ་རྨོངས་པ་གཉིས་གཉིས་དང༌། དེའི་གནས་ངན་ལེན་རེ་རེ་སྟེ་གསུམ་གསུམ་སྤོང་བར་བཤད་དོ། །དེ་ཡང་འདི་ལྟར། ས་དང་པོར་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་དང༌། ངན་སོང་བའི་ཉན་མོངས་པ་ལ་རྨོངས་པ་གཉིས་དང༌། ས་གཉིས་པར་ལྟུང་བ་ཕྲ་མོའི་འཁྲུལ་པ་དང༌། ལས་ཀྱི་རྣམ་པ་སྣ་ཚོགས་ལ་དང༌། གསུམ་པ་འདོད་ཆགས་ཀྱི་དང༌། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་རྨོངས་པ་དང༌། བཞི་པར་སྙོམས་འཇུག་ལ་སྲེད་པ་དང༌། ལྔ་པར་འཁོར་འདས་ལ་གཅིག་ཏུ་མི་ཕྱོགས་ཤིང༌། མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་དང༌། དྲུག་པར་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་དང༌། མཚན་མ་མང་པོ་འབྱུང་བ་ལ་རྨོངས་པ་དང༌། བདུན་པར་མཚན་མ་ཕྲ་མོ་འབྱུང་བ་དང༌། མཚན་མེད་ཡིད་ལ་བྱེད་པའི་ཐབས་ལ་རྨོངས་པ་དང༌། བརྒྱད་པར་མཚན་མེད་ལ་རྩོལ་བ་དང༌། མཚན་མ་རྣམས་ལ་མི་དབང་བ་དང༌། དགུ་པར་ཆོས་བསྟན་པ་དང༌། ཆོས་ཀྱི་ཚིག་དང༌། ཡི་གེ་དཔག་ཏུ་མེད་པ་ལ་རྨོངས་པ་དང༌། གོང་ནས་གོང་དུ་འཕེལ་བའི་ཤེས་རབ་དང༌། རྟོགས་པ་ལ་རྨོངས་པ་དང༌། བཅུ་པར་མངོན་ཤེས་ཆེན་པོ་དང༌། གསང་བ་ཕྲ་མོ་ལ་འཇུག་པ་ལ་རྨོངས་པ་དང༌། བཅུ་གཅིག་པར་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་ཤིན་ཏུ་ཕྲ་མོ་ལ་རྨོངས་པ་རྣམས་སོ། །འདིར་བཅུ་གཅིག་པ་ཞེས་པ། ས་བཅུ་པ་ཙམ་དང༌། རྒྱུན་མཐའི་བར་ཆད་མེད་ལམ་སོ་སོར་ཕྱེ་བའོ། །གཉིས་པ་ཉོན་སྒྲིབ་ཀྱི་སྤོང་ཚུལ་ལ། མངོན་པ་ནས་འབྱུང་བ་ཙམ་དང༌། ལུགས་འདིར་འབྱུང་བ་གཉིས་ལས། དང་པོ་ནི། མངོན་པ་འོག་མ་ལས་བྱང་ཆུབ་སེམས་དཔས་ཀྱང་ཆགས་བྲལ་སྔོན་དུ་སོང་བ་དང༌། མ་སོང་བའི་བྱེ་བྲག་གིས་མཐོང་སྤངས་དང༌། སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་རྣམས་རིམ་གྱིས་སྤོང་བར་བཤད་ཅིང༌། ས་བཅུའི་རྣམ་པར་བཞག་པ་མ་བཤད་དོ། །མངོན་པ་གོང་མ་ལས་ནི། ས་བཅུའི་རིམ་པས་ཉོན་མོངས་པ་སྒྲིབ་པ་སྤོང་བར་བཤད་ལ། དེ་ཡང་ས་བདུན་པ་མན་ཆད་དུ་ཉོན་མོངས་པའི་ཉེས་པ་བསྐྱེད་པས་ཉོན་མོངས་མཚན་ཉིད་པ་དང༌། དག་པ་ས་གསུམ་དུ་ཉོན་མོངས་པའི་ཉེས་པ་མི་བསྐྱེད་པས། ཉོན་མོངས་མཚན་ཉིད་པ་མ་ཡིན་ཡང་ཐར་པའི་གེགས་ཡིན་པས། ཉོན་མོངས་པའི་སྒྲིབ་པར་བཞག་གོ །གསུམ་པ་ནི། སློབ་དཔོན་སེང་གེ་བཟང་པོའི་དགོངས་པ། མངོན་པ་གོང་མ་ནས་བཤད་པ་དང༌། ནན་གྱིས་སྒྲིགས་ན་འགྲིག་དུ་རུང་ཙམ་སྣང་ཡང༌། མཐར་ཐུག་གི་དགོངས་པ་དེ་ལྟར་མི་གནས་ཏེ། འཕགས་པ་གྲོལ་སྡེའི་དགོངས་པ་དང་མི་མཐུན་པ་དང༌། སློབ་དཔོན་ཉིད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་པའི་ལུང་ཁུངས་སུ་མཛད་ནས། སྒོམ་སྤངས་ཉོན་སྒྲིབ་ཀྱི་གཉེན་པོ་ལོགས་སུ་མ་བགྲངས་པ་དང༌། སའི་ཡོངས་སྦྱོང་ཀྱི་སྐབས་འདིར། ཉོན་མོངས་ཀྱི་བག་ལ་ཉལ་ལ་ཉོན་མོངས་ཀྱི་མིང་གིས་བཏགས་ནས། དེ་ཉིད་དོན་ལ་ཤེས་སྒྲིབ་ཏུ་འཇོག་དགོས་པ་ནི། སློབ་དཔོན་གྱི་དགོངས་པ་ཡིན་པའི་ཕྱིར་རོ། །སའི་ངེས་ཚིག་མདོ་སྡེ་རྒྱན་ལས་འབྱུང་བ་དང༌། ས་ཐོབ་པའི་རྟགས་གསེར་འོད་དམ་པའི་མདོ་སྡེ་ལས་གསུངས་པ་དང༌། རྣམ་སྨིན་གྱི་ལུས་འཛིན་པའི་ཁྱད་པར་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་གསུངས་པ་རྣམས་ནི། གོ་བར་སླ་བ་ཡིན་པས་འདིར་མ་བྲིས་སོ། །འོ་ན་ས་བཅུ་པ་ལ་ཡོངས་སྦྱོང་ལ་སོགས་པ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། བུདྡྷ་ཤྲཱི་ཡོངས་སྦྱོངས་བཤད་པའི་དགོས་པ་མིས་ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མ་ལས་ཁྱད་པར་དུ་འཕགས་པར་གྲུབ་པའི་ཆེད་ཡིན་ལ། ས་བཅུ་པ་འབྲས་བུའི་སར་བཤད་པས། དོན་དེ་ཉིད་གྲུབ་ཟིན་པའི་ཕྱིར། ཞེས་གསུང་པ་དང༌། ལོ་ཙཱ་བ་ཆེན་པོ་ནི། ཡོངས་སྦྱོང་བཤད་པའི་དགོས་པ། ས་འོག་མ་འོག་མ་ལས་ཐ་དད་དུ་ཤེས་པའི་ཆེད་ཡིན་ལ། འདིར་འབྲས་བུའི་སར་བསྟན་པས་དོན་དེ་ཉིད་གྲུབ་པ་ཡིན་ནོ། །ཞེས་གསུང་བ་དང༌། གངས་ཅན་པ་ལ་ལ་ན་རེ། ས་དང་པོ་དགུ་ཡོངས་སྦྱོངས་ཀྱི་སྒོ་ནས་གོང་མ་གོང་མར་འགྲོ་བའི་ཚུལ་གྱིས་བཤད། ས་བཅུ་པར་ས་འོག་མ་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་འདུས་པའི་སྒོ་ནས་རང་གི་ས་ལ་གནས་པར་བཤད་པ་ཡིན་ནོ། །ཞེས་གསུངས་མོད་ཀྱང༌། རང་ལུགས་ནི། ས་བཅུ་པའི་རྗེས་ཐོབ་དུ་སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་དེའི་ཡོངས་སྦྱོངས་དང༌། དེ་ཉིད་སངས་རྒྱས་ཀྱི་སར་འཇོག་པའི་ཤེས་བྱེད་ཀྱང་ཡིན་ལ། དེ་ལྟ་ན་ཡང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ཏེ། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་མངོན་དུ་མ་མཛད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཉི་སྣང་ལས། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཞེས་བཤད་པ་དེའི་དོན་ཅི་ཞིག་ཅེ་ན། དེ་བཞིན་གཤེགས་པའི་མཛད་པ་ཉེ་བར་གནས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི། དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པས་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །དོན་དེ་དག་ཀྱང་ཇི་སྐད་དུ། རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་སོ། །ཞེས་བྱ་བ་འདིས་ནི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམས་རྒྱས་པར་བཤད་པ་ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ་སྟེ་དང་པོའི་རྣམ་པར་བཤད་པ་ལེགས་པར་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། གང་འདིར་དང་པོ་རང་གི་ལུགས་གང་བཞག །དེ་ནས་དེ་བསྒྲུབ་བྱེད་པའི་ལུང་རིགས་དང༌། །གཞན་གཞུང་འགོག་པའི་གཏམ་གྱི་རོལ་མོ་ཡིས། །མདོ་དང་རྒྱན་གཞུང་འགྲེལ་པའི་ཕ་མཐའ་ཤེས། །དང་པོའི་བློ་ཅན་རྣམས་ལ་འཇུག་ངོགས་བདེ། །བར་མའི་བློ་གྲོས་གོང་ནས་གོང་དུ་སྤེལ། །མང་ཐོས་སྤྱོད་ཆེན་ལྡན་རྣམས་གཞུང་བརྒྱ་ལ། །མི་འཕྲོགས་སྤོབས་པ་སྟེར་བ་འདི་ཡིན་ནོ། །ལུང་རིགས་ཕོ་བྲང་རྩེ་ནས་གྲུབ་མཐའ་ཡི། །རྒྱལ་རྔ་ལན་བདུན་བརྡུངས་པའི་ཟློས་གར་གྱིས། །ཕ་རོལ་གཞུང་ལུགས་གཡོ་སྒྱུའི་ལང་ཚོ་ཅན། །ཆོས་དབྱིངས་ནགས་ཀྱི་མཛེས་མས་མ་བླངས་སམ། །རྣམ་དཔྱོད་དཔག་བསམ་རྩེ་ནས་ལེགས་བཤད་ཀྱི། །འགྱུར་ཁུགས་སྟོང་ཕྲག་ལེན་པ་དེ་མཛེས་ཀྱི། །གཞན་ཟེར་དབྱངས་སུ་ལེན་པའི་གར་ཐབས་ཀྱིས། །རྩུབ་མོའི་ཚིག་མདའ་འཕེན་པ་དེ་མི་བཙུན། །ཐུབ་བསྟན་ལྗོན་པ་རྒྱས་པའི་སྨན་ལྗོངས་སུ། །ངག་དབང་དབྱངས་ཅན་གཏམ་གྱི་ལང་ཚོ་མ། །མང་ཐོས་ཛཱ་ཏིའི་མེ་ཏོག་ལ་དགའ་བའི། །མཱ་ལི་གསར་པའི་བཞད་འཕྲེང་འདི་ཡིན་ནོ། །ཞེས་བྱ་བ་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*