ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྨད་ཆ། ཁ ༽

འོ་ན་མཉམ་གཞག་ལ་ཀུན་རྫོབ་ཀྱི་སྣང་བ་ཤར་བའི་ཚེ་ན། དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དུ་འགྱུར་ཏེ། ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་དང༌། གཉིས་སྣང་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་ཅེ་ན། དེ་ནི་སྔ་མ་དང་མི་མཚུངས་ཏེ། སྔ་མ་དེ་ནི། སྒོ་ལྔའི་དབང་ཤེས་ལ་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་ལ། འདིར་ནི། དབང་ཤེས་ལ་སྣང་བ་མ་ཡིན་གྱི། ཡེ་ཤེས་དེ་ཉིད་ལ་སྣང་བ་དང༌། གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་འབད་རྩོལ་ལ་མ་ལྟོས་པར་སྣང་བ་མ་ཡིན་གྱི། སྦྱོར་བའི་དུས་སུ་རྟོག་པའི་འབད་རྩོལ་གྱིས་སྒྲོ་འདོགས་གཅོད་པའི་གཞིར་བཟུང་ཞིང༌། དངོས་གཞིའི་དུས་སུ་ཡེ་ཤེས་རྟོག་མེད་དེ་ཉིད་ལ་སྒྱུ་མ་ལྟ་བུར་ཤར་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་བརྟག་པར་བྱ་སྟེ། ཞེས་པས་སྦྱོར་བའི་དུས་ཀྱི་ཡིད་ལ་བྱེད་ཚུལ་དང༌། ཇི་སྐད་དུ། སྒོམ་པའི་སྟོབས་གྲུབ་པ་ན། འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་དངོས་གཞིའི་དུས་ཀྱི་ཡིད་ལ་བྱེད་ཚུལ་བཤད་པས་སོ། །བོད་སྔ་མ་དག སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་མ་བཅས་ལ་འཆད་པ་ནི། རིགས་པ་མིན་ཏེ། ས་བརྒྱད་པ་ཡན་ཆད་ན་མེད་པའི་ཕྱིར། དེ་མེད་དེ། མཉམ་གཞག་དུ་མེད་ཅིང་རྗེས་ཐོབ་ཏུ་ཡང་དེ་མེད་པའི་ཕྱིར་རོ། །དེར་དེ་མེད་དེ། ཇི་སྐད་དུ། དངོས་པོ་ལྡན་དང་མི་ལྡན་དང༌། །ཞེས་དང༌། དེའི་འགྲེལ་པར། བར་ཆད་མེད་པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱིས་དངོས་པོ་མཐའ་དག་དང་ལྡན་པ་དང༌། མི་ལྡན་པ་ཞེས་བཤད་ལ། དེའི་དོན་ཡང་རྗེས་ཐོབ་དུ་མཚན་འཛིན་འབྱུང་མི་འབྱུང་ལ་འཆད་དགོས་པ་ཡིན་ལ། དེའི་ཚེ་ས་བརྒྱད་པ་ཡན་ཆད་དུ། མཚན་འཛིན་འབྱུང་བ་མེད་པའི་ལམ་རྒྱུན་མི་ཆད་དུ་འབྱུང་བ་ལ་འཆད་པ་ཡིན་ཞིང༌། དེར་མཚན་འཛིན་ཡོད་ན་ལམ་གྱིས་བར་དུ་ཆོད་པའི་ཕྱིར་དང༌། མདོ་སྡེ་རྒྱན་དུ། དག་པ་ས་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པའི་དོན་ཡང༌། སྒྲ་དོན་འཛིན་པའི་རྟོག་པ་མངོན་གྱུར་དུ་མི་འབྱུང་བ་ལ་འཆད་དགོས་པའི་ཕྱིར། དོན་འདི་ལ་དར་ཊཱིཀ་མཛད་པ་ན་རེ། འདི་དག་ཟག་བཅས་སུ་བཞག་པ་ནི། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་དང་བཅས་པ་ལ་ཟག་བཅས་སུ་བཞག་པ་ཡིན་གྱི། སྤང་བྱས་བསྡུས་པའི་ཟག་བཅས་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་གྱི་རྗེས་ཐོབ་ཀྱི་སྐབས་སུ། བསོད་ནམས་ཀྱི་ཚོགས་རྫོགས་པའི་ཡན་ལག་ཏུ་ཡང་དང་ཡང་དུ་འབད་པ་བསྐྱེད་པར་བྱ་བའི་ཕྱིར་དང༌། སྒོམ་སྤངས་འབད་ནས་བསྐྱེད་པའི་འཕགས་པ་སུ་ཡང་མེད་པའི་ཕྱིར་རོ། །སྤང་བྱ་ཡིན་ན་བསྒོམ་སྤངས་སུ་བྱེད་དགོས་ལ། ཐེག་ཆེན་འཕགས་པའི་སྒོམ་སྤངས་ཀྱང་ཡིན་ལ། སྒོམ་ལམ་ཡང་ཡིན་པའི་གཞི་མཐུན་ནི་སུ་གང་གིས་ཀྱང་བྱར་མེད་པའི་ཕྱིར་རོ། །མངོན་པ་ཀུན་ལས་བཏུས་སུ། ཟག་བཅས་ལ་སྤང་བྱས་ཁྱབ་པར་བཤད་པ་ཤེས་བྱེད་དུ་བྱེད་པ་ནི་འབྲེལ་མེད་དེ། དེ་ནི་ཉོན་མོངས་པས་ཟག་བཅས་ཡིན་པས་སོ། །ས་བརྒྱད་པ་ཡན་ཆད་ན་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་མེད་པ་ན། ལྐོག་ཏུ་གྱུར་པའི་དོན་ཅུང་ཟད་ཀྱང་ཡུལ་དུ་བྱེད་མི་དགོས་པར་འགྱུར་རོ། །ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གསུམ་སྟེ། སྒྲ་དོན་འཛིན་པའི་རྟོག་པ་ལ་སྤང་བྱས་མ་ཁྱབ་པ་མི་འཐད། སྒོམ་ལམ་དང་རྟོག་པའི་གཞི་མཐུན་ཁས་ལེན་པ་མི་འཐད། ལྐོག་གྱུར་ཡུལ་དུ་བྱེད་པའི་བློ་གང་ཡིན་རྟོག་པར་འདོད་པ་མི་འཐད་པའོ། །དང་པོ་ནི་དེ་ལ་སྤང་བྱས་ཁྱབ་པ་ཡིན་ཏེ། དེ་ལ་མཚན་འཛིན་གྱིས་ཁྱབ་པ་ཡིན་ལ། དེ་ནི་ངེས་པར་སྤང་དགོས་ཏེ། མཚན་མེད་ཀྱི་ཤེས་རབ་ཡུན་རིང་གོམས་པས་དེའི་ས་བོན་དྲུངས་འབྱིན་དགོས་པའི་ཕྱིར་དང༌། སངས་རྒྱས་ཀྱི་སར་སྒྲ་དོན་འཛིན་པའི་རྟོག་པ་གནས་གྱུར་པ་ཡིན་ལ། དེ་ལྟར་གྱུར་པ་དེ་ཡང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྟོག་པའི་གནས་ངན་ལེན་དང༌། ས་བོན་སྤངས་པ་ལས་ཡིན་པའི་ཕྱིར་དང༌། དབུ་མའི་གཞུང་ལུགས་ལས། བདེན་མེད་དུ་ཞེན་པའི་རྟོག་པ་ཡང་སྤང་བྱར་བཤད་ན། རྟག་པ་གཞན་རྣམས་སྤང་དགོས་པ་ལས་འོས་མེད་པའི་ཕྱིར། དེ་བཤད་པ་ཡིན་ཏེ། དེ་འདྲ་དེ་ལ་རྒྱན་རྩ་འགྲེལ་འདིར་བཏགས་འཛིན་གྱི་རྟོག་པ་ཞེས་བཤད་པའི་ཕྱིར་དང༌། ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་སྟོང་པ་ཉིད་དུ་ཞེན་པའི་རྟོག་པ་དེ་མ་སྤངས་ན། སྨན་དུག་དུ་སོང་བ་དང་འདྲ་བར་གསུངས་པའི་ཕྱིར་དང༌། ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་བར་འགྱུར། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་བཟློག་པར་འགྱུར། །ཞེས་སྟོང་ཉིད་དུ་ཞེན་པའི་བློ་སྤོང་དགོས་པར་བཤད་པའི་ཕྱིར་དང༌། འཇུག་འགྲེལ་དུ་མདོ་དྲངས་པ་ལས་ཀྱང༌། འོད་སྲུངས་བདག་དུ་ལྟ་བ་རི་རབ་ཙམ་ནི་བཤིག་པར་སླའི། སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ནི། དེ་འདྲའི་གཞི་མཐུན་ཁས་ལེན་པ་ནི་གཏན་ནས་མ་ཡིན་ཏེ། ཐེག་ཆེན་གྱི་སྒོམ་ལམ་ཡིན་ན་རྣལ་འབྱོར་མངོན་སུམ་ཡིན་དགོས་པའི་ཕྱིར་ཏེ། དེའི་མཉམ་གཞག་ཡིན་ན་ཡང་དེ་ཡིན་པས་ཁྱབ་རྗེས་ཐོབ་ལ་ཡང་དེས་ཁྱབ་པའི་ཕྱིར། དེ་མ་ཡིན་ན། སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་ཇི་ལྟར་ཁས་ལེན། ཅིས་ཏེ་མ་ཁྱབ་ཀྱང་གཞི་མཐུན་སྲིད་པ་ཁས་ལེན་ནོ་ཅེ་ན། འོ་ན་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་སུ་གྱུར་པའི་རྣལ་འབྱོར་མངོན་སུམ་དེ་ཆོས་ཅན། རྟོག་བཅས་སུ་ཐལ། ཟག་པ་དང་བཅས་པའི་སྒོམ་ལམ་ཡིན་པའི་ཕྱིར། ཅེས་པ་བཟློག་པར་མི་ནུས་སོ། །ཁོ་བོ་ཅག་ལྟར་ན་ནི། ཐེག་ཆེན་གྱི་སྦྱོར་ལམ་དང་སྒྲ་དོན་འཛིན་པའི་རྟོག་པའི་གཞི་མཐུན་ཁས་ལེན་མི་རུང་བའི་ཤེས་བྱེད་རྒྱས་པར་བཤད་ཟིན་པ་ན། སྒོམ་ལམ་དང་དེ་འདྲའི་གཞི་མཐུན་ཁས་ལེན་པ་ལྟ་ཅི་སྨོས། ཡང་བྱང་སེམས་འཕགས་པས་འབད་ནས་བསྐྱེད་པ་ཙམ་གྱིས་སྤང་བྱ་མ་ཡིན་ན། ལུང་གི་ཆོས་དང་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་སོགས་ཀྱང་སྤང་བྱ་མིན་པར་ཐལ་བར་འགྱུར་ཞིང༌། དེ་ལ་འདོད་ན། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་དང༌། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་གཙང་པ་ཡིན། །ཞེས་གསུངས་པ་དང་འགལ་ཞིང༌། ཐེག་པ་ཆེན་པོའི་ལུགས་གཞན་ལས་ཀྱང༌། ཐ་མལ་དུ་ཞེན་པའི་རྟོག་པའི་གཉེན་པོར་ལྷག་པའི་ལྷར་ཞེན་པའི་རྟོག་པ་བསྒོམ་པ་དང༌། གྱ་ནོམ་གྱི་ལྷར་ཞེན་གྱི་རྟོག་པའི་གཉེན་པོར་སྟོང་ཉིད་བསྒོམ་དགོས་པར་གསུངས་པ་རྣམས་དང་འགལ། གསུམ་པ་ནི། ལྐོག་དུ་གྱུར་པའི་དོན་ཡུལ་དུ་བྱེད་པའི་བློ་ཡིན་པ་ཙམ་གྱིས་སྒྲ་དོན་འཛིན་པའི་རྟོག་པར་འགྱུར་བ་ནི། ལུང་ཆོས་དང་མི་མཐུན་ཞིང༌། རྟོག་གེ་དང་ཡང་མི་མཐུན་ནོ། །ཇི་ལྟར་ཞེ་ན། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་རྣམས་ཀྱི་འཇུག་ཡུལ་ནི་སངས་རྒྱས་ཀྱི་ཆོས་སྐུ་ཡིན་ལ། དེ་ཡང་དེ་ལ་ལྐོག་དུ་གྱུར་པའི་ཕྱིར། དང་པོ་ཡིན་ཏེ། དེའི་ཡེ་ཤེས་ནི་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ཟུང་དུ་འཇུག་པ་ཡིན་ལ། དེ་གཉིས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་གཉིས་རིམ་པ་བཞིན་དུ་འཇུག་ཡུལ་དུ་བྱེད་པའི་རྒྱུ་མཚན་གྱིས། དེ་དང་དེར་འཇོག་དགོས་པའི་ཕྱིར། འཇུག་ཡུལ་གྱིས་ཡུལ་གྱི་གོ་མི་ཆོད་དོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། ཚད་མ་རྣམས་གཞལ་བྱ་གང་ལ་ལྟོས་ནས་ཚད་མར་འཇོག་པའི་ཡུལ་གྱི་གཙོ་བོ་ནི་འཇུག་ཡུལ་ཁོ་ནར་ངེས་པའི་ཕྱིར་ཏེ། ཚད་མར་འཇོག་བྱེད་ཀྱི་གཙོ་བོ་ནི་མི་བསླུ་བ་ཡིན་ལ། དེ་ཡང་འཇུག་ཡུལ་ལ་ལྟོས་ནས་དེར་འཇོག་དགོས་པ་ནི་གཞུང་ལུགས་ཀྱི་དགོངས་པ་ཡིན་པའི་ཕྱིར་རོ། །ཡང་རྟོགས་ཡེ་ཆོས་སྐུ་བདེན་སྟོང་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཀྱང་རྟོགས་པར་འགྱུར་ཏེ། དེས་ལྐོག་གྱུར་ཡུལ་དུ་བྱེད་པའི་ཕྱིར། དེས་དེ་ཡུལ་དུ་མ་བྱས་ན་ནི། དེས་དེ་སྒྲོ་འདོགས་གཅོད་པའི་གཞིར་མ་བཟུང་བར་འགྱུར་ཏེ། དེས་དེ་དམིགས་པའི་ཡུལ་དུ་མ་བྱས་པའི་ཕྱིར། གལ་ཏེ་ལྐོག་གྱུར་ཡུལ་དུ་བྱེད་ན། དེའི་དོན་སྤྱི་ཡུལ་དུ་བྱེད་དགོས་ལ། དེ་དེར་བྱེད་པའི་བློ་ཡིན་ན་རྟོག་པ་ལས་མ་འདས་སོ་སྙམ་ན། ཁྱབ་པ་དང་པོ་ཁས་ལེན་པར་ནུས་པ་མིན་ཏེ། དེ་ལྟ་ན་རྣམ་མཁྱེན་ལ་དམིགས་པའི་ཐེག་ཆེན་སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་ཡིན་ན། སྒྲ་དོན་འཛིན་པའི་རྟོག་པ་ཡིན་དགོས་པར་འགྱུར་ལ། དེ་ལྟ་ན། དེ་དང་མཚུངས་ལྡན་དུ་བྱུང་བའི་རྣལ་འབྱོར་མངོན་སུམ་མི་སྲིད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཐེག་ཆེན་འཕགས་པའི་རྒྱུད་ལ་ཐབས་ཤེས་ཟུང་དུ་འབྲེལ་བའི་མཁྱེན་པ་མི་སྲིད་པར་འགྱུར་རོ། །མཚུངས་ལྡན་གྱི་དོན་ཡུལ་ཅན་ཐེག་ཆེན་སེམས་བསྐྱེད་དེ་ཡུལ་སྟོང་ཉིད་ཀྱི་རྣམ་པ་ཤར་ཞིང་སྐྱེས་པ་ལ་བྱ་བ་ཡིན་ནོ། །ཁྱེད་ལ་ནང་འགལ་འདི་ལྟར་འབྱུང་སྟེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། རྟོག་པར་འགྱུར་ཏེ། ལྡོག་པ་མེད་དགག་ཞིག་སྣང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཡུལ་དུ་བྱེད་པའི་བློ་གང་ཞིག དེ་ཁྱོད་ལ་ལྐོག་གྱུར་ཡིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས་ཤིང༌། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། རང་ཡུལ་དུ་བྱེད་པའི་སློབ་པའི་རྒྱུད་ཀྱི་རྟོག་མེད་ཀྱི་ཤེས་པ་ལ་ལྐོག་གྱུར་ཡིན་དགོས་ཏེ། དེ་འདྲ་ཡོད་སྤྱི་མཚན་ཡིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས་ཞིང༌། ཁྱབ་པ་ཚད་མས་གྲུབ་བོ། །སྤྱིར་ཡང་ཆོས་དབྱིངས་མེད་དགག་གི་ཆ་དེ་ལྐོག་གྱུར་དུ་ཁས་ལེན་དགོས་ཏེ། སྤྱི་མཚན་དུ་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཁྱེད་ཀྱི་འདོད་པ་དེ་རྟོག་གེའི་གཞུང་ལས་ཀྱང་འབྱུང་བ་མ་ཡིན་ཏེ། ཚད་མ་སྡེ་བདུན་དུ། མདོ་སྡེ་པའི་ལུགས་རང་ལུགས་སུ་འཇོག་པ་ན་ཕྱི་རོལ་གྱི་དོན་འཛིན་པའི་མངོན་སུམ་ཐམས་ཅད་ལ། ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པར་བཤད་པའི་ཕྱིར། དེ་ཡིན་ཏེ། དཔེར་ན། གཟུགས་འཛིན་དབང་པོའི་མངོན་སུམ་གྱིས་གཟུགས་བཟུང་ཡུལ་དུ་བྱེད་ཅིང༌། དེ་དངོས་སུ་རིག་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་དེ་ལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ནི་ཇི་སྐད་དུ། རྒྱུའི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅི་ཡང༌། །མེད་ཅེས་པས་གྲུབ་ལ། རྟགས་གཉིས་པ་ནི་ཇི་སྐད་དུ། ཕྱི་རོལ་དོན་ནི་དངོས་སུ་མིན། །རང་བདག་རིག་བྱེད་འདི་དག་ནི། །དོན་ལ་སྐྱེས་པ་ཙམ་དུ་ཟད། །ཅེས་པས་གྲུབ་བོ། །དེ་ཙམ་དུ་མ་ཟད་ལུང་རིགས་ཀྱི་གནས་སྐབས་གང་དུ་ཡང༌། སེམས་ཅན་གྱི་ཤེས་རྒྱུད་ལ་སངས་རྒྱས་ཀྱི་གཟུགས་སྐུ་འཛིན་པའི་མངོན་སུམ་ཡོད་པར་འདོད་དགོས་ལ། དེ་ལྟ་ཡིན་པ་དེའི་ཚེ། དེ་དེ་ལ་རྟོག་པར་འགྱུར་ཏེ། དེ་དེ་ལ་ལྟོས་ཏེ་ལྐོག་གྱུར་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། དེ་ཡིན་ཏེ། སངས་རྒྱས་ཀྱི་སས་བསྡུས་པའི་ལོངས་སྤྲུལ་གཉིས་ནི། སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ལ་འདོད་དགོས་པས། སེམས་ཅན་ལ་ལྐོག་དུ་གྱུར་པའི་ཕྱིར་དང༌། སྣང་ཚུལ་གྱི་གཟུགས་སྐུ་ནི་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པས། སངས་རྒྱས་ཀྱི་སྐུར་ཁས་མི་ལེན་ནོ། །དེ་ལྟར་སྒོམ་ལམ་གཉིས་ཀྱི་ཁྱད་པར་བཤད་ཟིན་ནས། ཟག་པ་དང་བཅས་པའི་སྒོམ་ལམ་ལ་དབྱེ་ན། མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་ལ་སོགས་པ་གསུམ་མོ། །དང་པོ་ལ། མོས་པ་ངོས་བཟུང༌། དེའི་སྒོམ་ལམ་གང་ཡིན་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་མོས་པ་ཙམ་དང༌། འདིར་བསྟན་གྱི་མོས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་མངོན་པ་ཀུན་ལས་བཏུས་ལས། མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ཇི་ལྟར་ངེས་པ་འཛིན་པ་སྟེ། མི་འཕྲོག་པ་ཉིད་ཀྱི་ལས་ཅན་ནོ། །ཞེས་ངེས་པའི་ངོ་བོའམ། ངེས་པ་དེ་མ་ཐག་ཏུ་འདྲེན་པ་ལ་གསུངས་སོ། །གཉིས་པ་ནི། ལུང་རིགས་རྣམ་དག་གི་རྒྱུ་ལས་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་བློ་མཚུངས་ལྡན་དང་བཅས་པའོ། །འདི་ལ་རྟོག་པ་ཡིན་མིན་གྱི་དབྱེ་བས་གཉིས་ཏེ། དང་པོ་རྟགས་ལ་བརྟེན་པའི་རྗེས་དཔག་སྐྱེས་མ་ཐག་པ་དང༌། དེས་དྲངས་པའི་ངེས་ཤེས་རྣམས་ནི་རྟོག་པ་ཡིན་ལ། དེའི་རྒྱུན་གོམས་པར་བྱས་པ་ལ་བརྟེན་ནས་རྟོག་མེད་དུ་གྱུར་པའི་མོས་པ་ཡང་སྲིད་དེ། དཔེར་ན། གཙོ་བོ་རྟོག་མེད་ཀྱི་ཤེས་པའི་འཁོར་དུ་བྱུང་བའི་ཡུལ་ངེས་ལྔ་ཁས་ལེན་དགོས་པ་བཞིན་ནོ། །དེ་ཡང་མ་དག་སར་ནི་ཕལ་ཆེར་སྒྲ་དོན་འཛིན་པའི་རྟོག་པར་འབྱུང་ལ། དག་པའི་ས་གསུམ་དུ་ནི། མོས་པ་འདི་ཡང་རྟོག་མེད་ཀྱི་ཤེས་པར་ཁས་ལེན་དགོས་པ་ཡིན་ནོ། །གཞན་དུ་མོས་པ་གང་ཡིན་རྟོག་པར་ཁས་ལེན་ན་དྲན་པ་དང་ཆགས་སོགས་ལ་ཅིས་ཀྱང་ལེན་དགོས་པས། དབང་ཤེས་འཁོར་དུ་ཇི་ལྟར་འབྱུང་ཞེས་དཔྱད་དགོས་སོ། །འོ་ན་ཤེར་ཕྱིན་དེ་གང༌། དོན་གསུམ་པོ་དེ་ཅི། མོས་པ་དང་དེ་ཡིད་ལ་བྱེད་པའི་སྒོམ་ལམ་གཉིས་ལ་ས་མཚམས་ཀྱི་ཁྱད་པར་ཅི་ཞེ་ན། དང་པོ་ནི། མདོའི་ཚིག་ཟིན་ལྟར་ན། གཞུང་ཤེར་ཕྱིན་ལ་བཤད་ལ། དེས་མཚོན་ནས་ལམ་དང༌། ཆོས་ཀྱི་དབྱིངས་ཀྱང་བཟུང་བར་བྱ་ལ། དོན་གསུམ་ནི། བསྟན་འཆོས་ལས། རང་དང་གཞན་དང་གཉིས་ཀའི་དོན་ལ་བཤད་ཅིང༌། དེ་ལའང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་ལས། འདིར་ནི་མཐར་ཐུག་གཙོ་བོ་ཡིན་ལ། དེ་ཡང་ཆོས་ཀྱི་སྐུ་དང༌། སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་གསུམ་ལ་གསེར་གླིང་པས་བཤད་པ་ལྟར་ལེགས་ལ། ས་མཚམས་ནི། འདིར་བསྟན་གྱི་མོས་པ་ཙམ་ནི། ལམ་མ་ཞུགས་ནས་ཀྱང་ཡོད་ལ། དེ་ཡིད་ལ་བྱེད་པའི་བསྒོམ་པའི་ལམ་ནི། ས་གཉིས་པ་ནས་སོ། །དེ་ཡང་སློབ་དཔོན་གྱི་བཞེད་པས་རང་དོན་མོས་པ་མ་དག་ས་བདུན་དང༌། གཉིས་དོན་མོས་པ་བརྒྱད་དགུ་གཉིས་དང༌། གཞན་དོན་མོས་པ་ནི་ས་བཅུ་པས་བསྡུས་པར་བཞེད་དོ། །ས་མཚམས་འདི་ལྟར་བཞག་པ་འདི་ཡང༌། ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མོས་པ་ཙམ་གྱིས་མཚམས་མ་ཡིན་གྱི། ཇི་ལྟར་མོས་པ་བཞིན་དོན་གསུམ་བསྒྲུབ་ནུས་པའི་དབང་དུ་བྱས་པའོ། །དེ་ཡང་དོན་གསུམ་པོ་མངོན་དུ་བྱས་པའི་ས་མཚམས་ནི་མ་ཡིན་ཏེ། དོན་གསུམ་མཐར་ཐུག་པ་མངོན་དུ་བྱས་པ་ནི་སངས་རྒྱས་ཀྱི་ས་ཁོ་ནར་ངེས་པའི་ཕྱིར། དེ་ཡང་ས་གཉིས་པ་ནས། བློ་བུར་རྣམ་དག་གི་ཆོས་སྐུའི་ཕྱོགས་གཅིག་མངོན་དུ་བྱ་ཞིང༌། ཆ་ཤས་ལྷག་མ་རྣམས་བསྒྲུབ་དགོས་པས་དང༌། དག་པའི་སར་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་གཞན་གྱི་དོན་བྱས་པ་ཐམས་ཅད་རང་དོན་དུ་འགྱུར་ཞིང༌། རང་དོན་བྱས་པ་རྣམས་ཀྱང་གཞན་དོན་དུ་འགྱུར་བའི་རྒྱུ་མཚན་གྱིས་དང༌། ས་བཅུ་པར་གཞན་དོན་འཕྲིན་ལས་བྱེད་ཚུལ་སངས་རྒྱས་དང་མཉམ་པའི་རྒྱུ་མཚན་གྱིས་ས་མཚམས་དེ་ལྟར་དུ་མཛད་པ་ཡིན་ནོ། །དེ་ལྟར་བཤད་པ་ན་མོས་པ་གསུམ་གྱི་ཁྱད་པར་ནི། ཡུམ་རང་དོན་དང༌། གཞན་དོན་དང༌། གཉིས་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་མོས་པ་གསུམ་གྱི་དབྱེ་བས་དེར་བཞག་པ་ཅིག་དང༌། ཤེས་ཕྱིན་རང་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པ་བཞིན་དུ། དེ་དེའི་རྒྱུར་ཉམས་སུ་ལེན་བཞིན་པ་དང༌། ཡང་དེ་གཞན་དོན་གྱི་འབྱུང་གནས་སུ་མོས་པ་བཞིན། དེར་ཉམས་སུ་ལེན་བཞིན་པ་ཅིག་དང༌། གསུམ་པ་ལ་ཡང་དེ་བཞིན་དུ་སྦྱར་བས་མོས་པའི་འཇོག་མཚམས་གཉིས་ལས། མདོ་ལས་དངོས་སུ་བསྟན་པ་ནི་དང་པོ་དེ་ཡིན་ལ། འགྲེལ་པ་ལས་ནི་གཉིས་པ་དེ་བསྟན་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་མོས་པ་བཞིན་མཐོང་བའི་ཆོས་ཀྱི་མཚན་ཉིད། ཅེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་པའི་མོས་པ་ཞེས་བཤད་པས་སོ། །དེ་ལྟར་ན། ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མོས་པ་ནི་རྒྱུའི་ཀུན་སློང་ཡིན་ལ། དེས་ཀུན་ནས་བླངས་ནས་ཤེར་ཕྱིན་ལ་ཞུགས་པ་དེའི་ཚེ་ན། ཤེར་ཕྱིན་ནི་འདིར་བསྒོམ་པའི་ལམ་ཡིན་ལ། དེ་འདྲའི་སྒོམ་ལམ་དེ་ལ་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། རྒྱུའི་ཀུན་སློང་མོས་པ་དེས་ཀུན་ནས་བླངས་ཤིང༌། དུས་ཀྱི་ཀུན་སློང་ཡང་མོས་པ་དེ་དང་ལྷན་ཅིག་ཏུ་འཇུག་པའི་ཕྱིར་རོ། །དེ་ཡང་རྒྱུའི་ཀུན་སློང་མོས་པ་ཡིད་ལ་བྱེད་པའི་སྒོམ་ལམ་ནི་མཉམ་གཞག་རྣམས་ཀྱང་ཡིན་ལ། དུས་ཀྱི་ཀུན་སློང་དེ་དང་མཚུངས་པར་ལྡན་པར་ནི། རྗེས་ཐོབ་ཁོ་ནའོ། །དེ་ལྟར་ན་དུས་ཀྱི་ཀུན་སློང་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་མོས་པ་དང་མཚུངས་ལྡན་དུ་བྱུང་བའི་རྗེས་ལ་མངོན་རྟོགས་དེ། མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་གྱི་མཚན་ཉིད་དོ། །འདི་ཡང་མོས་པ་དེ་རྟོག་པ་ཡིན་པ་དེའི་ཚེ་ན་ནི་དབང་ལྡན་དུ་མཚུངས་པར་ལྡན་པ་ལ་འཆད་དགོས་ཏེ། སྒོམ་ལམ་གྱི་ངོ་བོ་ནི་རྣལ་འབྱོར་མངོན་སུམ་དུ་ངེས་པས། རྟོག་པ་དང་མངོན་གྱུར་དུ་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་རོ། །འོ་ན་དེ་ཙམ་ཞིག་མཉམ་གཞག་ན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། མཉམ་གཞག་ནི་རྒྱུན་ལྡན་དུ་འཇུག་པས། དང་པོར་རྒྱུའི་ཀུན་སློང་དུ་རྟོག་པ་དེ་ཡོད་ཀྱང༌། བར་བར་དུ་རྟོག་པ་དེས་ཀུན་ནས་བླང་བ་མི་སྲིད་ལ། མ་དག་པའི་རྗེས་ཐོབ་ནི། བར་བར་དུ་རྟོག་པས་ཆོད་པས། དུས་ཐུང་ངུར་འཇུག་ཅིང༌། རྟོག་པ་དེས་ཀུན་ནས་བླང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ལ་འཇུག་པ་དེའི་ཚེ་ན། སྒོམ་ལམ་གྱི་ངོ་བོ་ནི་ཡེ་ཤེས་ཀྱི་ལྡོག་ཆ་ནས་བཤད་ལ། རྟོག་པའི་ཆ་ཤས་གང་ཡོད་པ་དེ་ནི་སྒོམ་ལམ་དུ་མི་འཇོག་སྟེ། རྣལ་འབྱོར་མངོན་སུམ་མ་ཡིན་པས་སོ། །དེས་ཀུན་ནས་བླངས་ནས་ཤེར་ཕྱིན་ཡི་གེར་འདྲི་བ་དང༌། འཛིན་པ་དང༌། ཀློག་པ་སོགས་ལ་ནི་མོས་པས་བསགས་པའི་དགེ་རྩ་ཞེས་བྱ་ལ། དེ་དང་མཚན་གྱི་རྟོག་པ་ལྷན་ཅིག་ཏུ་འཇུག་ཅིང༌། དེ་གཉིས་ཀ་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས། ཟུང་དུ་འཇུག་པ་དེའི་ཚེ་ཐབས་ཤེས་གཉིས་ཀ་བསྡོམས་པ་དེ་ལ། མོས་པ་སྒོམ་ལམ་དང༌། རྗེས་ཐོབ་ཀྱི་ཡེ་ཤེས་སུ་འཇོག་པ་ཡིན་པས་སོ། །དེ་ལྟར་བཤད་པ་འདིས་ནི། བསྔོ་བ་དང་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་ལམ་གྱི་མཉམ་གཞག་ཀྱང་རྟོགས་པར་བྱའོ། །བྱེ་བྲག་བསྔོ་བའི་སྐབས་སུ། ངོ་བོ་དང༌། གང་དུ་བསྔོ་བ་དང༌། གང་བསྔོ་བ་དང༌། ཇི་ལྟར་བསྔོ་བ་དང༌། བསྔོ་བ་བྱས་པའི་དགོས་པ་རྣམས་སོ། །དང་པོ་ནི། དགེ་བའི་རྩ་བ་འབྲས་བུ་ཁྱད་པར་ཅན་གྱི་རྒྱུར་བསྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང༌། མདོ་སྡེའི་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གསུངས་སོ། །དེ་ཡང་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི་སྤྱི་དང་བྱེ་བྲག་ལ་བཞག་པ་ཡིན་ལ། དེ་ཡང་བསྔོ་བར་འཇོག་པ་ལ་བསྔོ་རྒྱུའི་དངོས་པོ་ཞིག་ངེས་པར་དགོས་ཤིང༌། ཅིག་ཤོས་ལ་དེ་དགོས་པའི་ངེས་པ་མེད་དོ། །གཉིས་པ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་དབྱེ་བས་གཉིས་ཏེ། ངེས་ལེགས་ཀྱང་བྱང་ཆུབ་གསུམ་གྱི་དབྱེ་བས་གསུམ་མོ། །དེ་ཡང་དང་པོ་དེར་བསྔོས་ན་བསོད་ནམས་ཆ་མཐུན་གྱི་དགེ་བར་འགྱུར་ལ། གཉིས་པ་དེར་བསྔོས་ན་ཐར་པ་ཆ་མཐུན་གྱི་དེར་འགྱུར་རོ། །གསུམ་པ་ནི། སྤྱིར་འདུས་བྱས་ཀྱི་དགེ་བ་དེར་བསྔོས་ན། དེའི་རྒྱུར་འགྱུར་ཞིང༌། དེར་མ་བསྔོས་ན་དེའི་རྒྱུར་འགྱུར་བའི་ངེས་པ་མེད་པ་རྣམས་ཏེ། དཔེར་ན་སོ་སོ་སྐྱེ་བོས་སྦྱིན་པ་བཏང་བ་དང༌། ཚུལ་ཁྲིམས་བསྲུང་བའི་དགེ་བ་དེ་སེམས་བསྐྱེད་དང་བསྔོ་བས་མ་ཟིན་ན་ཐར་པའི་རྒྱུར་མི་འགྱུར་ལ། ཟིན་ན་དེར་འགྱུར་བ་ལྟ་བུའོ། །འོ་ན་མངོན་མཐོའི་རྒྱུར་འགྱུར་བ་ལ་ཡང་དེར་བསྔོ་དགོས་སམ་ཞེ་ན། དེ་དགོས་པ་མིན་ཏེ། དགེ་བའི་རྩ་བ་དེ་ཆུད་མ་ཟོས་ན་དེར་མ་བསྔོས་ཀྱང་གནས་སྐབས་རྣམ་སྨིན་དང༌། བདག་པོ་དང༌། རྒྱུ་མཐུན་གྱི་འབྲས་བུ་འབྱིན་པར་ངེས་པའི་ཕྱིར་རོ། །འོ་ན་བདེ་འགྲོར་བསྔོས་པ་བ་ལ་དགོས་པ་ཅི་ཡོད་སྙམ་ན། དེར་མ་བསྔོས་ན་འཕེན་བྱེད་ཀྱི་རྒྱུ་ཙམ་ལས་མི་བྱེད་པ་ཞིག་ཡོད་ལ། དེར་བསྔོས་པའི་སྟོབས་ཀྱིས་འགྲུབ་བྱེད་མངོན་དུ་གྱུར་ནས། རྣམ་སྨིན་འབྱིན་ངེས་སུ་བྱེད་པ་ཡིན་ནོ། །དེ་ཡང་རང་གི་ཐོབ་བྱའི་ཐར་པའི་རྒྱུར་བསྔོ་བ་ལ་ནི། རང་གིས་བྱས་པའི་དགེ་རྩ་ཞིག་ངེས་པར་དགོས་པ་ཡིན་ཏེ། གཞན་ཁོ་ནས་བྱས་པའི་དགེ་བ་ནི་དེར་ཇི་ལྟར་བྱས་ཏེ་བསྒྱུར་ཀྱང་མི་འགྱུར་བའི་ཕྱིར། དེ་ལྟ་མོད་ཀྱི་རང་གི་མ་བྱས་ཀྱང་གཞན་གྱིས་བྱས་པའི་དགེ་བ་ལ་ཡི་རང་བར་བྱས་ནས་རང་གི་ཐོབ་བྱའི་རྒྱུར་བསྔོས་ན། དེར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། རྗེས་སུ་ཡི་རང་བ་ཡིད་ལ་བྱས་པས་ནི་རང་དང་གཞན་གྱི་བསོད་ནམས་བྱས་པ་མཉམ་པ་ཉིད་ཐོབ་པ་ཡིན་ནོ། །ཡང་གཞན་གྱིས་བྱས་པའི་དགེ་བ་དེ་བྱེད་པ་པོ་དེ་ཉིད་ཀྱིས་མ་བསྔོས་པར་དེ་ལས་གཞན་གྱིས་བསྔོས་པ་ཙམ་གྱིས་ནི། དེ་དང་དེའི་རྒྱུར་མི་འགྱུར་ཞིང་ཆུད་མི་ཟ་བར་ཡང་བྱེད་མི་ནུས་ཏེ། དེ་དང་དེར་བྱེད་པའི་འདུན་པ་ཁྱད་པར་ཅན་རང་རྒྱུད་ལ་མ་སྐྱེས་པའི་ཕྱིར། དེ་ལས་གཞན་དུ་ན་དེར་མི་འགྱུར་བ་མི་སྲིད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེར་མ་བསྔོས་པ་མི་སྲིད་པའི་ཕྱིར། སྤྱིར་རང་གིས་བྱས་པའི་དགེ་བ་ཡིན་པ་ཙམ་གྱིས་བསྔོ་རྒྱུའི་དགེ་བར་འཇོག་པའི་ངེས་པ་ཡང་མེད་དེ། དཔེར་ན་མཐོང་སྤངས་སྤངས་པའི་འགོག་པ་དང༌། དེའི་རྣམ་པར་གྲོལ་བའི་ལམ་བཞིན་ནོ། །གང་དག འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །ཞེས་གསུངས་པའི་དོན་ཆོས་དབྱིངས་མེད་དགག་གི་ཆ་བསྔོ་རྒྱུའི་དགེ་བར་འདོད་པ་ནི་རིགས་པ་མིན་ཏེ། དེ་ལྟ་ན་སྡིག་པ་ཐམས་ཅད་ཀྱང་བསྔོ་རྒྱུའི་དགེ་བ་དང་ལྡན་པར་ཐལ་བའི་ཕྱིར་དང༌། བྱང་སེམས་ཚོགས་ལམ་པ་ལྟ་བུས་རང་རྒྱུད་ཀྱི་ཆོས་དབྱིངས་བྱང་ཆུབ་ཏུ་བསྔོས་ཤིང༌། དེ་ལ་བརྟེན་ནས་ཆོས་དབྱིངས་དེ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང༌། ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པ་ཉིད་དུ་གྱུར་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་དང་དེར་སོང་བ་ཡིན་པར་འགྱུར་ཏེ། དེའི་ཚེ་སྔ་མ་དེར་སོང་བ་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་ཆོས་དབྱིངས་ལ་དེར་སོང་མ་སོང་གི་དབྱེ་བ་མེད་པའི་ཕྱིར། སངས་རྒྱས་དང་སེམས་ཅན་གྱི་ཆོས་ཉིད་ལ་ཡང་དབྱེ་བ་མེད་པར་བཤད་ན། གཞན་རྣམས་ལྟ་ཅི་སྨོས་པས་སོ། །དེ་སྐད་དུ་ཡང༌། རྗེ་བཙུན་ས་སྐྱ་པའི་གསུང་གིས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་སྡིག་པ་དང༌། །ལུང་མ་བསྟན་ཡང་དགེ་བར་འགྱུར། །དེ་ལྟ་ཡིན་ན་སེམས་ཅན་རྣམས། །ངན་འགྲོར་འགྲོ་བ་མི་སྲིད་དོ། །ཞེས་གསུངས་སོ། །ཆོས་དབྱིངས་མེད་དགག་གི་ཆ་ནི། བསྔོ་རྒྱུ་ལྟ་ཞོག དགེ་བ་ཙམ་དུ་ཡང་མི་རུང་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རིགས་པ་འདི་ནི། སེམས་ཅན་གྱི་སེམས་ཀྱི་ཆོས་དབྱིངས་མེད་དགག་གི་ཆ་ཁོ་ན་བདེ་བར་གཤེགས་པའི་སྙིང་པོར་འདོད་པ་ལ་ཡང་མཚུངས་པ་ཡིན་ཏེ། སྙིང་པོ་ཡིན་པ་སོགས་ཀྱི་སྤྲོས་པ་ལས་གྲོལ་བའི་ཕྱིར་དང༌། མས་ཅན་གཅིག་གི་སེམས་ཀྱི་ཆོས་དབྱིངས་མེད་དགག་གི་ཆ་དེ་དྲི་མས་རྣམ་པར་དག་པ་ན། སེམས་ཅན་ཐམས་ཅད་ཀྱི་ཆོས་དབྱིངས་ཀྱང་དེར་ཐལ་བས་སོ། །དེ་བས་ན་དྲི་མའི་སྦྱངས་གཞི་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ནི། མདོ་དང་བསྟན་བཅོས་དག་ལས་མ་ཡིན་པར་དགག་པའི་ཆ་ནས་བཤད་པ་ཡིན་གྱི། མེད་དགག་གི་ཆ་ལ་བཤད་པ་མེད་དོ། །དེ་ལྟར་ཤེས་པ་ན་སངས་རྒྱས་ཀྱི་ཆོས་དབྱིངས་མེད་དགག་གི་ཆ་ངོ་བོ་ཉིད་སྐུར་ཁས་ལེན་པ་ཡང་ཁེགས་པ་ཡིན་ཏེ། དེ་ལྟ་ན་ཤེས་བྱ་ཐམས་ཅད་ཆོས་དབྱིངས་ངོ་བོ་ཉིད་སྐུར་ཐལ་བའི་ཕྱིར་རོ། །དོན་དེ་ཡང་རྗེ་བཙུན་ས་སྐྱ་པས། གལ་ཏེ་བེམ་པོའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་མ་ཡིན་ཡང༌། །སེམས་ཅན་ཁོ་ནའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་ཡིན་སྙམ་ན། །མ་ཡིན་ཆོས་ཀྱི་དབྱིངས་ལ་ནི། །དབྱེ་བ་མེད་པར་རྒྱལ་བས་གསུངས། །ཞེས་བཤད་པས་སོ། །འོ་ན་ཆོས་དབྱིངས་དགེ་བར་འཆད་པ་དང༌། མི་འཆད་པའི་ལུགས་གཉིས་ཀྱི་དགོངས་པ་གང་དུ་བཟུང་ཞེ་ན། མདོ་དང་བསྟན་བཅོས་མང་པོ་དག་ལས་དེ་དགེ་བར་བཤད་པ་དེ་ནི། མ་ཡིན་དགག་གི་ཆ་ལ་དགོངས་པ་ཡིན་ལ། དེ་དགེ་བ་ཡིན་པ་འགོག་པའི་ལུང་རིགས་འཆད་པ་དེ་དག་གིས་ནི་མེད་པར་དགག་པའི་ཆ་ལ་དགོངས་པའོ། །འོ་ན་ཀུན་གཞིའི་སྟེང་གི་མྱོང་བ་གསལ་རིག་གི་ཆ་དེ་དགེ་བར་འཆད་ན། ཀུན་གཞི་དགེ་བར་མི་འཆད་པ་ཅི་ཞེ་ན། དེ་ཀུན་གཞིར་ཁས་མི་ལེན་ཏེ། ཐེག་བསྡུས་ལས་ཀུན་གཞིའི་གཉེན་པོར་བཤད་པའི་ཕྱིར་དང༌། མ་སྒྲིབ་ལུང་མ་བསྟན་གྱི་གཉེན་པོ་ནི་དགེ་བ་ལས་འོས་མེད་པས་སོ། །དེ་ལྟ་ན་ཡང་ཆོས་ཀྱི་དབྱིངས་མ་ཡིན་པར་དགག་པའི་ཆ་དེ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་དགོས་པ་ནི་མ་ཡིན་ཏེ། དེ་མ་བསྔོས་ཀྱང་ཆུད་ཟ་བ་མི་སྲིད་པའི་ཕྱིར་དང༌། དེ་མ་བསྔོས་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ངེས་པའི་ཕྱིར་རོ། །དགེ་བར་འཆད་རྒྱུའི་མ་ཡིན་དགག་དེ་ཡང་ཞིབ་མོར་ན་ཀུན་གཞིའི་གསལ་ཆ་དེའི་སྟེང་གི་ཟག་མེད་ཀྱི་ས་བོན་ཞེས་བྱ་བ་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་ལ་འཆད་དགོས་ཏེ། དེ་རང་བཞིན་གནས་རིགས་སུ་འཆད་པས་སོ། །བཞི་པ་ནི། འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སོ། །གསུམ་པ་ནི། གང་དུ་བསྔོ་བའི་ཡུལ་དང༌། གང་གིས་བསྔོ་བའི་སེམས་དང༌། གང་བསྔོ་བའི་རྫས་སོ། །འདི་དམིགས་པ་ནི་རིགས་པས་དཔྱད་ན་དེ་གསུམ་རང་རང་གི་ངོ་བོས་སྟོང་པའོ། །ཟིན་པ་ནི། དུས་ཀྱི་ཀུན་སློང་ཤེས་རབ་དེ་དང་མཚུངས་པར་ལྡན་པའོ། །ཡང་ན་ཡུལ་ཅན་བསྔོ་བ་དེ་ཡུལ་མི་དམིགས་པའི་རྣམ་པར་ཤར་བའོ། །ལྔ་པ་ནི། བསྔོ་ས་ཡུལ་དེ་ཇི་སྲིད་མངོན་དུ་མ་བྱས་པ་དེ་སྲིད་དུ་ཆུད་མི་ཟ་བའོ། །གཉིས་པ་ཟག་པ་མེད་པའི་སྒོམ་ལམ་ལ། མཚན་ཉིད་ནི། གཟུང་འཛིན་གཉིས་སུ་སྣང་བའི་རྟོག་པ་དང་བྲལ་བའི་རྗེས་ལ་མངོན་རྟོགས་སོ། །ཆོས་མངོན་པ་ལས། སྒོམ་ལམ་ལ་ཟག་བཅས་ཟག་མེད་གཉིས་སུ་ཕྱེ་བ་དང༌། འདིར་དེ་གཉིས་སུ་ཕྱེ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། མངོན་པ་ལས་ནི། རང་གི་ངོ་བོ་ཟག་པ་དང་བཅས་མ་བཅས་ལས་ཡིན་ལ། འདིར་ནི་ཡུལ་དེ་ཟག་པ་དང་བཅས་མ་བཅས་ལས་ཕྱེ་བ་ཡིན་ནོ། །དེ་ཡང་མངོན་པར་ནི། གཉིས་ཀ་ལ་མཉམ་རྗེས་གཉིས་གཉིས་ཡོད་ལ། འདིར་ནི་མཉམ་རྗེས་སོ་སོར་ངེས་པ་དང༌། མངོན་པར་ནི་འཇིག་རྟེན་པའི་དགེ་བ་དག་པ་བ་ཞེས་བྱ་བའི་རྒྱུའི་ཀུན་སློང་དུ་ཟག་པ་མཚན་ཉིད་པ་སྔོན་དུ་སོང་བ་ཞིག་ལ་ཟག་བཅས་དང༌། དེ་སྔོན་དུ་ངེས་པར་མ་སོང་བ་ཞིག་ལ་ཟག་པ་མེད་པ་ཞེས་པས། མངོན་པ་ནས་འབྱུང་བའི་ཟག་མེད་དེ་ལ་འདིར་གཉིས་སུ་ཕྱེ་བ་ཡིན་པར་ངེས་ཆོད། དེ་ལྟ་ན་ཡང༌། ཟག་པའི་འཇོག་མཚམས་ཡེ་མི་གཅིག་པ་ནི་མ་ཡིན་ཏེ། གཉིས་ཀས་ཀྱང༌། ཉོན་མོངས་ལ་ཟག་པར་བཞག་པ་ལ་མཐུན་པས་སོ། །གང་དག་ཆོས་མངོན་པའི་ལུགས་ལ་ཟག་བཅས་ཐམས་ཅད་ཞི་རགས་ཀྱི་རྣམ་པ་ཅན་དུ་འཆད་པ་ནི་མ་ཤེས་པ་ཡིན་ཏེ། ཉེར་བསྡོགས་ཀྱི་ཚེ་དེ་ལྟར་ཡིན་ཀྱང༌། དངོས་གཞིའི་ཚེ་ཞི་རགས་སུ་ལྟ་བ་མེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཐོབ་པའི་དངོས་གཞི་དགེ་བ་དག་པ་བ་ཞེས་བྱ་བ་བདེན་པའི་རྣམ་པ་ཅན་གྱི་ལམ་གསུམ་པོ་གང་རུང་གི་ངོ་བོར་མ་སྐྱེས་པ་དེ་ནི། ཟག་བཅས་ཞེས་བྱ་ཞེས་བྱ་སྟེ། རྒྱུའི་ཀུན་སློང་ཁམས་གོང་མ་ལ་སྲེད་པའི་ཟག་པས་ཀུན་ནས་བླངས་ཤིང༌། རང་གི་ངོ་བོ་ཟག་པ་རྒྱས་པར་འགྱུར་བའི་རིགས་ཡིན་པའི་ཕྱིར། གཉིས་པ་དབྱེ་བ་ལ། བསྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས་ལས། གཉིས་པོའི་ཁྱད་པར་ལོ་ཙཱ་བ་ཆེན་པོ། མཉམ་རྗེས་ལ་བཞེད་པ་ཡིན་ཏེ། གཞན་དབང་གི་ཡུལ་ཅན་ཡོན་ཏན་བསྒྲུབ་པ་དང༌། ཡོངས་གྲུབ་ཀྱི་ཡུལ་ཅན་དྲི་མ་སེལ་བ་ཞེས་བཞེད་ལ། དོན་དེ་ཡང་རྒྱུད་བླ་མ་ལས། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །བློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བརྗོད། །ཅེས་དང༌། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་སྦྱོང་བ་དང༌། །ཆོས་ཀྱི་སྐུ་ནི་རྫོགས་པའོ། །ཞེས་པའི་ལུང་ཤེས་བྱེད་དུ་མཛད་ནས། འདིས་སྒྲུབ་པར་བྱེད་པས་ན་བསྒྲུབ་པ་སྒོམ་ལམ་སྟེ། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་སོ། །འདིས་དག་པར་བྱེད་པས་ན་རྣམ་དག་སྟེ། ས་དང་སར་སྒྲིབ་པ་སྤོང་བར་བྱེད་པའོ། །ཞེས་གསུང་ངོ༌། །ཨར་བྱང་ཆུབ་ཡེ་ཤེས་ནི། སྔ་མ་བར་ཆད་མེད་པའི་ལམ་དང༌། ཕྱི་མ་རྣམ་པར་གྲོལ་བའི་ལམ་དུ་བཤད་ནས། གཉིས་ཀ་མཉམ་གཞག་དུ་འཆད་དོ། །རང་ལུགས་ཀྱང་འདི་ཉིད་ཡིན་ལ། ཞིབ་མོར་ཕྱེ་ན། མཉམ་གཞག་བར་ཆད་མེད་ལམ་དེའི་སྟེང་ན་དྲི་མ་སེལ་བའི་ཆ་དང༌། ཡོན་ཏན་མངོན་དུ་བྱེད་པའི་ཆ་གཉིས་ལས། དང་པོ་ནི། རྣམ་དག་སྒོམ་ལམ་གྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས། འོག་ཏུ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བསྒྲུབ་བྱེད་ཀྱི་སྐབས་སུ་འཆད་ལ། འདིར་ནི། ཡོན་ཏན་མངོན་པར་བསྒྲུབ་པའི་ཆ་ནས་འཆད་པ་ནི། དེའི་ངོ་བོ་ཉིད་མཆོག་ཉིད། །ཅེས་སོགས་སོ། །བོད་སྔ་མ་ཁ་ཅིག སྔ་མ་རྟོགས་པ་དང་ཕྱི་མ་སྤངས་པའི་ཆ་ལ་འཇོག་པ་ཡོད་ཀྱང༌། སྤངས་པ་འདུས་མ་བྱས་སྒོམ་ལམ་དུ་འཆད་དཀའ་བས་མི་འཆད་པར་རྟོགས་སླ་ལ། དར་ཊཱིཀ་མཛད་པ་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་གཅིག་ཉིད་ལ། ལྡོག་པའི་ཆ་ནས། རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དང༌། སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་ཅེས་བྱ་བ་ནི། ས་དགུ་ལ་ནི་ཆེན་པོ་ནི། །ཞེས་སོགས་རྣམ་དག་སྒོམ་ལམ་གྱི་ངོས་འཛིན་དུ་སྦྱོར་བར་རིགས་ན། དེ་ལྟར་འཆད་པ་ལ་འགྲིག་ཆ་སྣང་ཡང༌། ཁྱེད་ཀྱིས་དེ་ལྟར་མ་བཤད་ཅིང༌། གཞུང་དེ་ནི་ཞར་བྱུང་རྣམ་དག་ཤིན་ཏུ་བའི་སྒྲུབ་བྱེད་འཆད་པའི་གཞུང་དུ་གསལ་བ། འཕགས་སེང་གཉིས་ཀྱི་བཞེད་པར་ཁྱེད་ཀྱིས་བཤད་ནས། དེ་དེ་སྟོན་བྱེད་ཀྱི་གཞུང་ཡིན་པར་ཁྱེད་ཀྱིས་མི་འཆད་པའི་ཕྱིར་དང༌། རྣམ་དག་སྒོམ་ལམ་དངོས་འཆད་པ་ན། མདོར་བསྟན་དང་རྒྱས་བཤད་གཉིས་ལས། མདོར་བསྟན་དུ་གང་སྦྱར་སྦྱར་སྣང་ཡང༌། རྒྱས་བཤད་ཀྱི་སྐབས་སུ། སྤྱིར་རྣམ་དག་བཞི་ཀ་སྤངས་པའི་ཆ་ནས་བཤད་ཅིང༌། སྐབས་སུ་བབ་པ་བྱང་སེམས་ཀྱི་རྣམ་དག་སྒོམ་ལམ་ནི། ཇི་སྐད་དུ། ལམ་གསུམ་སྒྲིབ་ཉམས་ཕྱིར། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཞེས་བཤད་པའི་ཕྱིར་རོ། །རྣམ་དག་སྒོམ་ལམ་གྱི་སྐབས་སུ་བོད་སྔ་མ་རྣམས་འགོག་བདེན་བཅུ་བདུན་གྱི་རྣམ་གཞག་འཆད་ཀྱང༌། ཤེས་བྱེད་ཀྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ་གང་ཡང་མེད་ལ། གཞུང་ལས། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཞེས་གསུངས་པ་དེ་ནི། འབྲས་བུ་འདུས་བྱས་ལ་འཆད་དགོས་ཏེ། རྣམ་དག་སྒོམ་ལམ་འཆད་པའི་སྐབས་ཡིན་པའི་ཕྱིར། འདིར་འབྲས་བུ་བཞི་ཀ་སྐབས་ཀྱི་དོན་མ་ཡིན་ཡང་འཆད་པའི་རྒྱུ་མཚན་ནི། མདོ་ལས་འབྲས་བུ་རྣམ་པར་དག་པ་ཞེས་གསུངས་པ་དེ་ངོས་འཛིན་པའོ། །འདི་ནི་དོན་གསུམ་གྱིས་བཤད་པར་བྱ་སྟེ། མདོའི་དོན་བཤད། དེ་ཉིད་བསྟན་འཆོས་ཀྱིས་བསྡུས་པའི་ཚུལ། རྣམ་དག་སྒོམ་ལམ་གྱི་འཆད་ཚུལ་སྔར་བཤད་པ་ལས་གཞན་དུ་བཤད་པ་དང་གསུམ་མོ། །དང་པོ་ནི་མདོ་ལས། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེར་ཕྱིན་རྣམ་པར་དག་པ། ཤེར་ཕྱིན་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང༌། འབྲས་བུ་རྣམ་པར་དག་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང༌། གཉིས་སུ་བྱར་མེད། ཐ་མི་དད་ཅིང་མ་ཆད་པའོ། །ཞེས་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་སོ། །དེ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ཡུལ་གྱི་དབང་དུ་བྱས་སོ། །ཤེར་ཕྱིན་ཞེས་པ་ནི་ཡུལ་ཅན་སྒོམ་ལམ་གྱི་དབང་དུ་བྱས་སོ། །འབྲས་བུ་ཞེས་པ་ནི། དེའི་འབྲས་བུ་རྣམ་པར་གྲོལ་བའི་ལམ་དང་འགོག་པའི་བདེན་པ་སྟེ། དེས་གཞན་རྣམས་ཀྱང་མཚོན་པའོ། །འོ་ན་དེ་གསུམ་གྱི་དག་པ་གསུམ་པོ་ཐ་མི་དད་པའི་རྒྱུ་མཚན་ཅི་ཞེ་ན། དེ་གསུམ་ཀའི་དག་བྱའི་དྲི་མ་གཅིག་ཡིན་ལ། གཅིག་པོ་དེ་གཉེན་པོས་སྤངས་པའི་ཚེ། སྤངས་པ་ཐ་དད་པ་གསུམ་མེད་པའོ། །གཉིས་པ་ནི་དེ་ལྟར་བཤད་པའི་མདོ་གོང་མའི་དོན་ནི། འབྲས་བུ་དག་པ་ཞེས་སོགས་རྐང་པ་གཉིས་སོ། །མདོ་ལས་དེ་ལྟར་ན་ཞེས་སོགས་དོན་བསྡུར་བཤད་པ་དེ་དག་ནི། བསྟན་འཆོས་སུ་དག་པ་དེ་གསུམ་ཐ་མི་དད་པའི་སྒྲུབ་བྱེད་དུ་འཆད་པ་ནི། གང་གི་ཕྱིར། དེ་གཉིས་ཐ་དད་མ་ཡིན་ཞིང༌། །ཞེས་སོགས་སོ། །ཐ་དད་མ་ཡིན་ཞིང་ཞེས་པ་ནི། ངོ་བོར་ཐ་མི་དད་པའོ། །བཅད་དུ་མེད་ཅེས་པ་ནི། ལྡོག་པ་ཐ་མ་དད་པའོ། །གཉིས་སུ་མེད་ཅེས་པ་ནི། གཟུང་འཛིན་གཉིས་སུ་མེད་པའོ། །གཉིས་སུ་བྱར་མེད་ཅེས་པ་ནི་ངག་གིས་གཉིས་སུ་སྟོན་མི་ནུས་པའོ། །ངག་དོན་བསྡུས་ན། ས་གཉིས་པའི་མཉམ་གཞག་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱང་དྲི་མས་རྣམ་པར་དག་པ་ཡིན་ཏེ། ཁྱོད་དེས་དག་པའི་དག་པ་དེ་དང༌། ཁྱོད་ཀྱི་ཡུལ་གཟུགས་སོགས་ཁྱོད་ཀྱི་ངོ་སྐལ་གྱི་དྲི་མས་དག་པའི་དག་པ་གཉིས་ཐ་དད་དུ་མེད་པའི་ཕྱིར་ཏེ། དག་བྱའི་དྲི་མ་གཅིག་གིས་དག་པའི་དག་པ་ལ་མི་འདྲ་བ་གཉིས་མི་འབྱུང་བའི་ཕྱིར། དཔེར་ན། ཕ་མ་གཉིས་ཀྱིས་བུ་གཅིག་ཤི་བའི་ཚེ་ཤི་བ་ཐ་དད་པ་གཉིས་མི་འབྱུང་བ་བཞིན་ནོ། །གསུམ་པ་ནི། འདིར་འབྲས་བུ་ཞེས་པ་རྣམ་གྲོལ་ལམ་དང༌། འགོག་བདེན་གཉིས་རྣམ་དག་སྒོམ་ལམ་དུ་སྦྱོར་བ་ནི་མདོ་དང་ཅུང་མི་འགྲིག་སྟེ། མདོ་ལས་འབྲས་བུ་དང༌། ཡུམ་དང༌། ཡུལ་གསུམ་དུ་བཤད་ལ། དེ་དུས་ཀྱི་ཡུམ་དེ་སྒོམ་ལམ་དུ་འཆད་རྒྱུ་ཡིན་པའི་ཕྱིར་དང༌། བསྟན་འཆོས་སུ་ནི་ཡུལ་དང་འབྲས་བུའི་དག་པ་བཤད་ནས། ཡུམ་གྱི་དག་པ་མ་བཤད་པས། ཡུམ་རྣམ་དག་སྒོམ་ལམ་དངོས་དེ་འབྲས་བུ་དག་པ་ཞེས་སོགས་ཀྱི་སྐབས་འདིར་འཆད་རྒྱུ་མིན་པར་གསལ་བའི་ཕྱིར་དང༌། འབྲས་བུའི་དག་པ་དང༌། ཡུལ་གྱི་དག་པ་སོགས་ཐ་མི་དད་པར་འཆད་པ་འདི་ཡང༌། འབྲས་བུ་བློ་བུར་གྱི་དྲི་མས་དག་པའི་དུས་སུ། ཡུལ་ཡང་དེས་དག་པར་སྟོན་པ་མ་ཡིན་ཏེ། དེ་ལྟ་ན་ཤེས་བྱ་ཐམས་ཅད་སངས་རྒྱས་སུ་ཐལ་བའི་ཕྱིར། འོ་ན་ཅི་ཞེ་ན། དག་གཞི་ཡུལ་གྱི་རང་བཞིན་རྣམ་དག་དེ་དང༌། དག་བྱེད་ཡུལ་རང་གི་ངོ་བོ་ལ་དྲི་མ་མེད་པ་དེ་དང༌། དག་འབྲས་བློ་བུར་གྱི་རྣམ་དག་གསུམ་པོ་ཐ་དད་མེད་པར་འཆད་རྒྱུ་ཡིན་པའི་ཕྱིར། དེ་ལས་ཅིར་འགྱུར་ཞེ་ན། བློ་བུར་རྣམ་དག་གི་དག་པ་དེ་དང༌། རང་བཞིན་རྣམ་དག་གི་དག་པ་གཉིས་པོ་ཐ་མི་དད་དུ་གྲུབ་པ་ན། དྲི་མ་རྣམས་གཉེན་པོས་དག་རུང་དུ་འགྲུབ། དེ་ལྟར་གྲུབ་པ་ན། ཡུལ་ཅན་ཤེར་ཕྱིན་གྱིས་དྲི་མ་མཐའ་དག་སེལ་ནུས་པར་འགྲུབ། དེ་གྲུབ་པ་ན། དེ་རྣམ་དག་སྒོམ་ལམ་དུ་གྲུབ་པའོ། །དེ་ལྟར་བཤད་པ་ན་འབྲས་བུ་དག་པ་ཞེས་སོགས་ཀྱིས་ནི། བློ་བུར་རྣམ་དག་གི་འགོག་པ་དང༌། རང་བཞིན་རྣམ་དག་དབྱེར་མེད་དུ་འཆད་ནས། དེའི་འོག་ཏུ་འགོག་པ་དེའི་དབྱེ་བ་འཆད་པ་ནི། ཉོན་མོངས་ཤེས་བྱ་སོགས་ཡིན་ལ། དག་པ་དེའི་རྒྱུ་རྣམ་དག་སྒོམ་ལམ་དངོས་འཆད་པ་ནི། ས་དགུ་ལ་ནི་ཞེས་སོགས་སོ། །དེ་ལྟར་བཤད་ན་མདོ་གཞུང་ལ་ཤིན་ཏུ་འགྲིག་ཅིང༌། འགྲེལ་པ་དང་ཅུང་ཟད་ཀྱང་མི་འགལ་མོད། སློབ་དཔོན་གོང་མ་རྣམས་ཀྱིས་དེ་ལྟར་དུ་བཤད་པ་མེད་པས། དེ་དག་དང་བསྲེ་བར་མི་བྱའོ། །འོ་ན་འདིར་ས་དགུ་ཞེས་པ་སྤང་བྱའི་རྟེན་ནམ་གཉེན་པོའི་རྟེན་ལ་འཆད་ཅེ་ན། འགྲེལ་ཆེན་དུ། གཉེན་པོའི་རྟེན་ལ་འཆད་པའི་ལུགས་དང༌། སྤང་བྱའི་རྟེན་ལ་འཆད་པའི་ལུགས་གཉིས་གསུངས་ནས། རང་ལུགས་གང་ཡིན་གསལ་བར་མ་བཤད་ཀྱང༌། གཉིས་ཀ་མི་འགལ་ཏེ། སྤང་བྱའི་རྟེན་ཡིན་པ་ལ་ནི་རྩོད་པ་མེད་ཅིང༌། བྱང་སེམས་ཐབས་ལ་མཁས་པ་ལ་གཉེན་པོའི་རྟེན་དུ་ཡང་རུང་བ་དེ་ཉིད་ཀྱི་ཕྱིར་རོ། །སྒྲུབ་བྱེད་ལ་ཀླན་ཀ་སྤང་བའི་སྐབས་སུ། སློབ་དཔོན་གྱི་འགྲེལ་པའི་དགོངས་པ་ནི། དེ་ལ་ཀླན་ཀ་སྤངས་པ་ཡི། །ཞེས་སོགས་དཀྱུས་ན་གསལ་བ་བཞིན་ཡིན་ལ། ཀླན་ཀ་ཡང་འགྲེལ་པ་ན་གསལ་བ་དེ་ཉིད་དོ། །འཕགས་པའི་དགོངས་པ་ནི། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །རྟོགས་བྱེད་ལམ་ནི་གཉེན་པོར་འདོད། །དེ་ལ་ཀླན་ཀ་སྤངས་པའོ། །ཞེས་སྦྱར་ནས། རྣམ་དག་སྒོམ་ལམ་གཉེན་པོ་ཡིན་པའི་ཤེས་བྱེད་དང༌། དེ་ལ་ཀླན་ཀ་སྤང་བ་གཉིས་འཆད་དོ། །ཀླན་ཀ་ནི་གསུམ་ལས། དང་པོ་ནི་མཉམ་པ་ཉིད་ཅེས་པ་མི་འཐད་དེ། སྤང་གཉེན་གཉིས་སྐྱེ་འགག་སོ་སོར་བྱེད་པའི་ཕྱིར། ཞེས་པ་དང༌། དེའི་ལན་དུ། དོན་དམ་པར་རྣམ་མཁྱེན་ལ་ཡུལ་གྱི་ཕན་གནོད་གང་ཡང་མི་བྱེད་པས་རྟགས་མ་གྲུབ་ལ། ཐ་སྙད་དུ་ཁྱབ་པ་མ་ངེས་སོ་ཞེས་པ་ལ། འོ་ན་ཚོགས་གཉིས་འབད་པས་བསྐྱེད་པ་དོན་མེད་པར་ཐལ། དེས་དེ་ལ་མི་ཕན་པའི་ཕྱིར་ཅེ་ན། དོན་དམ་པར་ཡུམ་གྱིས་ཆོས་གང་ཡང་འབྲས་བུར་མ་བཟུང་བར་ལན་བཏབ་པ་ལ། འོ་ན་ཆོས་གང་ཡང་མ་བཟུང་ན་ཐོབ་བྱ་ཐོབ་པ་དང༌། རྟོགས་བྱ་རྟོགས་པ་མེད་པར་འགྱུར་རོ། །ཞེ་ན། དོན་དམ་པར་འདོད་དོ་ཞེས་ལན་བཏབ་པ་ནི་ཉི་སྣང་གི་དགོངས་པ་སྟེ། ཐོག་མར་གཉེན་པོ་བསྟན་ནས། འོག་ཏུ་ཀླན་ཀ་སྤོང་བའི་ཚུལ་འདི་ནི། མདོའི་གོ་རིམ་དང་མཐུན་ཅིང༌། ཀླན་ཀ་གསུམ་པོ་ཡང༌། མདོའི་དངོས་བསྟན་ཇི་ལྟ་བ་བཞིན་ཡིན་ལ། སློབ་དཔོན་གྱིས་འཆད་པའི་རྩོད་ལན་འདི་ནི་མདོ་ན་མི་གསལ་ལོ། །དེ་ལྟར་སྒོམ་ལམ་གྱི་དབྱེ་བ་བསྟན་ཟིན་ནས། གསུམ་པ་སྤང་བྱ་སྤོང་ཚུལ་ལ་གཉིས་ཏེ། སྤྱིར་སྤོང་ཚུལ་དང༌། གང་ཟག་སོ་སོའི་སྤོང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གང་སྤོང༌། གང་གིས་སྤོང༌། ཇི་ལྟར་སྤོང་བའོ། །དང་པོ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ལས། དང་པོ་ལ་དངོས་ནི། ཉོན་མོངས་པ་ས་བོན་དང་བཅས་པ་ཡིན་ལ། དེའི་ཀུན་ནས་བསླངས་པའི་ལས་དང༌། རྣམ་པར་སྨིན་པ་གཉིས་ཀྱང་དེར་འདུས་ཏེ། དེའི་ས་བོན་སྤངས་ན་དེ་གཉིས་ཀྱང་སྤངས་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་དངོས་ནི། བདེན་འཛིན་ས་བོན་དང་བཅས་པ་ཡིན་ལ། བདེན་མེད་དུ་ཞེན་པའི་རྟོག་པ་སོགས་མཚན་འཛིན་གྱི་རྟོག་པ་ཇི་སྙེད་པ་དང༌། ཉོན་མོངས་པས་བཞག་པའི་གནས་ངན་ལེན་རྣམས་ཀྱང་དེར་འདུས་ཏེ། དེའི་ས་བོན་སྤངས་པ་ན་དེ་སྤངས་པའི་ཕྱིར་རོ། །གཉིས་པ་ནི་བཞི་སྟེ། སུན་འབྱིན་པའི་གཉེན་པོ། སྤོང་བ་གཉེན་པོ། གཞི་གཉེན་པོ། ཐག་བསྲིང་བའི་གཉེན་པོའོ། །དང་པོ་ནི་ཐོག་མར་ཟག་པ་དང་བཅས་པ་རྣམས་ལ་ཉེས་དམིགས་གསུམ་བལྟ་བའོ། །གཉིས་པ་ནི། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་མོ། །གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་མོ། །བཞི་པ་ནི་ཁྱད་པར་གྱི་ལམ་མོ། །གཉེན་པོ་ལ་ལམ་བཞིར་འབྱེད་པ་ནི་ཆོས་མངོན་པ་ནས་འབྱུང་ལ། རྒྱན་འདིར་ནི། སྦྱོར་བ་དང་འཇུག་པ་གཉིས་བཤད་ཅིང༌། གཉིས་པོའི་དོན་ནི། སྦྱོར་བ་ནི་མངོན་པ་ནས་འབྱུང་བའི་སྦྱོར་བ་དང་དོན་གཅིག་ཅིང༌། འཇུག་པ་ནི་བར་ཆད་མེད་པའི་ལམ་ལ་འཆད་དོ། །སྒྲིབ་པ་ཐམས་ཅད་གཉིས་སུ་འདུ་བར་འཆད་པ་ནི། དེ་ཁོ་ན་ལྟར་ཡིན་པའི་རྒྱུ་མཚན་འོག་ནས་འཆད་ལ། སྤང་བྱ་ཐམས་ཅད་མཐོང་སྤངས་དང་བསྒོམ་སྤངས་གཉིས་སུ་སྡུད་དོ། །ཞེས་ཟེར་བ་ལ་ནི་ཁུངས་མེད་ཅིང༌། རྒྱན་རྩ་འགྲེལ་དང་འགལ་ལོ། །ཇི་ལྟར་ཞེ་ན། ལུས་རྣམ་བཞག་དུ། མཐོང་སྒོམ་གཉིས་ཀྱི་སྤང་བྱ་གཉིས་དང༌། བསལ་བྱ་ལོག་བསྒྲུབ་ཏེ་གསུམ་དུ་ཕྱེ་ཞིང༌། གཉེན་པོ་ལ་ཡང་གསུམ་དུ་ཕྱེ་ནས། ཡན་ལག་རྒྱས་བཤད་དུ། བརྟེན་པ་ཡོན་ཏན་གྱི་སྐབས་སུ། སྒོམ་སྤངས་སྤངས་ཟིན་པར་བཤད་ནས། དེའི་རྗེས་ལ་བར་ཆད་མེད་ཅེས་བསལ་བྱ་ལོག་སྒྲུབ་སེལ་བར་བཤད་པའི་ཕྱིར། དེ་ལྟར་ན་ལུགས་འདི་ལ་མཐོང་སྤངས་དང༌། སྒོམ་སྤངས་དང༌། གནས་ངན་ལེན་གྱི་བག་ཆགས་ཞེས་བྱ་བ་གསུམ་ཡིན་ལ། དེ་སྤོང་བྱེད་ཀྱི་གཉེན་པོ་ལ་ཡང་སྦྱོར་བ་དང༌། བར་ཆད་མེད་ལམ་དང༌། ཁྱད་པར་གྱི་ལམ་སྟེ་གསུམ་མོ། །དེ་ཡང་དང་པོ་གཉིས་ལ་སྦྱོར་འཇུག་གཉིས་སུ་འབྱེད་པ་གཞུང་དུ་གསལ་ཞིང༌། ཕྱི་མ་བར་ཆད་མེད་པའི་རྩེ་སྦྱོར་ལ་གཉིས་སུ་འབྱེད་པའི་ཁུངས་ནི། མངོན་པ་ཀུན་ལས་བཏུས་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་གཉིས་སུ་ཕྱེ་བ་ལས་གསལ་ལོ། །དེར་མ་ཟད་སྤང་བྱ་ཐམས་ཅད་དེ་གཉིས་སུ་མི་འདུ་བའི་ཤེས་བྱེད་ནི། དགྲ་བཅོམ་པས་ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་སྤོང་བཞིན་པ་དུ་མ་ཡོད་པ་དང༌། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བ་གཉིས་ཀའི་ཆ་ལས་རྣམ་གྲོལ་དུ་འགྱུར་བའི་ཚེ། སྙོམས་འཇུག་གི་སྒྲིབ་པ་སྤོང་བ་ཡོད་པ་དང༌། སྙོམས་འཇུག་དགུ་ཐོབ་པའི་དགྲ་བཅོམ་པས་རྣམ་པར་ཐར་པ་བརྒྱད་བསྒྲུབ་པའི་ཚེ་དང༌། མངོན་པར་ཤེས་པ་བསྒྲུབ་པའི་ཚེ་དེ་དང་དེ་ལ་གེགས་བྱེད་ཀྱི་སྒྲིབ་པའི་ས་བོན་སྤོང་དགོས་པ་དང༌། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པའི་སྐབས་ནས་འབྱུང་བ་ལྟར། མཐོང་ལམ་རྣམ་གྲོལ་ལམ་རྫོགས་ཤིང་སྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་པའི་བར་དེར། སྙོམས་འཇུག་གི་སྒྲིབ་པ་སྤོང་བ་དང༌། རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་བསྒོམ་པས་ཤེས་སྒྲིབ་བཟུང་རྟོག་གི་ནང་ཚན་འགའ་ཞིག་གི་ས་བོན་སྤོང་བར་ཁས་ལེན་དགོས་པ་དང༌། སྐབས་གཉིས་པར། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་ཀྱིས་ངོ་སྐལ་གྱི་སྤང་བྱ་རེ་རེ་སྤོང་བར་བཤད་ལ། དེའི་ཚེ་ན་ཆོས་ཤེས་ཀྱིས་སྤོང་བ་རྣམས་ཁོ་བོ་ཅག་ལྟར་ན། མཐོང་ལམ་གྱི་སྤང་བྱར་འཆད་ཀྱང༌། ཀུན་ལ་ཐུན་མོང་དུ་གྲགས་པའི་སྤང་བྱ་གཉིས་པོ་གང་དུ་ཡང་མི་རུང་བའི་ཕྱིར་དང༌། སྒོམ་ལམ་བར་ཆད་མེད་ལམ་དགུའི་ཆ་ཤས་སུ་གྱུར་པའི་དགུ་པ་དེས་སྒོམ་སྤངས་རྟོག་པ་མ་ལུས་པར་སྤངས་ཟིན་པའི་འོག་ཏུ་ཡང༌། སྒོམ་ལམ་བར་ཆད་མེད་ལམ་དགུའི་གྲངས་ལ་མི་གཏོགས་པའི་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་གནས་ངན་ལེན་གྱི་དྲི་མ་སྤོང་དགོས་པའི་ཕྱིར་དང༌། གཞུང་འགྲེལ་དུ་མ་ནས། ས་བཅུའི་སྒྲིབ་པ་ལས་མ་གཏོགས་པའི་སངས་རྒྱས་ཀྱི་ས་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་ཞེས་པ་དེ་ཡང་བཤད་མ་ཐག་པ་འདི་ཉིད་ཡིན་པའི་ཕྱིར་དང༌། སྤོང་བྱེད་ཀྱི་གཉེན་པོ་དེ་སྒོམ་ལམ་ཡིན་པ་ཙམ་གྱིས་སྤང་བྱ་དེ་སྒོམ་སྤངས་སུ་འཇོག་ནུས་ན། མཐོང་ལམ་རྣམ་གྲོལ་ལམ་དང༌། སྒོམ་ལམ་རྣམ་གྲོལ་ལམ་གྱིས་སྤོང་བའི་སྒྲིབ་པ་དེ་དག་ཀྱང་དེར་ཐལ་བའི་ཕྱིར་རོ། །དེ་བས་ན་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང༌། མཐོང་ཟིན་གོམས་པ་ལ་སྒྲིབ་པའི་རྟོག་པ་ཐམས་ཅད་གཉིས་པོ་དེར་འདུ་ཞིང༌། དེ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཡང་གཉིས་པོ་དེར་འདུ་བའི་རྒྱུ་མཚན་གྱིས། ཇི་སྐད་དུ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཞེས་དང༌། བོད་སྔ་མ་རྣམས་ཀྱིས་ཀྱང༌། སྤང་བྱ་ཐམས་ཅད་དེ་གཉིས་སུ་འདུ་བ་ལྟ་བུའི་རྣམ་བཤད་པ་མཛད་དོ། །གསུམ་པ་ཇི་ལྟར་སྤོང་བ་ལ་གཉིས་ཏེ། ཉོན་སྒྲིབ་ཀྱི་དང༌། ཤེས་སྒྲིབ་ཀྱིའོ། །དང་པོ་ལ་གཉིས་ཏེ། མཐོང་ལམ་གྱི་སྔ་རོལ་དུ་དང༌། ཕྱིས་སོ། །འདི་ལའང་མངོན་འགྱུར་བ་རྣམས་ཅིག་ཆར་བའི་ཚུལ་གྱིས་སྤོང་བ་དང༌། བག་ལ་ཉལ་རྣམས་རིམ་གྱིས་པའི་ཚུལ་གྱིས་སྤོང་བ་གཉིས་དབྱེ་དགོས་སོ། །དེ་འདིར་ཁས་མི་ལེན་པ་མིན་ཏེ། འཕགས་པས་དགེ་འདུན་ཉི་ཤུའི་སྐབས་སུ་ཆགས་བྲལ་སྔོན་འགྲོའི་ཐ་སྙད་མཛད་པས་སོ། །གཉིས་པ་ལ། ཉན་ཐོས་ཀྱིས་ནི་ལམ་གཉིས་ཀྱིས་རིམ་པས་སྤོང་དགོས་ལ། ཐེག་པ་ཆེན་པོའི་འཕགས་པ་ལ་ནི། བྱམས་ཆོས་བར་པ་ལྟར་ན། ས་བཅུའི་རིམ་པས་སྤོང་བར་བཞེད་ཅིང༌། རྒྱུད་བླ་མ་དང༌། འཕགས་པ་གྲོལ་སྡེའི་བཞེད་པ་ལྟར་ན། སྡུག་བསྔལ་ལ་ཆོས་བཟོད་གཅིག་པུས་སྤོང་ནུས་པ་ཡིན་ཏེ། ཉོན་མོངས་མཐའ་དག་གི་རྩ་བར་ངར་འཛིན་ཡིན་ལ། དེའི་རྩ་བ་ཡང་ཕུང་པོ་ལ་བདེན་པར་འཛིན་པ་ཡིན་པས། བདེན་མེད་མངོན་སུམ་དུ་རྟོགས་པ་ན་དེ་དག་གི་གོ་སྐབས་མེད་པའི་ཕྱིར། ཞེས་བཞེད་པ་ཡིན་ཏེ། ཇི་སྐད་དུ་ཉི་སྣང་ལས། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང༌། དབང་པོ་དང༌། ཚོགས་ཁྱད་ཞུགས་ཞེས་གསུངས་པའི་ཕྱིར། འདིར་ཡང་ཉོན་མོངས་ཆེད་དུ་གཉེར་ནས་སྤངས་པ་ནི་མ་ཡིན་ཏེ། ངོ་སྐལ་གྱི་ཆོས་ཀྱི་བདག་འཛིན་ཆེད་དུ་གཉེར་ནས་སྤངས་པ་ན། དེའི་འབྲས་བུ་ཉོན་མོངས་ཉེ་བར་ཞི་བ་ཙམ་མོ། །གཉིས་པ་ཤེས་སྒྲིབ་སྤོང་ཚུལ་ལ། མཐོང་སྤངས་དང་སྒོམ་སྤངས་དང༌། གནས་ངན་ལེན་སྤོང་ཚུལ་དང་གསུམ་མོ། །དང་པོ་ལ། སློབ་དཔོན་གྱི་བཞེད་པས། ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་དང༌། རྟོགས་པ་ལ་གེགས་བྱེད་དོ། །དང་པོ་ནི། སྡུག་བསྔལ་ལ་ཆོས་བཟོད་རྐྱང་པས་སེལ་ནུས་ཀྱང༌། གཉིས་པ་ནི། བཟོད་པ་བཞི་རིམ་གྱིས་སྐྱེ་བས་སོ། །ཡང༌། ཡུལ་ཆོས་ཉིད་ལ་སྒྲིབ་བྱེད་ཀྱི་མཐོང་སྤངས་དང༌། ཡུལ་ཅན་ཡེ་ཤེས་ལ་སྒྲོ་འདོགས་པའི་མཐོང་སྤངས་སོ། །དང་པོ་ནི་ཆོས་བཟོད་ཀྱིས་སེལ་ལ། གཉིས་པ་ནི་རྗེས་བཟོད་ཀྱིས་སེལ་བར་བྱེད་དོ། །གཉིས་པ་སྒོམ་སྤངས་ལ། རྟོག་པ་ཆུང་འབྲིང་དགུའི་དབྱེ་བས་གཉེན་པོ་སྒོམ་ལམ་ཡང་དགུར་འབྱེད་པ་ཡིན་ལ། དེ་ལ་བོད་ཀྱི་སློབ་དཔོན་པ་རྣམས་ཀྱིས་བཞེད་པས། འདོད་པའི་རྟོག་པ་ཐམས་ཅད་གསུམ་དུ་བསྡུས་ནས། ས་གཉིས་པ་ནས་བཞི་པའི་བར་གྱིས་སྤོང་བ་དང༌། གཟུགས་ཀྱི་རྣམས་དེར་བསྡུས་ནས། ལྔ་པ་ནས་བདུན་པའི་བར་གྱིས་དང༌། གཟུགས་མེད་ན་སྤྱོད་རྣམས་དེར་བསྡུས་ནས། དག་པ་ས་གསུམ་གྱིས་སྤོང་བར་བྱེད་དོ། །ཞེས་གསུངས་པ་ནི། འགྲེལ་པ་གཉིས་སུ་རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས་གྲངས་བཞིན་དུ། འདོད་པའི་ཁམས་ལ་སོགས་པའི་ས་དགུ་དག་ཏུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། ཞེས་པ་ལ་བརྟེན་པ་ཡིན་མོད། འདི་ལ་ཡིད་ཆེས་པའི་ཁུངས་མེད་ཅིང༌། ཐེག་པ་ཆེན་པོའི་ལུང་དང་མི་མཐུན་ཏེ། འདོད་པ་ལ་ཆགས་བྲལ་བྱས་རྗེས་སུ་ཁམས་གོང་མ་གཉིས་ལ་རིམ་གྱིས་ཆགས་བྲལ་བྱེད་པ་ནི། མངོན་པ་ནས་འབྱུང་བའི་ཉན་ཐོས་སྡེ་པའི་ལུགས་དང༌། ཐུན་མོང་བ་དེ་ཉིད་སོར་བཞག་པ་ཡིན་མོད། ཐེག་པ་ཆེན་པོའི་ལུགས་ལ་ཁམས་གསུམ་གྱི་མཐོང་སྤངས་རྣམས་ཅིག་ཆར་དུ་སྤོང་བར་བཤད་པའི་རིགས་པས། སྒོམ་སྤངས་རྣམས་ཀྱང་ཅིག་ཆར་དུ་སྤོང་བར་རིགས་ཤིང༌། དེ་ལྟར་ཡང༌། ཉོན་མོངས་པའི་སྒྲིབ་པའི་སྤོང་ཚུལ་ནི། མངོན་པ་ཀུན་ལས་བཏུས་སུ་བཤད་པའི་ཕྱིར་དང༌། དེའི་རིགས་པས་ཁམས་གསུམ་གྱི་ཤེས་སྒྲིབ་ཆེན་པོ་དགུ་ཅིག་ཅར་དུ་བསྡུས་ནས་སྤོང་བ་ཅིག་ཀྱང་སྲིད་པར་ནི་ཁས་ལེན་དགོས་ལ། དེ་ཡང་འཕགས་སེང་གི་འགྲེལ་པ་གཉིས་དང་མཐུན་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། སྐབས་བཞི་པར། སྤྱིར་ཁམས་གསུམ་གྱི་རྟོག་པ་ཐམས་ཅད་དགུར་བསྡུས་པ་ཡིན་གྱི། འདོད་པའི་རྟོག་པ་ལ་ཆེན་པོ་སྐོར་གསུམ་དང༌། གཟུགས་ཀྱི་རྟོག་པ་ལ་འབྲིང་པོ་སྐོར་གསུམ་དུ་འཇོག་པའི་བཤད་པ་མེད་པའི་ཕྱིར་དང༌། སྐབས་ལྔ་པར། སྤང་གཉེན་སྦྱོར་བ་ན། མཐོང་ལམ་བར་ཆད་མེད་ལམ་གྱིས་གཟུགས་གཟུགས་མེད་ཀྱི་མཐོང་སྤངས་སུ་གྱུར་པའི་རྟོག་པ་རྣམས་བསྡོམས་ནས་སྤོང་བར་བཤད་པ་ཡིན་ལ། དེའི་རིགས་རྒྱུན་གོམས་པས་ཁམས་གསུམ་གྱི་སྒོམ་སྤངས་རྟོག་པ་རྣམས་བསྡོམས་ནས་རིམ་གྱིས་སྤོང་བ་ལས་འོས་མེད་པའི་ཕྱིར་དང༌། སྒོམ་སྤང་རྟོག་པའི་སྤོང་ཚུལ་བཤད་པ་ན། ཁམས་གསུམ་གྱི་གཟུང་རྟོག་དང༌། འཛིན་རྟོག་ལ་ཕྱེ་བསལ་མ་བྱས་པར་སྦྱོར་འཇུག་གིས་སྤོང་བར་བཤད་པའི་ཕྱིར། འདིའི་སྤྲོས་པ་ལྷག་མ་ནི། ཐོད་བརྒལ་དུ་འཆད་པར་འགྱུར་རོ། །འོ་ན་གཉེན་པོ་དེ་དག་གིས་མངོན་འགྱུར་ལ་དངོས་སུ་གནོད་པ་འབྱེད་པ་ཡིན་ནམ། ས་བོན་ལ་དངོས་སུ་གནོད་པ་བྱེད་པ་ཡིན། སྤང་བྱ་རང་དུས་སུ་འགགས་ཟིན་པ་དེ་སྤོང་བ་ཡིན་ནམ། མ་འོངས་པ་སྤོང་བ་ཡིན་ཅེ་ན། དང་པོ་མངོན་འགྱུར་བ་ལ་དངོས་སུ་གནོད་པ་བྱེད་པ་མ་ཡིན་ཏེ། འདས་པ་འགག མ་འོངས་པ་མ་སྐྱེས། ད་ལྟར་བ་ལམ་དང་མཉམ་དུ་མི་འཇུག་པས་ཕྲད་པ་མི་སྲིད་པའི་ཕྱིར། དཔེར་ན། སྣང་བས་མུན་པ་ལ་དངོས་སུ་མི་གནོད་པ་བཞིན། ས་བོན་ལ་དངོས་སུ་གནོད་པ་ཡིན་ཏེ། ས་བོན་ད་ལྟར་བ་དེའི་དངོས་ཀྱི་གཉེན་པོ་དང༌། རྒྱུད་གཅིག་ལ་ལྷན་ཅིག་དུ་འཇུག་པས་དངོས་སུ་ཕྲད་པའི་ཕྱིར། དཔེར་ན་བདག་མེད་མངོན་སུམ་དུ་རྟོག་པའི་ཤེས་རབ་དང༌། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཀུན་གཞིའི་སྟེང་ན་ཡོད་པ་གཉིས་པོ་དེ་རྒྱུད་གཅིག་ལ་ལྷན་ཅིག་དུ་འཇུག་པ་བཞིན། མངོན་གྱུར་ལ་མི་མཚུངས་ཏེ། ཀུན་གཞིའི་ངོ་བོར་གྱུར་པའི་རྟོག་པ་མངོན་གྱུར་བ་ནི་མི་སྲིད་ལ། ཡིད་ཀྱི་ཤེས་པའི་སྟེང་གི་རྟོག་པ་དང༌། དེའི་གཉེན་པོ་ཡེ་ཤེས་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། དེ་ལྟར་ན་བར་ཆད་མེད་ལམ་སྐྱེས་པ་དང༌། དེའི་སྤང་བྱ་མངོན་འགྱུར་བ་འགགས་པ་མཉམ། རྣམ་པར་གྲོལ་བའི་ལམ་སྐྱེས་པ་དང༌། དེའི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་སྟེ། དཔེར་ན་སྣང་བ་བྱུང་བ་དང༌། མུན་པ་འགགས་པ་མཉམ་པ་བཞིན་ནོ། །ཞེས་པ་ནི། མངོན་པ་ཀུན་ལས་བཏུས་སུ། གང་ཞིག་གང་ལས་སྤོང་ཞེ་ན། །ཞེས་སོགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའོ། །གཉིས་པ་ནི། སྤངས་བྱ་མ་འོངས་པ་ཁོ་ན་སྤོང་བ་ཡིན་གྱི། འདས་པ་དང་ད་ལྟ་བ་ནི་མ་ཡིན་ཏེ། དེ་དག་ནི་སྐྱེས་ཟིན་པས་སྤོང་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང་རྣམ་འགྲེལ་ལས། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་སོ། །བློའི་སྤང་གཉེན་དུ་མ་ཟད། དོན་གྱི་སྤང་གཉེན་ཐམས་ཅད་ཀྱང་གནོད་བྱེད་ད་ལྟར་བས་གནོད་བྱ་མ་འོངས་པ་འགོག་པ་ཁོ་ནར་ངེས་སོ། །ཞར་ལ་འདི་བཤད་དེ། བོད་ཕྱི་མ་དག་དངོས་པོ་ཡིན་ན་སྐྱེས་པས་ཁྱབ་བོ་ཞེས་ཟེར་བ་དེའི་ལྟར་ན། མཐོང་ལམ་བར་ཆད་མེད་ལམ་དང་ལྷན་ཅིག་པའམ། དེའི་སྔ་ལོགས་དེ་མ་ཐག་ན་ཡོད་པའི་མཐོང་སྤངས་ཀྱི་ས་བོན་དེའི་འབྲས་བུར་གྱུར་པའི་མཐོང་སྤངས་རྟོག་པ་ཆོས་ཅན་གྱིས་མ་ངེས་སོ། །འདོད་མི་ནུས་ཏེ། དེ་སྐྱེ་བ་མི་སྲིད་པའི་ཕྱིར། དེ་འདྲ་དེ་གཉེན་པོས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། དངོས་པོ་ཡིན་ཏེ། དེའི་རྒྱུ་ཡོད་པའི་ཕྱིར་ཏེ། དེ་འདྲའི་དུས་ཀྱི་ས་བོན་དེ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་ནི་ཞར་ལ་བྱུང་བའོ། །གཉིས་པ་གང་ཟག་སོ་སོའི་སྤོང་ཚུལ་ལ་གསུམ་ལས། ཉན་ཐོས་ལ་ཤེས་སྒྲིབ་ཀྱི་སྤོང་ཚུལ་ནི། རགས་པའི་རྣམ་གཞག་ལ་ཐེག་པ་ཆེན་པོའི་ གཞུང་དང་བསྟུན་ནས་མ་བཤད་ལ། ཉན་ཐོས་སྡེ་པའི་གཞུང་དང་བསྟུན་ནས་བཤད་ན། དེ་མ་བཤད་པའི་ངེས་པ་མེད་དེ། ཉན་ཐོས་དབང་རྟུལ་དབང་པོ་འཕོ་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་དེ་དང༌། སྙོམས་འཇུག་གི་སྒྲིབ་པ་རྣམས་ཀྱང་ཤེས་བྱའི་སྒྲིབ་པར་ཁས་ལེན་པ་ལས་འོས་མེད་པའི་ཕྱིར། ཉོན་སྒྲིབ་ཀྱི་སྤོང་ཚུལ་ལ། རིམ་གྱིས་པ་དང༌། ཅིག་ཆར་བ་གཉིས། དང་པོ་ལ་ཆགས་བྲལ་སྔོན་དུ་སོང་མ་སོང་གཉིས་ཀྱི་རྣམ་གཞག་ནི། ཉན་ཐོས་སྡེ་པའི་གཞུང་དུའང་གསལ་བར་འབྱུང་ལ། གཉིས་པ་ཅིག་ཆར་བ་ནི་ཐེག་པ་ཆེན་པོའི་གཞུང་ལུགས་ཁོ་ན་ལས་འབྱུང་ངོ༌། །གཉིས་པ་རང་རྒྱལ་གྱི་སྤོང་ཚུལ་ལ། ཉོན་སྒྲིབ་ཀྱི་སྤོང་ཚུལ་ནི་སྔ་མ་དང་འདྲ་ལ། གཟུང་འཛིན་རྫས་གཞན་དུ་ཞེན་པའི་ཤེས་སྒྲིབ་རྟོག་པའི་སྤོང་ཚུལ་ཞིག་རྒྱན་རྩ་འགྲེལ་དུ་འབྱུང་ལ། ཆོས་མངོན་པ་ལས་ཀྱང་རང་རྒྱལ་ལ་ཤེས་སྒྲིབ་སྤོང་ཚུལ་གཏན་མ་བཤད་པ་ནི་མིན་ཏེ། རྟེན་འབྲེལ་ལུགས་འབྱུང་དང་ལུགས་ཟློག་ལ་མཁས་པ་སོགས་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཞིག་ཡོད་པ་དེ། ས་བོན་དང་བཅས་པ་རང་རྒྱལ་དགྲ་བཅོམ་པས་སྤངས་པར་ཁས་ལེན་དགོས་པའི་ཕྱིར། འོན་ཀྱང་དེ་འདྲ་དེ། ཐེག་པ་ཆེན་པོའི་གཞུང་དུ་འབྱུང་བའི་མཐོང་སྒོམ་གྱི་མཉམ་གཞག་བར་ཆད་མེད་ལམ་གྱི་བསལ་བྱར་གྱུར་པའི་ཤེས་སྒྲིབ་དེར་མི་རུང་བས། ཐེག་པ་ཆེན་པོ་ལ་གྲགས་པའི་ཤེས་སྒྲིབ་དུ་བོད་སྔ་མ་རྣམས་ཀྱིས་ནི་མ་བཤད་དོ། །དེར་མ་འདུས་པའི་ཤེས་བྱའི་སྒྲིབ་པ་ནི་མང་སྟེ། སྙོམས་འཇུག་གི་སྒྲིབ་པ་བཞིན་ནོ། །ལ་ལ་དག་གཟུང་འཛིན་རྫས་གཞན་དུ་ཞེན་པའི་ཤེས་སྒྲིབ་གཟུང་རྟོག་གིས་ཀྱང་ཐེག་པ་ཆེན་པོ་ནས་འབྱུང་བའི་ཤེས་སྒྲིབ་ཀྱི་གོ་མི་ཆོད་པར་འདོད་པ་ནི། རྒྱན་རྩ་འགྲེལ་དང་འགལ་ལོ། །དེའི་སྤོང་ཚུལ་ནི། རང་རྒྱལ་གྱི་ཚོགས་ལམ་དུ་དེ་ཐོས་བསམ་གྱིས་གཏན་ལ་ཕབ། སྦྱོར་ལམ་དུ་རྟོག་པ་དང་འདྲེས་པའི་ཚུལ་དུ་བསྒོམ། མཐོང་ལམ་དུ་གསར་དུ་མཐོང༌། སྒོམ་ལམ་དུ་དེ་ཉིད་རྒྱུན་ལྡན་དུ་བསྒོམ་པས། མི་སློབ་ལམ་དུ་དེའི་ས་བོན་སྤངས་པ་འབྱུང་བར་རྒྱན་རྩ་འགྲེལ་ལས་གསུངས་སོ། །གསུམ་པ་བྱང་སེམས་ཀྱི་སྤོང་ཚུལ་ལ། ཉོན་སྒྲིབ་ཀྱི་དང༌། ཤེས་སྒྲིབ་ཀྱིའོ། །དང་པོ་ལ། འཁོར་བར་འཆིང་བྱེད་ཀྱི་དང༌། བག་ལ་ཉལ་གྱིའོ། །དང་པོ་ནི། སྡུག་བསྔལ་ལ་ཆོས་བཟོད་ཀྱིས་མ་ལུས་པར་སྤངས་སོ། །གཉིས་པ་ལ། སྒོམ་སྤང་ཤེས་སྒྲིབ་རྟོག་པའི་གྲངས་བཞིན་དུ། རྩ་བའི་དབྱེ་བ་དགུ་དང༌། ཁམས་དང་གཟུང་འཛིན་གྱི་དབྱེ་བས་བརྒྱ་རྩ་བརྒྱད་དུ་ཕྱེ་ཞིང༌། དེ་ལའང་མཐོང་སྤངས་དང་སྒོམ་སྤངས་ཀྱི་དབྱེ་བས་གཉིས་སུ་ཕྱེ་ནས། ཤེས་སྒྲིབ་རྟོག་པ་རྣམས་ཀྱི་ས་བོན་དང་མཉམ་དུ་སྤོང་བ་ཡིན་ཏེ། ཇི་སྐད་དུ། དོན་གསལ་ལས། རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང༌། དུས་མཉམ་པ་ཁོ་ནར་དེ་དག་གིས་བསྡུས་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་དུས་མཉམ་དུ་ཐོབ་ཅེས་གསུངས་སོ། །ཨ་བྷ་ཡ་ཀ་རས་བཤད་པ་རྣམས་ལ་ནི་སྙིང་པོ་མི་སྣང་ཞིང༌། བྱང་ས་ལས། ས་གསུམ་པ་ཉིད་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བར་བཤད་པ་དེ་ནི་སྤྱིར་རྣལ་འབྱོར་སྤྱོད་པའི་ལུགས་ཡིན་ཅིང༌། བྱེ་བྲག་འཕགས་པ་གྲོལ་སྡེའི་ལུགས་དང་མི་མཐུན་པས་འདིར་ཁས་མི་བླང་ངོ༌། །དེ་ལྟར་ན་བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱི་སྤོང་ཚུལ་སྤང་བྱ་ཅིག་ཆར་བའི་ལུགས་དང་མཐུན་པར་ཁས་ལེན་དགོས་ཏེ། འདོད་པའི་ཉོན་མོངས་ཀྱི་བག་ལ་ཉལ་དགུ་པ་དང༌། སྲིད་རྩེའི་དེ་དགུ་པ་ཅིག་ཆར་དུ་སྤོང་དགོས་པའི་ཕྱིར། འོ་ན་འདོད་ཉོན་དགུ་པའི་བག་ལ་ཉལ་སྤངས་པའི་བྱང་སེམས་དེ་དགྲ་བཅོམ་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེས་ཤེས་སྒྲིབ་རྟོག་པ་དགུ་པའི་ས་བོན་སྤངས་ཟིན་པའི་ཕྱིར། འདོད་ན། ཇི་སྐད་དུ། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དགྲ་བཅོམ་པ་མ་གཏོགས། ཞེས་གསུངས་པ་དང་འགལ་ལོ། །ཞེ་ན་སྐྱོན་མེད་དེ། འཕགས་པ་ལྟར་ན། མཚོན་བྱ་དོན་གྱི་ཕྱིར་མི་འོང་གི་ས་མཚམས་དེར་མི་བཞག་པར། ཆགས་བྲལ་སྔོན་སོང་གི་དབང་དུ་མཛད་ལ། སློབ་དཔོན་གྱི་དགོངས་ལུགས་ཅིག་ལྟར་ན། གོང་དུ་བཤད་མ་ཐག་པ་ལྟར། ཉོན་མོངས་ཀྱི་བག་ལ་ཉལ་སྒོམ་སྤངས་ཀྱིས་བསྡུས་པ་བརྒྱ་རྩ་བརྒྱད་སྤངས་ཀྱང༌། གནས་ངན་ལེན་གྱི་བག་ཆགས་མ་སྤངས་པ་དེ་སྲིད་དུ། དགྲ་བཅོམ་པར་བཞག་མི་ནུས་པའི་ཕྱིར། གཉིས་པ་ཤེས་སྒྲིབ་སྤོང་ཚུལ་ལ་གཉིས་ཏེ། ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་དང༌། ཇི་སྙེད་པ་མཐོང་བ་ལ་གེགས་བྱེད་ཀྱིའོ། །དང་པོ་ནི་གོང་དུ་བཤད་ཟིན་པ་བཞིན་མཉམ་གཞག་བར་ཆད་མེད་ལམ་རྣམས་ཀྱིས་སོ། །གཉིས་པ་ནི་རྗེས་ཐོབ་དུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད། ཐོས་བསམ་གྱིས་གཏན་ལ་ཕབ་པས་སེལ་དགོས་པ་ཡིན་ཏེ། ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་གཅིག་པུ་སྤངས་པས་ཅིག་ཤོས་སེལ་བར་མི་ནུས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ། རྗེས་ཐོབ་དུ་ཇི་སྙེད་པ་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་སེལ་བའི་ཚུལ་འདི་ནི། བོད་ཀྱི་སློབ་དཔོན་སྔ་ཕྱི་ཐམས་ཅད་ལ་གསལ་བར་མ་གྲགས་ཀྱང༌། ངེས་པར་ཁས་ལེན་དགོས་པ་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་འཆོས་སུ་གསལ་བར་གསུངས་ཤིང༌། མདོ་སྡེ་རྒྱན་ལས་ཀྱང་གསལ་བར་འབྱུང་བའི་ཕྱིར། ཇི་ལྟར་ཞེ་ན་ཇི་སྐད་དུ། དྲི་མེད་དབྱིངས་ལ་ཆགས་མེད་དང༌། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཞེས་པའི་འགྲེལ་པར། རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཅན་གྱི་ཕྱིར་ནི་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས། ཤེས་བྱའི་དངོས་པོ་མཐའ་མེད་པའི་ཡུལ་ཅན་གྱི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ། །ཞེས་དང༌། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ལས་ཐོབ་པའི་ཡེ་ཤེས་འདོད། །ཅེས་དང༌། དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་ཉིད་ལ་བརྟེན་ནས་ཐོབ། །ཅེས་གསལ་བར་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་འགྲེལ་པ་ལས་ཀྱང༌། གནས་ཡོངས་སུ་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང༌། དེའི་རྗེས་ལ་ཐོབ་པ་སྟེ་ཡེ་ཤེས་རྣམ་པ་གཉིས་པོ་གང་ཡིན་པ་དེ་ནི། བྲལ་བའི་འབྲས་བུའི་མིང་ཅན་གནས་གྱུར་པའི་རྒྱུ་ཡིན་ལ། དེའི་ལས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པར་བརྗོད་དོ། །ཞེས་དང་ཡང་རྩ་བ་ལས། མདོར་ན་ཡེ་ཤེས་གཉིས་པོ་ནི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང༌། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཇི་ལྟར་གསུངས་ཤེ་ན། ཇི་སྐད་དུ། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང༌། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་དག་ཤིན་ཏུ་ཡུལ་ཆེན་ཡེ་ཤེས་ལམ་གྱིས་ཐོབ། །ཅེས་དང༌། དེའི་འགྲེལ་པར། དབྱིག་གཉེན་ཞབས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་དང༌། དེའི་རྗེས་ལས་ཐོབ་པ་ཤེས་བྱ་མཐའ་ཡས་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱི་ལམ་ཐོབ་པས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཤེས་པས་གྲུབ་པའི་དོན་གཞན་ཡང༌། ས་བཅུའི་མཉམ་གཞག་ཏུ་ནི། ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང་ཞིང༌། རྗེས་ཐོབ་ཏུ་ཇི་སྙེད་པའི་ཀུན་རྫོབ་ཀྱི་གནས་ཚུལ་ལ་རྨོངས་པའི་སྒྲིབ་པའི་ས་བོན་སེལ་བར་བྱེད་པའི་དེའི་ཕྱིར། ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ལམ་ལ་ནི། རྗེས་ཐོབ་ཀྱི་ཆ་ཤིན་ཏུ་ཡུན་རིང་ཞིང་རྒྱ་ཆེ་ལ། དམན་པའི་ལམ་དུ་ནི་མཉམ་གཞག་ཙམ་གྱིས་ཀྱང་ཆོག་པར་བཤད་དོ། །དེ་ལྟ་མོད་ཀྱི་རྗེས་ཐོབ་ཀྱི་སྤང་བྱ་སྤོང་ཚུལ་ལ་ནི། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བ་མ་བཤད་པར། ཁྱད་པར་གྱི་ལམ་ཁོ་ནའི་དབང་དུ་བྱས་ནས་འཆད་པ་ཡིན་ནོ། །ཞེས་བྱ་བ་ནི། རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་ལས། ལམ་ཤེས་པ་ཉིད་ཀྱི་ལེའུ་སྟེ་གཉིས་པ་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། འདིར་འབྱུང་གྲུབ་པའི་གནས་དང་དཔྱད་པའི་མཐའ། །རྒྱུད་པའི་སྲོལ་ལས་འབྱུང་ཡིན་རང་བཟོ་མེད། །དེ་བསྒྲུབ་བྱེད་པའི་ལུང་རིགས་སྔོན་རབས་ཀྱིས། །མ་བཤད་དེ་བཤད་དེ་ཕྱིར་བཟློས་པ་མིན། །མང་དུ་ཐོས་འདོད་རྣམ་པར་དཔྱོད་འདོད་དང༌། །གཞན་ཡིད་འཕྲོག་འདོད་འགྲན་ཟླ་བྲལ་འདོད་པས། །ཀུན་གྱིས་མི་བསྐྲུན་རྣམ་བཤད་འདི་ལོངས་དང༌། །གང་གང་འདོད་པ་དེ་དང་དེ་ཐོབ་འགྱུར། །ཁོ་བོས་བཤད་དང་གཞན་གྱིས་བཤད་པ་ལ། །དོན་མང་ཚིག་ལེགས་རྣ་བར་གཉེན་གཤིན་པ། །དེ་ཡོད་དེ་མེད་ཤེས་པའི་དཔྱོད་ལྡན་གྱིས། །འདི་དང་གཞན་གྱི་རིན་ཐང་བྱོས་ལ་བཟུང༌། །ཞེས་བྱ་བ་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ།།  །།གཞི་ཀུན་མཁྱེན་པའི་ཡེ་ཤེས་ཉི་མ་ནི། །ཆགས་སྡང་ཁྱབ་འཇུག་ལམ་ལས་གོལ་གྱུར་ཅིང༌། །གཏི་མུག་སྤྲིན་ཚོགས་འཐུག་པོ་ལས་གྲོལ་པས། །ས་ཆེན་གསལ་མཛད་དེ་ལ་ཕྱག་འཚལ་ལོ། །ལམ་གསུམ་མཁྱེན་པའི་ཤིང་རྟ་རིགས་འདྲེན་པ། །གཞི་ཀུན་མཁྱེན་པས་ལམ་དང་ལམ་མིན་གྱི། །རྣམ་དབྱེ་མ་འདྲེས་བཤད་ལ་རག་ལས་པ། །དེ་ཕྱིར་དེའི་རྣམ་དབྱེ་འདིར་བཤད་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་འཆད་པ་ལ་གཉིས་ཏེ། མདོའི་འབྲེལ་བཤད་པ་དང༌། འབྲེལ་པ་ཅན་གྱི་ཆོས་སོའི་དཀའ་བའི་གནས་བཤད་པའོ། །དང་པོ་ནི། བཤད་མ་ཐག་པའི་རྣམ་དག་གི་ལེའུ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་གྱི་ཤེར་ཕྱིན་འདི་ནི། ཚུ་རོལ་གྱི་མཐའ་མ་ལགས། ཕ་རོལ་གྱི་མཐའ་མ་ལགས། དེ་གཉིས་ཀའི་བར་ན་མི་དམིགས་སོ། །བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། ཅིའི་སླད་དུ་དེར་མི་དམིགས་ཏེ་ཤིན་ཏུ་དག་པ་ལགས། བཀའ་སྩལ་པ། རབ་འབྱོར། དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་དེ་ནི། སྐབས་གཉིས་པའི་སྒོམ་ལམ་དེ་སྲིད་ཞི་ལ་མི་གནས་པའི་ཤེར་ཕྱིན་དུ་བསྟན་པ་ཡིན་ནོ། །དེ་ལ་འཕྲོས་ནས། མཚན་མར་དམིགས་པ་ནི་ཤེར་ཕྱིན་དེ་ལས་རིང་བ་ཡིན་ནོ། །ཞེས་དང༌། མཚན་མར་འཛིན་པའི་ཆགས་པ་མེད་ན་ཤེར་ཕྱིན་དེ་ལ་ཉེ་བ་ཡིན་ནོ། །ཞེས་འཆད་པ་ནི། རབ་འབྱོར་གྱིས་གསོལ་པ། གང་ལ་ལ་ཤེར་ཕྱིན་འདི་ལ་དམིགས་པའི་ཚུལ་དུ་ཤེས་པར་བགྱིད་ན། ཤེར་ཕྱིན་འདི་འདོར་བར་འགྱུར། ཞེས་པ་ནི། ཐབས་མ་ཡིན་པས་རིང་བ་དེ་བཤད་པ་ཡིན་ནོ། །སྲིད་ཞི་ལ་གནས་པའི་ཤེར་ཕྱིན་དང༌། གཞི་ཤེས་ནི་མདོ་དང་རྩ་བ་གཉིས་ཀ་ན་མེད་དོ། །སྲིད་ཞི་ལ་གནས་མི་གནས་དང༌། ཉེ་རིང་གི་ཤེས་བྱེད་མ་འདྲེས་པར་དབྱེ་དགོས་ཏེ། གཅིག་ནི་ཤེས་རབ་དང༌། སྙིང་རྗེ་གཉིས་ཀའི་ཆ་ནས་དང༌། ཅིག་ཤོས་ནི་ཤེས་རབ་རྐྱང་པའི་ཆ་ནས་སོ། །སློབ་དཔོན་གྱིས་འདྲེས་སོ་ཞེས་གྲོ་ལུང་པ་གསུང་ངོ༌། །གསོལ་པ་བྱང་ཆེན་རྣམས་ཆགས་པ་དང་མ་ཆགས་པ་མ་མཆིས་པར། ཤེར་ཕྱིན་འདི་ལེགས་པར་བཤད་པ་དང༌། མཐར་ཕྱུང་བའི་བར་ནི་ངོ་མཚར་ཆེའོ། །ཞེས་བྱ་བས་ནི། ཐབས་ཀྱི་རིང་བ་མ་ཡིན་པ་དེ་བཤད་དོ། །དེ་ནས་ཤཱ་རིའི་བུས། རབ་འབྱོར་ལ་ཆགས་པ་དང་མ་ཆགས་པ་གང་ཡིན་དྲིས་པའི་ལན་དུ། གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་པ་ནས་རྣམ་མཁྱེན་གྱི་བར་ལ་སྦྱར་བས་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་བྱ་བ་དེ་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་སྨྲས་པ། མ་ཆགས་པ་གང་ཡིན་ཞེས་བྱ་བ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། གཟུགས་ལ་གཟུགས་ཤེས་བྱ་བར་འདུ་ཤེས་པ་མེད་དོ། །ཞེས་པ་ནས། རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད་མི་འབྱུང་ངོ༌། །ཞེས་པས་ནི། དེའི་གཉེན་པོ་བསྟན་པ་ཡིན་ནོ། །དེ་ནས་བརྒྱ་བྱིན་གྱིས་རབ་འབྱོར་ལ་སྨྲས་པ། རྣམ་གྲངས་གང་གིས་བྱང་ཆེན་རྣམས་ཀྱི་ཆགས་པར་འགྱུར་བ་ཡིན་ཞེས་དྲིས་པའི་ལན་དུ། ཀོའུ་ཤི་ཀ་བྱང་ཆེན་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་འདུ་ཤེས་ན་ཆགས་པ་སྟེ། ཞེས་པས་ནི། སྦྱིན་སོགས་བྱང་ཆུབ་མཆོག་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཤེས་བྱ་བ་དེ་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་སྨྲས་པ། ཀོའུ་ཤི་ཀ་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། བདག་ནི་སྦྱིན་པ་སྦྱིན་ནོ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསྒོམ་མོ་ཞེས་པའི་བར། རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་ན། བྱང་སེམས་ཆེན་པོ་གཞན་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པར་བྱའོ། །དེ་ལྟར་ན། གང་ལ་ལས་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་བ་ཡིན་ནོ། །ཞེས་བྱ་བས་ནི་དེའི་གཉེན་པོ་བསྟན་པ་ཡིན་ནོ། །མདོར་ན། གཉེན་པོ་དེ་གཉིས་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པའི་རྐང་པ་གསུམ་གྱིས་བསྟན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆེན་རྣམས་ལ་ཆགས་པའི་མཐའ་འདི་དག་ཁྱེད་ཀྱིས་མདོར་བསྟན་པ་ལེགས་སོ། །དེ་བས་ཡང་ཆགས་པའི་མཐའ་ཕྲ་བར་བསྟན་གྱི་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང༌། བསྟན་པར་བྱའོ། །དེ་བཞིན་གཤེགས་པ་ཡིད་ལ་བྱེད་ན་ཆགས་པའོ། །ཞེས་སོགས་ཀྱིས་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པ་དེ་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། ཤེར་ཕྱིན་ནི་ཟབ་བོ། །བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །ཞེས་བྱ་བས་ནི། ཡུལ་ཟབ་པར་བཤད་ནས། ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་སུ་བསྒྲུབ་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་ནི་རྫོགས་པར་བྱང་ཆུབ་པར་དཀའོ། །བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། གཅིག་ཏུ་ཟད་དོ། །ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། །དེ་ལྟར་ན། ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ། །ཞེས་པས་ནི། ཆགས་པ་དེའི་གཉེན་པོར་བཤད་པ་ཡིན། གོང་དུ་ཟབ་པར་བཤད་པ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཤེར་ཕྱིན་ནི་རྟོགས་པར་དཀའ་འོ། །བཀའ་སྩལ་པ། དེ་ནི་སུས་ཀྱང་མ་མཐོང༌། མི་ཐོས། མ་ཤེས། རྣམ་པར་མ་ཤེས་སོ། །ཞེས་བྱ་བས་ནི། རྟོགས་པར་དཀའ་བ་དེ་བཤད་པ་ཡིན་ནོ། །དེ་ལས་འཕྲོས་ནས། གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་བོ། །བཀའ་སྩལ་པ། དེ་ནི་སུས་ཀྱང་རྣམ་པར་མ་ཤེས་ཏེ། གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱིས་མ་ཤེས་སོ། །ཞེས་བྱ་བས་ནི། བསམ་གྱིས་མི་ཁྱབ་པར་བཤད་པ་ཡིན་ནོ། །དེ་ལྟར་ན་ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་ཡིན་པ་དང༌། ཡུལ་ཟབ་པ་དང༌། རྟོགས་དཀའ་བ་དང༌། བསམ་གྱིས་མི་ཁྱབ་པ་རྣམས་ནི་རིམ་པ་ལྟར་གཅིག་གིས་གཅིག་བསྒྲུབ་པ་ཡིན་ནོ། །དེ་ལྟར་མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ་མདོ་ལས་དངོས་སུ་བཤད་ནས། རབ་ཏུ་དབྱེ་བ་དེ་ཤེས་པའི་ཡེ་ཤེས་སྦས་དོན་གྱི་ཚུལ་དུ་བསྟན་པ་དེ་ལ་ནི། མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་པའི་གཞི་ཤེས་ཞེས་བྱ་ཞིང༌། དེ་མངོན་རྟོགས་བརྒྱད་ཀྱི་ཟླས་ཕྱེ་བའི་གཞི་ཤེས་དེ་མ་ཡིན་ཡང༌། དེ་རྒྱུད་ལ་བསྐྱེད་པ་ལ་ནི། འདི་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །ཞེས་སྟོན་པ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་སོགས་ཡིན་ནོ། །རབ་ཏུ་དབྱེ་བ་དེ་ལྟར་ཞེས་ནས། གཉེན་པོའི་ཕྱོགས་ལ་ཇི་ལྟར་འཇུག་པའི་ཚུལ་དྲིས་པ་ནི། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཤེར་ཕྱིན་ལ་ཇི་ལྟར་ཇི་ལྟ་སྤྱད་པར་བགྱི། བཀའ་སྩལ་པ། དེ་དེ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྤྱོད་ན་དེ་ལ་སྤྱོད་དོ། །ཞེས་པ་ནས། དེ་དེ་ལ་སྤྱོད་པའི་ཚེ་གཟུགས་ཡོངས་སུ་མ་རྫོགས་པའམ། རྫོགས་པ་ཞེས་བྱ་བར་མི་སྤྱོད་ན། དེ་ལ་སྤྱོད་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་མདོ་ཚན་བཅུས་ནི། གཞི་ཤེས་ཀྱི་སྦྱོར་བ་གསུངས་པ་ཡིན་ནོ། །དེ་སྐབས་ཀྱི་སྣང་བ་རྣམ་བདུན་ལས་འཕྲོས་ནས། བརྒྱ་བྱིན་གྱིས་སྨྲས་པ། རབ་འབྱོར་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ན། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས་པར་ཡོངས་སུ་ཤེས་པར་འགྱུར་བ་དེ། ཇི་ཙམ་ཞིག་གིས་ཤེས་པར་འགྱུར་བ་ཡིན། ཞེས་དྲིས་པའི་ལན་དུ། ཀོའུ་ཤི་ཀ་དེ་དེ་ལ་སྤྱོད་པའི་ཚེ། གཟུགས་རློམས་སེམས་སུ་མི་བྱེད། གཟུགས་ཀྱིས་རློམས་སེམས་སུ་མི་བྱེད། གཟུགས་ལ་རློམས་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམས་སེམས་སུ་མི་བྱེད་དོ། །ཞེས་སོགས་ཀྱིས་ནི། སྦྱོར་བའི་མཉམ་པ་ཉིད་བཤད་པ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་པོ་ཆེན་པོ་བཞིའི་རིགས་ནས་གནས་གཙང་མའི་བར་གྱི་ལྷའི་བུ་ཐམས་ཅད་ཀྱིས་ཙནྡན་གྱི་ཕྱེ་མས་བཅོམ་ལྡན་འདས་ལ་མངོན་པར་འཐོར་ཞིང༌། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ལ་འཁོད་དོ། །དེ་ནས་ལྷ་དེ་རྣམས་ཀྱིས་སངས་རྒྱས་ཀྱི་མཐུས། སངས་རྒྱས་སྟོང་གི་ཡི་གེ་འདི་ཉིད་དང༌། མིང་འདི་ཉིད་དང༌། རབ་འབྱོར་ཞེས་བྱ་བའི་དགེ་སློང་ཁོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བ་བྱས་ཤིང༌། སྟོན་པར་བྱེད་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་འདི་ཉིད་ཡོངས་སུ་ཞུ་བ་བྱེད་ཅིང༌། སྟོན་པ་སེམས་ཀྱིས་མཐོང་བར་འགྱུར་རོ། །ཞེས་སོགས་ཀྱིས་ནི་གཞི་ཤེས་ཀྱི་མཐོང་ལམ་བསྟན་པ་ཡིན་ནོ། །འདིར་གང་མཐོང་རྒྱུའི་ཤེར་ཕྱིན་དེ་འོག་ནས་འཆད་པའི་སྤྲོས་པ་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་མཐོང་ལམ་ལ་བྱ་དགོས་པ་ཡིན་ཏེ། འཕགས་པས། མཐོང་ལམ་བཅུ་དྲུག་ཏུ་གྲངས་ངེས་པའི་དཔང་པོར་སངས་རྒྱས་སྟོང་སྨོས་པ་ཡིན་ནོ། །ཞེས་པ་དང་འབྲེལ་དགོས་པས་སོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། རྣམ་པ་གང་དང༌། རྟགས་གང་དང༌། མཚན་མ་གང་གིས་བྱང་ཆེན་བྱམས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར། ཞེས་དྲིས་པའི་ལན་དུ། བཀའ་སྩལ་པ། དེ་དེར་སངས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་དང༌། བདེ་ཞེས་བྱ་བ་དང༌། སྡུག་བསྔལ་ཞེས་བྱ་བ་དང༌། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། བཅིངས་ཅེས་བྱ་བའམ། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཞེས་པས། སྡུག་བསྔལ་ལ་ཆོས་བཟོད་བསྟན་པར་ཉི་སྣང་དང་ལེ་བརྒྱད་མར་གསུངས་ལ། དེ་ཡི་ལྟར་ན། སྡུག་བསྔལ་ལ་ཆོས་བཟོད་ཀྱིས་སྡུག་བདེན་གྱི་སྤྲོས་པ་བརྒྱད་ཀ་ལས་གྲོལ་བའི་སྤྲོས་བྲལ་རྟོགས་པར་ཁས་ལེན་དགོས་ལ། འགྲེལ་ཆེན་དང༌། དོན་གསལ་དུ། ཆོས་བཟོད་ལ་རྟག་མི་རྟག་རྐྱང་པ་དང༌། ཆོས་ཤེས་ལ་བདེ་སྡུག་དང༌། རྗེས་བཟོད་ལ་སྟོང་མི་སྟོང་དང༌། རྗེས་ཤེས་ལ་བདག་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བར་སྦྱར་བ་ལྟ་བུར་མངོན་པ་ནི། དེར་སྦྱོར་རྒྱུ་མ་ཡིན་པའམ། ཡིན་ན་ནི་འགྲེལ་པ་སྔ་མ་ཉི་སྣང་དང༌། ལེ་བརྒྱད་མ་གཉིས་དང་མི་མཐུན་ཞིང༌། དོན་ལའང་མི་འགྲིག་པ་འགའ་ཞིག་འབྱུང་ངོ༌། །མདོ་དང་ཉི་སྣང་དང༌། ལེ་བརྒྱད་མ་གསུམ་ན་ནི། ཤེས་བཟོད་བཅུ་དྲུག་པོ་རྒྱན་རྩ་བས་ཟིན་པའི་རྣམ་པ་བཅུ་དྲུག་པོ་འདི་ཉིད་ཀྱི་ཁྱད་པར་ཅན་དུ་བཤད་ཀྱི། མི་རྟག་ལ་སོགས་བཅུ་དྲུག་ལ་ལོག་ཕྱོགས་དང་བཅས་པའི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་དུ་བཤད་པ་མེད་དོ། །དེ་ལྟར་མཐོང་ལམ་གྱི་མདོ་རྣམས་རྫོགས་ཟིན་པའི་འོག་ཏུ། མདོ་ཚན་གསུམ་འབྱུང་བ་ནི། སྐབས་གསུམ་པ་འདི་ཁོ་ནའི་མདོ་མ་ཡིན་གྱི། ལེའུ་གསུམ་ཀའི་དོན་བསྡུས་པའི་མདོ་ཡིན་ཞིང༌། དེ་ལྟར་འདི་དང་ཡང་འདི་དང༌། །ཞེས་པའི་གཞུང་དང་སྦྱོར་བ་འཕགས་པ་བཞེད་དོ། །དེ་ཡང་རབ་འབྱོར་ཡུམ་འདི་ནི། ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། མི་ཐོབ་པར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན། མི་སྟོན་པར་བྱེད་པ་མ་ཡིན། སྟེར་བར་བྱེད་པ་མ་ཡིན། འཕྲོག་པར་བྱེད་པ་མ་ཡིན། ཞེས་སོགས་ཀྱིས་ནི་གཞི་ཤེས་ཀྱི་དོན་བསྡུས་པ་ཡིན་ལ། ཡུམ་འདི་ནི་ཞེས་པ། བཤད་མ་ཐག་པའི་མཐོང་ལམ་ལ་ངོས་འཛིན་པ་ཡིན་ནོ། །ཡང་རབ་འབྱོར་ཡུམ་འདི་ནི། འདོད་པའི་ཁམས་ལས་ཤིན་ཏུ་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། གཟུགས་ཀྱི་ཁམས་ལས་དང༌། གཟུགས་མེད་པའི་ཁམས་ལས་དེ་མ་ཡིན། སྦྱིན་པའི་ཕར་ཕྱིན་སྟེར་བ་དང༌། འཕྲོག་པ་ནས། རྣམ་མཁྱེན་གྱི་བར་སྟེར་བའམ་འཕྲོག་པར་བྱེད་པ་མ་ཡིན། ཞེས་བྱ་བས་ནི་ལམ་ཤེས་ཀྱི་དོན་བསྡུས་པ་ཡིན་ལ། ཡུམ་འདི་ནི་ཞེས་པ་སྐབས་དེའི་སྒོམ་ལམ་ལ་ངོས་འཛིན་པ་ཡིན་ནོ། །ཡང་རབ་འབྱོར། ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ། འཕྲོག་པར་བྱེད་པ་མ་ཡིན་ཞེས་པ་ནས། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པའོ། །ཞེས་པའི་བར་གྱིས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་བསྡུས་པ་ཡིན་ལ། ཡུམ་འདི་ནི་ཞེས་པ་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་ལ་ངོས་འཛིན་པ་ཡིན་ནོ། །སྐབས་འདི་ན་ལྷའི་བུ་བརྒྱ་ཕྲག་མང་པོས། ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་བར་མཐོང་ངོ༌། །ཞེས་པ་ཡོད་ལ། འདིའི་དོན། མཚན་ཉིད་མེད་པའི་ཆོས་འཁོར་ལ་འཆད་པའི་ལུགས་དང༌། སྐབས་དང་པོར་རྣམ་མཁྱེན་ལ་ལྟོས་པའི་ཆོས་ཀྱི་འཁོར་ལོ་མིའི་གདུལ་བྱ་ལ་ཐོག་མར་བསྐོར་ནས་ཡང་འདིར་ལྷའི་གདུལ་བྱ་ལ་རྣམ་མཁྱེན་དེ་ཉིད་སླར་ཡང་བསྐོར་བ་ལ་འཆད་པའོ། །གཉིས་པ་ལ། སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ངོས་བཟུང་བ་དང༌། དཀའ་བའི་གནས་འགའ་ཞིག་བཤད་པའོ། །དང་པོ་ནི། ལེའུ་འདི་བསྟན་པའི་དགོས་པ་ནི། ལམ་ཤེས་པ་ཉིད་རྒྱུད་ལ་བསྐྱེད་པའི་མི་མཐུན་པའི་ཕྱོགས་ངོ་ཤེས་པར་བྱས་ནས། དེ་བསྐྱེད་པའི་མཐུན་པའི་ཕྱོགས་ངོ་ཤེས་པའི་ཕྱིར་ཡིན་ནོ། །འོ་ན་སྐབས་གཉིས་པར་བསྟན་པའི་ལམ་ཤེས་དེའི་ངོ་བོ་དེ་གང༌། དེའི་མཐུན་པ་དང་མི་མཐུན་པ་ཅི། གང་ལ་ཞུགས་ནས་དེ་བསྐྱེད་པ་ཡིན་ཅེ་ན། དང་པོ་ནི། དེར་བསྟན་པའི་ཕན་ཡོན་ཆེན་པོ་ཅན་གྱི་མཐོང་བའི་ལམ་དང༌། སྒོམ་པའི་ལམ་མོ། །དེ་འདྲ་དེ་སྐབས་གཉིས་པའི་ལམ་ཤེས་དང༌། ཡང་དག་པའི་ཤེར་ཕྱིན་ཡིན་ནོ་ཞེས་འཆད་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་སོ། །མཚན་མར་འཛིན་པའི་བློ་ཐམས་ཅད་ནི་སྐབས་གཉིས་པའི་ཤེར་ཕྱིན་དེའི་མི་མཐུན་ཕྱོགས་དང༌། དེ་ལས་རིང་བ་ཡིན་ལ། དེའི་རྒྱུ་མཚན་གྱིས་སྐབས་དང་པོའི་རྣམ་མཁྱེན་ལས་ཀྱང་རིང་བ་ཡིན་ལ། དེའི་འགལ་ཟླར་གྱུར་པའི་ཤེས་རབ་ནི་གཉེན་པོ་ལ་སོགས་པ་རྣམས་སོ། །ཞེས་འཆད་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པས་མདོར་བསྟན་ནས། སྤང་གཉེན་གཉིས་ཀ་ལ་གཞི་ལམ་འབྲས་བུའི་དབྱེ་བས་གསུམ་དུ་ཕྱེ་ནས་རྒྱས་པར་འཆད་པ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་སོགས་སོ། །འདིར་སློབ་དཔོན་སེང་གེ་བཟང་པོས་གང་ཟག་གི་བདག་གིས་སྟོང་པའི་འདུ་ཤེས་མི་མཐུན་ཕྱོགས་སུ་སྦྱར་བ་ནི་མདོ་དང་མི་མཐུན་ཏེ། དེར་ཁྱབ་པའི་སྟོང་ཉིད་ལ་བཤད་པས་སོ། །ཞེས་ལོ་ཙཱ་བ་གསུང་ངོ༌། །དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་པའོ། །འོ་ན་མཚན་མེད་ཀྱི་ཤེས་རབ་དེ་སྐབས་དང་པོ་གཉིས་ཀྱི་ཤེར་ཕྱིན་ལ་ཉེ་བ་ཡིན་ན། དེ་རྒྱུད་ལ་བསྐྱེད་པའི་ཐབས་ཇི་ལྟ་བུ་ཞེ་ན། དེ་ལ་འཇུག་པའི་སྦྱོར་བ་འཆད་ལ། དེ་ཡང་སོ་སོའི་དབྱེ་བ་དང༌། འཛིན་སྟངས་ཀྱི་ཁྱད་པར་གཉིས་ཀྱི་སྒོ་ནས་འཆད་དོ། །དེ་ལྟར་ཞུགས་པས་སྐབས་གཉིས་པར་འབྱུང་བའི་ཕན་ཡོན་ཆེན་པོ་ཅན་གྱི་མཐོང་སྒོམ་གྱི་ལམ་རིམ་གྱིས་སྐྱེས་ནས། འབྲས་བུ་རྣམ་མཁྱེན་སྐྱེ་བར་འགྱུར་རོ། །ཞེས་པ་ནི། སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཅིག་ཡིན་ལ། དེའི་ཚེ་ན། འཇུག་པ་སྦྱོར་བ་ཞེས་བྱ་བ་དེ་སྐབས་འདིའི་བསྟན་བྱའི་གཙོ་བོར་འགྱུར་རོ། །དེ་ལྟར་བཤད་པ་དེ་ནི་སྐབས་གཉིས་པར་ཤེས་བྱའི་ལམ་ལ་རྟོགས་རིགས་གསུམ་བསྟན་པ་ལས་ཐ་མ་དེ་ཡང་མངོན་དུ་བྱ་བའི་ལམ་དུ་སྟོན་པ་ཡིན་ནོ། །ཡང་བསྟན་བྱའི་གཙོ་བོ་གཉིས་པ་ཞིག་འབྱུང་ཚུལ་ནི། དེ་ལྟར་འཇུག་པ་སྦྱོར་བ་རྒྱུད་ལ་བསྐྱེད་ཟིན་པའི་རྣལ་འབྱོར་པ་དེས། སྐབས་གཉིས་པར་བསྟན་པའི་ཤེས་པར་བྱ་བའི་ལམ་གྱི་རྟོགས་རིགས་དང་པོ་གཉིས་པོ་དེ་རྒྱུད་ལ་སྐྱེས་ནས། ཇི་ལྟར་ཤེས་པ་དང༌། ཤེས་མཐོང་གིས་བལྟས་ནས་འདའ་བའི་ཚུལ་ཞིག་སྐབས་འདིར་བསྟན་དགོས་པ་ཡིན་ཏེ། སྐབས་གཉིས་པར་ནི། གསུམ་ཀ་ཤེས་པར་བྱ་བའི་ལམ་དུ་བསྟན་ཀྱང༌། ཤེས་ནས་འདའ་བ་དང༌། མངོན་དུ་བྱ་བ་གང་ཡིན་གྱི་དབྱེ་བ་མ་བཤད་པས་སོ། །འདིར་དེ་འཆད་པ་ལ་གཉིས་ཏེ། ཇི་ལྟར་ཤེས་ཚུལ་རྩ་བས་དངོས་སུ་བསྟན་པ་དང༌། ཤེས་མཐོང་གིས་བལྟས་ནས་འདའ་བའི་ཚུལ་འགྲེལ་པས་ཁ་བསྐང་ནས་བཤད་པའོ། །དང་པོ་ནི། ཤེས་པར་བྱ་བའི་ཉན་རང་གི་ལམ་ལ་མཐོང་སྒོམ་མི་སློབ་ལམ་གསུམ་ལས། ཕྱི་མ་གཉིས་ནི་བྱང་སེམས་ཀྱི་རྒྱུད་ལ་བསྐྱེད་པར་བྱ་བ་མིན་ཏེ། ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར་དང༌། དེ་སྤངས་པའི་ཐར་པ་དོན་དུ་མི་གཉེར་བས་སོ། །དེ་བས་ན་དེའི་མཐོང་ལམ་གྱི་རྟོགས་རིགས་ཙམ་ཞིག་རྒྱུད་ལ་བསྐྱེད་དགོས་པ་ཡིན་ལ། དེ་ཇི་ལྟར་བསྐྱེད་པའི་ཚུལ་ཡང༌། ཉན་རང་གི་ལམ་གྱི་རྟོགས་རིགས་དངོས་དང་འདྲ་བར་བསྐྱེད་ན། བདག་མེད་དང་པོ་གཉིས་སུ་ཞེན་པའི་མཚན་འཛིན་ལས་མ་གྲོལ་བའི་གཉེན་པོ་ཅན་དུ་བསྐྱེད་དགོས་ཀྱང༌། འདིར་ནི་བདག་ཡོད་མེད་སོགས་ཀྱི་སྤྲོས་པ་དང་བྲལ་བའི་རྣམ་པ་ཅན་དུ་བསྐྱེད་པ་ཡིན་ལ། དེ་ལྟར་བསྐྱེད་པ་ན་བདག་མེད་དང་པོ་གཉིས་རྟོགས་པའི་རྟོགས་རིགས་སུ་གྱུར་པའི་ལམ་དེ་བསྐྱེད་པར་ཡང་འགྱུར་ལ། དེ་ལ་གནས་པར་ནི་མི་འགྱུར་བས། དེའི་ཕྱིར་སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་མཐོང་ལམ་རྒྱུད་ལ་བསྐྱེད་དགོས་སོ་ཞེས་འཆད་པ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། ཞེས་སོགས་སོ། །དེ་ལྟར་བཤད་པ་དེའི་ཚེ་སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་མཐོང་ལམ་དེ་སྐབས་འདིའི་བསྟན་བྱའི་གཙོ་བོར་འགྱུར་རོ། །འོ་ན་འདི་དང་གཉིས་པའི་མཐོང་ལམ་ལ་ཁྱད་པར་ཅི་ཡོད་ཅེ་ན། རང་གི་མཚན་ཉིད་ལ་ཁྱད་པར་མེད་ཀྱང་བསྟན་ཚུལ་མི་འདྲ་སྟེ། གཉིས་པར་ནི་ལམ་གསུམ་པ་ཤེས་ནས་མངོན་དུ་བྱ་ཚུལ་གྱི་ལྡོག་པ་ནས་བཤད་ལ། འདིར་ནི་ལམ་དང་པོ་གཉིས་ཤེས་ནས་འདའ་ཚུལ་གྱི་ལྡོག་པ་ནས་བསྟན་པས་སོ། །དེ་ལྟར་བཤད་པ་འདིས་ནི་སྐབས་གཉིས་པའི་ལམ་ཤེས་ཀྱི་སྟོན་ཚུལ་དང༌། གསུམ་པར་གཞི་ཤེས་ཀྱི་སྟོན་ཚུལ་མི་འདྲ་བའི་ཁྱད་པར་གྲུབ་བོ། །དོན་དེ་ལྟར་མ་གོ་བར་སྐབས་དེ་གཉིས་སུ་མཁྱེན་པ་དེ་གཉིས་རིམ་ཅན་དུ་བསྟན་ཞེས་པའི་ཚིག་སྤྱི་ཙམ་ལ་བརྟེན་ནས། མཁྱེན་པ་དེ་གཉིས་ཀྱི་དོན་ལྡོག་འདི་ལྟ་བུ་གཞི་ཡིན་ནོ། །ཞེས་སྐབས་སོ་སོར་བསྟན་པ་ལ་གོ་ན་འཁྲུལ་བར་འགྱུར་ཏེ། མཁྱེན་པ་དེ་གཉིས་ཀྱི་དོན་ལྡོག་སོ་སོ་ནི་སྐབས་གཉིས་པ་ཁོ་ནར་བསྟན་ཟིན་ནས། སྐབས་འདིར་ནི་གཞི་ཤེས་ཀྱི་རྟོགས་རིགས་ཤེས་ནས་འདའ་བ་དང༌། ལམ་ཤེས་ཀྱི་རྟོགས་རིགས་ཤེས་ནས་མངོན་དུ་བྱ་བ་གཉིས་ཀྱི་རིམ་པ་ཙམ་ཞིག་བསྟན་པར་གོ་དགོས་པའི་ཕྱིར། དེ་ལྟར་ཤེས་པ་དེ་ལ་ནི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་བདེ་བླག་ཏུ་ཤེས་པ་ཞེས་བྱ་ལ། དེ་འདྲ་དེ་སྐབས་ཕྱི་མ་གཉིས་ཀྱི་གོ་རིམ་གྱི་འབྲེལ་སྒྲིག་པའི་དུས་ཀྱི་གཞི་ཤེས་དེ་ཡིན་ནོ། །གཉིས་པ་འདའ་ཚུལ་ཁ་བསྐང་བ་ནི་ཉི་སྣང་ལས། དྲི་བ་དང་ལན་གཉིས་གསུངས་པ་ལས། དང་པོ་ནི་ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཞེས་པའོ། །དོན་ནི་ལམ་ཤེས་ཀྱིས་རྟོགས་རིམ་གོམས་པར་བྱེད་པའི་སྒོམ་ལམ་སྐབས་གཉིས་པར་བསྟན་པ་བཞིན་དུ། གཞི་ཤེས་ཀྱི་རྟོགས་རིགས་རྒྱུད་ལ་བསྐྱེད་ནས་གོམས་པར་བྱེད་པའི་བྱང་སེམས་ཀྱི་སྒོམ་ལམ་ཞིག་སྟོན་པར་རིགས་ཏེ། དེ་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱེད་པའི་བྱང་སེམས་ཀྱི་མཐོང་ལམ་ཞིག་བསྟན་པ་བཞིན་ནོ། །དེ་ལྟ་ན་ཡང་མི་སྟོན་པ་ཅི་ཞེ་ན། ལན་ལ་གཉིས་ཏེ། ཉོན་མོངས་སྤངས་པའི་ཐར་པ་དོན་དུ་མི་གཉེར་བའི་རྒྱུ་མཚན་གྱི་ལན་གདབ་པ་དང༌། ཉན་རང་གི་སྤང་རྟོགས་ཐམས་ཅད་བྱང་སེམས་ཀྱི་མཐོང་ལམ་དུ་རྫོགས་པའི་རྒྱུ་མཚན་གྱིས་འདིར་དེ་མི་སྟོན་པའི་ལན་གདབ་པའོ། །དང་པོ་ནི་ཉི་སྣང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ། །ཞེས་གསུངས་པ་ནས། འདི་ནི་གཞན་གཙོ་བོར་བྱེད་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་པ་ཡིན་ནོ། །ཞེས་དང༌། དོན་གསལ་ལས། ཉན་ཐོས་ཀྱི་ལམ་ནི་ཞེས་སོགས་སོ། །གཉིས་པ་ནི། ཉི་སྣང་ལས། གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་གསུངས་པ་ཡིན་ནོ། །བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་གང་ལས་ཤེས་ཞེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང་དབང་པོ་དང་ཚོགས་ཁྱད་ཞུགས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ། དེའི་བཟོད་པ་ཡིན་ཏེ། རྟོགས་པའི་ཆ་འདི་ཙམ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ནི། ལན་སྔ་མ་ལས་འཕྲོས་ནས། ཉན་རང་གི་རྟོགས་རིགས་ཇི་ལྟ་བ་བཞིན་དུ་ཤེས་པ་ལ། བྱང་སེམས་ཀྱིས་བསྒོམ་ནས་ཤེས་དགོས་པས། དེ་གོམས་པར་བྱེད་པའི་བྱང་སེམས་ཀྱི་སྒོམ་ལམ་བསྟན་དགོས་སོ་ཞེ་ན་མ་ཡིན་ཏེ། ཉན་རང་གི་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཆོས་བཟོད་དང་པོར་ཡར་ལྡན་དུ་འདུ་བའི་ཕྱིར། ཞེས་པའོ། །འདི་ཙམ་མ་ཡིན་ཞེས་པའི་དོན་ལ། ཨར་གྱིས་ནི། རྟོགས་པའི་ཆ་རང་རྒྱུད་པ་དེ་དེ་ན་ཡོད་པ་མ་ཡིན་གྱི། ཡར་ལྡན་དུ་འདུས་ཞེས་པའི་དོན་དུ་བཤད་དོ། །གཉིས་པ་གཞུང་སོ་སོའི་དཀའ་བའི་གནས་བཤད་པ་ལ། ཐོག་མར་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་ཀྱི་རྣམ་པར་བཞག་པ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། བསྟན་བཅོས་ལས་སུ་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། ལང་ཀར་གཤེགས་པ་དང༌། དགོངས་པ་ངེས་པར་འགྲེལ་བ་དང༌། དཔལ་འཕྲེང་གི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྣམས་ལས་ནི་དེས་དེ་མ་རྟོགས་པར་ཤིན་ཏུ་གསལ་ལོ། །མདོ་སྡེ་ས་བཅུ་པ་ལས་ནི། དེས་དེ་རྟོགས་པའི་ཤེས་བྱེད་གསལ་བར་གསུངས་ཤིང༌། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་སྦུ་བ་བརྡོས་པ་འདྲ། །ཞེས་སོགས་ཀྱིས་ཀྱང་དེ་བསྟན་པ་ཡིན་ནོ། །ཞེས་སློབ་དཔོན་ཟླ་བ་གྲགས་པ་གསུང་ངོ༌། །ཤེས་ཕྱིན་གྱི་མདོའི་དགོངས་པ་ལ་འཆད་ཚུལ་གཉིས་ལས། དང་པོ་ནི། བོད་ཀྱི་མཁས་པ་ཁ་ཅིག་ན་རེ། ཡུམ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཡུམ་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱིས་དེ་ལ་དེ་རྟོགས་པ་ཡོད་པ་དང༌། མོས་མིན་འདུ་ཤེས་ཡོད་པ་ཡིན། །ཞེས་པའི་མདོར། གཟུགས་ལ་གནས་པ་དང་ལྷག་པར་མོས་པ་ནས་མངོན་པར་འདུ་ཤེས་པ་ལ་སྤྱོད་པས་ནི། སྐྱེ་བ་དང༌། རྒ་བ་དང༌། མྱ་ངན་དང༌། སྨྲེ་ངག་སྣ་ཚོགས་འདོན་པ་དང༌། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་གྲོལ་ལོ། །བྱང་ཆེན་དེ་ནི། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་མེད་ན། རྫོགས་པའི་བྱང་ཆུབ་ལྟ་ཅི་སྨྲོས། ཞེས་པ་དང༌། གཟུང་དོན་རྟོག་པ་སྤོང་ཕྱིར་གྱི་མདོར། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང༌། མངོན་དུ་བྱ་བར་འདོད་ན་ཡང་བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་ངོ༌། །ཞེས་པ་དང༌། ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །ཞེས་སོགས་ཀྱི་མདོར། བཅོམ་ལྡན་འདས་མངོན་པར་འདུ་བགྱིས་པས་ནི། ཡང་དག་པའི་ལྟ་བ་བསྐྱེད་པའམ། སྐྱོན་མ་མཆིས་པར་འཇུག་པར་མི་ནུས་སོ། །རྒྱུན་དུ་ཞུགས་པ་ནས་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་བར་དུ་ཡང་མི་ནུས་སོ། །ཞེས་དང༌། དེ་བཞིན་ཉིད་ནི་མི་དམིགས་དང༌། །ཞེས་པའི་མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཆོས་འབའ་ཞིག་བསྒོམ་པ་ནི་ཐབས་ལ་མཁས་པ་ལ་མ་བརྟེན་པས་ཉན་ཐོས་སུ་འགྱུར་རོ། །ཞེས་པའི་མདོ་དེ་རྣམས་ཀྱིས་དེ་ལ་དེ་རྟོགས་པ་ཡོད་པར་བསྟན་པ་ཡིན་ནོ། །ཞེས་གསུང་ཡང༌། བོད་ཀྱི་སློབ་དཔོན་གཞན་དག་ན་རེ། ཡུམ་ལས། ཕྱོགས་བཅུ་རེ་རེའི་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤཱ་རིའི་བུ་དང༌། མཽ་འགལ་གྱི་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་ཀྱིས་བྱང་ཆེན་ཤེར་ཕྱིན་ལ་ཉིན་གཅིག་སྤྱོད་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ལ་སོགས་པ་གསུངས་པས། དེས་དེ་མ་རྟོགས་པར་བཞེད་པ་ཡིན་ནོ། །ཞེས་གསུང་ངོ༌། །ལུང་དེ་དག་ནི་དེས་དེ་རྟོགས་པ་དང་མ་རྟོགས་པའི་ཤེས་བྱེད་གང་དུ་ཡང་འགྲིག་པ་མིན་ཏེ། ཉན་ཐོས་ཀྱི་ས་ལ་ཞེས་སོགས་ནི། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པའི་མདོ་ཡིན་ལ། དེའི་ནང་ནས་རྟོགས་རིགས་གསུམ་གྱི་དང་པོ་འཆད་པའི་མདོ་ཡིན་པའི་ཕྱིར་དང༌། མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པའི་ཐད་ཀྱི་མདོ་དེ་ཡང་གང་ཟག་གི་བདག་ཏུ་མཚན་མར་འཛིན་པ་ལ་བྱ་དགོས་པ་ཡིན་ཏེ། དཔེར་ན། དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པའི་སྐབས་ཀྱི་མཚན་མེད་དེ་གང་ཟག་གི་བདག་མེད་ལ་འཆད་པར་འགྲེལ་ཆེན་ལས་གསུངས་པ་བཞིན་ནོ། །གཟུང་དོན་རྟོག་པ་སྤོང་ཕྱིར་གྱི་ཐད་ཀྱི་མདོ་ཡང༌། སྡུད་པར་གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །ཞེས་པ་ནས། བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་སོ། །ཞེས་པ་དང་དོན་གཅིག་ལ། དེའི་བཟོད་པ་དེ་ཡང་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དེ་ལ་འཆད་དགོས་པའི་ཕྱིར་དང༌། རྣམ་ཐར་སྒོ་གསུམ་ཙམ་ནི། མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་ཡེ་ཤེས་ལས་ཀྱང་འབྱེད་པར་གཉེན་པོའི་ལམ་འཆད་པའི་སྐབས་ནས་གསལ་བའི་ཕྱིར་རོ། །གཉིས་པ་མ་རྟོགས་པའི་ཤེས་བྱེད་དུ་དྲངས་པ་དེ་ཡང༌། དེའི་སྒྲུབ་བྱེད་དུ་འབྲེལ་བ་མ་ཡིན་ཏེ། བརྒྱའི་ཆར་ཡང་མི་འགྲོ་བར་བཤད་པ་དེ། ཐབས་ཀྱི་ཆ་ནས་ཡིན་གྱི་ཤེས་རབ་ཀྱི་ཆ་ནས་མ་ཡིན་པའི་ཕྱིར་ཏེ། མདོ་དེ་འདྲ་དེ་ཐབས་ཀྱི་ཁྱད་པར་ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བ་དེའི་མདོ་ཡིན་གྱི། ཤེས་རབ་ཀྱི་ཁྱད་པར་བདེན་པ་གཉིས་ལས་མི་འདའ་བ་ཞེས་བྱ་བ་དེའི་མདོ་མ་ཡིན་པ་ཕྱིར་རོ། །འོ་ན་ཡུམ་གྱི་མདོའི་དགོངས་པ་ཅི་ཞེ་ན། དེ་ནི་རྒྱན་གྱིས་ཇི་ལྟར་བཀྲལ་བ་བཞིན་དུ་ཡིན་ལ། དེ་ཡང་འཆད་པར་འགྱུར་རོ། །གཉིས་པ་བསྟན་འཆོས་སུ་བཀྲལ་ཚུལ་ལ་གཉིས་ཏེ། རྗེ་བཙུན་བྱམས་པའི་གཞུང་གི་དགོངས་པ་ཐོགས་མེད་ཞབས་ཀྱིས་ཕྱེ་བ་རྣམས་སུབཀྲལ་ཚུལ་དང༌། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་ཐལ་རང་གི་སློབ་དཔོན་སོ་སོས་ཕྱེ་བ་རྣམས་སུ་བཀྲལ་ཚུལ་ལོ། །དང་པོ་ལ་དེས་དེ་རྟོགས་མ་རྟོགས་ཀྱི་ལུགས་གཉིས་ཏེ། རྗེ་བཙུན་གྱི་གཞུང་བར་པ་གསུམ་དང༌། དེའི་དགོངས་འགྲེལ་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས་ཆ་ཤས་དང་བཅས་པ་རྣམས་སུ་ནི། དེས་དེ་མ་རྟོགས་པ་ཁོ་ན་བཤད་ཀྱི། དེས་དེ་རྟོགས་པའི་ཆ་ཤས་ཅུང་ཟད་ཙམ་ཡང་བཤད་པ་མེད་དོ། །མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དག་ཏུ་ནི། ཉན་ཐོས་ལ་འཛིན་པ་ཆོས་ཀྱི་བདག་མེད་ལྟ་ཞོག གཟུང་བ་ཆོས་ཀྱི་བདག་མེད་ཙམ་ཡང་རྟོགས་པ་མེད་ཅིང༌། རང་རྒྱལ་ལ་ནི། བདག་མེད་གསུམ་པ་རྟོགས་པ་མེད་ཀྱང༌། བདག་མེད་དང་པོ་གཉིས་རྟོགས་དགོས་པར་བཤད་ལ། དེ་ལྟ་མོད་ཀྱི་བདག་མེད་གཉིས་པ་དེ་འདིར་དེས་དེ་རྟོགས་མ་རྟོགས་དཔྱོད་པའི་སྐབས་ཀྱི་བདག་མེད་དེའི་ངོས་འཛིན་དུ་རུང་བ་མ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་རྩ་འགྲེལ་གཉིས་ཀ་ན། དེས་དེ་མ་རྟོགས་པའི་བཤད་པ་ཁོ་ན་ཡོད་ཀྱི། དེས་དེ་རྟོགས་པའི་བཤད་པ་ཅུང་ཟད་ཀྱང་མེད་དོ། །འདི་ལ་ལོག་པར་རྟོག་པའི་མཐའ་སེལ་བ་ལ་གཉིས་ཏེ། རྒྱན་རྩ་འགྲེལ་གྱི་དང༌། རྒྱུད་བླ་མ་རྩ་འགྲེལ་གྱིའོ། །དང་པོ་ནི། འགའ་ཞིག་ན་རེ། རྩ་བར། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ེས་དང༌། འགྲེལ་པར་འཕགས་སེང་གཉིས་ཀས་ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་འཇོག་པར་གསུངས་པས། དེས་དེ་རྟོགས་པར་གསལ་བ་ཡིན་ནོ་ཞེས་གསུངས་པའི་བརྒལ་ལན་ནི། རྒྱས་པར་རིགས་ཀྱི་སྐབས་སུ་གཏན་ལ་ཕབ་ཟིན་པས་འདིར་མི་སྤྲོའོ། །དེ་བས་ན་སྐབས་གཉིས་པ་དང་གསུམ་པའི་སྐབས་འདིར། དེ་ལ་དེ་རྟོགས་པ་མེད་པར་གཞུང་འགྲེལ་བཀླགས་པ་ཙམ་གྱིས་གོ་བར་ནུས་པས། དོན་རྒྱས་པར་འཆད་མི་དགོས་ལ། འདི་ལ་རྗེས་བཙུན་དམ་པ་འགའ་ཞིག་གི་གསུང་ནས། རྣམ་མཁྱེན་ཡིད་བྱེད་ཀྱི་སྒོ་ནས་མ་རྟོགས་པར་འཆད་པ་ཡིན་ཞེས་གསུང་ཡང༌། དེ་ལ་ཐེག་ཆེན་སེམས་བསྐྱེད་མེད་པར་བཤད་པ་ཉིད་ཀྱིས་དོན་དེ་གྲུབ་པས། དེས་དེ་མ་རྟོགས་པའི་གཞུང་འགྲེལ་རྒྱས་པར་གསུངས་པ་དེ་དག་ལ་ནུས་པ་མ་འཐོན་ནོ། །ཡང་གཞན་དག་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་གཉིས་ཀ་ཡོད་ཅིང༌། དང་པོ་ནི། རིགས་ཀྱི་སྐབས་སུ་བསྟན། གཉིས་པ་ནི་སྐབས་འདིར་བསྟན། དེ་ཡང་ཕྱི་མ་མང་བས་དེའི་ལམ་གྱི་རྣམ་གཞག་མང་དུ་གསུངས་པ་ཡིན་ནོ། །ཞེས་གསུངས་མོད། དེ་ལྟར་ཁས་བླངས་ན་འཆད་པ་པོ་དེ་ལ་ནང་འགལ་དུ་མ་འབྱུང་ཞིང༌། མ་རྟོགས་པའི་ཉན་རང་འཕགས་པ་ཤིན་ཏུ་མང་བས་དེའི་འཕགས་ལམ་ཐོབ་པ་ལ་དེ་རྟོགས་མ་དགོས་པར་གསལ་བས། མ་རྟོགས་པ་གཞུང་གི་དགོངས་པ་ཉིད་དུ་འཆད་དགོས་པར་འགྱུར་རོ། །ཡང་ལ་ལ་དག་ན་རེ། རྒྱན་ལས་མ་རྟོགས་པར་བཤད་ཀྱང༌། དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འགྲེལ་དགོས་པ་ཡིན་ནོ། །ཞེས་གསུང་ཡང༌། དབུ་མ་པ་ཆེན་པོའི་བསྟན་འཆོས་སུ་ཁས་བླངས་ནས། ངེས་དོན་གྱི་འཆད་ཚུལ་ལ་སྒྲ་ཇི་བཞིན་པ་མ་ཡིན་པར་འཆད་ན། ཤིན་ཏུ་ནོངས་པར་འགྱུར་ཞིང༌། དེ་ལྟར་འཆད་པའི་ཚད་ལྡན་གྱི་བསྟན་བཅོས་སུ་ཡང་མ་བྱུང་ངོ༌། །འོ་ན་སེམས་ཙམ་པས། བསྟན་བཅོས་རྩ་བ་ཤེས་རབ་ཀྱི་དགོངས་པ་དེར་ཁས་བླངས་ནས། དེར་བཀྲལ་བ་མ་ཡིན་ནམ་ཞེ་ན། མིན་ཏེ། དེས་དེའི་དགོངས་པ་ཤེས་པ་བདེན་གྲུབ་ཏུ་ཁས་ལེན་པའི་དབུ་མ་པ་ཞིག་ཏུ་བཀྲལ་བ་ཡིན་གྱི། དབུ་མ་ཆེན་པོར་མ་བཀྲལ་བས་སོ། །གཉིས་པ་ནི། གཞན་དག་ན་རེ། རྒྱུད་བླ་མའི་དགོངས་པ་དེས་དེ་རྟོགས་པ་ལ་སྦྱོར་དགོས་ཏེ། ཇི་སྐད་དུ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་བཤད་པས་ཉན་རང་གིས་ཀྱང་བདེ་བར་གཤེགས་པའི་སྙིང་པོ་དེ། དེ་བཞིན་གཤེགས་པ་ལ་དད་པའི་སྟོབས་ཀྱིས་རྟོགས་བྱར་བཤད་པའི་ཕྱིར། ཞེས་གསུང་བ་དག་སྣང་མོད། གཞུང་གི་གོང་འོག་ཀུན་དང་མི་མཐུན་ཅིང༌། གཞུང་དེའི་དོན་ཡང༌། སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པའི་གང་ཟག་བཞི་པོ་དེས་ཀྱང༌། སྙིང་པོ་དེ་བཞིན་གཤེགས་པའི་གསུང་རབ་ལ་ཐོས་བསམ་གྱིས་རྟོགས་པ་ཙམ་ཞིག་ཡོད་པར་འཆད་པ་ཡིན་ལ། དེའི་སྒོ་ནས་རྟོགས་རྒྱུའི་སྙིང་པོ་དེ་ལ་ཡང་རང་བཞིན་རྣམ་དག་གི་ཆ་དང༌། བློ་བུར་རྣམ་དག་གི་ཆ་གཉིས་སུ་ཕྱེ་ནས། དང་པོ་རྫོགས་པར་མཐོང་བའི་ས་མཚམས་ས་དང་པོ་དང༌། གཉིས་པ་རྫོགས་པར་མཐོང་བའི་ས་མཚམས། སངས་རྒྱས་ཀྱི་ས་ཁོ་ན་ལ་འཆད་པ་ནི། གཞུང་འགྲེལ་དེའི་དགོངས་པ་ལ་ཤིན་ཏུ་གསལ་བ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་ཆེན་པོའི་དགོངས་པ་རང་རྒྱུད་པའི་སློབ་དཔོན་མཐའ་དག་དང༌། ཁྱད་པར་འཕགས་སེང་གི་དགོངས་པ་ལ་ནི། དེས་དེ་མ་རྟོགས་པར་འཆད་པ་ཁོ་ན་ཡིན་པ་ལ། རྣམ་དཔྱོད་གཟུ་བོར་བཞག་ན། མཐའ་གཞན་དུ་དོགས་པའི་གོ་སྐབས་མེད་པས། དེའི་ཤེས་བྱེད་ཀྱི་ལུང་རིགས་རྒྱས་པར་མ་སྤྲོས་སོ། །སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ། ཤེས་པར་བྱ་བའི་ཉན་རང་གི་སྦྱོར་ལམ་གཉིས་པོ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་དུ་བཤད་པས། དེ་དེའི་སྒྲུབ་བྱེད་དུ་འབྲེལ་བ་ཡིན་ནོ། །ཞེས་ཟེར་བ་ལས་ལྷག་པའི་ལུང་རིགས་མེད་ལ། དེ་ནི་དེ་ལྟ་མིན་ཏེ། ཤེས་པར་བྱ་བའི་ཉན་རང་གི་ལམ་དངོས་བཤད་པ་ཉིད་ཀྱིས། དེའི་རྒྱུད་ཀྱི་ལམ་མ་ཡིན་པར་གསལ་བའི་ཕྱིར་རོ། །སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས། དེའི་དགོངས་པ་འགྲེལ་བ་ན། དེས་དེ་རྟོགས་པ་དེའི་དགོངས་པ་ཡིན་པའི་ཤེས་བྱེད་དུ། རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་སོགས་དང༌། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱིས་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེའི་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་དང༌། རྩ་བ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །ཞེས་སོགས་ཀྱིས་དེས་དེ་རྟོགས་པར་བསྟན་པ་ཡིན་ནོ། །ཞེས་བཞེད་པ་ལ་རྩོད་པ་མེད་དོ། །འོ་ན་དེའི་དགོངས་པ་དེ་ལྟར་གནས་སམ་ཞེ་ན། དེར་མི་གནས་པའི་ཚུལ་རང་དབང་དུ་བྱས་ཏེ་འཆད་པར་མི་ནུས་མོད། འོན་ཀྱང་འཕགས་སེང་གི་ལུགས་འདི་ཁས་ལེན་པའི་ཕྱིར་འདི་སྐད་ཅེས་བྱ་སྟེ། རིན་ཆེན་འཕྲེང་བའི་ལུང་དང་པོའི་དོན་ནི། ཇི་སྲིད་བདེན་འཛིན་རྒྱུད་ལ་ཡོད་པ་དེ་སྲིད་དུ་ངར་འཛིན་ཡོད་པ་དང༌། དེའི་དབང་གིས་ལས་བསགས་ནས་སྐྱེ་བ་ལེན་པ་དེ་གཞུང་དེའི་དགོངས་པ་ཡིན་ན། དེས་དེ་རྟོགས་པའི་ཤེས་བྱེད་དུ་འབྲེལ་ཡང༌། དེ་མ་ཡིན་ཏེ། སྤྱིར་རྒྱུ་དེ་ཡོད་ན་དེའི་འབྲས་བུ་ཡོད་པས་ཁྱབ་པ་ཁས་ལེན་མི་ནུས་པའི་ཕྱིར་དང༌། བྱེ་བྲག་ཏུ་རྒྱུན་ཞུགས་མཐོང་ཆོས་ཞི་ལ་སོགས་པས་མ་ངེས་པའི་ཕྱིར། ལུང་གཉིས་པའི་དོན་ཡང༌། ཟད་པའི་དོན་སྟོང་ཉིད་ལ་འཆད་པ་དགོངས་པ་ཡིན་ན། དེས་དེ་རྟོགས་པའི་ཤེས་བྱེད་དུ་འབྲེལ་ཡང༌། དེ་མིན་ཏེ། ཐེག་དམན་གྱི་སྡེ་སྣོད་ལས། ཕུང་པོ་མི་རྟག་པར་བཤད་པ་དང༌། ཐེག་པ་ཆེན་པོ་ལས་བདེན་མེད་དུ་བཤད་པ་གཉིས་འགལ་བ་མེད་དེ། མི་རྟག་པ་དེ་བདེན་མེད་ཀྱི་བསྒྲུབ་བྱེད་ཡིན་པས་སོ། །ཞེས་པའོ། །ཀ་ཏ་ཡ་ན་ལ་གདམས་པ་ལས་དེ་ལྟར་བཤད་པ་དང༌། ཐེག་དམན་གྱི་མདོར་དེ་ལྟར་བཤད་པ་ཙམ་གྱིས་དེས་དེ་རྟོགས་དགོས་པ་མིན་ཏེ། ཉན་ཐོས་ནི་ཐེག་པ་ཆེན་པོའི་ཆོས་ཉམས་སུ་མི་ལེན་ཀྱང་རང་གིས་རྫོགས་པའི་སངས་རྒྱས་སོགས་ལས་ཐོས་ནས་གཞན་ལ་སྒྲོག་པའི་ཕྱིར་རོ། །ཞེས་བཤད་པ་ནི་ཤིན་ཏུ་ཡང་འབྲེལ་བ་ཡིན་ནོ། །སྔོན་གྱི་བོད་མཁས་པ་ཕལ་ཆེ་བ་དག་ན་རེ། སྤྱོད་འཇུག་གི་དགོངས་པ་ལ་དེས་དེ་རྟོགས་པ་ཤིན་ཏུ་གསལ་བ་ཡིན་ཏེ། ཇི་སྐད་དུ། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་པའི་ལན་དུ། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་བཤད་པས་སོ་ཞེས་གསུང་ཡང༌། གཞུང་དེའི་དགོངས་པ་ནི། དེས་དེ་མ་རྟོགས་པའི་ཕྱོགས་ལ་ཤིན་ཏུ་འབྲེལ་བ་ཡིན་ཏེ། དེས་དེ་རྟོགས་པར་བཤད་ན། ཇི་སྐད་དུ། ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པ་མན་ཆད་ཀྱི་གཞུང་གི་དོན་ཕྱིན་ཅི་མ་ལོག་པར་འཆད་མི་ཤེས་པའི་ཕྱིར། འོ་ན་དེ་མན་ཆད་ན། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་ཉོན་སྒྲིབ་ཀྱི་གཉེན་པོར་སྟོང་པ་ཉིད་བསྒོམ་དགོས་པ་བཤད་པ་མ་ཡིན་ནམ་ཞེ་ན། དེར་དེ་དགོས་པར་སྟོན་པ་མིན་ཏེ། མི་རྟག་ལ་སོགས་བཅུ་དྲུག་མ་སྒོམ་པར་སྟོང་ཉིད་རྐྱང་པ་བསྒོམ་པས་ཉོན་སྒྲིབ་སྤོང་མི་ནུས་སམ་སྙམ་པའི་དོགས་པ་འགོག་པ་ལ་གཞུང་དེ་གསུངས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། གོང་དུ། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །ཞེས་པར་སྟོང་ཉིད་མ་བསྒོམ་ན་མྱང་འདས་མི་ཐོབ་པར་གསུངས་པ་ལས་འཕྲོས་ནས་འོ་ན་དེ་བསྒོམ་པས་ཀྱང་མྱང་འདས་མི་ཐོབ་སྟེ། དེས་ཉོན་མོངས་སྤོངས་མི་ནུས་པའི་ཕྱིར། ཞེས་ཟེར་བ་ལ། དེའི་ལན་དུ། སྟོང་ཉིད་གོམས་ན་དེ་ལས་ལོགས་སུ་བདག་མེད་དང་པོ་མ་བསྒོམ་ཀྱང་སྒྲིབ་པ་གཉིས་ཀ་སྤོང་ནུས་ཞེས་འཆད་པ་ཡིན་ནོ། །དེས་དེ་མ་རྟོགས་པའི་ལུགས་འདི་ལ། བསྟན་རྩ་ཞེས་པའི་རྐང་པ་གཉིས་པོ་དེ་བཤད་དཀའ་བ་ཡིན་ལ། དེ་འཆད་ཚུལ་ནི། གང་ཕྱིར་ལུང་ལས་ཞེས་པ་རྐང་པ་གཉིས་ཀྱིས། སྟོང་ཉིད་རྟོགས་པའི་ལམ་མེད་ན། །རྫོགས་པའི་བྱང་ཆུབ་མེད་པར་བཤད་ནས། རྐང་པ་གཉིས་པོ་འདིས་དེ་མེད་ན་ཉན་ཐོས་ཀྱི་དགྲ་བཅོམ་ཀྱང་མེད་པར་འགྱུར་ཞེས་འཆད་པའོ། །དེའི་འཆད་ཚུལ་ནི་སྟོང་ཉིད་རྟོགས་པའི་ལམ་མེད་ན་རྫོགས་པའི་བྱང་ཆུབ་མེད། དེ་མེད་ན་དེས་ཆོས་བསྟན་པ་མེད། དེ་མེད་ན་བསྟན་པ་སྡུད་པ་དང༌། འཛིན་པའི་རྩ་བ་ཉན་ཐོས་དགྲ་བཅོམ་མེད་དགོས་སོ་ཞེས་པའི་དོན་ནོ། །དེ་ལྟར་འཆད་པ་རང་བཟོ་ཁོ་ནའོ་སྙམ་ན། མིན་ཏེ། མདོ་སྡེ་རྒྱན་ལས། ཐེག་ཆེན་བཀའ་སྒྲུབ་ཀྱི་གཞུང་དུ། ཡོད་དང་མེད་དང་ཡོད་མེད་དང༌། །ཞེས་གསུངས་ལ། དེའི་དོན་ཡོད་ན་ཡོད། མེད་ན་མེད་ཅེས་པ་ཡིན་ལ། ཕྱི་མའི་དོན་ནི། ཐེག་པ་ཆེན་པོ་མེད་ན་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དགོས་ཏེ། སངས་རྒྱས་ཀྱི་ཐེག་པ་མེད་པར་སངས་རྒྱས་རྣམས་མི་འབྱུང་བའི་ཕྱིར། ཞེས་བཤད་པ་དང་མཐུན་ནོ། །ཡང་ན་ནི། བསྟན་རྩ་ཞེས་པའི་དོན། ཉན་ཐོས་སྡེ་པས། ཉན་ཐོས་ཀྱི་སྡེ་སྣོད་བཀའ་རུ་འདོད་ཅིང༌། ཐེག་ཆེན་གྱི་སྡེ་སྣོད་དེར་མི་འདོད་པ་ལ། འོ་ན་དེ་ཡང་བཀའ་མ་ཡིན་པར་འགྱུར་ཏེ། དེའི་རྩ་བ་དགེ་སློང་དགྲ་བཅོམ་པ་དག་གིས་བསྟན་པ་བསྡུས་པའི་རྒྱུ་མཚན་གྱིས་དེར་འཆད་དགོས་པ་ལས། དེ་བསྡུས་པ་ཡང་དཀའ་བ་སྟེ། དེ་ལ་དཔང་པོ་མེད་པའི་ཕྱིར། དེ་ཡོད་དེ། བླ་མ་བརྒྱུད་པའི་རིམ་པ་ལས་སོ་ཞེ་ན། འོ་ན་སྔ་མ་ལ་ཡང་སངས་རྒྱས་ཀྱི་གསུངས་པ་ལ་དཔང་པོ་ཡོད་དེ། མཚུངས་པའི་ཕྱིར། ཞེས་འཆད་པ་ཡིན་ནོ། །དེ་ནས་སྐབས་གསུམ་པར་བསྟན་པའི་གཞི་ཤེས་ཀྱི་དབྱེ་བ་ཇི་ལྟར་ཡིན་པ་ནི། བོད་གངས་ཅན་པ་ཕལ་ཆེ་བ་དག ཇི་སྐད་དུ། ཤེས་པས་སྲིད་ལ་མི་གནས་ཤིང༌། །ཞེས་སོགས་ཀྱི་སྒྲས་ཟིན་ལ་བརྟེན་ནས། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ལ་སོགས་པ་དྲུག་གི་ཐ་སྙད་མཛད་ཅིང་དེའི་མཚན་ཉིད་དང༌། མཚན་གཞི་འཛིན་ལུགས་རྣམས་གྲགས་ཆེ་བས་མ་བྲིས་ལ། དེ་ལྟར་འཆད་པ་དེ་དག་ཀྱང་དོན་ལ་འགལ་བ་མེད་པས། རང་ལུགས་སུ་ཁས་བླངས་པས་ཀྱང་ཆོག་མོད། འོན་ཀྱང་ཟུར་ཕྱིན་པར་འཆད་ན་འདི་ཡིན་ཏེ། མདོ་དང་བསྟན་འཆོས་དང་འགྲེལ་པ་གསུམ་ཆར་ལས་དེ་དྲུག་ཀ་གཞི་ཤེས་ཀྱི་ཆ་ནས་བསྟན་པ་མེད་དོ། །འོ་ན་ཇི་ལྟར་བསྟན་ཅེ་ན། སྲིད་ཞི་ལ་མི་གནས་པ་ནི། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་ཆ་ནས་བཤད་ཅིང༌། མིང་ནི་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་ཞེས་བྱ་བའི་མིང་གིས་བཏགས་ལ། དོན་ནི་སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་དེ་ཉིད་དོ། །དེ་སྲིད་ཞི་ལ་མི་གནས་པའི་ཤེས་བྱེད་ནི། ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཐོང་བ་དང༌། སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པའོ། །ཤེས་རབ་ཀྱིས་དུས་གསུམ་རང་བཞིན་མེད་པར་རྟོགས་པ་ནི། ཉེ་བའི་ཤེས་བྱེད་ཡིན་གྱི། སྲིད་ཞི་ལ་མི་གནས་པའི་ཤེས་བྱེད་དུ་འཆད་པ་ནི་མ་འབྲེལ་ལོ། །དེའི་ཤུགས་བསྟན་སྲིད་ཞི་ལ་གནས་པ་ནི་མཚན་འཛིན་ལ་བཤད་ལ། དེ་ཡང་འཁོར་འདས་ལ་བླང་དོར་དུ་ཞེན་པའི་རྣམ་པ་ཅན་ཞིག་ཡིན་ལ། མིང་ནི་རང་གིས་རྟོགས་པ་ཙམ་གྱི་ཤེར་ཕྱིན་ཞེས་བཤད་ལ། འདི་གཉིས་ཀ་ཡང་མངོན་པར་རྟོགས་པ་བརྒྱད་ཀྱི་ཟླས་ཕྱེ་བའི་གཞི་ཤེས་སུ་མ་བཞག་སྟེ། སྔ་མ་ལམ་ཤེས་ཀྱི་ལྡོག་པ་ནས་བཤད་པའི་ཕྱིར་དང༌། ཕྱི་མ་མཚན་འཛིན་གྱི་ལྡོག་པ་ནས་བཤད་པའི་ཕྱིར། དེའི་ཕྱིར་དངོས་བསྟན་སྲིད་ཞི་ལ་མི་གནས་པ་ནི། གཞི་ཤེས་ཀྱི་ཆ་ནས་བསྟན་པ་མེད་དོ། །ཤུགས་བསྟན་སྲིད་ཞི་ལ་གནས་པའི་མིང་ཅན་དེ། གཞི་ཤེས་ཀྱི་ཆ་ལ་སྦྱར་ན་རུང་ཙམ་ཡིན་པའི་ཚུལ་ནི། རང་གིས་རྟོགས་པ་ཙམ་གྱི་ཞེས་པ་དང་འབྲེལ་ལ། དེ་ལྟ་ན་ཡང་དངོས་པོའི་མཚན་མ་དང་ལྡན་པར་རྟོགས་པས་ཞེས་མཚན་འཛིན་དུ་བཤད་པ་དང་ཁྱད་པར་དབྱེ་དགོས་ལ། ཇི་ལྟར་དབྱེ་ན་མཚན་འཛིན་གྱི་ཆ་ནས་ཡུམ་ལ་རིང་བ་དང༌། རང་གི་རྟོགས་པ་ཙམ་གྱི་ཆ་ནས་གཞི་ཤེས་དང༌། དངོས་པོ་དང་དངོས་མེད་ཀྱི་མཚན་མར་བཟུང་བའི་ཆ་ནས་སྲིད་ཞི་ལ་གནས་པར་བཞག་པ་ཡིན་ནོ། །ཡང་ཉེ་རིང་གི་གཞི་ཤེས་ཞེས་པ་ཡང༌། ཇི་ལྟ་བ་བཞིན་དུ་འགྲིག་པ་མིན་ཏེ། མདོ་རྒྱན་འགྲེལ་པ་གསུམ་ཆར་ལས། ལམ་ཤེས་ཀྱི་རྟོགས་རིགས་སུ་གྱུར་པའི་བྱང་སེམས་ཀྱི་མཁྱེན་པ་དེ་རྒྱལ་ཡུམ་ལ་ཉེ་བ་དང༌། དེའི་ལོག་ཕྱོགས་ཉན་ཐོས་ཀྱི་མཚན་འཛིན་དེ་དེ་ལ་རིང་བར་བཤད་པ་ཡིན་གྱི། གཞི་ཤེས་ཀྱི་ལྡོག་ཆ་ནས་ཉེ་རིང་དུ་བཤད་པ་མེད་པའི་ཕྱིར། ཡང་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་པའི་ཐ་སྙད་ཀྱང༌། ཇི་ལྟ་བ་བཞིན་དུ་འགྲིག་པ་མིན་ཏེ། མདོ་རྒྱན་འགྲེལ་པ་གསུམ་ཀའི་བསྟན་ཚུལ་ལ། གཞི་ལམ་འབྲས་བུ་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དེ་ཉིད་འབྲས་ཡུམ་བསྒྲུབ་པའི་མི་མཐུན་ཕྱོགས་ཡིན་པ་དང༌། དེའི་ལོག་ཕྱོགས་དེ་གསུམ་སྤྲོས་བྲལ་དུ་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་དེ་གཉེན་པོར་བཤད་པ་ཙམ་ཞིག་ཡིན་གྱི། གཞི་ཤེས་ཀྱི་ཆ་ནས་བཤད་པ་དང༌། གཞི་ཤེས་ཐེག་པ་ཆེ་ཆུང་གི་རྒྱུད་ལ་ཡོད་པ་གཉིས་སྤོང་གཉེན་དུ་བཤད་པ་མེད་པའི་ཕྱིར་རོ། །དེ་ལྟར་ན། སྲིད་ཞི་ལ་མི་གནས་པའི་ཤེར་ཕྱིན་དང༌། དེ་གང་རུང་ལ་གནས་པའི་ཤེར་ཕྱིན་དང༌། འབྲས་ཡུམ་ལ་ཉེ་བའི་ཤེར་ཕྱིན་དང༌། རིང་བའི་ཤེར་ཕྱིན་དང༌། འབྲས་ཡུམ་བསྒྲུབ་པའི་མི་མཐུན་ཕྱོགས་དང་མ་བྲལ་བའི་དང༌། བྲལ་བའི་ཤེར་ཕྱིན་ཞེས་བཤད་ན། འགྲིག་པ་ཡིན་ནོ། །དེ་ནས་འཇུག་པ་སྦྱོར་བའི་སྐབས་ཀྱི་དཀའ་བའི་གནས་ལ། སྦྱོར་བའི་རྣམ་གཞག་དང༌། མཚན་ཉིད་གསུམ་གྱི་རྣམ་གཞག་གོ །དང་པོ་ནི། གཟུགས་སོགས་ཡུལ་བཅུ་ལ་བསྒྲུབ་པའི་རྣམ་པ་ཅན་གྱི་ཞེན་སྤྱོད་བཀག་ནས་བསྒོམ་པའི་རྣལ་འབྱོར་རོ། །འདིར་བསྒྲུབ་པ་ཞེས་པ་མ་ཡིན་པར་དགག་པ་ལ་བྱ་བ་ཡིན་ལ། དེ་ཡང་མི་འགྱུར་བ་ཡིན་པར་ཞེན་པ་དང༌། བྱེད་པ་པོ་མེད་པ་ཡིན་པར་ཞེན་པ་སོགས་ཡིན་ལ། དེ་ཡང་རྟོག་གེ་ལ་གྲགས་པའི་མེད་དགག་གི་འདུ་ཤེས་དེ་ཡང༌། སྤྲོས་པ་མཐའ་དག་འགོག་པའི་སྐབས་འདིར། བསྒྲུབ་པའི་འདུ་ཤེས་སུ་འཆད་དགོས་པ་ཡིན་ནོ། །དབྱེ་ན་བཅུ་ལས། འཕགས་པའི་དགོངས་པ་ལ། དང་པོ་བཞི་སྤྱོད་པ་བཀག་པའི་སྦྱོར་བ་དང༌། ཕྱི་མ་དྲུག་ལ་སྦྱོར་བ་ཙམ་གྱི་ཐ་སྙད་མཛད་ལ། སློབ་དཔོན་གྱིས་ནི་སྤྱོད་པ་བཀག་པ་ཞེས་པ་བར་གྱི་གསལ་བྱེད་དུ་མཛད་ནས། ཐམས་ཅད་ལ་སྤྱོད་པ་བཀག་པའི་སྦྱོར་བ་ཞེས་གསུང་ངོ༌། །ས་མཚམས་ནི། མཚམས་སྦྱར་དུ་སྦྱོར་བའི་ལམ་ནི་ཞེས་པ་ལ་འཁྲུལ་ནས། ངེས་འབྱེད་ཆ་མཐུན་ལ་འཆད་པ་དང༌། དེ་བཞིན་དུ་གཞོན་ནུ་དཔལ་གྱི་བསྡུས་དོན་ལས་ཀྱང༌། དེ་ལ་སྦྱོར་བ་ནི་དྲོད་དང་རྩེ་མོའི་དབང་པོ་བཅུའོ། །མཉམ་པ་ཉིད་ནི། བཟོད་པ་དང་ཆོས་མཆོག་གི་སྟོབས་བཅུའོ། །ཞེས་ཟེར་ཡང་འདི་ནི་ལམ་ལྔའི་ཟླས་ཕྱེ་བའི་སྦྱོར་བའི་ལམ་དེ་ལ་འཆད་པ་ནི་དགོངས་པ་མིན་ཏེ། སྦྱོར་བ་དང་བར་ཆད་མེད་པའི་ལམ་སོགས་བཞིའི་ཟླས་ཕྱེ་བའི་སྦྱོར་བའི་ལམ་ལ་འཆད་པ་ལ་དགོངས་པའི་ཕྱིར། དེ་ལྟར་ན། ཚོགས་ལམ་ནས་ས་བཅུ་པའི་བར་ལ་བཞག་སྟེ། ཇི་སྲིད་གཞི་ལམ་འབྲས་བུ་གསུམ་ལ་མཚན་མར་འཛིན་པའི་བློ་ས་བོན་དང་བཅས་པ་དྲུངས་མ་ཕྱུང་བ་དེ་སྲིད་དུ་དེའི་སྤོང་གཉེན་བསྒོམ་དགོས་པའི་ཕྱིར། དེས་ན་འདི་ལ་གཞི་ཤེས་ཀྱི་སྦྱོར་བ་ཞེས་ཟེར་ཡང༌། གཞི་ཤེས་ཀྱི་རྟོགས་རིགས་སུ་གྱུར་པའི་སྦྱོར་བ་ནི་མ་ཡིན་ཏེ། སྤྲོས་བྲལ་གྱི་རྣམ་པ་ཅན་དུ་བཤད་པའི་ཕྱིར། འོ་ན་ཅི་ཞེ་ན། གཞི་ཤེས་ཀྱི་སྐབས་ནས་བསྟན་པའི་གཉེན་པོའི་ཕྱོགས་ལ་འཇུག་པའི་སྦྱོར་བ་ཞེས་བྱ་ལ། དེ་ཡང་ལེགས་པར་དཔྱད་ན། ལམ་ཤེས་ལ་འཇུག་པའི་སྦྱོར་བ་ཞེས་བྱ་བར་འགྱུར་ལ། སྦྱོར་བ་དེ་ལས་ལམ་གསུམ་ཀའི་རྟོགས་པ་ཡར་ལྡན་དུ་ལྡན་པའི་ལམ་ཤེས་འབྱུང་བར་སྟོན་པ་ནི། སྐབས་གསུམ་པའི་མཐོང་ལམ་སྟོན་པའི་གཞུང་གི་ཚོགས་རྣམས་ཡིན་ལ། དེ་ལ་ཡང་གཞི་ཤེས་ཀྱི་མཐོང་ལམ་ཟེར་མོད། དོན་ནི། ལམ་གསུམ་ཀའི་རྟོགས་རིགས་ཡར་ལྡན་དུ་ལྡན་པའི་ཆ་ནས་བཤད་པའི་ལམ་ཤེས་ཤིག་ཡིན་ལ། དེ་ཡང་སྐབས་གཉིས་པའི་བསྟན་བྱའི་གཙོ་བོ་དང་ཁྱད་པར་ཡོད་ཚུལ་ནི་གོང་དུ་བཤད་ཟིན་ནོ། །གཉིས་པ་མཚན་ཉིད་གསུམ་གྱི་རྣམ་གཞག་ལ། སྐབས་སུ་བབ་པ་ཤེར་ཕྱིན་གྱི་མདོ་འགྲེལ་ལས་འབྱུང་བ་དང༌། དེ་ལས་འཕྲོས་ནས་རྣལ་འབྱོར་སྤྱོད་པའི་གཞུང་གི་ལུགས་བཤད་པའོ། །དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཀུན་བཏགས་པ་དང༌། རྣམ་པར་བཏགས་པ་དང༌། ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དེ་གསུམ་གསུམ་དུ་ཕྱེ་ནས་བཤད་པ་ཡིན་ནོ། །དེ་ཡང་སྒྲ་དོན་འཛིན་པའི་རྟོག་པ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དོན་སྤྱི་ཤར་བ་ལ། དེ་དང་དེར་སྒྲོ་བཏགས་པ་ནི། ཀུན་བཏགས་པའི་གཟུགས་ལ་སོགས་པའོ། །དེར་སྣང་བའི་རྟོག་པ་ནི་རྣམ་པར་བཏགས་པའི་གཟུགས་ལ་སོགས་པའོ། །དེ་དེས་སྟོང་པའི་ཆ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པའོ། །དེ་དག་གི་ནང་ནས་ཀུན་བཏགས་པའི་གཟུགས་སོགས་ལ་ནི་མ་རྫོགས་པ་ཞེས་བྱ་སྟེ། རྟོག་པས་དེ་དང་དེར་བཏགས་པ་ཙམ་ཡིན་གྱི། རང་གི་ངོ་བོ་དེ་དང་དེར་མ་གྲུབ་པས་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའི་ཕྱིར་དང༌། ཆོས་ཉིད་ཀྱི་གཟུགས་སོགས་ལ་ནི། རྫོགས་པ་ཞེས་བྱ་སྟེ། ཡོན་ཏན་གྱི་རྟེན་དུ་རྫོགས་པའི་ཕྱིར། འདིར་རྣམ་པར་བཏགས་པའི་གཟུགས་ནི། རྫོགས་མ་རྫོགས་དཔྱད་པའི་གཞི་ཡིན་པའི་ཕྱིར། དངོས་སུ་གཉིས་པོའི་ཟླ་བོར་མ་བསྟན་ཀྱང་མི་རྟོགས་པའི་སྐྱོན་མེད་ཅིང༌། གོང་དུ་གཟུགས་སོགས་ཀྱི་ངོ་བོ་ལ་སྤྱོད་པ་བཀག་པའི་ཡུལ་དུ་བསྟན་པ་དེས་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་པ་དེ་ནི། བརྒྱད་སྟོང་འགྲེལ་ཆེན་གྱི་དོན་དང་མཐུན་ལ། དབུ་མ་སྣང་བ་ལས་འབྱུང་བ་ལྟར་ན། མཚན་འཛིན་གྱིས་མཚན་མར་བཏགས་པའི་ཆ་ནི་དང་པོ་དང༌། དེས་དབེན་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ནི། གཉིས་པ་དང༌། ཆོས་ཉིད་སྟོང་པ་ཉིད་ནི་གསུམ་པའོ། །གཉིས་པ་རྣལ་འབྱོར་སྤྱོད་པའི་ལུགས་ལ་གཉིས་ཏེ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། བོད་ཀྱི་སློབ་དཔོན་ཕྱི་མ་ཕལ་ཆེ་བ་དག་ན་རེ། རྟོག་པས་སྒྲོ་བཏགས་པ་ཙམ་གྱི་ཆོས་དེ། དང་པོའི་མཚན་ཉིད། དབྱེ་ན་མཚན་ཉིད་ཡོངས་སུ་འཆད་པ་དང༌། རྣམ་གྲངས་པའི་ཀུན་བཏགས་གཉིས་སོ། །དང་པོ་ནི། བདག་གཉིས་གཉིས་དང༌། རི་བོང་གི་རྭ་ལ་སོགས་པའོ། །གཉིས་པ་ནི། སྤྱི་མཚན་ཐམས་ཅད་དོ། །རྒྱུ་རྐྱེན་ལས་སྐྱེས་པ་དེ་གཉིས་པའི་མཚན་ཉིད། དབྱེ་བ་ལ་མ་དག་གཞན་དབང་དང༌། དག་པ་གཞན་དབང་ངོ༌། །དང་པོ་ནི། མ་དག་པའི་འཇིག་རྟེན་གྱི་ཁམས་དང༌། བདག་ཏུ་འཛིན་པའི་རྟོག་པ་ལྟ་བུའོ། །གཉིས་པ་ནི། བདག་མེད་རྟོགས་པའི་འཕགས་པའི་མཉམ་རྗེས་ཀྱི་ཡེ་ཤེས་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྣམས་སོ། །འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དེ་ཁོ་ན་ཉིད་དེ་གསུམ་པའི་མཚན་ཉིད། དབྱེ་ན་འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་འོ། །དང་པོ་ནི། ཆོས་ཉིད་མེད་དགག་གི་ཆའོ། །གཉིས་པ་ནི་དེ་རྟོགས་པའི་ཡེ་ཤེས་སོ། །དངོས་བཏགས་ཀྱི་ཁྱད་པར་ནི་ཀུན་བཏགས་ཀྱི་དབྱེ་བ་དང་པོ་དེ་བཏགས་པ་བ་དང༌། གཞན་དབང་གི་གཉིས་ཀ་མཚན་ཉིད་པ་དང༌། ཡོངས་གྲུབ་ཀྱི་གཉིས་པ་བཏགས་པ་བ་ཡིན་ནོ་ཞེས་ཟེར་ཞིང༌། ཀུན་བཏགས་བདེན་པར་མེད་པ་དང༌། གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཡིན་ནོ། །ཞེས་གསུངས་སོ། །དེ་མི་འཐད་པ་ལ་བཞི་སྟེ། མཚན་ཉིད་མི་འཐད། དབྱེ་བ་མི་འཐད། དངོས་བཏགས་སུ་དབྱེ་ལུགས་མི་འཐད། བདེན་པར་གྲུབ་མ་གྲུབ་ཀྱི་མཚན་གཞི་འཛིན་ལུགས་མི་འཐད་པའོ། །དང་པོ་ཀུན་བཏགས་ཀྱི་མཚན་ཉིད་དུ་ཆོས་ཤེས་སྦྱར་ནས། དེ་ཡིན་ན་ཡོད་པས་ཁྱབ་པ་རང་ལུགས་སུ་འཆད་པ་ནི་རིགས་པ་མིན་ཏེ། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བཏགས་པ། །དེ་ནི་ཀུན་ཏུ་བཏགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་གསུངས་པ་ནི་མཚོན་པ་ཙམ་སྟེ། ལུགས་འདི་ལ་ཚད་མར་གྱུར་པའི་བསྟན་བཅོས་མཐའ་དག་ལས། དེ་ཡིན་ན་རང་ལུགས་ཀྱི་ཀུན་རྫོབ་བདེན་པ་ཡིན་དགོས་པ་དང༌། ཡོད་པ་མིན་དགོས་པ་ཤ་སྟག་དུ་སྣང་བའི་ཕྱིར། གཉིས་པ་ནི། དེ་ལྟ་ན། བདག་གཉིས་ཀུན་བཏགས་མ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། བདག་ཏུ་འཛིན་པའི་རྟོག་པ་གཉིས་གཞན་དབང་དང༌། རྟོག་པ་དེ་བདག་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་དེ་ཡོངས་གྲུབ་མ་ཡིན་པར་འགྱུར་རོ། །གཞན་དབང་གི་མཚན་ཉིད་ཀྱང་མི་འཐད་དེ། འཕགས་པའི་མཉམ་གཞག་ཡེ་ཤེས་དང༌། རྣམ་མཁྱེན་སོགས་གཞན་དབང་དུ་ཁས་ལེན་ན། ལུང་དང་འགལ་བ་དང༌། རིགས་པས་མི་འཐད་པའོ། །དང་པོ་ནི་སུམ་ཅུ་པར། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་གསུངས་པས། དེ་འདྲ་དེ་ཡང་ཡང་དག་མ་ཡིན་ཀུན་རྟོག་ཏུ་འགྱུར་རོ། །སྤང་བྱ་ཡིན་པར་ཡང་འགྱུར་ཏེ། གཞན་དབང་ལ་སྤང་བྱས་ཁྱབ་པར་མདོ་སྡེ་རྒྱན་ལས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་ན་དེ་དག་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན་དོན་དམ་པར་བདེན་གྲུབ་མ་ཡིན་པར་འགྱུར་བ་དང༌། ཀུན་རྫོབ་ཀྱི་བདེན་པ་ཡིན་པར་འགྱུར་བ་དང༌། དབུས་མཐར་དོན་དམ་པའི་བདེན་པ་ལ་གསུམ་དུ་ཕྱེ་ནས་འདི་དག་བསྒྲུབ་པ་དོན་དམ་དུ་བཤད་པ་དང་འགལ་ལོ། །མཚན་ཉིད་གསུམ་པ་ཡང༌། འཇོག་ལུགས་ཤེས་ན་སྐྱོན་མེད་ཙམ་ཡིན་ཡང༌། ཁྱེད་ཀྱི་འདོད་ལུགས་དེ་ལ་མི་འཐད་དེ། ལུགས་འདི་ལ་གང་མེད་པར་དགག་པ་ཡིན་ན། དེའི་སྤྱོད་ཡུལ་མཚན་ཉིད་པ་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རྣལ་འབྱོར་མངོན་སུམ་ཡིན་པས་ཁྱབ། མེད་པར་དགག་པ་ཡིན་ན་སྤྱི་མཚན་ཡིན་དགོས་ལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་མངོན་སུམ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། ཀུན་བཏགས་ཀྱི་དབྱེ་བ་མི་འཐད་པ་ནི། དེ་ལ་དེ་གཉིས་སུ་འབྱེད་པ་མི་འཐད་དེ། དེ་ལྟར་འཆད་པའི་ཁུངས་ཐུབ་ཀྱི་ལུང་མི་སྣང་བའི་ཕྱིར། ཀུན་བཏགས་གང་ཡིན་ཐམས་ཅད་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་མི་འཆད་པ་ཡང་ནོར་བ་ཡིན་ཏེ། གང་ཀུན་བཏགས་ཡིན་ན་མཚན་ཉིད་ཆད་པ་དང༌། མེད་པ་དང༌། དེས་སྟོང་པར་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་འགྲེལ་མཐའ་དག་ལས་མཐུན་པར་འབྱུང་བའི་ཕྱིར། དཔེར་ན་ཐེག་བསྡུས་ལས། རང་གི་མཚན་ཉིད་མེད་ལ་ཀུན་ཏུ་རྟོག་པ་ཙམ་དུ་དམིགས་པས་ཀུན་ཏུ་བཏགས་པ་ཞེས་བྱའོ། །ཞེས་གསུངས་པ་བཞིན་ནོ། །རྣམ་གྲངས་པའི་ཀུན་བཏགས་སུ་བཤད་པ་དང༌། ཀུན་བཏགས་མཚན་ཉིད་པར་འཆད་པ་ཡང་རང་ཚིག་འགལ་བས་མི་འཐད་པ་ཁོ་ནའོ། །གཉིས་པ་གཞན་དབང་གི་དབྱེ་བ་ཡང་འཐད་པ་མིན་ཏེ། གཞུང་འགྲེལ་ལས་བཤད་པའི་གཞན་དབང་གི་དབྱེ་བ་རྣམས་མ་བཤད་པའི་ཉེས་པ་དང༌། དེ་ནས་མ་བཤད་པ་འགའ་ཞིག་དབྱེ་བར་བཤད་པའི་ཉེས་པ་དང་བཅས་པའི་ཕྱིར་དང༌། དེ་ལྟར་གཉིས་སུ་དབྱེ་བའི་ཁུངས་མེད་པའི་ཕྱིར། ཐེག་བསྡུས་ལས། རྣམ་པར་བྱང་བའི་ཆར་གཏོགས་པའི་གཞན་དབང་ཞེས་གསུངས་པ་དེ་ནི། གཞན་དབང་གནས་གྱུར་པ་ལ་དགོངས་པར་འཆད་དགོས་པའི་ཕྱིར། གསུམ་པ་ཡོངས་གྲུབ་ཀྱི་དབྱེ་བ་དེ་ཁོ་ན་ལྟར་གཞུང་འགྲེལ་ལས་བཤད་པས། རྐང་གྲངས་འཐད་ཀྱང༌། ངོས་འཛིན་ནོར་བ་ཡིན་ཏེ། ཆོས་ཉིད་མེད་དགག་གི་ཆ་ཡོངས་གྲུབ་དུ་འཆད་པ་ནི་ལུགས་འདི་ལ་མེད་པའི་ཕྱིར། གསུམ་པ་ནི། རི་བོང་གི་རྭ་ལ་སོགས་པ་མཚན་ཉིད་ཆད་པའི་ཀུན་བཏགས་སུ་འཆད་པ་ནི། དེ་གཞི་མ་གྲུབ་པ་ཙམ་ལ་བློ་རྩེ་གཏད་པ་མ་གཏོགས། ཀུན་བཏགས་ཀྱི་གོ་དོན་མ་ཤར་བ་ཡིན་ཏེ། དེ་དེར་འཆད་ན། དེ་འཛིན་གྱི་རྟོག་པ་དེས་སྟོང་པའི་སྟོང་ཉིད་ཡོངས་གྲུབ་དུ་ཐལ་བ་དང༌། རི་བོང་རྭ་མེད་པ་དོན་དམ་པའི་བདེན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་བུམ་པའི་དོན་སྤྱི་སོགས་རང་ལུགས་ལ་ཡོད་པར་ཁས་ལེན་བཞིན་དུ། དེ་ཀུན་བཏགས་གོ་ཆོད་པོར་འཆད་པ་ཡང་ནོར་བ་ཡིན་ཏེ། དེ་རང་ལུགས་ལ་ཡོད་པ་མ་ཡིན་པར་ཐལ་བ་དང༌། དེ་འཛིན་རྟོག་པ་དེའི་དོན་སྤྱིས་སྟོང་པའི་དེ་བཞིན་ཉིད་དེ། ཡོངས་གྲུབ་ཏུ་ཐལ་བ་དང༌། དེ་མེད་པ་དོན་དམ་པའི་བདེན་པར་ཐལ་བ་སོགས་འཇུག་གོ །གཉིས་པ་གཞན་དབང་གི་དབྱེ་བ་གཉི་ག་དེ་མཚན་ཉིད་པར་ཁས་ལེན་པ་ཡང་མི་འཐད་དེ། རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ་ཙམ་གྱིས་དེར་འཇོག་པ་མ་ཡིན་གྱི། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་བདག་པོའི་རྐྱེན་ལས་བྱུང་བ་ལ་དེར་འཇོག་དགོས་པའི་ཕྱིར། དེ་སྐད་དུ་ཡང་ཐེག་བསྡུས་ལས། ཅིའི་ཕྱིར་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་གྱི་དབང་ལས་སྐྱེས་པ་ཡིན་པས། དེ་ལྟ་བས་ན། རྐྱེན་གཞན་གྱིས་དབང་བྱེད་དོ། །ཞེས་གསུངས་པས་སོ། །གསུམ་པ་ཡོངས་གྲུབ་ཀྱི་དངོས་བཏགས་ཀྱང་མི་འཐད་དེ། གཉིས་ཀ་དེ་མཚན་ཉིད་པར་ཁས་ལེན་དགོས་པའི་ཕྱིར་ཏེ། དབུས་མཐའ་ལས། ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་པུ་ཁོ་ནས་བསྡུས་པ་ཡིན། །ཞེས་དེ་འདྲ་དེ་མཚན་ཉིད་གསུམ་གྱི་ནང་ནས་ཡོངས་གྲུབ་ཁོ་ནས་བསྡུས་པ་དང༌། ཡང་དག་བསྒྲུབ་པ་གཅིག་པུའོ། །ཞེས་ལམ་གྱི་བདེན་པ་དེ་ཡོངས་གྲུབ་གཅིག་པུས་བསྡུས་པར་བཤད་པ་དང་འགལ་ལོ། །བཞི་པ་བདེན་པར་ཡོད་མེད་ཀྱི་དབྱེ་བ་མི་འཐད་པ་ནི། གཞན་དབང་བདེན་གྲུབ་ཏུ་འཆད་པ་རྣལ་འབྱོར་སྤྱོད་པའི་གཞུང་གི་ལུགས་མ་ཡིན་ཏེ། རྗེ་བཙུན་གྱི་གཞུང་བར་པ་གསུམ་ལས། གཞན་དབང་སྒྱུ་མ་ལྟ་བུར་བཤད་ལ། དེར་འཆད་པ་དང༌། བདེན་གྲུབ་ཏུ་འཆད་པ་ནི་གཞི་གཅིག་ལ་འདུ་བའི་གོ་སྐབས་མེད་པའི་ཕྱིར་དང༌། སྒྱུ་མ་ལྟ་བུ་ནི་བདེན་པར་མེད་པའི་མཐུན་དཔེ་ཡང་དག་ཏུ་རང་གཞན་གྱི་སྡེ་པ་མཐའ་དག་ལ་གྲགས་པའི་ཕྱིར། བསྡུ་བ་ལས་ཀྱང༌། གཞན་དབང་ཀུན་རྫོབ་ཏུ་ཡོད་ཅིང་དོན་དམ་དུ་མེད་པར་གསུངས་ལ། བདེན་པར་ཡོད་ན་དོན་དམ་པར་བདེན་དགོས་པའི་ཕྱིར་དང༌། དེར་བདེན་ན་དོན་དམ་པའི་བདེན་པར་ཐལ་བ་དང༌། ཀུན་རྫོབ་ཏུ་བདེན་པས་བདེན་པའི་གོ་ཆོད་ན། ཧ་ཅང་ཐལ་བའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་ལས་ཀྱང༌། ཇི་ལྟ་ཇི་ལྟར་ཞེས་སོགས་ཀྱིས་ཀུན་བཏགས་བདེན་པར་མེད་པ་དང༌། བློ་དེ་ལ་ཡང་མི་འགྱུར་རོ། །ཞེས་སོགས་ནས། གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་པའི་བར་གྱིས་གཞན་དབང་བདེན་མེད་དུ་བསྒྲུབ་པ་དང༌། མདོ་སྡེ་རྒྱན་དང༌། དབུས་མཐའ་གཉིས་ཀ་ལས། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་ཕྱི་རོལ་གྱི་དོན་མི་བདེན་པའི་རྟགས་ཀྱིས་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་ཡང་མི་བདེན་པར་བསྒྲུབས་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ལ་གསུམ་ལས། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ལ་སྣང་ཞིང་སྣང་བ་ལྟར་མ་གྲུབ་པ། དང་པོའི་མཚན་ཉིད། དེ་སྐད་དུ་ཡང༌། རྣམ་པར་རྟོག་པ་གང་གང་གི །ཞེས་སོགས་གསུངས་སོ། །དབྱེ་ན་ངོ་བོ་ཉིད་དུ་བཏགས་པ་དང༌། ཁྱད་པར་དུ་བཏགས་པའོ། །དེ་སྐད་དུ་ཡང༌། ཐེག་བསྡུས་ལས། ཀུན་བཏགས་པའི་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དུ་ཀུན་དུ་རྟོག་པས་བཏགས་པ་དང༌། ཁྱད་པར་དུ་ཀུན་དུ་རྟོག་པས་བཏགས་པའོ། །ཞེས་གསུངས། ཡང་ན་གཟུང་བ་ཀུན་བཏགས་དང༌། འཛིན་པ་ཀུན་བཏགས་གཉིས། ཡང་ན་འདོགས་བྱེད་རྣམ་གཡེང་གི་རྟོག་པ་བཅུའི་དབྱེ་བས་བཅུ། མདོར་ན་མཚན་གཞི་ནི་གང་ཟག་དང་ཆོས་ཀྱི་བདག་གཉིས་སོ། །དེ་དག་ནི་ཀུན་བཏགས་མཚན་ཉིད་པར་བཞག་དགོས་ལ། གཞན་དབང་དང་ཡོངས་གྲུབ་གང་རུང་དུ་མ་འདུས་ཤིང༌། མཚན་ཉིད་ཆད་པ་ཡང་མ་ཡིན་པ་རྣམས་ནི་ཀུན་བཏགས་བཏགས་པ་བར་བཤད་ནས། རྣམ་གྲངས་པའི་ཀུན་བཏགས་ཞེས་པའི་ཐ་སྙད་བྱས་ཀྱང་མི་འགལ་བ་ཙམ་ཡིན་ནོ། །དེའི་མཚན་གཞི་ནི་ཤེས་བྱ་གཞལ་བྱ་ལ་སོགས་པ་རྣམས་སོ། །བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རིག་པ་ཞེས་པའམ། དེའི་དབང་གིས་ཁམས་གསུམ་གྱི་རྣམ་པ་ཅན་དུ་སྣང་བའི་རིག་པ་དེ་གཞན་དབང་གི་མཚན་ཉིད་དོ། །དེ་ཡང་སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་སོ། །དབྱེ་ན་མདོ་སྡེ་རྒྱན་ལས། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཞེས་གསུངས་ལ། རྣམ་གསུམ་དང་པོ་ནི་གནས་དོན་ལུས་སུ་སྣང་བའོ། །རྣམ་གསུམ་གཉིས་པ་ནི། ཡིད་དང་འཛིན་དང་རྣམ་པར་རྟོག་པའོ། །ཞེས་འགྲེལ་པས་བཤད་དོ། །ཡང་ན་ཐེག་བསྡུས་ལས། གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། མདོར་བསྡུ་ན་གཉིས་ཏེ། བག་ཆགས་ཀྱི་ས་བོན་གྱི་གཞན་དབང་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོར་མ་གྲུབ་པའི་གཞན་གྱི་དབང་སྟེ། གཞན་གཞན་དབང་རྣམ་པ་འདི་གཉིས་ཀྱི་གཞན་གྱི་དབང་ངོ་ཞེས་གསུངས་ལ། དེ་ཡང་དང་པོ་ནི། ཀུན་གཞིའི་སྟེང་གི་བག་ཆགས་དང༌། གཉིས་པ་ནི། བག་ཆགས་དེའི་དབང་གིས་བསྐྱེད་པའི་ཡང་དག་མིན་རྟོག་གོ །ཡང་དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་ཞེས་བཞིར་བཤད་དོ། །དེའི་ཚེ་ན། ཀུན་གཞི་ནི་གཞན་དབང་མཚན་ཉིད་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཅན་གཞན་དབང་གི་སྟེང་དུ་ཀུན་ཏུ་བཏགས་པས་སྟོང་པའི་དེ་བཞིན་ཉིད་དེ་ཡོངས་གྲུབ་ཀྱི་མཚན་ཉིད་དོ། །ཇི་སྐད་དུ། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་པ་ཡིན། །ཞེས་གསུངས་སོ། །དབྱེ་ན་བདག་མེད་པ་རྣམ་པ་གཉིས་སོ། །དེའི་མཚན་གཞི་ནི་དེ་དང་དེ་བཀག་ཙམ་གྱི་མེད་དགག་ལ་འཆད་པ་མ་ཡིན་གྱི། དེ་བཀག་པས་ཁྱད་པར་དུ་བྱས་པའི་མྱོང་བ་གསལ་རིག་གི་ཆའོ། །དེ་ལ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་བྱ་ལ། དེ་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་ནི། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་བྱའོ། །དེ་སྐད་དུ་ཡང་དབུས་མཐའ་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་གསུངས་སོ། །ཡང་ཇི་སྐད་དུ། བརྒྱད་སྟོང་དོན་བསྡུས་ལས། རྣམ་པར་དག་པ་བཞི་བསྟན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །དག་པ་དེ་ནི་རང་བཞིན་དང༌། །དྲི་མ་མེད་པའི་ལམ་དང་དམིགས། །རྣམ་པར་དག་པའི་ཆོས་ཀྱི་རྣམས། །རྣམ་པ་བཞི་པོས་བསྡུས་པ་ཡིན། །ཞེས་རང་བཞིན་རྣམ་དག་དང༌། བློ་བུར་རྣམ་དག་དང༌། ལམ་གྱི་བདེན་པ་དང༌། དེ་བསྐྱེད་པའི་དམིགས་པ་གསུང་རབ་ཡན་ལག་བཅུ་གཉིས་རྣམས་ལ་བཤད་དོ། །ལུགས་འདི་ལ། འགོག་ལམ་གཉིས་ཀ་མཚན་ཉིད་པ་ཡིན་མོད། གཉིས་པོའི་ཁྱད་པར་ནི། གཞི་མྱོང་བ་གསལ་རིག་གཅིག་པུའི་སྟེང་དུ། སྤང་བྱ་བསལ་བའི་ཆ་དང༌། ཐོབ་བྱ་མངོན་དུ་བྱེད་པའི་ཆ་ནས་བཤད་དོ། །གསུམ་པོའི་གོ་རིམ་ནི། ཤེས་བྱ་དང༌། སྤང་བྱ་དང༌། དྲི་མ་རྣམ་པར་སྦྱང་བའི་གཞིའི་དབང་དུ་བྱས་པ་ཡིན་ལ། གྲངས་ངེས་ནི། ཤེས་བྱ་དང༌། སྤང་བྱ་དང༌། མངོན་དུ་བྱ་རྒྱུ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་ལ། སྒྲ་དོན་ནི། མེད་བཞིན་དུ་རྟོག་པས་ཀུན་ཏུ་བཏགས་པའི་ཕྱིར་དང༌། མ་རིག་པའི་དབང་གིས་བྱུང་བའི་ཕྱིར་དང༌། གནས་ལུགས་སུ་ཡོངས་སུ་གྲུབ་པའི་ཕྱིར་དེ་ཞེས་བྱའོ། །གསུམ་པོ་ཡང་བསྡུ་ན་བདེན་པ་གཉིས་སུ་འདུ་བ་ལས། དང་པོ་ནི། ལོག་པའི་ཀུན་རྫོབ་ཅེས་བྱ་བ་ཡིན་ཏེ། ཕུགས་ཀྱི་འཁྲུལ་རྒྱུས་འཁྲུལ་བར་བསྐྱེད་པའི་ཤེས་པ་ལ། སྣང་ཞིང་སྣང་བ་ལྟར་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་ཏེ། དེའི་དབང་གིས་བྱུང་ཞིང་ཐ་སྙད་དུ་ཡོད་པའི་ཕྱིར་རོ། །ཐ་སྙད་འདི་ཡང་འཇིག་རྟེན་ལ་གྲགས་པའི་དེ་མ་ཡིན་པར། བསྟན་བཅོས་ཀྱི་ཐ་སྙད་ལ་བྱ་དགོས་པ་ཡིན་ཏེ། འདིར་ཐ་སྙད་ཀྱི་བདེན་པ་བསྟན་བཅོས་ལ་གྲགས་པའི་རིགས་པས་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ནི་དོན་དམ་པའི་བདེན་པ་ཁོ་ནའོ། །ཀུན་རྫོབ་ཏུ་ཡང་མི་བདེན་ལ། གཉིས་པ་ནི་ཀུན་རྫོབ་ཏུ་བདེན་པར་གྲུབ་ཅིང༌། གསུམ་པ་ནི་དོན་དམ་པར་བདེན་པའོ། །ཞེས་བྱ་བ་འདིས་ནི་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་པར་བཞག་པ་མདོར་བསྡུས་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཏེ་གསུམ་པའི་རྣམ་པར་བཤད་པ་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། གང་གིས་གང་འདི་མཐོང་ན་དེ་བློ་ལ། །ངེས་ཤེས་ངེས་པར་སྟེར་བ་དེ་ཡིན་ཕྱིར། །རང་ཉིད་རང་དུ་རློམ་པ་དེ་ཐོང་ལ། །གཞན་ཡིད་གཞན་གྱིས་འཕྲོག་པ་དེ་ཟུང་ཞིག །སློབ་དཔོན་རྙེད་བཀུར་ཁྲི་ལ་འཁོད་པ་དང༌། །སློབ་མས་གྲགས་པའི་བསིལ་ཡབ་གཡོབ་པ་དང༌། །ཅ་ཅོའི་དབྱངས་ཀྱིས་བྱིས་པ་མགུ་བྱས་པས། །མདོ་དང་རྒྱན་འགྲེལ་ཤེས་རློམས་འགའ་མེད་དམ། །ཞེས་བྱ་བ་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ།།  །།སྐྱེ་མེད་རྣམ་གསུམ་རྟོགས་པའི་ཁ་ལོ་པས། །གང་དྲངས་རྣལ་འབྱོར་རྣམ་བཞིའི་ཤིང་རྟ་ཡིས། །མཚན་འཛིན་དབྱིངས་སུ་ཞི་བའི་ཐང་འཇམ་ལ། །བདེ་བར་རྒྱུ་མཁས་ཁྱོད་ལ་ཕྱག་འཚལ་ལོ། །ཐོས་བསམ་བློ་ཡིས་གཏན་ལ་ཕེབས་གྱུར་ཀྱང༌། །སྒོམ་བྱུང་བློ་ཡིས་གོམས་པར་མ་བྱས་ན། །ཉེས་པའི་ས་བོན་འབྱིན་པར་མི་ནུས་པས། །དེ་ཕྱིར་དེའི་རྣལ་འབྱོར་འདིར་བཤད་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་ཉམས་སུ་ལེན་པའི་ཐབས་སྦྱོར་བཞི་བཤད་པ་ལ། སྤྱིའི་རྣམ་གཞག་མདོར་བསྟན་པ་དང༌། སོ་སོའི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ལ། དབྱེ་གཞི་རྣལ་འབྱོར་ཙམ་གྱི་ངོ་བོ་ངོས་བཟུང་བ་དང༌། དབྱེ་ངོ་སྦྱོར་བ་བཞི་སོ་སོའི་ངོས་འཛིན་ནོ། །དང་པོ་ནི། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་སྔོན་དུ་བཏང་ནས། དངོས་གཞི་སྐྱེ་མེད་གསུམ་ལ་ཞི་ལྷག་ཟུང་དུ་འཇུག་པའི་རྣལ་འབྱོར་རོ། །གང་དག་རྣལ་འབྱོར་དང་སྦྱོར་བ་ལ་ཁྱབ་ཆེ་ཆུང་འདོད་པ་ནི་མ་ཤེས་པ་ཡིན་ཏེ། སྐད་དོད་གཅིག་ལ་འགྱུར་གྱི་ཁྱད་པར་ཡིན་པའི་ཕྱིར། སྤྱིར་བཏང་ལ་འདིར་བཤད་པའི་སྦྱོར་བ་ཙམ་དང༌། རྣམ་རྫོགས་སྦྱོར་བ་ལ་ཁྱད་ཡོད་པ་མ་ཡིན་ཏེ། རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་ཀུན་རྟོགས་པའི་རྣལ་འབྱོར་ལ་རྣམ་རྫོགས་སྦྱོར་བ་ཞེས་འཇོག་པའི་ཕྱིར་དང༌། དེ་ཙམ་ཞིག་ནི་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་ཕྱིར། དེ་ལྟ་ན་ཡང་སྦྱོར་བ་བཞིའི་ཟླས་ཕྱེ་བའི་རྣམ་རྫོགས་སྦྱོར་བ་དང་ནི་ཁྱད་པར་ཡོད་དེ། དེ་ནི་དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་ནང་ཚན་དུ་གྱུར་པའི་རྒྱུའི་དབང་དུ་བྱས་པའི་ཕྱིར། འོ་ན་སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པ་དེ་གང་ཞེ་ན། འདི་ལ་ཇི་ལྟར་བསྟན་པའི་ཚུལ་དང༌། བསྟན་བྱའི་གཙོ་བོ་བསམ་པའོ། །དང་པོ་ནི། སྐབས་འདིར་བསྒོམ་བྱ་རྣམ་པ་ནས་མཚན་ཉིད་ལ་ཐུག་པའི་བར་རྣམས་ནི། ཐེག་ཆེན་གྱི་སྦྱོར་བ་ཙམ་གྱི་དབང་དུ་བྱས་ནས་འཆད་པ་ཡིན་ཏེ། དེ་དག་ནི་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་ཕྱིར། ཐར་པ་ཆ་མཐུན་མན་ཆད་ནི་བཞིའི་ཟླས་ཕྱེ་བའི་སྦྱོར་བ་དང་པོའི་དབང་དུ་བྱས་ནས་འཆད་པ་ཡིན་ཏེ། དེ་དང་པོར་བསྐྱེད་པའི་ས་མཚམས་དང༌། སྐྱེས་པའི་གནས་སྐབས་ཀྱི་ཡོན་ཏན་ཕྱིར་མི་ལྡོག་པ་དང༌། སྦྱོར་བ་དེ་རང་གི་ངོ་བོ་ལ་སྲིད་ཞི་མཉམ་པ་ཉིད་སོགས་གསུམ་དུ་ཕྱེ་ནས་བཤད་པའི་ཕྱིར། གཉིས་པ་ནི། དེ་ལྟ་བུའི་གཞུང་མཚམས་མ་ཕྱེ་བར། སྐབས་འདིའི་བསྟན་བྱའི་གཙོ་བོ་གང་ཡིན་ཞེས་འདྲི་ན་ནི། དངོས་པོ་བརྒྱད་ཀྱི་ཟླས་ཕྱེ་བའི་སྦྱོར་བ་དང་པོ་དེའོ། །དེ་གང་ཞེ་ན། རྣམ་རྫོགས་སྦྱོར་བ་དང་པོར་སྐྱེས་པ་ནས། ཇི་སྲིད་རྩེ་མོའི་སྦྱོར་བ་ལ་མི་འཇུག་པ་དེ་སྲིད་དུའོ། །འོ་ན་བཞི་པོའི་ཁྱད་པར་ཅི་ཞེ་ན། འཕགས་པས་ནི། དང་པོ་གཉིས་ལ་མི་མཐུན་ཕྱོགས་སྤོང་བའི་དང༌། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་ཞེས་གསུངས་ཞིང༌། སློབ་དཔོན་ནི་དང་པོ་གཉིས་ལ་དབང་དུ་བྱེད་པ་རྒྱུ་འབྲས་དང༌། ཕྱི་མ་གཉིས་ལ་བརྟན་པ་རྒྱུ་འབྲས་ཞེས་འཆད་དོ། །འོ་ན་དེ་དག་གི་དོན་ཅི་ཞེ་ན། སྦྱོར་བ་དང་པོ་གཉིས་སུ་མི་མཐུན་ཕྱོགས་མཚན་འཛིན་གྱི་རྟོག་པ་སྤོང་བའི་ཕྱིར་དུ་གོམས་པར་བྱེད་ཅིང༌། དེའི་ཆ་ནས་སྦྱོར་བ་དང་པོ་གཉིས་སུ་འཇོག་ལ། སྦྱོར་བ་ཕྱི་མ་གཉིས་སུ་ནི། ཕྱིན་དྲུག་དང༌། རྗེས་དྲན་དྲུག་དང༌། རྣམ་པར་སྨིན་མ་སྨིན་གྱི་ཟག་མེད་ཀྱི་ཆོས་རྣམས་མངོན་དུ་བྱ་བའི་ཕྱིར་དུ། སྐྱེ་མེད་གསུམ་རྟོགས་པའི་བློའི་རིགས་རྒྱུན་གོམས་པར་བྱེད་ཅིང༌། དེའི་ལྡོག་ཆ་ནས་སྦྱོར་བ་དེ་སྦྱོར་བ་དེ་གཉིས་སུ་འཇོག་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི་སྤྱིར་རྣམ་པ་བཞི་སྟེ། རྣམ་པར་སུན་འབྱིན་པའི་དང༌། སྤོང་བ་དང༌། གཞི་དང༌། ཐག་སྲིང་བའི་གཉེན་པོའོ། །དང་པོ་རྣམ་རྫོགས་སྦྱོར་བ་ནི། རྣམ་པར་སུན་འབྱིན་པའི་གཉེན་པོ་ཙམ་ཡིན་ལ། ངོས་སྐལ་གྱི་སྤང་བྱ་སྤོང་བའི་སྤོང་གཉེན་པ་མ་ཡིན་པས། སྐྱེ་མེད་གསུམ་ལ་དབང་མ་ཐོབ་པ་ཞེས་བྱའོ། །རྩེ་མོའི་སྦྱོར་བ་ནི་སྤོང་བའི་གཉེན་པོ་སྟེ། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་གྱི་དབྱེ་བས་གཉིས་སོ། །མཐར་གྱིས་པའི་སྦྱོར་བ་ནི་ཁྱད་པར་གྱི་ལམ་སྟེ། ངོ་སྐལ་གྱི་སྤང་བྱ་ལས་གྲོལ་ཟིན་ནས། ཡོན་ཏན་གྱི་ཁྱད་པར་མངོན་དུ་བྱེད་པས་སོ། །དེའི་རྒྱུ་མཚན་གྱིས་ཐག་བསྲིང་བའི་གཉེན་པོ་ཞེས་བྱའོ། །རྩེ་སྦྱོར་དང༌། མཐར་གྱིས་སྦྱོར་བའི་བར་དག་གཉིས་ན་རྣམ་པར་གྲོལ་བའི་ལམ་འབྱུང་ཡང༌། དོན་གྱིས་གོ་བས་དངོས་སུ་མ་བསྟན་པ་དེ་དག་ནི་རྣམ་པར་གྲོལ་བའི་ལམ་སྟེ་གཞིའི་གཉེན་པོའོ། །སྐད་ཅིག་མའི་སྦྱོར་བ་བར་ཆད་མེད་པའི་རྩེ་སྦྱོར་དང་ངོ་བོ་གཅིག་ཀྱང༌། གཞུང་དུ་སྟོན་ཚུལ་མི་འདྲ་བ་ཡིན་ཏེ། གཅིག་དུ་བར་ཆད་མེད་ལམ་གྱི་ཆ་ནས་བཤད་ལ། ཅིག་ཤོས་སུ་ཁྱད་པར་གྱི་ལམ་གྱི་ཆ་ནས་བཤད་པའི་ཕྱིར། དེ་ཡང་རྣམ་གྲོལ་གྱི་ལམ་སྔ་མ་ལ་ལྟོས་ནས་ཁྱད་པར་གྱི་ལམ་དང༌། ཕྱི་མ་ལ་ལྟོས་ནས་བར་ཆད་མེད་པའི་ལམ་དུ་འཇོག་གོ །ས་མཚམས་ལ། རྣམ་རྫོགས་སྦྱོར་བ་ནི་ཚོགས་ལམ་ནས་ས་བཅུ་པའི་བར་ན་ཡོད་པ་ཡིན་ཏེ། སྤང་བྱ་སྔ་མ་ལ་ལྟོས་པའི་རྣམ་གྲོལ་ལམ་རྫོགས་ནས། ཕྱི་མ་ལ་ལྟོས་པའི་སྤང་གཉེན་མ་སྐྱེས་པའི་བར་བར་དུ་འབྱུང་བའི་ཕྱིར་རོ། །འདི་ལ་མཉམ་གཞག་དང་རྗེས་ཐོབ་གཉིས་ཀ་ཡོད་དེ། རྣམ་ཀུན་ཁྱད་པར་ཅན་གྱི་ངེས་ཆ་དང༌། ཕྱིར་མི་ལྡོག་པའི་རྟགས་རྗེས་ཐོབ་དུ་བཤད་པ་དང༌། སྲིད་ཞི་མཉམ་ཉིད་མཉམ་རྗེས་གཉིས་ཀར་དུ་བཤད་པ་དང༌། ཞིང་དག་པ་དང༌། ཐབས་མཁས་ཀྱི་སྦྱོར་བ་ཡང་དེར་བཤད་པ་བཞིན་ནོ། །རྩེ་མོའི་སྦྱོར་བ་ནི་སྦྱོར་ལམ་ནས་རྒྱུན་མཐའི་བར་དུ་ཡོད་ལ། ངོ་བོ་ནི་མཉམ་གཞག་ཁོ་ནའོ། །མཐར་གྱིས་པ་ནི་འཕགས་པས་ཚོགས་ལམ་ནས་བཞེད་ལ། སློབ་དཔོན་ནི་རྩེ་སྦྱོར་སྔོན་དུ་བཏང་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་པར་བཞེད་ལ། ངོ་བོ་ནི་མཉམ་རྗེས་གཉིས་ཀའོ། །སྐད་ཅིག་མ་ནི། ལོ་ཙཱ་བ་ཆེན་པོ། ས་བདུན་པ་སོགས་བཞི་ལ་རིམ་པ་བཞིན་དུ་འཇོག་པར་མདོ་སྡེ་རྒྱན་གྱི་དགོངས་པར་བཞེད་ཀྱང༌། སློབ་དཔོན་གྱི་དགོངས་པ་རྒྱུན་མཐའ་ཁོ་ནས་བཞེད་པར་གསལ། ངོ་བོ་ནི་མཉམ་གཞག་ཁོ་ནའོ། །འོ་ན་སྦྱོར་ལམ་གྱི་དབང་དུ་བྱས་པའི་རྣམ་རྩེ་གཉིས་པོ་སྔོན་ལ་རྣམ་རྫོགས་སྦྱོར་བ་ཁོ་ན་མངོན་དུ་བྱ་བར་ངེས་སམ་ཞེ་ན། མིན་ཏེ། དེའི་མཉམ་གཞག་སྔོན་དུ་མ་སོང་བའི་རྗེས་ཐོབ་མི་སྲིད་ལ། མཉམ་གཞག་གི་དང་པོ་ནས་ནི་རྩེ་སྦྱོར་དུ་འཇོག་པའི་ཕྱིར་རོ། །དེའི་ཕྱིར་སྐབས་བཞི་པར་བསྟན་པའི་རྣམ་རྫོགས་སྦྱོར་བ་ཀུན་སྐྱེས་ཟིན་པའི་འོག་ཏུ། སྐབས་ལྔ་པའི་རྩེ་སྦྱོར་སྐྱེ་དགོས་པ་མ་ཡིན་ཏེ། གཉིས་པོ་སྤེལ་མར་སྐྱེ་དགོས་པའི་ཕྱིར་རོ། །དེ་ལྟར་རྣམ་པར་རྟོག་པ་མང་པོ་འདི་དག་གིས་ཅི་ཞིག་བྱ་སྙམ་ན། གཞན་དག་གིས་ནི། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་གོ་བ་མ་རྙེད་བཞིན་དུ། ཚིག་གི་བྲག་ཆ་ལམ་དུ་དབྱེ་བ་མང་པོ་མཐོང་བས། དེའི་ངོར་བགྱིས་ནས་འབད་པ་ཡིན་ནོ། །གཉིས་པ་སོ་སོའི་རྣམ་གཞག་རྒྱས་པར་བཤད་པ་ལ་གཉིས་ཏེ། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟེན་པ་རྒྱུ་འབྲས་སོ། །དང་པོ་ལ་གཉིས་ལས། དབང་ཐོབ་ཕྱིར་དུ་བསྒོམ་པ་རྣམ་ཀུན་གྱི་སྦྱོར་བ་ལ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། གཞུང་སོ་སོའི་དཀའ་བའི་གནས་བཤད་པའོ། །དང་པོ་ནི། མཁྱེན་གསུམ་གྱི་མཇུག་བསྡུའི་མདོ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ནམ་མཁའ་ལྟར་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པ་ནས། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་མདོ་ཚན་ཉེར་བདུན་གྱིས་ནི། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བཤད་པ་ཡིན་ལ། ཡུམ་འདི་ནི་ཞེས་པ་གོང་གི་དོན་བསྡུའི་ཡུམ་གཞི་ཤེས་ལ་སྙེགས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པ་ནས། ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་སུམ་ཅུ་རྩ་དྲུག་གིས་ནི། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་གསུངས་པ་ཡིན་ལ། འདི་ནི་ཞེས་པ་གོང་གི་དོན་བསྡུའི་ཡུམ་ལམ་ཤེས་ལ་བསྙེགས་པ་ཡིན་ནོ། །གསོལ་པ། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཡུམ་འདི་ནི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། འཕགས་པའི་ལམ་བརྒྱད་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པའི་བར་མདོ་ཚན་བདུན་གྱིས་ནི། རྣམ་མཁྱེན་ལས་ཕྱེ་བའི་གཞི་ཤེས་ཀྱི་རྣམ་པ་སོ་བདུན་བཤད་པ་ཡིན་ནོ། །གསོལ་པ། འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ལྟ་བས་བྱས་པའི་རྣམ་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནས། འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི་རྣམ་མཁྱེན་ལས་ཕྱེ་བའི་ལམ་ཤེས་ཀྱི་རྣམ་པ་སོ་བཞི་བཤད་པ་ཡིན་ནོ། །སྤོང་ལམ་གྱི་མདོ་ཉི་ཁྲི་ལེ་མང་དུ་མ་བྱུང་ཡང༌། ལེ་བརྒྱད་མར། ཡུམ་འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ཀུན་འབྱུང་དང་འགོག་པ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །ཞེས་པའི་བར་གྱིས་ནི། ཐུན་མོང་མ་ཡིན་པའི་རྣམ་པ་རྣམས་གསུངས་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་ཡུམ་འདི་གྲག་པར་གྱུར་པ། དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་སོགས་མདོ་ཚན་བཞིས་སྦྱོར་བ་ལ་ཐོས་བསམ་བསྒོམ་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་རྣམ་པ་བཞི་བསྟན་པ་ཡིན་ནོ། །བསྒོམ་པ་པོའི་སྐབས་དེར། བརྒྱ་བྱིན་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཤེར་ཕྱིན་ལ་ཇི་ལྟར་གནས་པ་ལགས། ཇི་ལྟར་སྦྱོར་བ་ལགས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་བརྩོན་པ་ལགས། ཇི་ལྟར་བྱང་ཕྱོགས་སོ་བདུན་ལ་བརྩོན་པ་ལགས། ཞེས་པ་ནས། ཇི་ལྟར་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་པ་ལགས། ཞེས་ཞུས་པའི་ལན་དུ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །དྲི་བ་འདི་དང་སྤོབས་པ་འདི་ཡང༌། སངས་རྒྱས་ཀྱི་བྱིན་གྱིས་བརླབས་སོ། །ཞེས་འབྱུང་བ་ཡིན་ནོ། །དེའི་རྒྱས་བཤད་དུ། །ཀཽ་ཤི་ཀ བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ། གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱིས་མི་གནས་པའི་སྦྱོར་བ་དང༌། གང་གི་ཚེ། གཟུགས་ལ་སྦྱོར་བར་མི་བྱེད་པ་དེའི་ཚེ། གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་པས་མི་སྦྱོར་བའི་སྦྱོར་བ་བསྟན་ནོ། །འདི་གཉིས་ཀྱིས་ནི། སྦྱོར་བ་ལྷག་མ་བཅོ་བརྒྱད་པོ་ཡང་བསྡུས་པ་ཡིན་ནོ། །དེ་ནས་ཤཱ་རིའི་བུས་གསོལ་པ། ཡུམ་འདི་ནི་ཟབ་བོ། །བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། །ཞེས་སོགས་གསུམ་གྱིས་ནི། ཟབ་པའི་སྦྱོར་བ་སོགས་གསུམ་བཤད་ལ། འདིས་ཀྱང་སྦྱོར་བ་ཐམས་ཅད་བསྡུས་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། ཇི་ལྟར་བྱང་ཆེན་ཤེར་ཕྱིན་འདི་ལྟར་ཟབ་པ། གཏིང་དཔག་དཀའ་བ། ཚད་མ་མཆིས་པ་དེ་ལྟར། ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བརྗོད་པར་མི་བྱ་སྟེ། དེས་འདི་ཐོས་ནས་དངངས་བར་འགྱུར། སྐྲག་པར་འགྱུར། ཀུན་ཏུ་སྐྲག་པར་འགྱུར། ཞེས་པས་ཚིགས་ཆེན་རྟོགས་པའི་སྦྱོར་བ་བསྟན། བརྒྱ་བྱིན་གྱིས་སྨྲས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་འདི་ཐོས་ན་སྐྲག་པར་མི་འགྱུར་བ་དག་ཡོད་དེ། ཞེས་སོགས་ཀྱིས་ལུང་བསྟན་ཐོབ་པའི་སྦྱོར་བ་བསྟན་པ་ཡིན་ནོ། །ས་མཚམས་ཀྱི་སྦྱོར་བའི་སྐབས་སུ། ཤེས་ཕྱིན་དྲིས་ནས་བསྒོམ་པའི་བར་ལ་བདུད་ཀྱི་བར་ཆད་མི་འཇུག་པར། རབ་འབྱོར་ལ་བཀའ་སྩལ་པ་ལས་འཕྲོས་ནས། ཤཱ་རིའི་བུས་གསོལ་པ། སུ་ཡི་མཐུས་དེ་ལ་དེས་བར་ཆད་མི་ནུས་པ་ལགས། ཞེས་ཞུས་པའི་ལན་དུ། སངས་རྒྱས་ཀྱི་མཐུས་དེ་ལ་དེས་བར་ཆད་བྱ་བར་མི་ནུས་པ་ཡིན་ནོ། །ཞེས་སོགས་ཀྱིས་ནི། སྦྱོར་བའི་ཡོན་ཏན་བཤད་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། གང་ལ་ལ་རྫོགས་བྱང་ལ་གནས་པ་དང༌། ཕྱིན་དྲུག་ལ་སྤྱོད་པ་དེ་དག་གི་ཡོན་ཏན་བརྗོད་པ་ནི་འདི་དག་ལགས་ན། དེ་དག་ལ་བར་དུ་གཅོད་པ་ཇི་ལྟ་བུ་ཞིག་འབྱུང་བ་ལགས། ཞེས་དྲིས་པའི་ལན་གྱིས་ནི། སྐྱོན་ཞེ་དྲུག་བཤད་པ་ཡིན་ནོ། །སྐྱོན་བཤད་ཟིན་པའི་དེ་མ་ཐག་ན། སེལ་བྱེད་ཀྱི་གཉེན་པོ་འཆད་པའི་མདོ་ཞིག་ཡོད་ལ། དེ་ན་དེ་བཞིན་གཤེགས་པ་རྣམས་ཀྱང་ཤེར་ཕྱིན་ཟབ་མོ་འདི་ལ། འདི་ནི་བདག་ཅག་སངས་རྒྱས་ཀྱི་ཆོས་རྣམས་བསྐྱེད་པའོ། །འཇིག་རྟེན་རྣམས་སྟོན་པའོ་ཞེས་རྒྱུན་དུ་དགོངས་སོ། །ཞེས་པའི་མདོ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། དེ་སྐད་ཅེས་བཀའ་སྩལ་ན། ཇི་ལྟར་ན། འདི་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པ་ལགས། འཇིག་རྟེན་སྟོན་པ་ལགས། ཞེས་ཞུས་པའི་ལན་གྱིས་ནི། གཞི་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་བཤད་པ་ཡིན་ལ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། འདོད་གཟུགས་ཀྱི་ལྷའི་བུ་ཇི་སྙེད་པ་དེ་སྙེད་ཀྱིས། ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་མས་བཅོམ་ལྡན་འདས་ལ་ཡོངས་སུ་གཏོར་ནས། འདི་སྐད་ཅེས་གསོལ་ཏོ། །ཤེས་ཕྱིན་ཟབ་མོ་འདི་བཤད་ན། འདིའི་མཚན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། འདིའི་མཚན་ཉིད་སྟོང་པ་ཉིད་དོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ་ཞེས་སོགས་ཀྱིས་ནི། ལམ་ཤེས་སྦྱོར་བའི་མཚན་ཉིད་བཤད་པ་ཡིན་ནོ། །ཡང་རབ་འབྱོར། དེ་བཞིན་གཤེགས་པ་རྣམས་ཡུམ་འདི་ལ་བརྟེན་ཅིང་གནས་སོ། །དེ་ལྟར་ཆོས་ལ་རིམ་གྲོ་མཛད། བླ་མར་མཛད། བསྟི་སྟང་དུ་མཛད། མཆོད་པར་མཛད། བརྗོད་པར་མཛད། བཀུར་སྟིར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུམ་ལས་བྱུང་བའི་ཕྱིར། ཞེས་སོགས་ཀྱིས་ནི། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་བཅུ་དྲུག་བཤད་པ་ཡིན་ལ། དེ་ཡང་གཞི་ཤེས་སྦྱོར་བའི་ཤེས་མཚན་ལས་འཕྲོས་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །བྱ་བ་བསམ་གྱིས་མི་ཁྱབ་པ་དང༌། ཞེས་སོགས་ཀྱིས་ནི། ཁྱད་མཚན་བཅུ་དྲུག་བཤད་ལ། འདི་ལ་མདོ་ན་བསྟན་བཤད་གཉིས་ཀྱི་རིམ་པ་མེད་དོ། །དེ་ལས་འཕྲོས་ནས། རབ་འབྱོར་གྱི་གསོལ་པ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་པ་ནི། དཀའ་བ་བགྱིད་པའོ། །བཀའ་སྩལ་པ། དེ་དེ་བཞིན་ཏེ། འོན་ཀྱང་བྱང་སེམས་ཆེན་པོ་རྣམས་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་དང༌། སྐྱོབ་པའི་ཕྱིར་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །ཞེས་སོགས་ཀྱིས་ནི། བྱེད་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། ཤེས་ཕྱིན་ཟབ་མོ་འདི་འཚལ་བར་འགྱུར་བའི་བྱང་སེམས་དེ་དག་གི་རྣམ་པ་དང་རྟགས་དང་མཚན་མ་ཇི་ལྟ་བུ་ཞིག་ཏུ་འགྱུར། བཀའ་སྩལ་པ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམ་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་ཀྱིས་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །དེ་ནས་ངོ་བོ་ཉིད་མཚན་ལས་འཕྲོས་ནས། ཤཱ་རིའི་བུ། བྱང་སེམས་ཆེན་པོ། ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་བ་ནས། མཉམ་པར་འཇོག་ཅིང་མཚན་མར་མི་བྱེད་ན། དེ་ནི་མ་སྨས་མ་ཉམས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་རིག་པར་བྱའོ། །ཞེས་སོགས་ཀྱིས་ནི་ཐར་པའི་ཆ་དང་མཐུན་པ་བཤད་པ་ཡིན་ནོ། །དེ་ཉིད་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས་ཇི་ལྟར་གནས་པར་བྱ། བཀའ་སྩལ་པ། སེམས་ཅན་རྣམས་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་དུ་གནས་པར་བྱ། བྱམས་པ་ཆེན་པོ་བསྐྱེད་པར་བྱ། སྙིང་རྗེ་ཆེན་པོ་བསྐྱེད་པར་བྱ། ཞེས་སོགས་ཀྱིས་ནི་ངེས་འབྱེད་ཆ་མཐུན་བཤད་པ་ཡིན་ནོ། །གོང་དུ་རྟོགས་སླ་ཞེས་པའི་ཐད་དུ་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞེས་པའི་ཚིག་མང་པོ་བྱུང་བ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོའི་རྣམ་པ་ནི་གང་ལགས། རྟགས་དང་མཚན་མ་ནི་གང་ལགས། ཞེས་པའི་ལན་དུ་སྤྱིར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། གཉིས་པ་ལ། བཀའ་སྩལ་པ། བྱང་སེམས་ཆེན་པོ་གཟུགས་ལས་ཕྱིར་མི་ལྡོག་པ་དང༌། ཚོར་བ་ལས་ཕྱིར་མི་ལྡོག་པ་དེ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་ཀྱིས་ནི་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དང༌། དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་ཅི་ལས་སླར་མི་ལོག་པའི་སླད་དུ་ཕྱིར་མི་ལྡོག་པ་ཞེས་བགྱི་བ་ལགས། བཀའ་སྩལ་པ། དེ་ནི་གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཞེས་སོགས་ཀྱིས་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པའི་ཚེ་གང་ལ་གནས་ནས། དྲན་པ་ཉེ་བར་བཞག་པ་བཞི་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་རྣམས་བསྟན་དུ་གསོལ། ཞེས་པས་ནི། སྒོམ་པའི་ལམ་ཟབ་པ་དེ་བསྟན་པ་ཡིན་ནོ། །རབ་འབྱོར་དཔེར་ན། སྐྱེས་བུ་འདོད་ཆགས་ལ་སྤྱོད་ཅིང་རྣམ་པར་རྟོག་པ་འགའ་ཞིག་གིས་ཞེས་པ་ནས། གང་ཟག་མོ་འདི་ལ་སློབ་པ་དང༌། ཉེ་བར་རྟོག་པ་དང༌། སེམས་པ་དང༌། ངེས་པ་གང་གིས་བྱང་སེམས་ཆེན་པོ་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་ཉེས་པ་དེ་དག་ཅི་ནས་ཀྱང་སྤངས་པར་འགྱུར་བ་དེ་ལྟར་བརྩོན་པར་བྱེད་ན། ཞེས་སོགས་ཀྱིས་ནི། སྒོམ་ལམ་གྱི་ཕན་ཡོན་རྣམ་པ་གསུམ་གསུངས་པ་ཡིན་ལ། བཀའ་སྩལ་པ་རབ་འབྱོར། གང་གི་ཚེ་བྱང་སེམས་ཆེན་པོ། ཤེར་ཕྱིན་ཟབ་མོ་འདི་དག་ལ་སེམས་པར་འགྱུར། འཇལ་བར་འགྱུར། ངེས་པར་རྟོག་པར་འགྱུར་ན། ཞེས་སོགས་ཀྱིས་ནི། ཁྱད་གཞི་བསྒོམ་པའི་ལམ་དེ་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་བྱང་སེམས་ཆེན་པོ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་ལ་སྦྱིན་པ་སྦྱིན་ན་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་སྟེ། གཞལ་དུ་མ་མཆིས་གྲངས་མ་མཆིས་ཚད་མ་མཆིས་མཚུངས་པ་མ་མཆིས་སོ། །ཞེས་སོགས་སུ་མི་མཐུན་ཕྱོགས་དགུ་དང༌། གཉེན་པོའི་ཕྱོགས་དགུ་སྟེ། མདོ་ཚན་བཅོ་བརྒྱད་ཀྱིས་ནི། སྒོམ་ལམ་གྱི་དབྱེ་བ་དགུ་གསུངས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང༌། གཞལ་དུ་མ་མཆིས་པ་དང༌། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི། ཐ་དད་དུ་བགྱི་བ་ནི་གང༌། ཞེས་པའི་ལན་གྱིས་ནི། གྲངས་མེད་སོགས་ཀྱི་མཚན་ཉིད་ངོས་བཟུང་བ་ཡིན་ལ། གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་པ་སོགས་སུ་འགྱུར་བ་མཆིས་སམ། བཀའ་སྩལ་པ། དེ་དེ་བཞིན་ནོ། །གསོལ་པ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ། །ཞེས་གསུངས་སྟེ། སྟོང་པ་ཉིད་ལ་ནི། གྲངས་མི་དམིགས་གཞལ་བ་མི་དམིགས། ཚད་ཀྱང་མི་དམིགས་ཏེ། ཆོས་དེ་དག་ལ་དོན་དམ་ཡི་གེ་ཐ་དད་དུ་བགྱི་བ་མི་དམིགས་སོ། །ཞེས་པ་ནི། གྲངས་མེད་ལ་སོགས་བསྟན་པ་ལ་རྩོད་པའོ། །དེའི་དོན་ནི། སྒོམ་ལམ་དགུ་པོ་རེ་རེ་ལ་བསོད་ནམས་གྲངས་མེད་སོགས་གསུམ་གསུམ་འཕེལ་བར་བཤད་པ་དེ་མི་འཐད་པར་ཐལ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར། ཞེས་པའོ། །ལན་ནི། བཀའ་སྩལ་པ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་གང་དག་ལ་དོན་དང་ཡི་གེ་ཐ་དད་དུ་བྱ་བ་མི་དམིགས་སོ། །འོན་ཀྱང་བརྗོད་དུ་མེད་པའི་དོན་ལ། གྲངས་མེད་པ་ཞེས་བྱ་བའམ། ཞེས་པ་ནས། མྱ་ངན་ལས་འདས་ཞེས་མངོན་པར་བརྗོད་པ་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་གྱིས་བསྟན་པ་ཡིན་ནོ། །ཞེས་གསུངས་པ་དེའི་དོན་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་ཡིན་ལ། གཞུང་དེས་ནི། རྩོད་པ་ཁས་བླངས་པ་སྔོན་དུ་བཏང་བའི་སྒོ་ནས་ལན་བཏབ་པ་ཡིན་ནོ། །ཞེས་ཉི་སྣང་དང་ལེ་བརྒྱད་མར་བཤད་ལ། འགྲེལ་པ་གཞན་གཉིས་ལྟར་ན། རྩོད་པ་ཁོང་ནས་བླངས་ནས། རྐང་པ་བཞི་པོས་དོན་དམ་དུ་འདོད་པ་དང༌། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་བསྟན་པར་བཞེད་པ་ཡིན་ནོ། །མདོ་དང་ཉི་སྣང་གི་རྩོད་པ་ལེན་ཚུལ་ནི་སྔ་མ་ལྟར་ཡིན་ལ། སློབ་དཔོན་གྱི་འགྲེལ་པ་གཉིས་སུ་སྒོམ་ལམ་དགུར་གྲངས་མ་ངེས་པར་ཐལ། དེའི་འབྲས་བུ་དགུ་ལས་མང་བའི་ཕྱིར་ཏེ། རེ་རེ་ལ་བསོད་ནམས་གྲངས་མེད་སོགས་གསུམ་གསུམ་འབྱུང་བར་གསུངས་པའི་ཕྱིར། ཞེས་རྩོད་པ་གསུངས་ཀྱང༌། སྔ་མ་ལྟར་ལེགས་ལ་རྒྱུ་དགུ་ལས་མང་བར་ཐལ། འབྲས་བུ་དགུ་ལས་མང་བའི་ཕྱིར། ཞེས་པ་ནི་དཔྱོད་ལྡན་ལ་སྐྱེ་བའི་དོགས་པ་མ་ཡིན་ལ། འོན་ཀྱང་ཕུགས་དོན་གཅིག་པ་ཡིན་ཏེ། སྔ་འགྲེལ་དུ་རྩོད་པ་དེ་ལྟར་བླངས་ཀྱང༌། ཕྱི་འགྲེལ་དུ་སྟོང་པ་ཉིད་ལ་དབྱེ་བ་མི་རུང་བའི་ལན་བཏབ་པ་ལས་གསལ་བ་ཡིན་ནོ། །དེ་ནས་གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པས་བསྟན་ལ། བརྗོད་དུ་མ་མཆིས་པ་ནི་ངོ་མཚར་ཆེའོ། །རྒྱལ་བས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །གསོལ་པ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ་འགྲིབ་པ་མ་མཆིས་སམ། དེ་ནི་མིན་ཏེ། དེ་ལ་དེ་མེད་དོ། །གསོལ་པ། དེ་ལ་དེ་མ་མཆིས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་འཕེལ་འགྲིབ་མ་མཆིས་པར་འགྱུར་རོ། །དེ་ལྟ་ན་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ཞེས་གསུངས་ལ། དེ་ནི་དམ་པའི་དོན་དུ་བཟོད་མ་ཡིན་གྱི་མདོ་ལས་འཕྲོས་པའོ། །དོན་ནི་ཉམས་འཕེལ་གྱི་བྱ་བ་སྔོན་དུ་བཏང་ནས། རྫོགས་བྱང་ཐོབ་པ་མི་སྲིད་པར་ཐལ། ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པའི་ཕྱིར། ཞེས་འཁོར་གསུམ་རྒྱལ་བས་ཞལ་གྱིས་བཞེས་པར་སྟོན་པ་ཡིན་ནོ། །དེའི་ལན་ནི། བཀའ་སྩལ་པ། དེ་དེ་བཞིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །ཞེས་བྱ་བ་ནི་དངོས་ལན་ཡིན་ལ། དེའི་དོན་འཆད་པ་ནི། བྱང་ཆུབ་ཇི་ལྟ་སོགས་རྐང་པ་གཉིས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཆོས་ཐམས་ཅད་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་བོ། །ཞེས་པ་ནས། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་བོ། །དེ་ལྟ་ན། བྱང་ཆེན་གྱིས་འཕེལ་འགྲིབ་མེད་པའི་ཚུལ་གྱིས་ཤེས་ཕྱིན་ལ་སྤྱད་པར་བྱའོ་ཞེས་གསུངས་ལ། དོན་ནི་སྔ་མ་རྩོད་པ་དེ་ལ་ཁྱབ་པ་འཁྲུལ་ཏེ། ཐོབ་བྱ་རྫོགས་པའི་བྱང་ཆུབ་དང༌། ཐོབ་བྱེད་ཉམས་འཕེལ་གྱི་བྱ་བ་གཉིས་ཀ་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར། ཞེས་པ་ནི། མདོ་དང༌། ཉི་སྣང་གྱི་དངོས་བསྟན་ཡིན་ལ། སློབ་དཔོན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། སྒོམ་ལམ་ཡང་དེ་ཡིན་དགོས་པས། དེ་ལྟར་ན་ཉམས་འཕེན་གྱི་བྱ་བ་མི་བྱེད་པར་ཐལ། ཞེས་རྩོད་པ་ལ། བྱང་ཆུབ་དེ་དོན་དམ་པར་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཡིན་ཀྱང༌། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་མཛད་པ་དཔེར་བྱས་ནས་ལན་འདེབས་སོ། །གོང་དུ་སྟོང་པ་ཉིད་ལ། བྱང་ཆུབ་ཐོབ་དུ་རུང་བར་བཤད་པ་ལས་འཕྲོས་ནས། གསོལ་པ་བཅོམ་ལྡན་འདས། སེམས་བསྐྱེད་པ་དང་པོས་སངས་རྒྱའམ། སླད་མས་སངས་རྒྱའམ། ཞེས་སོགས་ཀྱིས་ནི་རྒྱུ་འབྲས་གཉིས་ཀ་སྟོང་པ་ཉིད་ལ་འབྲས་བུ་ཐོབ་པ་མི་སྲིད་དོ་ཞེས་རྩོད་པའོ། །དེའི་གཞུང་ནི། སེམས་ནི་སྔ་མས་ཞེས་སོགས་སོ། །དེའི་ལན་ནི་བཀའ་སྩལ་པ། རབ་འབྱོར་འབྲུ་མར་གྱི་མར་མེ་སྦར་བས་སྙིང་པོ་ཚིག་པར་གྱུར་ན། མེ་ལྕེ་དང་པོ་དང་ཕྲད་པས་སམ། ཕྱི་མ་དང་ཕྲད་པས་སྙིང་པོ་དེ་ཚིག ཅེས་སོགས་གསུངས་ལ། དེའི་གཞུང་ནི། མར་མེ་དཔེའི་ཚུལ་གྱིས་ནི། །ཞེས་སོགས་སོ། །དེ་ལྟར་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་ཚེ། རྒྱུ་འབྲས་མི་འཐད་ཀྱང༌། ཀུན་རྫོབ་དུ་མར་མེའི་དཔེ་ལ་བརྟེན་ནས། དེ་འཐད་པ་དེ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ན་ཟབ་པ་ཡིན་ནོ། །ཞེས་སྟོན་པ་ནི། གསོལ་པ། སེམས་དང་པོ་བསྐྱེད་པས་ཀྱང་ཞེས་པ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་བརྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པ་དེ་ནི་ངོ་མཚར་ཏོ། །ཞེས་སོགས་ཀྱིས་ནི་ཟབ་མོ་བརྒྱད་བཤད་པ་ཡིན་ནོ། །གོང་དུ་ཤེས་ཕྱིན་བསྒོམ་པའི་ཡོན་ཏན་མང་དུ་གསུང་བ་ལས་འཕྲོས་ནས། ཤཱ་རིའི་བུས་སྨྲས་པ། རབ་འབྱོར། བྱང་ཆེན་རྨི་ལམ་དུ་སྟོང་པ་ཉིད་ལ་སྙོམས་པར་ཞུགས་ན། ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཉིན་བར་འཕེལ་ན། རྨི་ལམ་དུ་ཡང་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་བར་ནི་རྣམ་པར་རྟོག་པ་མེད་དོ། །ཞེས་པས་ནི། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བསྟན་ནོ། །དེ་ལས་འཕྲོས་ནས་ཤཱ་རིའི་བུས་རབ་འབྱོར་ལ་ཀླན་ཀ་བཞི་བཙལ་བ་དང༌། དེའི་ལན་གྱིས་ནི་ལས་མེད་པར་ཐལ་བ་ལ་སོགས་པའི་ཀླན་ཀ་ལན་དང་བཅས་པ་བསྟན་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཇི་ལྟར་ན་ཕྱིན་དྲུག་རྫོགས་པར་བགྱིད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས། བཀའ་སྩལ་པ། བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང༌། སྐོམ་པ་དང༌། གོས་ངན་པ་དང༌། མལ་ཆ་འཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཞེས་སོགས་ཀྱིས་ཞིང་དག་པའི་སྦྱོར་བ་བཤད་པ་ཡིན་ནོ། །དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་ཇི་ལྟར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་ཇི་ལྟར་འདྲིས་པར་བགྱི་ཞེས་པའི་ལན་གྱིས་ནི། ཐབས་ལ་མཁས་པའི་ཡུལ་བཤད་པ་ཡིན་ལ། རབ་འབྱོར་འདི་ལ་བྱང་ཆེན་ཤེས་ཕྱིན་ལ་སྤྱོད་པས་གཟུགས་སྟོང་ཞེས་བརྟག་པར་བྱའོ། །ཞེས་པ་ནས། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་གྱི། འདྲིས་པར་བྱ་བའི་དུས་ཡིན་ནོ་སྙམ་དུ་སོ་སོར་རྟོག་གོ །ཞེས་སོགས་ཀྱིས་ནི་ཐབས་མཁས་ཀྱི་སྦྱོར་བ་དེ་བསྟན་པ་ཡིན་ནོ། །རབ་འབྱོར། སྐྱེས་བུ་དཔའ་ཞིང་བརྟུལ་ཕོད་ལ། །ཞེས་སོགས་ཀྱིས་ནི་ཐབས་ལ་མཁས་པ་རྣམ་པ་བཅུ་བསྟན་པ་ཡིན་ནོ། །གཉིས་པ་གཞུང་སོ་སོའི་དཀའ་བའི་གནས་ལ་གཉིས་ཏེ། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་ཕབ་པ་དང༌། སྦྱོར་བ་སྐྱེ་བའི་སྒོམ་རིམ་མོ། །དང་པོ་ལ་བསྒོམ་བྱ་རྣམ་པ། བསྒོམ་པ་པོ་གང་ཟག ཡུལ་ཅན་སྦྱོར་བའི་དབྱེ་བ། སྦྱོར་བའི་སྔོན་འགྲོའི་ཆོས། ཉེར་རྒྱུ་ཐར་པ་ཆ་མཐུན་རྣམས་སོ། །དང་པོ་ལ། རྣམ་པ་ངོས་བཟུང༌། དེ་ཇི་ལྟར་བསྒོམ་པའི་ཚུལ། སྒོམ་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ལ། སྤྱིར་རྣམ་པ་ལ་དོན་གྱི་རྣམ་པ་དང༌། ཤེས་པའི་རྣམ་པ་གཉིས་ཡོད་ཀྱང༌། འདིར་ནི་ཤེས་རྣམ་ཁོ་ན་སྟེ། །ཇི་སྐད་དུ། གཞི་ཤེས་པའི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་བཤད་པས་སོ། །དེ་ཡང་སྤྱིར་ཤེས་རྣམ་ནི། ཡུལ་གྱི་རྣམ་པ་ཤར་བའི་ཤེས་པ་ཞིག་ཡིན་ལ། དེ་ལ་ཡང༌། ཡུལ་མཚན་མའི་རྣམ་ཤར་དང༌། མཚན་མེད་ཀྱི་རྣམ་ཤར་གཉིས་ལས། དང་པོ་ནི་མི་མཐུན་པའི་ཕྱོགས་ཡིན་ལ། གཉིས་པ་ནི་གཉེན་པོའི་ཕྱོགས་ཡིན་ནོ། །དེ་ལ་ཡང༌། ཡུལ་སྐྱེ་མེད་གསུམ་གྱི་དབྱེ་བས་རྣམ་པ་གསུམ་ཡིན་ལ། དེ་དག་ལ་གོ་རིམ་བཞིན་དུ། གཞི་ཤེས་ཀྱི་དང༌། ལམ་ཤེས་ཀྱི་དང༌། རྣམ་མཁྱེན་གྱི་ཤེས་རྣམ་ཞེས་ཟེར་བ་ཡིན་ནོ། །རྣམ་པ་ཤར་བའི་ཚུལ་ཡང་སྔར་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་རིགས་པ་ཡང་དག་ལ་བརྟེན་ནས། དེ་རྟོགས་པའི་ཐོས་བསམ་གྱི་ཤེས་རབ་བསྐྱེད་པའོ། །དེ་སྐད་དུ་ཡང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར། ཞེས་གསུངས་སོ། །འོ་ན་དེ་ཙམ་གྱིས་མཁྱེན་གསུམ་གྱི་ཤེས་རྣམ་དུ་འཇོག་ནུས་སམ་ཞེ་ན། དེའི་ཤེས་རྣམ་གྱི་འཇོག་ཚུལ་ལ་གཉིས་ཏེ། རྗེས་མཐུན་པ་བསྒོམ་བྱ་ཤེས་རྣམ་དང༌། མཚན་ཉིད་པ་མཁྱེན་པ་དངོས་ཀྱི་ཤེས་རྣམ་མོ། །དང་པོ་ནི། གཞི་གང་ཟག་གི་བདག་མེད་རྟོགས་པའི་བློའི་འཛིན་སྟངས་དང༌། ལམ་སྐྱེ་མེད་རྟོགས་པའི་བློའི་དང༌། རྣམ་པ་དེར་རྟོགས་པའི་དེའོ། །དེ་གསུམ་ལ། མཁྱེན་གསུམ་རེ་རེ་ནས་ཀྱི་རྣམ་པ་ཞེས་བྱ་སྟེ། དེ་འདྲ་དེ་རྒྱུད་ལ་བསྐྱེད་ནས་གོམས་པར་བྱེད་པ་ལ་མཁྱེན་གསུམ་གྱི་སྦྱོར་བའི་དོན་དུ་འཇོག་པའི་ཕྱིར་དང༌། སྦྱོར་བས་ཀྱང་དེའི་རྣམ་པ་རྣམས་གོམས་པར་བྱེད་དགོས་པའི་ཕྱིར། དེ་ལྟར་ན། རྣམ་པ་དེའི་ས་མཚམས་ནི། སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་པའི་རྗེས་ཐོགས་ནས་བཞག་གོ །འདིར་སྐྱེ་མེད་གསུམ་གྱི་རྣམ་པ་ཤར་བའི་དོན་ཡང༌། ཡུལ་ཅན་གྱི་ཤེས་རབ་དེས་ཡུལ་གཞི་ལམ་རྣམ་གསུམ་གྱི་སྟེང་དུ་བདེན་པར་གྲུབ་པའི་ཆོས་ཅུང་ཟད་ཀྱང་མ་མཐོང་བ་དེ་ལ། དེར་བཏགས་པ་ཡིན་གྱི། གཟུང་རྣམ་མཚན་ཉིད་པའམ་དོན་སྤྱི་ཤར་བ་ནི་མ་ཡིན་ཏེ། དང་པོ་ལྟར་ན་གཉིས་སྣང་ཅན་གྱི་ཤེས་པར་འགྱུར་ལ། གཉིས་པ་ལྟར་ན་རྟོག་པར་འགྱུར་བས་སོ། །གཉིས་པ་ནི། གཞི་ཤེས་དང༌། ལམ་ཤེས་དང༌། རྣམ་མཁྱེན་གསུམ་པོའི་འཛིན་སྟངས་དངོས་ལ་དེ་དང་དེའི་ཤེས་རྣམ་ཞེས་བྱ་ལ། དེ་ནི་རེ་རེ་ནས་མཁྱེན་གསུམ་དངོས་དང་ཁྱད་པར་མེད་དོ། །དེ་ལྟར་བྱས་ན། མཁྱེན་གསུམ་གྱི་ཤེས་རྣམ་ཡིན་ལ། བསྒོམ་བྱ་དེའི་ཤེས་རྣམ་མ་ཡིན་པ་ནི། སངས་རྒྱས་ཀྱི་སའི་མཁྱེན་པའོ། །བསྒོམ་བྱ་དེ་ཡིན་ལ། དེའི་ཤེས་རྣམ་དངོས་མ་ཡིན་པ་ནི། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་སྐྱེ་མེད་གསུམ་རྟོགས་པའི་ཡེ་ཤེས་སོ། །གཉིས་ཀ་ཡིན་པ་ནི། བྱང་སེམས་སློབ་པ་འཕགས་པའི་དེ་རྟོགས་པའི་དེ་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི། བྱང་སེམས་འཕགས་པའི་རྒྱུད་ལ་ཡུལ་ཀུན་རྫོབ་པའི་རྣམ་པ་ཤར་བ་རྣམས་སོ། །འོ་ན་ཉན་རང་གི་ཤེས་རྣམ་དང༌། སངས་རྒྱས་ཀྱི་ཤེས་རྣམ་ཇི་སྙེད་པ་འདིར་བསྟན་པའི་བསྒོམ་བྱ་ཤེས་རྣམ་མ་ཡིན་ན། མདོ་འགྲེལ་དུ་བཤད་པས་ཇི་ཞིག་བྱ་སྙམ་ན། མདོ་ལས་ནི། ཉན་རང་གི་ཤེས་རྣམ་དངོས་སུ་བསྟན་པ་མེད་དེ། མདོར་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་སྒྲས་བསྟན་ཅིང༌། དེ་ཡང་སྐབས་དང་པོ་གསུམ་གྱི་བསྟན་བྱའི་གཙོ་བོར་གྱུར་པའི་མཁྱེན་པ་གསུམ་ལ་འཆད་པར་མདོའི་འཕྲོས་ལས་གསལ་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ནི། མདོ་དང་བསྟན་བཅོས་གཉིས་ཀར་ལས་བཤད་མོད། དེ་རྒྱུད་ལ་བསྐྱེད་ནས་བསྒོམ་པ་ནི་མ་ཡིན་ཏེ། དེའི་རྟོགས་རིགས་དང་རྗེས་མཐུན་པ་ཙམ་ཞིག་རྒྱུད་ལ་བསྐྱེད་ནས། སྨོན་ལམ་གྱི་རྣམ་པས་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་འཆད་དགོས་པའི་ཕྱིར། རྒྱན་རྩ་བར། སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །ཞེས་བཤད་པ་ནི་རྟོགས་རིགས་ཀྱི་རྟེན་སོ་སོར་ངེས་པའི་རྣམ་གསལ་གྱི་དཔེ་ཙམ་དུ་བྱས་ནས་ཉན་རང་དང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དེ་དང༌། རྗེས་མཐུན་པ་ཞིག་སངས་རྒྱས་ཀྱི་སར་ཡོད་པའི་རྒྱུ་མཚན་གྱིས། རྣམ་མཁྱེན་གྱི་ཤེས་རྣམ་གཅིག་པུ་ལ་མཁྱེན་པ་གསུམ་དུ་འབྱེད་པའི་ཤེས་བྱེད་སྟོན་པ་ཡིན་གྱི། གང་ཟག་གསུམ་པོ་སོ་སོའི་རྒྱུད་ལ་ཡོད་པའི་མཁྱེན་པ་གསུམ་ཀ་སྐབས་དེར་བསྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་དུ་སྟོན་པའི་གོ་སྐབས་ག་ལ་སྲིད། དེ་སྐད་དུ་ཡང༌། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ། །ཞེས་དང༌། འགྲེལ་པར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བཤད་པ་ཡིན་ནོ། །དེ་ལྟར་བཤད་པ་ན། མདོའི་དངོས་བསྟན་གྱི་རྣམ་པ་ཇི་སྙེད་པ་སྤྱིར་འཕགས་པ་དང༌། བྱེ་བྲག་ཐེག་ཆེན་འཕགས་པའི་མཁྱེན་པ་ལ་འཆད་དགོས་ཏེ། ཕ་རོལ་ཏུ་ཕྱིན་པའི་མིང་གིས་ཟིན་པའི་ཕྱིར། དེ་ཡང་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང༌། ལམ་ཤེས་ཀྱི་སོ་དྲུག་ནི་བྱང་འཕགས་ཀྱི་རྒྱུད་ལ་ཡོད་པ་དེ་ཉིད་འཆད་ལ། དེ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་རྣམས་ཀྱང་བསྡུས་པས་ཞེས་དང༌། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་ཞེས་བཤད་པ་དེ་ནི། རྟོགས་རིགས་ཀྱི་རྟེན་སོ་སོར་ངེས་པའི་རྟེན་ཡིན་གྱི། བསྒོམ་བྱ་དངོས་འཆད་པ་ནི་མ་ཡིན་ཏེ། ཐེག་ཆེན་སྦྱོར་བའི་བསྒོམ་བྱ་ཤེས་རྣམ་ནི། སྦྱོར་བ་བསྒོམ་པ་པོ་དེ་ཉིད་ཀྱི་ཤེས་རྒྱུད་ལ་ཡོད་དགོས་པའི་ཕྱིར། ཡང་རྣམ་མཁྱེན་གྱི་ཤེས་རྣམ་བརྒྱ་དང་བཅུ་ནི། མདོ་དང་བསྟན་བཅོས་ཀྱི་བསྟན་ཚུལ་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པ་དེ་ཡིན་ལ། འགྲེལ་པར་བཤད་ཚུལ་ནི། འཕགས་པ་འོག་མ་གཉིས་དང་ཐུན་མོང་བ་རྣམས་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཆ་དེ་གཉིས་དངོས་སུ་བཤད་པ་ཡིན་ཏེ། དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་སོགས་ཀྱི་མིང་གིས་བཤད་ལ། དེ་ཡང་སངས་རྒྱས་ཀྱི་ས་ན་ཡོད་པ་མ་ཡིན་པའི་ཕྱིར་དང༌། གཉེན་པོའི་ལམ་སོགས་དྲུག་པོ་ཡང༌། སློབ་པའི་ལམ་དུ་གཙོ་ཆེ་བས་སོ། །ཐུན་མོང་མ་ཡིན་པའི་རྣམ་པ་རྣམས་ནི། འགྲེལ་པས་ཀྱང་སངས་རྒྱས་ཀྱི་ས་ཁོ་ནར་བཤད་པ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན་སྟེ། ཞེས་བཤད་པས་སོ། །འོ་ན་འདིའི་བསྒོམ་བྱ་ཤེས་རྣམ་ཅི་ཞེ་ན། སློབ་ལམ་གྱི་སྟོབས་སོགས་རྗེས་མཐུན་པ་རྣམས་ལ་བྱ་བ་ཡིན་ཏེ། ཡུམ་གྱི་མདོ་ལས། སློབ་ལམ་ན་སྟོབས་དང༌། མ་འདྲེས་པ་སོགས་འཇོག་པའི་བཤད་པ་ཤིན་ཏུ་མང་བའི་ཕྱིར། དཔེར་ན་འཇུག་བསྒྲུབ་ཀྱི་ལམ་དང༌། ཞེས་པའི་ཐད་ཀྱི་མདོར། སྟོབས་ནས་མ་འདྲེས་པའི་བར་བཤད་པ་དེ་ལ། སློབ་དཔོན་གྱིས་མི་སློབ་པའི་ལམ་ཞེས་བཤད་ཅིང༌། དེའི་ངོས་འཛིན་ཡང་ས་བརྒྱད་པ་ལ་བྱེད་དགོས་པར་ཇོ་བོ་འབུམ་ཕྲག་གསུམ་པས་གསུངས་པ་དང༌། ས་དགུ་པའི་ཡོངས་སྦྱོང་དུ། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་པའི་ཐད་ཀྱི་མདོར། སྟོབས་བཅུ་ནས་མ་འདྲེས་པའི་བར་བཤད་པ་བཞིན་ནོ། །ཡང་ན་ནི། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་བཞེད་པ་ལྟར་སྨོན་ལམ་གྱི་རྣམ་པས་བསྒོམ་པའོ། །དེ་ཡང་འདིར་གཞི་ཤེས་ཀྱི་ཤེས་རྣམ་རྒྱུད་ལ་བསྐྱེད་ནས་བསྒོམ་པའི་རྣལ་འབྱོར་ནི། སྐབས་གཉིས་པར་བསྟན་པའི་ཉན་རང་གི་ལམ་རྒྱུད་ལ་བསྐྱེད་ནས་ཤེས་པའི་ཚུལ་དེ་ཉིད་ཡིན་ལ། དེ་ལ་ཡང༌། རྗེས་མཐུན་པ་ཚོགས་སྦྱོར་གྱི་དང༌། མཚན་ཉིད་པ་བྱང་སེམས་འཕགས་པའི་གནས་སྐབས་ཀྱི་དབྱེ་བས་གཉིས་སོ། །ལམ་ཤེས་ཀྱི་རྣམ་པ་སོ་དྲུག་བསྐྱེད་ནས་བསྒོམ་པའི་རྣལ་འབྱོར་ནི། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་དོན་གཅིག་ལ། དེ་ལ་རྗེས་མཐུན་པ་དང༌། མཚན་ཉིད་པའི་དབྱེ་བས་གཉིས་སོ། །དེ་ལྟར་ལམ་དེ་གཉིས་ཤེས་བསྐྱེད་རྫོགས་པར་བྱས་པ་ན་སངས་རྒྱས་ཀྱི་སར་མཁྱེན་པ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་ཚང་བ་ཐོབ་པ་དེ་ལ་ནི། རྣམ་མཁྱེན་གྱི་ཤེས་རྣམ་ཞེས་བྱ་ཞིང༌། དེ་ཉིད་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་དང་དོན་གཅིག་པ་ཡིན་ནོ། །འོ་ན་ཅི་གཞི་ཤེས་ཀྱི་ཤེས་རྣམ་འཆད་པའི་སྐབས་སུ། གཞི་ཤེས་ཀྱི་རྟོགས་རིགས་ཀྱི་ཆ་ནས་མི་སྟོན་པར། ཆོས་ཀྱི་བདག་མེད་པའི་རྣམ་པ་ཉེར་བདུན་གྱི་ཆ་ནས་སྟོན་པ་ཅི་ཞེ་ན། འདིར་བསྟན་པའི་ཉེར་བདུན་པོ་དེ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་དབང་དུ་བྱས་ལ། བྱང་སེམས་ཀྱི་རྒྱུད་ལ་དེ་ཡོད་པ་ན། གང་ཟག་གི་བདག་མེད་པ་དང༌། གཟུང་བ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་ཡོན་ཏན་གཉིས་ཀྱང་ཡར་ལྡན་གྱི་ཚུལ་དུ་འདུ་བ་ཡིན་ཏེ། དེའི་རྒྱུད་ལ་བདག་མེད་མངོན་སུམ་དུ་རྟོགས་པའི་བློའི་འཛིན་སྟངས་མི་འགལ་བའི་ཕྱིར་དང༌། འཛིན་པ་ཆོས་ཀྱི་བདག་མེད་བསྒོམ་པ་ན་བདག་མེད་གཞན་གཉིས་པོ་བསྒོམ་པའི་བྱེད་ལས་ཐམས་ཅད་ཀྱང་ཤུགས་ལ་འབྱུང་བའི་ཕྱིར་རོ། །དེ་ལ་དགོངས་ནས། འགྲེལ་པར། ཆོས་མངོན་པ་ལས་གསུངས་པ་དང༌། ཤེར་ཕྱིན་ལས་གསུངས་པ་གཉིས་སྦྱར་ནས་བཤད་པ་ཡིན་ནོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ལ། དོན་རྣམ་བདག་མེད་གཉིས་བསྒོམ་ཚུལ་དང༌། ཤེས་རྣམ་དེ་རྟོགས་པའི་ཡེ་ཤེས་གཉིས་བསྒོམ་ཚུལ་ལོ། །གཉིས་པོ་འགལ་བ་ནི་མིན་ཏེ། རེ་རེ་ལ་གཉིས་ཀ་ཚང་དགོས་པའི་ཕྱིར། བསྟན་ཚུལ་ནི་མི་འདྲ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དུ། དང་པོའི་ཆ་ནས་བསྟན་ལ། རྗེ་བཙུན་གྱི་གཞུང་དུ་གཉིས་པའི་ཆ་ནས་བསྟན་པས་སོ། །དེ་ལ་དོན་རྣམ་བསྒོམ་པའི་དོན་ནི། ཡུལ་ཅན་ཡེ་ཤེས་དེས་ཡུལ་སྐྱེ་མེད་དང་དབྱེར་མེད་དུ་འདྲེས་པར་གྱུར་པ་དེ་ལ་དེ་ཞེས་བྱ་ལ། དེའི་དོན་ཡང༌། ཡུལ་ཅན་ཡེ་ཤེས་དེས་བདག་གཉིས་ཀྱི་ངོ་བོ་ཅི་ཡང་མ་རྙེད་པའི་དོན་ལ་མཉམ་པར་འཇོག་པ་དེ་ཉིད་དོ། །གཉིས་པ་མངོན་པར་རྟོགས་པ་བསྒོམ་པའི་ཚུལ་ནི། སྐྱེ་མེད་གསུམ་རྟོགས་པའི་བློའི་རྒྱུན་དེ་ཉིད་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཚུལ་གྱིས་བསྒོམ་པའོ། །དེ་ལྟར་བཤད་པ་ན། འདིར་བསྟན་གྱི་རྣམ་པ་དེ་ཤེས་རྣམ་ཁོ་ན་ཡིན་ཞེས་འཆད་པ་དེའི་ཚེ་ན། དོན་རྣམ་འདིར་བསྟན་གྱི་བསྒོམ་བྱར་མ་བསྟན་ཞེས་འཆད་པ་ནི་མིན་ཏེ། གཞུང་དུ་བསྟན་ཚུལ་ལ་རྣམ་པ་བསྒོམ་པར་བཤད་ལ། རྣམ་པ་དེ་ཡང་ཤེས་པ་ལ་འཆད་དགོས་པས་བསྟན་ཚུལ་ལ་དོན་རྣམ་གྱི་ཆ་ནས་བསྒོམ་བྱར་མ་བསྟན་ཞེས་པའི་དོན་ཡིན་པས་སོ། །གཞན་དུ་བདག་མེད་གཉིས་མ་བསྒོམ་པར་དེ་རྟོགས་པའི་བློའི་རིགས་རྒྱུན་གོམས་པར་བྱེད་པའི་ཐབས་མེད་དོ། །གསུམ་པ་ནི། འདིར་རྣམ་པ་བསྒོམ་པའི་དོན། གོམས་བྱེད་ཀྱི་བློ་དེ་ཉིད་གོམས་བྱའི་ངོ་བོར་བསྐྱེད་པ་ལ་འདོད་ན། སློབ་ལམ་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྫོགས་པར་མེད་པས་རྣམ་རྫོགས་སྦྱོར་བ་མེད་པར་འགྱུར་རོ་ཞེ་ན། དེའི་དངོས་ཀྱི་ལན་ནི་གོང་དུ་རྒྱས་པར་བཤད་ཟིན་པ་དེ་ཉིད་ཀྱིས་གྲུབ་ལ། སློབ་དཔོན་ཆོས་བཤེས་ཀྱི་བཞེད་པ་ནི། བྱང་ཆུབ་སེམས་དཔའི་སྒོམ་ཚུལ་ལ་རྣམ་པ་བཞི་ཡོད་དེ། ཞེས་པའི་སྒོ་ནས་འཆད་དོ། །ད་ནི་དེ་དག་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བར་བྱ་སྟེ། དར་ཊཱིཀ་མཛད་པ་ན་རེ། ཉི་སྣང་དུ་བྱེ་བྲག་ནི་མི་མཐུན་པའི་ཕྱོགས་གང་གི་གཉེན་པོའི་མཚན་ཉིད་གང་ཡིན་པ་དེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*