ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྨད་ཆ། ང ༽

ཟག་མེད་ཀྱི་བསམ་གཏན་གཉིས་པ་སོགས་ཀྱི་ཡན་ལག་དུ་ལྡན་པའི་དགའ་བདེ་བཞིན་ནོ། །དེའི་ཕྱིར་འཕགས་པ་རྣམས་དང་པོར་ཟག་མེད་ཀྱི་བསམ་གཏན་དང་པོ་ནས་ཟག་མེད་ཀྱི་བསམ་གཏན་གཉིས་པ་ལ་འཇུག་པའི་ཚེ། ཉེར་བསྡོགས་དག་པ་བ་བར་དུ་བརྒྱུད་མི་དགོས་པས། བསམ་གཏན་དང་པོ་ལ་ཆགས་བྲལ་བྱེད་པའི་ལམ་ནི། བསམ་གཏན་དང་པོའི་དངོས་གཞི་ཟག་མེད་དེ་ཉིད་དོ། །དེའི་ཚེ་དེས་དེའི་ཡན་ལག་དགའ་བདེ་གཉིས་ལ་ཆགས་བྲལ་བྱས་པ་ཡིན་གྱི། དེ་སྤངས་ནས་མེད་པར་བྱས་པ་མིན་ཏེ། དེ་དེའི་ཡན་ལག་དུ་ལྡན་པའི་ཕྱིར་རོ། །གཉིས་པ་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་ལ། ཉེར་བསྡོགས་ནི་བཤད་ཟིན་ཅིང༌། དངོས་གཞི་ལ་མཚན་ཉིད་ནི། འདུ་ཤེས་སམ་དམིགས་རྣམ་གྱི་སྒོ་ནས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག མཐོང་ཆོས་ལ་བདེ་བར་གནས་པའི་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། དག་པ་བ་བཞིར་འགྱུར་ཚུལ་དང༌། དེ་ལ་རང་སའི་ཉོན་མོངས་པས་ཉོན་མོངས་པར་བྱེད་ཚུལ་ནི་སྔ་མ་བཞིན་དུ་བཤད་པར་བྱ་ཞིང༌། དམིགས་རྣམ་གྱི་སྒོ་ནས་ཕྱེ་ན། ནམ་མཁའ་མཐའ་ཡས་ལ་སོགས་པ་བཞིའོ། །དང་པོ་ནི། སྦྱོར་བའི་དུས་སུ་གཟུགས་ལ་ཏིང་ངེ་འཛིན་གྱི་སྐྱོན་དང༌། གཟུགས་མེད་ལ་ཡོན་ཏན་དུ་མཐོང་ནས། ནམ་མཁའ་ལྟར་མཐའ་ཡས་སོ་ཞེས་སམ། ནམ་མཁའི་འདུ་ཤེས་ཁོ་ན་བསྒོམ་པས་དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་སྐྱེས་ཤིང་མཆེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག རང་གི་སས་བསྡུས་ཀྱི་ཕུང་པོ་ཡུལ་དུ་བྱེད་པའོ། །དེ་སྐད་དུ་ཡང་ཉན་ས་ལས། ཇི་སྲིད་དངོས་གཞི་ལ་སྙོམས་པར་མི་འཇུག་པའི་བར་དུ་ནི་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ནི་ནམ་མཁའ་དེ་ཉིད་དང༌། དེ་གཞན་པའི་རང་གི་ས་པའི་ཕུང་པོ་རྣམས་ལ་དམིགས་པར་བྱེད་དོ། །ཉེར་བསྡོགས་ཀྱི་ཚེ་ན་ནི་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་ན། ས་འོག་མ་ལ་འདོད་ཆགས་དང་བྲལ་ཙམ་མམ། དམིགས་པ་ལ་གསལ་སྣང་མཆེད་ཙམ་གྱི་དངོས་གཞིའི་སྙོམས་འཇུག་དུ་བཞག་མི་ནུས་པས། དེ་ཙམ་ཞིག་ཐོབ་ནས་ཀྱང༌། དངོས་གཞི་ལ་འཇུག་པའི་ཞི་གནས་ཀྱི་ཉེར་བསྡོགས་བསྐྱེད་པ་དང༌། དེས་དེ་ལ་འཇུག་པའི་སྙོམས་འཇུག་གི་སྒྲིབ་པ་སེལ་བར་བྱེད་དགོས་སོ། །དེ་ལྟར་ན་གཟུགས་མེད་ཀྱི་ཉེར་བསྡོགས་དང༌། དངོས་གཞི་རྣམས་ནམ་མཁའ་དང་རྣམ་ཤེས་ལྟ་བུའི་དམིགས་རྣམ་གྱི་སྤྱི་མཚུངས་ཀྱང༌། འོག་སའི་ཕུང་པོ་ལ་དམིགས་པ་དང༌། དེ་ལ་མི་དམིགས་པར་རང་སའི་ཕུང་པོ་ལ་དམིགས་པའི་སྒོ་ནས་ཁྱད་པར་དབྱེ་དགོས་སོ། །གཉིས་པ་ནི། ནམ་མཁའི་འདུ་ཤེས་ལ་སྐྱོན་དང༌། དེའི་ཡུལ་ཅན་གྱི་རྣམ་ཤེས་ལ་སྐྱོན་མེད་དུ་མཐོང་ནས། དེ་ཉིད་མཐའ་ཡས་སོ་ཞེས་སམ། རྣམ་ཤེས་ཙམ་གྱི་འདུ་ཤེས་བསྒོམ་པས། དེ་ཉིད་ལ་གསལ་སྣང་སྐྱེས་ཤིང་མཆེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག ས་དེ་ལ་ལྟོས་པའི་ཕན་ཡོན་དང་བཅས་པའོ། །གསུམ་པ་ནི། རྣམ་ཤེས་ཀྱི་འདུ་ཤེས་དེ་ཡང་རགས་པར་མཐོང་ནས། བཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་བསྒོམ་པས། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་མཆེད་པའོ། །བཞི་པ་ནི་ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་དེ་ཡང་རགས་པར་མཐོང་ནས། སྦྱོར་བའི་དུས་སུ་འདུ་ཤེས་རགས་པ་ནི། ནད་འབྲས་ཟུག་རྔུ་ལྟ་བུ། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པ། ཡོད་མིན་མེད་མིན་ནི་གྱ་ནོམ་པའོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་ནས། ཞེས་སོགས་སོ། །འདི་དག་ལ་ཡན་ལག་མི་འདྲ་བའི་ཁྱད་པར་མི་འཇོག་པ་ནི། ཀུན་ལས་བཏུས་ལས། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར། ཡན་ལག་རྣམ་པར་བཞག་པ་མེད་དོ། །ཞེས་གསུངས་སོ། །དེ་དག་ལ་དམིགས་པས་འདའ་བ་ཞེས་བྱ་སྟེ། དམིགས་པ་སྔ་མ་དོར་ནས་ཕྱི་མ་མི་འདྲ་བ་རེ་ལ་འཇུག་པའི་ཕྱིར་རོ། །གསུམ་པ་དེ་དག་གི་རྣམ་གཞག་བཤད་པ་ལ་བཞི་སྟེ། གྲངས་ངེས་པ་དང༌། གོ་རིམ་ངེས་པ་དང༌། དམིགས་རྣམ་དཔྱད་པ་དང༌། མི་མཐུན་ཕྱོགས་ངོས་བཟུང་བའོ། །དང་པོ་ནི། སྤྱིར་རྩོད་པའི་རྩ་བ་ལ་གཉིས་སུ་གྲངས་ངེས་ལ། དེ་སྤོང་བྱེད་ཀྱི་ཏིང་ངེ་འཛིན་ལ་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གཉིས་སུ་གྲངས་ངེས་སོ། །དེ་ཡང་ཁྱིམ་པ་རྣམས་རྩོད་པའི་རྩ་བ་ནི་ཚོར་བ་བདེ་སྡུག་ཡིན་ལ། རབ་བྱུང་རྣམས་ནི་འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་མ་ལོག་ལ་བརྩོད་པའི་ཕྱིར། དེའི་ཕྱིར་རྩ་བ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །དེ་སྐད་དུ་ཡང་མཛོད་ལས། རྩོད་པའི་རྩ་བར་གྱུར་པ་དང༌། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང༌། །འདུ་ཤེས་ལོག་ཤིག་ཕུང་པོར་བཞག །ཅེས་གསུངས་སོ། །ཅིའི་ཕྱིར་ཚོར་བས་ངེས་པར་འབྱུང་བ་ལ་བསམ་གཏན་བཞིར་ངེས་ཤེ་ན། བསམ་གཏན་པ་རྣམས་ནི་ཚོར་བ་བདེ་སྡུག་ལས་ངེས་པར་འབྱུང་བ་འཚོལ་ལ། སྡུག་བསྔལ་གྱི་ཚོར་བ་ལ་ཕྲ་རགས་གཉིས་ལས། རགས་པ་ཡིད་མི་བདེ་ལས་ངེས་པར་འབྱུང་བ་བསམ་གཏན་དང་པོ་དང༌། ཕྲ་བ་ལུས་ཚོར་སྡུག་བསྔལ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གཉིས་པ་སྟེ། དེ་དང་དེར་ཡིད་བདེ་བའི་དབང་པོ་ཐོབ་པ་དང༌། ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པའི་ཕྱིར། གཉིས་པ་ཚོར་བ་བདེ་བ་ལ་ཕྲ་རགས་གཉིས་ལས། རགས་པ་ཡིད་བདེ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་གསུམ་པ་སྟེ། དེར་དགའ་བ་ཉོན་མོངས་ཅན་དང་བྲལ་བའི་ཕྱིར། ཕྲ་བ་སེམས་བདེ་ལས་ངེས་པར་འབྱུང་བ་ནི་བསམ་གཏན་བཞི་པ་སྟེ། དེ་ཡང་སྤངས་པའི་ཕྱིར་རོ། །ཚོར་བ་བཏང་སྙོམས་ལས་ངེས་པར་འབྱུང་བ་ནི་མ་བཞག་སྟེ། བྱིས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་མི་རྟོགས་པའི་ཕྱིར་རོ། །ཅིའི་ཕྱིར་འདུ་ཤེས་ལས་ངེས་པར་འབྱུང་བ་ལས་གཟུགས་མེད་བཞིར་ངེས་པར་བཞག་ཅེ་ན། འདུ་ཤེས་ནི་གཉིས་ཏེ། ཡུལ་ལ་མཚན་མར་འཛིན་པ་དང༌། ཡུལ་ཅན་ལ་མཚན་མར་འཛིན་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱ་གཟུགས་དང་ཐོགས་པའི་འདུ་ཤེས་དང༌། གཉེན་པོ་ནམ་མཁའི་འདུ་ཤེས་སོ། །དེ་གཉིས་ལས་ངེས་པར་འབྱུང་བ་ནི་གཟུགས་མེད་དང་པོ་གཉིས་སོ། །ཡུལ་ཅན་ལ་མཚན་མར་འཛིན་པའི་འདུ་ཤེས་ལ་གཉིས་ཏེ། སྤང་བྱ་རྣམ་ཤེས་ཀྱི་འདུ་ཤེས་དང༌། གཉེན་པོ་ཅི་ཡང་མེད་པའི་འདུ་ཤེས་སོ། །དེ་གཉིས་ལས་ངེས་པར་འབྱུང་བ་ནི། གཟུགས་མེད་ཕྱི་མ་གཉིས་སོ། །སྲིད་པའི་རྩེ་མོ་ལས་ངེས་པར་འབྱུང་བ་ནི་ཟག་མེད་ཁོ་ནར་ངེས་པའི་ཕྱིར། གཟུགས་མེད་ལྔ་པ་མ་བཞག་གོ །གོ་རིམ་ནི་དང་པོ་རྣལ་འབྱོར་པས། འདོད་པ་ལ་འདུན་པ་དང༌། གནོད་སེམས་གཉིས་སྡུག་བསྔལ་གྱི་རྩ་བར་མཐོང་ནས། རྟོག་དཔྱོད་གཉེན་པོའི་ཡན་ལག་གིས་དེ་སྤོང་བ་ལ་ཞུགས་པས་བསམ་གཏན་དང་པོ་ཐོབ་བོ། །དེའི་འོག་ཏུ་རྟོག་དཔྱོད་གཉིས་ཀྱང་རྒྱུད་འཁྲུགས་པར་བྱེད་པས་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས། ནང་རབ་ཏུ་དྭང་བ་གཉེན་པོའི་ཡན་ལག་གིས་དེ་སྤོང་བ་ལ་ཞུགས་པས་བསམ་གཏན་གཉིས་པ་འཐོབ་བོ། །དེའི་འོག་ཏུ་དགའ་བ་ཡང་ཡིད་གཡོ་བར་བྱེད་པ་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས། དྲན་ཤེས་བཞིན་བཏང་སྙོམས་གཉེན་པོའི་ཡན་ལག་གིས་དེ་སྤོང་བ་ལ་ཞུགས་པས་བསམ་གཏན་གསུམ་པ་ཐོབ་བོ། །དེའི་འོག་ཏུ་བདེ་བ་ཡང་སེམས་ལ་འགྱུར་བ་བསྐྱེད་པ་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་མཐོང་ནས། ཡོངས་དག་གཉིས་ཀྱིས་དེ་སྤོང་བ་ལ་ཞུགས་པས་བསམ་གཏན་བཞི་པ་འཐོབ་བོ། །དེ་ནས་གཟུགས་དང་ཐོགས་པའི་འདུ་ཤེས་རགས་པར་མཐོང་ནས། ནམ་མཁའི་འདུ་ཤེས་ཀྱིས་དེ་སྤོང་བར་བྱེད་ཅིང༌། ནམ་མཁའི་འདུ་ཤེས་ཀྱང་ཁ་ཕྱི་རོལ་དུ་བལྟས་པས། ཏིང་ངེ་འཛིན་གྱི་སྐྱོན་ཡིན་པར་མཐོང་ནས་ཐམས་ཅད་རྣམ་ཤེས་སུ་འདུས་པར་བསྒོམ་ཞིང༌། དེའི་འོག་ཏུ་རྣམ་ཤེས་ཀྱི་འདུ་ཤེས་ཀྱང་མཚན་འཛིན་གྱི་ཟུག་རྔུ་བསྐྱེད་པས་སྐྱོན་དུ་མཐོང་ནས་ཅི་ཡང་མེད་པའི་འདུ་ཤེས་ཀྱིས་དེ་སྤོང་བར་བྱེད་ཅིང༌། དེ་ཡང་མཚན་འཛིན་དུ་མཐོང་ནས། ཡོད་མིན་མེད་མིན་གྱི་འདུ་ཤེས་ཀྱིས་དེ་སྤོང་བ་ལ་ཞུགས་པས་སྲིད་རྩེ་ཐོབ་བོ། །ཁ་ཅིག་ནམ་མཁའ་མཐའ་ཡས་ལ་སོགས་པ་འདི་རྣམས་སངས་རྒྱས་པའི་སྒོམ་མ་ཡིན་པར་འདོད་པ་དང༌། ཁ་ཅིག་འདི་དག་སེམས་ཙམ་གྱི་སྒོམ་ཡིན་གྱི། དབུ་མའི་སྒོམ་མ་ཡིན་ནོ་ཞེས་ཟེར་བ་ཡོད་ཀྱང༌། ཤེར་ཕྱིན་གྱི་མདོ་ལས། ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་པ་དང༌། རྣལ་འབྱོར་ས་བཞི་ལས་ཀྱང༌། འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཞེས་དང༌། སྤྱོད་འཇུག་ཏུ། ཅི་ཡང་མེད་ཅེས་གོམས་པ་ལས། ཞེས་གསལ་བར་གསུངས་ཤིང༌། འདུ་ཤེས་ཡོད་མིན་མེད་མིན་ནི་རང་གི་ངོ་བོ་དབུ་མའི་སྒོམ་དུ་བཞག་དཀའ་ཡང༌། འགོག་པའི་སྙོམས་འཇུག་མངོན་དུ་བྱེད་པ་ལ་མེད་མི་རུང་གི་ཡན་ལག་ཏུ་དགོས་པའི་ཕྱིར་དང༌། ཐོད་བརྒལ་གྱི་སྐབས་སུ་སྲིད་རྩེ་ལ་ནུད་ཆུང་བྱེད་པར་བཤད་པའི་ཕྱིར་རོ། །འོ་ན་ཕྱི་རོལ་པ་ལ་དབུ་མའི་སྒོམ་ཡོད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལ་ནི་ལྟ་བ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་མེད་པར་དེ་དག་བསྒོམ་ཀྱང་ལམ་དུ་མི་འགྱུར་བའི་ཕྱིར་ཁྱད་པར་ཡོད་དོ། །གསུམ་པ་ནི། ཇི་སྐད་དུ་མཛོད་ལས། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །གཟུགས་མེད་དངོས་གཞིའི་དགེ་རྣམས་ཀྱིས། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་གསུངས་སོ། །དེའི་དོན་ནི། ཉོན་མོངས་ཅན་རྣམས་ཀྱིས་འོག་ས་དང༌། གོང་ས་ལ་མི་དམིགས་ཏེ། ས་རྣམས་སྲེད་པས་སོ་སོར་མཚམས་བཅད་པའི་ཕྱིར། ཟག་མེད་ལ་མི་དམིགས་ཏེ། དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། བསམ་གཏན་གྱི་སྙོམས་འཇུག་དགེ་བ་རྣམས་ཀྱི་དམིགས་པ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ཡོད་པ་དེ་ཐམས་ཅད་ཡིན་ལ། གཟུགས་མེད་ཀྱི་དངོས་གཞི་དགེ་བ་རྣམས་ཀྱི་དམིགས་པ་ནི་ས་འོག་མའི་ཟག་བཅས་ཀྱི་དངོས་པོ་རྣམས་མ་ཡིན་ཏེ། དམིགས་པའི་སྒོ་ནས་དེ་ལས་འདས་ཟིན་པའི་ཕྱིར། དེའི་ཤུགས་ལ་འོག་མའི་ཟག་མེད་ལ་དམིགས་པར་གསལ་བ་དང༌། གཟུགས་མེད་ཀྱི་ཉེར་བསྡོགས་ཀྱིས་ཀྱང་འོག་ས་ལ་དམིགས་པར་གསལ་ལོ། །བཞི་པ་མི་མཐུན་ཕྱོགས་ངོས་བཟུང་བ་ལ། བསམ་གཏན་གྱི་དང༌། གཟུགས་མེད་ཀྱི་མི་མཐུན་ཕྱོགས་གཉིས་ལས། དང་པོ་ལ་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ནི། འདོད་པ་ལ་འདུན་པ་དང་རྣམ་འཚེ་སྟེ། དེས་དེ་ཐོབ་པ་ལ་གེགས་བྱེད་དོ། །གཉིས་པ་ནི། རྟོག་པ་དང་དཔྱོད་པ་སྟེ། དེས་དེ་ཐོབ་ཟིན་ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་དོ། །གསུམ་པ་ནི། དགའ་བ་དང་བདེ་བ་སྟེ། དེས་སེམས་ལས་སུ་རུང་བའི་མཆོག་ཐོབ་པ་ལ་གེགས་བྱེད་དོ། །གཉིས་པ་གཟུགས་མེད་ཀྱི་མི་མཐུན་ཕྱོགས་ལ་ཡང༌། ཐོགས་བཅས་དང་ཐོགས་མེད་ཀྱི་འདུ་ཤེས་གཉིས་སོ། །གཉིས་པ་ལ་ཡང་ཡུལ་ནམ་མཁའི་འདུ་ཤེས་དང༌། ཡུལ་ཅན་རྣམ་ཤེས་ཀྱི་འདུ་ཤེས་གཉིས་སོ། །གཉིས་པ་ལ་ཡང༌། རགས་པ་རྣམ་ཤེས་ཀྱི་འདུ་ཤེས་དང༌། ཕྲ་བ་ཅི་ཡང་མེད་པའི་འདུ་ཤེས་སོ། །སྤང་བྱ་དེ་དང་དེ་དག་སྤངས་པས་སྙོམས་པར་འཇུག་པ་བཞི་ཚན་གཉིས་པོ་དེ་དང་དེ་འཐོབ་པ་ཡིན་ནོ། །གཉིས་པ་སྙོམས་འཇུག་ཟག་མེད་ལ་མཚན་ཉིད་ནི། ཟག་པ་མེད་པའི་ལམ་གྱི་ངོ་བོར་སྐྱེས་པའི་དགེ་བ་རྩེ་གཅིག་པའོ། །དབྱེ་ན་མཐོང་སྒོམ་མི་སློབ་ལམ་གསུམ་གྱི་དབྱེ་བས། དེ་དང་དེའི་ངོ་བོར་སྐྱེས་པའི་སྙོམས་འཇུག་རྣམ་པ་གསུམ་མོ། །སྦྱོར་ལམ་གྱི་ངོ་བོར་སྐྱེས་པའི་སྙོམས་འཇུག་ནི་ལམ་བདེན་གྱི་ངོ་བོར་མ་སྐྱེས་པའི་ཕྱིར་ཟག་མེད་མ་ཡིན་ལ། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རྒྱུའི་སྙོམས་འཇུག་ཀྱང་མ་ཡིན་མོད། འཇིག་རྟེན་པའི་དགེ་བ་དག་པ་བ་ཞེས་བྱའོ། །དེས་མཚོན་ནས་སྙོམས་འཇུག་དག་པ་བ་ཡིན་ལ། རྒྱུའི་སྙོམས་འཇུག་མ་ཡིན་པ་ནི་མང་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་དུ་བྱས་པའི་ཕྱིར་མི་འོང་མཐོང་ཆོས་ཞིའི་རྒྱུད་ཀྱི་སྙོམས་འཇུག་དག་པ་བ་དགུ་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་དེ་དགུ་དང༌། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་དགུ་པོ་དེ་རྣམས་སོ། །དེ་རྣམས་དེ་མ་ཡིན་ཏེ། ཡང་སྲིད་འཕེན་འགྲུབ་གང་རུང་གི་རྒྱུའི་རིགས་སུ་མི་གནས་པའི་ཕྱིར་རོ། །འོ་ན་ཡང་སྲིད་འཕེན་འགྲུབ་ཀྱི་རྒྱུར་འགྱུར་བའི་དག་པ་བ་དང༌། དེར་མི་འགྱུར་བའི་སྙོམས་འཇུག་དག་པ་བ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ཀུན་སློང་ས་འོག་མའི་མ་རིག་པས་ཀུན་ནས་བླང་བ་མ་ཡིན་ཞིང༌། དགེ་བའི་རྩ་བ་གསུམ་པོ་གང་རུང་གིས་ཀུན་ནས་བླངས་པའི་ཉེར་བསྡོགས་དག་པ་བ་རྣམས་ནི། ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ལ། འཕེན་བྱེད་ཀྱི་རྒྱུ་མ་ཡིན་པའི་མུའོ། །ཡང་རྒྱུའི་ཀུན་སློང་རང་སའི་སྲེད་པས་མ་བླངས་ཤིང༌། རང་ས་དང་གོང་ས་གང་རུང་གི་དགེ་བའི་རྩ་བ་གསུམ་པོ་གང་ཡང་རུང་བས་ཀུན་ནས་བླངས་པའི་དངོས་གཞིའི་སྙོམས་འཇུག་དག་པ་བ་རྣམས་ནི་དེ་ཡིན་ལ། འགྲུབ་བྱེད་ཀྱི་རྒྱུ་མ་ཡིན་པའོ། །མདོར་ན་རྒྱུའི་སྙོམས་འཇུག་ཡིན་ན་ཀུན་སློང་ཉོན་མོངས་པས་ཀུན་ནས་བླང་དགོས་ཏེ། འཕེན་བྱེད་ཀྱི་རྒྱུ་ཡིན་ན་མ་རིག་པས་བླང་དགོས་ཤིང༌། འགྲུབ་བྱེད་ཀྱི་རྒྱུ་ཡིན་ན་སྲེད་པས་བླངས་དགོས་པའི་ཕྱིར། འོ་ན་འདི་དང་རྣམ་ཐར་ལ་ཁྱད་པར་ཅི་ཞེ་ན། སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་དེ། རྣམ་ཐར་ཡིན་ན་རང་གི་དེ་མ་ཐག་འབྲས་བུ་རང་སའི་ཉོན་མོངས་པ་མི་འདྲེན་པས་ཁྱབ་ལ། རྒྱུའི་སྙོམས་འཇུག་མ་ཡིན་པའི་དག་པ་བ་ཙམ་ལ་ནི། རང་གི་ངོ་བོ་སྲེད་པས་མ་བླངས་ཀྱང༌། དེ་མ་ཐག་འབྲས་བུ་སྲེད་པ་འདྲེན་ནུས་པ་དུ་མ་མཐོང་བའི་ཕྱིར། དེ་ལྟར་ཞར་ལ་འོང་བ་བརྗོད་ནས། དཀྱུས་མ་མཐོང་ལམ་གྱི་ངོ་བོར་གྱུར་པའི་སྙོམས་འཇུག་ཟག་མེད་ནི། བསམ་གཏན་ས་དྲུག་པོ་ཁོ་ནའོ། །དེའི་ངོ་བོར་གྱུར་པའི་གཟུགས་མེད་ཀྱི་སྙོམས་འཇུག་མི་སྲིད་པ་ནི། སྤྱིར་མཐོང་ལམ་གྱིས་ཁམས་གསུམ་ཀའི་བདེན་པ་ལ་དམིགས་ཤིང༌། བྱེ་བྲག་ཏུ་ཆོས་བཟོད་དང་ཆོས་ཤེས་ཀྱིས་ནི་འདོད་པའི་བདེན་པ་རྣམས་ལ་ངེས་པར་དམིགས་དགོས་པ་ལས། གཟུགས་མེད་དངོས་གཞིའི་སེམས་ཀྱིས་ནི་རིང་བ་བཞིས་རིང་བའི་རྒྱུ་མཚན་གྱིས་འདོད་པ་ལ་མི་དམིགས་པ་ནི་ཆོས་མངོན་པའི་སྤྱི་སྐད་ཡིན་ལ། དེར་མ་ཟད་གཟུགས་ལ་ཡང་མི་དམིགས་པར་བཤད་པའི་ཕྱིར་རོ། །འོ་ན་འདོད་པ་ལ་ཆགས་བྲལ་བྱས་པའི་བསམ་གཏན་གྱི་དངོས་གཞི་རྣམས་ཀྱིས་འདོད་པ་ལ་དམིགས་པ་སྲིད་ན། གཟུགས་ལ་ཆགས་བྲལ་བྱས་པའི་གཟུགས་མེད་ཁམས་ཀྱིས་གཟུགས་ལ་དམིགས་པ་མི་སྲིད་པ་ཅི་ཞེ་ན། གཅིག་ནི་ཡན་ལག་གིས་འདའ་ལ། ཅིག་ཤོས་ནི་དམིགས་པས་འདའ་འོ། །ཞེས་ཡང་ཡང་བཤད་པ་དེའོ། །འོ་ན་བསམ་གཏན་དང་པོའི་དངོས་གཞི་མཐོང་ལམ་ཟག་མེད་ཀྱི་ངོ་བོར་སྐྱེས་པ་དེའི་ཚེ། ཏིང་ངེ་འཛིན་གྱི་ངོ་བོར་སྐྱེས་པ་ཡིན་མོད། དགའ་བདེ་དང་རྟོག་དཔྱོད་ཀྱི་ངོ་བོར་སྐྱེས་པ་ཇི་ལྟ་བུ་ཞེ་ན། ཡུལ་ཅན་བཞི་པོ་དེས་ཡུལ་བདེན་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སོ། །དེའི་ཚེ་ན་བཞི་པོ་དེ། སྤྱིར་རྟོག་མེད་དང༌། བྱེ་བྲག་ཏུ་རྣལ་འབྱོར་མངོན་སུམ་གྱི་ངོ་བོར་སྐྱེས་པ་ཡིན་ལ། དེའི་ཚེ་བསམ་གཏན་དང་པོའི་ཡན་ལག་ལྔ་ཆར་ཡང་མཐོང་ལམ་གྱི་ངོ་བོར་སྐྱེས་པའི་ཕྱིར། སྤང་བྱ་མ་ཡིན་ཞིང༌། ཁམས་གསུམ་གང་རུང་གི་སས་བསྡུས་པ་ཡང་མ་ཡིན་པ་དེའི་ཕྱིར། བསམ་གཏན་དང་པོའི་ཡན་ལག་དུ་བཞག་པའི་རྟོག་དཔྱོད་སོགས་ལ་དེའི་སས་བསྡུས་མ་བསྡུས་གཉིས་དང༌། དང་པོ་ལ་ཡང་བསམ་གཏན་དང་པོ་ཁོ་ན་ལ་ཡོན་ཏན་དུ་བལྟ་བའི་རྟོག་དཔྱོད་དང༌། སྤྱིར་རྣམ་ཤེས་ཚོགས་ལྔའི་རྒྱུ་དུས་དང༌། དེ་དུས་ཀྱི་ཀུན་སློང་དུ་གྱུར་པའི་རྟོག་དཔྱོད་ཙམ་གཉིས་དང༌། དགའ་བདེ་ལ་ཡང་བསམ་གཏན་དང་པོའི་སྙོམས་འཇུག་ཁོ་ན་ལ་སྲིད་པའི་སྲེད་པ་འདྲེན་ནུས་ཀྱི་དགའ་བདེ་དང༌། དེ་མི་འདྲེན་པར་སྤྱིར་མཐོང་ཆོས་ལ་བདེ་བར་གནས་པ་ཙམ་དུ་བྱེད་པའི་དགའ་བདེ་ཚན་པ་གཉིས་ལས། དང་པོ་རྣམས་བསམ་གཏན་ཕྱི་མ་ཕྱི་མའི་སྤང་བྱ་དང༌། དངོས་གཞིའི་སྙོམས་འཇུག་ཕྱི་མ་རྣམས་མངོན་དུ་བྱས་ཤིང༌། མ་ཉམས་པ་རྣམས་ཀྱིས་དེ་མངོན་དུ་མི་བྱེད་ལ། ཕྱི་མ་རྣམས་མཐོང་ཆོས་ལ་བདེ་བར་གནས་པའི་དོན་དང༌། གཟུགས་ལ་ལྟ་བ་དང༌། སྒྲ་མཉན་པ་དང༌། རེག་བྱ་མྱོང་བར་བྱེད་པ་ལྟ་བུའི་ཚེ་ན་མངོན་དུ་བྱེད་པ་ཡིན་ནོ། །ཚུལ་འདི་ནི་ཕྱི་མ་རྣམས་ལ་ཡང་འདྲེའོ། །གཉིས་པ་སྒོམ་ལམ་ཟག་མེད་ནི་ས་དགུའི་དབྱེ་བས་དགུའོ། །དེ་ཡང་འདི་ལྟར་ཤེས་དགོས་ཏེ། ནམ་མཁའ་མཐའ་ཡས་སོགས་སུ་འཇོག་བྱེད་ནི། དམིགས་རྣམ་དེ་དང་དེས་ཕྱེ་བ་ཡིན་ལ། ཟག་མེད་དུ་འཇོག་བྱེད་ཀྱང་བདེན་པའི་དམིགས་རྣམ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་དེ་དག་མི་འགལ་བ་ཅི་ཞེ་ན། དེ་ཡང་ནམ་མཁའ་དང༌། རྣམ་ཤེས་ཀྱི་ཡུལ་ཅན་གྱི་ཏིང་ངེ་འཛིན་དེ་ཉིད་ཀྱིས་བདེན་པ་རྣམས་ལ་དམིགས་ནས་བདག་མེད་པར་མངོན་སུམ་དུ་རྟོགས་པའོ། །དེའི་ཚེ་དམིགས་པ་བདེན་པ་བཞི་ལ་དམིགས་ནས། ནམ་མཁའ་དང་རྣམ་ཤེས་ཀྱི་ངང་ཚུལ་ཅན་དུ་རྟོགས་པ་དང༌། དེ་བདག་མེད་དུ་རྟོགས་པ་གཉིས་ནི་འགལ་བ་མ་ཡིན་ཏེ། དེ་དང་དེར་རྟོགས་པ་དེས་བདག་མེད་རྟོགས་པ་ལ་ཕན་པ་ཡིན་གྱི། གནོད་བྱེད་མ་ཡིན་པའི་ཕྱིར་དང༌། འཛིན་སྟངས་མི་འགལ་བའི་ཕྱིར། ཅི་ཡང་མེད་ཀྱི་འདུ་ཤེས་ཡང་དེ་དང་འདྲའོ། །སྲིད་རྩེའི་སེམས་ནི་ཟག་མེད་དུ་སྐྱེས་པ་མི་སྲིད་དེ། ཡུལ་ཅན་སྲིད་རྩེའི་སེམས་ཀྱིས་བདག་མེད་མངོན་སུམ་དུ་རྟོགས་པ་མི་སྲིད་པའི་ཕྱིར་ཏེ། སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར། འོ་ན་སྲིད་རྩེའི་སེམས་དེ་རྟོག་པའམ། རྟོག་མེད་གཉིས་ལས་གང་ཞེ་ན། རྟོག་གེ་ལས་བྱུང་བའི་རྟོག་པ་ལྟ་ཅི་སྨོས། རྟོག་མེད་ཀྱང་མ་ཡིན་ཏེ། ཡུལ་གསལ་བར་མི་སྣང་བའི་ཕྱིར་རོ། །དེ་ལྟ་ན་ཡང༌། རྟོག་པ་མ་ཡིན་པའི་ཤེས་པ་ཞིག་གོ །དེ་ཙམ་གྱིས་རྟོག་གེ་ལ་གྲགས་པའི་རྟོག་མེད་ཀྱི་ཤེས་པར་ཁས་ལེན་མི་ནུས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་བཞིན་ནོ། །འོ་ན་སྙོམས་འཇུག་ཟག་མེད་རྣམས་རྒྱུའི་སྙོམས་འཇུག་མ་ཡིན་ན། འཕགས་པ་ཕྱིར་མི་འོང་རྣམས་སྤེལ་བསྒོམ་གྱི་དབང་གིས་གནས་གཙང་མ་ལྔར་སྐྱེ་བ་ལེན་པ་ཅི་ཞེ་ན། དེ་དག་ནི་ཟག་བཅས་ཀྱི་དབང་གིས་སྐྱེ་བ་ཡིན་གྱི། ཟག་མེད་ཀྱིས་མ་ཡིན་ནོ། །འོ་ན་དེའི་ཟག་བཅས་དེ་སྲེད་པས་ཀུན་ནས་བླང་བར་འགྱུར་ཏེ། འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེ་ན་འདོད་པ་ཡིན་ཏེ། ཇི་སྐད་དུ། སྐྱེ་དང་གནས་པར་བྱ་ཕྱིར་དང༌། །ཞེས་གསུངས་པ་ལྟར་དེར་སྐྱེ་བའི་ཕྱིར་དུ་སྤེལ་མ་བསྒོམ་པ་དེའི་ཚེ། དེའི་ཕུང་པོ་ལ་སྲེད་པ་འབྱུང་བའི་ཕྱིར། དེ་སྐད་དུ་ཡང༌། གང་སྤེལ་ལས། ཟག་པ་དང་བཅས་པ་དེའི་དབང་གིས་དེར་སྐྱེ་བ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་འགོག་པའི་སྙོམས་པར་འཇུག་པ་དེ་ཟག་མེད་ཡིན་ནམ་ཞེ་ན། འོག་མའི་ལུགས་ལ་འདིར་དེ་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར་དང༌། སྲིད་རྩེའི་སས་བསྡུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཀུན་གཞི་ཁས་མི་ལེན་པ་ལྟར་ན་སྙོམས་འཇུག་དེའི་ངོ་བོར་གྱུར་པའི་ལྡན་མིན་འདུ་བྱེད་དེ། སྲིད་རྩེའི་སེམས་ཁོ་ནས་བྱས་པ་ཡིན་གྱི། དེ་ལས་གཞན་ཁམས་གསུམ་གང་རུང་གི་སེམས་དང༌། ཟག་མེད་ལམ་གྱིས་བྱས་པ་མ་ཡིན་པའི་ཕྱིར་དང༌། སྲིད་རྩེ་མྱོང་འགྱུར་གྱི་ལས་ཅན་ཡིན་པའི་ཕྱིར་རོ། །ཀུན་གཞི་ཁས་ལེན་པ་ལྟར་ན་ནི། ལུགས་གཉིས་ལས། ལུས་རྟེན་གང་དུ་གཏོགས་པའི་ཀུན་གཞི་ལ་བཏགས་པའི་བཏགས་ཡོད་དུ་འདོད་པ་ལྟར་ན་ནི། དེ་གང་གཏོགས་ཀྱིས་དེར་གཏོགས་དགོས་ལ། སྲིད་རྩེའི་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུར་བཤད་པ་ནི་མེད་དོ། །འོ་ན་མངོན་པ་ཀུན་ལས་བཏུས་ལས། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ཞེས་གསུངས་པ་མིན་ནམ་ཞེ་ན། དེའི་དོན་ནི་སྙོམས་འཇུག་དང་པོ་བརྒྱད་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་གཉིས་སུ་ཕྱེ་ནས། དང་པོ་རྣམས་བྱིས་པ་སོ་སོ་སྐྱེ་བོ་དང་ཐུན་མོང་བ་དང༌། གཉིས་པ་རྣམས་འཕགས་པ་ཁོ་ནའི་ཆོས་སུ་བཤད་ནས། འདི་ལ་ནི་དེ་ལྟ་བུའི་དབྱེ་བ་གཉིས་མེད་དོ་ཞེས་ཤེས་པའི་ཕྱིར་ཡིན་ལ། འདས་ལམ་གྱིས་ཐོབ་པ་ཙམ་གྱིས་ཟག་མེད་དངོས་ཡིན་ན། ཧ་ཅང་ཐལ་བར་འགྱུར་རོ། །ཡང་འདས་ལམ་ལ་བཏགས་པའི་བཏགས་ཡོད་དུ་འདོད་པ་ལྟར་ན་ནི། ཟག་མེད་དངོས་མ་ཡིན་ཀྱང་འདས་ལམ་དངོས་སུ་ཁས་ལེན་དགོས་པ་ཡིན་ནོ། །འོ་ན་རྣམ་པར་ཐར་པ་བརྒྱད་པོ་ཟག་མེད་དུ་མི་འཇོག་པ་ཅི་ཞེ་ན། བརྒྱད་པོ་ཐམས་ཅད་བདེན་པའི་རྣམ་པ་ཅན་མ་ཡིན་པའི་ཕྱིར་དང༌། རྗེས་ཐོབ་དུ་མཐོང་ཆོས་ལ་བདེ་བར་གནས་པའི་ལམ་ཙམ་ཞིག་ཡིན་པའི་ཕྱིར། དེའི་རྣམ་པ་ཅན་མ་ཡིན་པའི་ཤེས་བྱེད་ཀྱང༌། གཟུགས་ཅན་གཟུགས་ལ་བལྟ་བ་དང༌། གཟུགས་མེད་གཟུགས་ལ་བལྟ་བ་ལ་སོགས་པའི་རྣམ་པ་ཅན་དུ་བཤད་ཟིན་པའི་ཕྱིར། འོ་ན་རྣམ་ཐར་བརྒྱད་པོ་རྗེས་ཐོབ་ཁོ་ན་ཡིན་པར་གང་ལས་ཤེས་ཤེ་ན། སྤྱིར་ཀུན་རྫོབ་ཡུལ་དུ་བྱེད་པའི་མཉམ་རྗེས་གཉིས་ཡོད་ཀྱང༌། འདིར་ནི་དོན་དམ་ལ་དམིགས་པའི་མཉམ་གཞག་ལ་ལྟོས་ཏེ་རྗེས་ཐོབ་ཏུ་འབྱུང་བ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་དང༌། གནས་པ་ལས་གྱུར་པའོ། །རང་གི་བྱ་བ་ལ་ཉེ་བར་གནས་པ་གང་ཡིན་དེ་དག་ནི། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ། ཀུན་རྫོབ་ཤེས་པའི་རང་བཞིན་དུ་བལྟའོ། །གནས་པ་ལས་གྱུར་པ་གང་ཡིན་པ་དེ་དག་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ། །ཞེས་གསུངས་སོ། །ལུང་འདི་ལས་ནི། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་དགུ་པོ་རྣམས་མཉམ་གཞག་དུ་འདས་ལམ་གྱི་ངོ་བོར་སྐྱེ་ཞིང༌། རྗེས་ཐོབ་དུ་དག་པ་པའི་ངོ་བོར་སྐྱེའོ། །ཞེས་བྱ་བ་འདི་ཡང་གྲུབ་པ་ཡིན་ནོ། །གཉིས་པ་འབྲས་བུ་སྐྱེ་བས་ཐོབ་པ་ལ་གཉིས་ཏེ། སྐྱེ་བའི་བསམ་གཏན་དང་དེའི་གཟུགས་མེད་དོ། །དང་པོ་ལ་གཉིས་ཏེ། རྣམ་སྨིན་དང་རྒྱུ་མཐུན་གྱི་དབང་དུ་བྱས་པ་དང༌། བདག་འབྲས་ཀྱི་དབང་དུ་བྱས་པའོ། །དང་པོ་ནི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ས་དེ་བསྡུས་ཀྱི་ཕུང་པོ་ལྔ་དང༌། དེ་ལ་བཏགས་པའི་འགྲོ་བ་རྣམས་སོ། །རྒྱུ་མཐུན་ནི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྐྱེས་ཐོབ་ཀྱི་སྙོམས་འཇུག་དགེ་བ་རྣམས་སོ། །གསུམ་པ་ནི་དེར་རྟོགས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་ནོ། །འོ་ན་རྒྱུ་དེ་དང་དེས་དེར་སྐྱེ་བའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལྟར། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་ནི་རྒྱུའི་སྙོམས་འཇུག་ཏུ་གྱུར་པའི་བསམ་གཏན་དང་པོའི་ཉེར་བསྡོགས་སེམས་བྱུང་སེམས་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། དེས་ཚངས་རིས་སོགས་དང་པོའི་གནས་གསུམ་གྱི་སོ་སོར་མ་ཕྱེ་བའི་འཕེན་བྱེད་ཀྱི་རྒྱུ་བྱེད་པ་ལ་ཁྱད་པར་མེད་ཀྱང༌། འགྲུབ་བྱེད་ཀྱི་དབང་གིས་གནས་དེ་དང་དེར་སྐྱེ་བ་ལེན་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་གི་དགའ་བདེ་ལ་སྲེད་པའི་སྲེད་པས་ཀུན་ནས་བླངས་ཤིང༌། དུས་ཀྱི་ཀུན་སློང་ཉོན་མོངས་དང་མཚུངས་པར་མི་ལྡན་པའི་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ཆུང་འབྲིང་ཆེན་པོ་བསྒོམ་པ་ལས། ཚངས་རིས་སོགས་དང་པོའི་གནས་གསུམ་དུ་སྐྱེ་བ་ལེན་ནོ། །འདི་དེའི་རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། འདིས་དེའི་རྣམ་སྨིན་གྱི་ངོ་བོ་མ་འཕངས་པར་དེའི་ཁྱད་པར་འགྲུབ་བྱེད་ཡིན་ཅིང༌། ཁྱད་པར་ལ་ནི་དགེ་བ་ཡང་སྲིད་པའི་ཕྱིར་རོ། །དེས་ལྷག་མ་རྣམས་ལ་འདྲེ་ཞིང༌། བྱེ་བྲག་ཏུ་བསམ་གཏན་བཞི་པའི་ཉེར་བསྡོགས་རྒྱུའི་སྙོམས་འཇུག་གི་ངོ་བོར་གྱུར་པ་དེས། བསམ་གཏན་བཞི་པའི་ས་བརྒྱད་ཀ་སོ་སོར་མ་ཕྱེ་བའི་འཕེན་བྱེད་ཀྱི་རྒྱུ་བྱེད་པ་ལ་ཁྱད་པར་མེད་ལ། འགྲུབ་བྱེད་ཀྱི་ཁྱད་པར་ནི། སོ་སོ་སྐྱེ་བོའི་ས་གསུམ་འགྲུབ་བྱེད་ནི་བཞི་པའི་དངོས་གཞི་ཙམ་གྱིས་བྱེད་ལ། གནས་གཙང་མ་ལྔའི་འགྲུབ་བྱེད་ནི་སྤེལ་བསྒོམ་གྱིས་སོ། །འོ་ན་འཕེན་བྱེད་ཀྱི་ལས་འདི་དག་གང་དུ་བསགས་པ་ཡིན་ཅེ་ན། སོ་སོ་སྐྱེ་བོའི་དུས་སུ་བསགས་པ་ཁོ་ནར་ངེས་ཏེ། བདེན་པ་མངོན་སུམ་དུ་མཐོང་ནས་ནི་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་རྒྱུད་ལ་སྐྱེས་པ་ཡིན་ལ། དེའི་ཚེ་ན་འཁོར་བའི་རྩ་བ་མངོན་པར་འདུ་མི་བྱེད་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་དོན་འདི་འབྱུང་སྟེ། ཟག་མེད་ཀྱི་དང་པོ་མཐོང་ལམ་ནི་བསམ་གཏན་ས་དྲུག་པོ་གང་རུང་ལ་སྐྱེ་དགོས་ལ། དེ་སྐྱེས་ཕྱིན་ཆད་ཁམས་གསུམ་ལ་ཆགས་བྲལ་བྱེད་པའི་ཚེ་ཉེར་བསྡོགས་ལ་བརྟེན་པའི་ལམ་གྱིས་བྱེད་ན། ཟག་མེད་ཀྱི་ལམ་ཁོ་ནས་བྱེད་པ་ཡིན་ཏེ། ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་དེ་བྱས་ན། ཁམས་གོང་མར་འཕེན་བྱེད་ཀྱི་ལས་གསར་དུ་བྱས་པར་འགྱུར་བའི་ཕྱིར། ཞེས་བྱ་བ་འདི་ངེས་ལ། དེ་ལྟར་ཤེས་པ་ན་ལུགས་འདི་ལ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་རིམ་གྱིས་པ་ལམ་ཟག་བཅས་ཀྱིས་ཐོབ་པ་ངེས་པར་ཁས་མི་ལེན་ནོ། །མངོན་པ་འོག་མ་ལས་རིམ་གྱིས་པའི་དེ་གཉིས་ལམ་ཟག་བཅས་ཀྱིས་ཐོབ་པ་ཞིག་ཁས་ལེན་པ་དེའི་ཚེ་ནི། འཕགས་པའི་རྟེན་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་པ་བསོག་པ་ཡོད་པར་ཁས་ལེན་པ་ཡིན་ནོ། །གཉིས་པ་གཟུགས་མེད་དུ་སྐྱེ་བའི་ཚུལ་ལ། ཉེར་བསྡོགས་ཀྱི་འཕེན་བྱེད་དང༌། དངོས་གཞི་ཟག་བཅས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་བྱེད་པའི་ཚུལ་ནི་སྔ་མ་དང་འདྲ་ལ། གཟུགས་མེད་རྣམས་ལ་གནས་གཞན་ཐ་དད་པ་མེད་པའི་ཕྱིར། འགྲུབ་བྱེད་ཀྱི་དབང་གིས་སྐྱེ་བ་ཐ་དད་དུ་སྐྱེ་བ་ནི་མེད་དོ། །དེ་ལྟ་མོད་ཀྱི་ཀུན་ལས་བཏུས་ལས། མཐོ་བ་དང་དམའ་བ་དང༌། བཟང་བ་དང༌། ངན་པར་ཡང་མངོན་ནོ། །ཞེས་གསུངས་པ་ལ་བརྟེན་ནས། མཐོ་ལ་བཟང་བ་དང༌། དམའ་ལ་ངན་པ་དང༌། དེ་གཉིས་ཀྱི་བར་མ་སྟེ་གསུམ་གསུམ་འབྱེད་པ་ཡིན་ནོ། །ཞེས་སློབ་དཔོན་རྣམས་གསུང་ངོ༌། །དེ་དག་གིས་ནི་རང་གི་ལུགས་ཀྱི་བསམ་གཏན་དང༌། གཟུགས་མེད་ཀྱི་སྙོམས་འཇུག་གི་རྣམ་པར་བཞག་པ་རྒྱས་པར་བཤད་ཟིན་ནས། དེ་ནས་གཞན་གྱིས་བཏགས་པའི་མཐའ་འགའ་ཞིག་བསལ་བར་བྱ་སྟེ། འདི་ལ་དར་ཊཱིཀ་མཛད་པ་ན་རེ། ཆོས་མངོན་པའི་ལམ་གྱི་རྣམ་གཞག་ལ་ལེགས་པར་མ་སྦྱངས་པ་ཁ་ཅིག བསམ་གཏན་དང་པོའི་ཉེར་བསྡོགས་ལ། ལས་དང་པོ་པའི་ཡིད་ལ་བྱེད་པས། ཞི་གནས་མཚན་ཉིད་པ་ཐོག་མར་བསྒྲུབ་ནས། དེའི་རྗེས་སུ་ཉོན་མོངས་རྣམ་པར་སྦྱོང་བའི་ལས་དང་པོ་བ་གཉིས་ཀྱི་རིམ་པ་མ་ཤེས་པར། མཚན་ཉིད་སོ་སོ་རིག་པ་ཡིད་ལ་བྱེད་པ་ནས། ཉེར་བསྡོགས་ཀྱི་ཐོག་མ་འཛིན་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པ་ལ་ཞི་གནས་དང་ལྷག་མཐོང་བསྒྲུབ་པའི་རིམ་པ་གཉིས་ཡོད་པ་ལ་བློ་ཁ་མ་ཕྱོགས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེའི་ལུས་དང་སེམས། ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །ཞེས་གསུངས་ལ། དེ་ནི་སེམས་གནས་པའི་ཐབས་དགུས་བསྒྲུབ་པའི་ཞི་གནས་མཚན་ཉིད་པ་དེ་ཡིན་ལ། མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ནི་དེའི་རྗེས་ནས་བསྒྲུབ་དགོས་པའི་ཕྱིར་དེ་ལྟར་ན་ཉན་ས་ལས། དེ་ལ་ཡིད་ལ་བྱེད་པའི་ལས་དང་པོ་པ་ནི། རྩེ་གཅིག་ཏུ་བྱ་བ་ཉིད་ལ། དེ་སྲིད་དུ་ཡིད་ལ་བྱེད་པ་མ་ཐོབ་ཅིང༌། སེམས་རྩེ་གཅིག་པ་ཉིད་ལ་མ་རེག་གི་བར་དུ་ལས་དང་པོ་པ་ཡིན་ནོ། །དེ་ལ་ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ནི། ཡིད་ལ་བྱེད་པ་ཐོབ་པ། ཉོན་མོངས་པ་ལས་རྣམ་པར་སྦྱོང་བ་འདོད་པའི་མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་ལས་བརྩམས་ཤིང༌། ལེན་པ་ལ་ཡང་གོམས་པ་གང་ཡིན་པ་སྟེ། ཞེས་དང༌། ཡང་དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི། ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །བདུན་པོ་དེ་དག་ཀྱང་གང་ཞེ་ན། སྨྲས་པ། མཚན་ཉིད་སོ་སོར་རིག་པ་དང༌། །ཞེས་སོགས་རྒྱས་པར་གསུངས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་བརྟག་པར་བྱ་བ་ལ་གཉིས་ཏེ། མདོ་སྡེ་རྒྱན་དང་མི་འགལ་བར་བསྟན་པ་དང༌། ཉན་སའི་དོན་བཤད་པའོ། །དང་པོ་ནི། རྒྱན་གྱི་ལུང་དེས་བསམ་གཏན་དང་པོའི་ཉེར་བསྡོགས་སུ་གྱུར་པའི་ཞི་གནས་མཚན་ཉིད་པ་སྐྱེས་ཟིན་པའི་འོག་ཏུ། ཡིད་བྱེད་དང་པོ་སྐྱེ་བར་སྟོན་པ་མ་ཡིན་ཏེ། ཡིད་བྱེད་དང་པོ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་སུ་གྱུར་པའི་ཐོས་བསམ་གྱི་བློ་ཡིན་ལ། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ནི། དེའི་ཉེར་བསྡོགས་སུ་གྱུར་པའི་བསྒོམ་བྱུང་གི་བློ་སྔོན་དུ་མ་སོང་བར་མི་འབྱུང་བས་ཐོས་བསམ་བསྒོམ་གསུམ་གྱི་གོ་རིམ་འཚོལ་བ་དེ་འདྲ་ལུང་དེའི་དགོངས་པ་ལ་འོང་ས་མེད་པའི་ཕྱིར། བསམ་གཏན་དང་པོའི་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ནི། བསམ་གཏན་དང་པོའི་ཤིན་སྦྱངས་ཐོབ་པ་ལྟ་ཅི་སྨོས། སེམས་གནས་པའི་ཐབས་དགུའི་སྔོན་དུ་ཡང་འགྲོ་དགོས་པ་ཡིན་ཏེ། འདོད་པ་དང༌། བསམ་གཏན་དང་པོའི་སྐྱོན་ཡོན་གྱི་མཚན་ཉིད། ཐོས་བསམ་གྱིས་གཏན་ལ་མ་ཕབ་པར། བསམ་གཏན་དང་པོའི་ཞི་གནས་བསྒོམ་པ་ལ་མི་འཇུག་པའི་ཕྱིར། གཉིས་པ་ནི། ཉན་སའི་དགོངས་པ་དེ་ལྟར་མ་ཡིན་ཏེ། ཡིན་ན་ཡིད་ལ་བྱེད་པ་དང་པོ་དེ་མཉམ་པར་བཞག་པའི་སས་བསྡུས་སུ་འགྱུར་ཏེ། དེ་རང་རྒྱུ་བསམ་གཏན་དང་པོའི་ཞི་གནས་ཀྱིས་བསྒྲུབ་པའི་ལྷག་མཐོང་གི་ཐོག་མ་ཡིན་པའི་ཕྱིར། འདོད་ན་ཉན་ས་ལས། མཉམ་པར་མ་གཞག་པའི་ས་པའི་ཡིད་ལ་བྱེད་པ་དག་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང༌། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་པ་དེ་ནི། སོ་སོར་རིག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཞེས་གསུངས་པས་སོ། །གང་ཡང་ཁྱེད་ཀྱི་འདོད་པ་ལྟར་ན། ཞི་གནས་དང་དེས་བསྒྲུབ་པའི་ལྷག་མཐོང་གི་བར་དུ། ཐོས་བསམ་གྱི་བློ་བསྐྱེད་པར་འདོད་པ་ནི་མཁས་པ་མགུ་བའི་ཡན་ལག་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྤྱིར་བཤད་པ་དང༌། ཉན་སའི་དགོངས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདོད་པ་ལས་ངེས་པར་འབྱུང་བ་ཚོལ་བའི་བློ་དང་ལྡན་པས། ཐོག་མར་ས་གོང་འོག་གི་སྐྱོན་ཡོན་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ཕེབས་པའི་དོན་ཡིད་ལ་བྱེད་པ་དེ་ལ་ནི་ཡིད་བྱེད་དང་པོ་ཞེས་བྱའོ། །དེའི་དོན་ལ་མཉམ་པར་བཞག་པས་ཤིན་ཏུ་སྦྱངས་པ་ཐོབ་པའི་སེམས་རྩེ་གཅིག་པ་དེ་ལ་ནི། ཞི་གནས་མཚན་ཉིད་པ་དང༌། ཡིད་ལ་བྱེད་པའི་ལས་དང་པོ་དང༌། མཉམ་པར་བཞག་པའི་སའི་ཐོག་མ་སྐྱེ་བ་ཡིན་ནོ། །དེ་ལྟར་སྐྱེས་ནས་ལྷག་མཐོང་གི་བསྒྲུབ་ཚུལ་ལ་གཉིས་ཏེ། ཟག་པ་མེད་པའི་དང༌། ཞི་རགས་ཀྱི་རྣམ་པ་ཅན་གྱིའོ། །དང་པོ་ལྟར་ན། འདིར་ཡིད་བྱེད་བདུན་པོ་གང་ཡང་མངོན་དུ་མི་བྱེད་པར། ཞི་གནས་དེས་ངེས་འབྱེད་ཆ་མཐུན་འགྲུབ་པར་བྱེད་དོ། །གཉིས་པ་ལྟར་ན་ཡིད་ལ་བྱེད་པ་བདུན་གྱི་རིམ་པས། ས་འོག་མའི་ཉོན་མོངས་པ་སེལ་བར་བྱེད་པ་ཡིན་ལ། དེའི་ཚེ་ན་ཡིད་བྱེད་དང་པོ་འདི། མཉམ་པར་བཞག་པའི་སས་བསྡུས་པ་ཡིན་ཏེ། རྒྱལ་སྲས་མ་ལས། མཉམ་པར་བཞག་པའི་ས་པ་ཡིད་ལ་བྱེད་པ་གང་གིས་ཞེས་བཤད་པས་སོ། །འོ་ན་ཁྱེད་ལ་ཡང་ཞི་ལྷག་གི་བར་དུ་ཐོས་བསམ་གྱིས་ཆོད་པར་འགྱུར་བ་མིན་ནམ་ཞེ་ན། མ་ཡིན་ཏེ། ཁོ་བོ་ཅག་ལྟར་ན་ཞི་གནས་ཙམ་འགྲུབ་པའི་རྣལ་འབྱོར་པས་ལྷག་མཐོང་བསྒྲུབ་ཚུལ་ལ་གཉིས་ལས། གང་བསྒྲུབ་ཀྱང་དེ་ཐོག་མར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་བསྒྲུབ་དགོས་པའི་ཕྱིར། ཁྱེད་ཀྱི་ལྟར་ན་ནི་ཕྱེ་བསལ་མེད་པར། བསམ་གཏན་དང་པོའི་ཞི་གནས་ཀྱིས་བསྒྲུབ་པའི་ལྷག་མཐོང་ནི་མཚན་ཉིད་རབ་ཏུ་རིག་པ་ལ་སོགས་པ་ཡིན་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཉན་སའི་དགོངས་པས་ཡིད་ལ་བྱེད་པའི་ལས་དང་པོ་པ་ནི། ཞི་གནས་ཀྱི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་དེ་ཡིན་ལ། དེ་ལ་ཡང་ཤིན་ཏུ་སྦྱངས་པ་ཐོབ་མ་ཐོབ་གཉིས་ལས། དང་པོ་དེ་ཞི་གནས་འགྲུབ་པའི་ཚད་ཡིན་ལ། དེའི་སྔོན་དུ་སྤྱིར་འཁོར་བ་དང༌། བྱེ་བྲག་འདོད་ཁམས་ཀྱི་མཚན་ཉིད་གཏན་ལ་ཕེབས་པ་འགྲོ་དགོས་པའི་ཕྱིར། ཞི་གནས་གྲུབ་ཟིན་པ་དེའི་འོག་ཏུ་ཉོན་མོངས་སྤོང་བ་ལ་ཚུལ་གཉིས་ལས། ཕྱི་རོལ་པའམ། ནང་པའི་ཡང་ཆགས་བྲལ་སྔོན་འགྲོའི་ལམ་ལ་བརྩོན་པ་ཞིག་ཡིན་ན། ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤོང་ལ། ནང་པ་དང༌། དེ་ཡང་འཕགས་ལམ་དོན་དུ་གཉེར་བ་ཞིག་ཡིན་ན། ཐོག་མར་ཚོགས་ལམ་དུ་བདེན་པ་བཞིའི་མཚན་ཉིད་གཏན་ལ་འབེབས་པར་བྱེད་དོ། །དེ་དག་ལ་ནི་ཉོན་མོངས་རྣམ་པར་སྦྱོང་བའི་ལས་དང་པོ་པ་ཞེས་བྱའོ། །དེ་གཉིས་གང་ཡིན་ཀྱང་ཞི་གནས་དང་ལྷག་མཐོང་སྤེལ་མར་རྒྱུད་ལ་བསྐྱེད་དེ། ཉོན་མོངས་པ་སྤོང་བར་བྱེད་དོ། །ཞེས་བྱ་བ་འདི་ཡིན་ལ། དེའི་ལུང་ནི་གོང་དུ་ཕྱོགས་སྔ་མས་དྲངས་མ་ཐག་པ་དེ་ཡིན་ལ། ཡང་འདི་སྐད་ཅེས། འགྲེལ་པ་མཛད་པའི་སློབ་དཔོན་ནི། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་མི་བཞེད་ལ། བཞེད་པ་རྣམས་ཀྱི་ལྟར་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་ཉོན་ཡིད་མ་གཏོགས་པའི་འདོད་པའི་ཉོན་མོངས་མངོན་གྱུར་འཇོམས་པ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ཏེ། སུམ་ཅུ་པར། གང་དུ་སྐྱེས་པ་དེའི་འོ། །ཞེས་བཤད་པས། རྟེན་གང་ཡིན་པ་དེའི་སས་བསྡུས་པ་ཡིན་ལ། དེ་ཡང་གནས་སྐབས་གསུམ་མ་གཏོགས་པར་མངོན་གྱུར་མི་འགག་པར་བཤད་དོ། །ཞེས་གསུང་བ་ནི། ལུང་དུ་མ་བསྟན་པའི་བཤད་པ་ཁོ་ན་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་ཞེས་པ་དག་པ་བ་ལ་ཟེར་ན་ནི། དེས་འདོད་པའི་ཉོན་མོངས་མངོན་གྱུར་བ་གཞན་ཡང་འཇོམས་པར་མ་ངེས་ཏེ། དེས་དེའི་མ་རིག་པ་དང༌། འཇིག་ལྟ་སོགས་ལ་མི་གནོད་པའི་ཕྱིར། ཅིས་ཏེ་ཉེར་བསྡོགས་ཟག་མེད་ལ་ཟེར་ན་ནི། དེས་འདོད་པའི་ཉོན་ཡིད་ཀྱང་འཇོམས་ནུས་པ་ཡིན་ཏེ། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་བཞིན་ནོ། །གནས་སྐབས་གསུམ་དུ་དེ་མངོན་གྱུར་བ་འགག་པར་བཤད་པས། དེ་འགག་པའི་གོ་མི་ཆོད་ན་ནི། གནས་སྐབས་འདིར་བཤད་པ་དེ་ལ་འབྲེལ་མེད་ལ། ཆོད་ན་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འཕགས་ལམ་ཐོབ་པ་མི་སྲིད་པར་འགྱུར་ཏེ། དེས་འདོད་པའི་ཉོན་ཡིད་འགོག་མི་ནུས་པའི་ཕྱིར་རོ། །ཡང་འདི་སྐད་ཅེས། དངོས་གཞི་རྣམས་ཀྱིས་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་མི་དགོས་ཏེ། ཉེར་བསྡོགས་ཀྱིས་བྲལ་བར་བྱས་ཟིན་པའི་ཕྱིར་རོ། །ཞེས་གསུང་བ་ཡང༌། དངོས་གཞི་ཟག་བཅས་ལ་བསམ་ན་དེ་ལྟར་རུང་ཡང༌། སྤྱིར་མ་ངེས་ཏེ། བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ལ་བརྟེན་པའི་མཐོང་སྒོམ་ལམ་གྱིས་འདོད་པའི་ཉོན་མོངས་པ་མཐའ་དག་གི་གཉེན་པོ་བྱེད་པའི་ཕྱིར། ཡང་བསམ་གཏན་གཉིས་པའི་མཚན་ཉིད་དུ། རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བར་བྱེད་ཅིང་ཞེས་གསུང་བ་ཡང༌། ཞིབ་ཏུ་མ་ཕྱེད་པ་ཡིན་ཏེ། བསམ་གཏན་དང་པོའི་སས་བསྡུས་ཀྱི་འདོད་ཆགས་ནི་རྟོག་དཔྱོད་ལས་སྐྱེས་པ་མ་ཡིན་གྱི། དེའི་ཡན་ལག་དུ་གྱུར་པའི་དགའ་བདེ་ལས་སྐྱེ་བའི་ཕྱིར། དེས་ན་དེར་དབེན་པ་ལས་སྐྱེས་པའི་དགའ་བདེ་ལ་སྲེད་པ་སྤོང་བ་ཡིན་ལ། དེ་སྤངས་པ་ན་བསམ་གཏན་དང་པོའི་སས་བསྡུས་ཀྱི་རྟོག་དཔྱོད་ཀྱང་སྤངས་པར་འཇོག་ནུས་པ་ཡིན་ཏེ། བསམ་གཏན་དང་པོའི་དགའ་བདེ་གཉིས་པོའི་ངོ་བོ་ལ་རྟོག་ཅིང་དཔྱོད་པའི་བློ་གྲོས་ཀྱིས་དེ་ལ་སྲེད་པ་འདྲེན་པའི་ཕྱིར། ཡང་ཉམས་པ་ཆ་མཐུན་གྱི་མཚན་ཉིད་དུ། འཇུག་ཐོགས་སུ་རང་སའམ་འོག་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེས་ཟེར་བ་ཡང་མ་ཡིན་ཏེ། འདིའི་ཉམས་པ་ཞེས་པ་འོག་སའི་ཉོན་མོངས་ཀྱིས་ཉམས་པ་ལ་བྱེད་པ་མི་སྲིད་ཀྱི། རང་སའི་ཉོན་མོངས་ཀྱི་སྙོམས་འཇུག་དག་པ་བ་དགེ་བའི་ངོ་བོར་སྐྱེས་པ་དེ་ཉམས་ནས། ལུང་མ་བསྟན་གྱི་ངོ་བོར་བྱེད་པ་ལ་ཉམས་པ་ཆ་མཐུན་གྱི་མིང་འདོགས་པ་ནི་ཆོས་མངོན་པ་བ་དག་གི་སྤྱི་ལུགས་སོ། །འདིར་སྨྲས་པ། སྔོན་བྱོན་བསྟན་བཅོས་མཛད་པའི་བློ་གྲོས་ཀྱིས། །མ་མཁྱེན་གང་ཞིག་འདིར་འཆད་མ་ཡིན་མོད། །དེ་དག་རྣམས་ཀྱིས་མ་བཤད་དོན་གང་ཞིག །ཚིག་ཟུར་ཕྱིན་པར་བཤད་འདི་བསྟན་པའི་རྒྱན། །མཁས་འདོད་ཁུར་གྱིས་ངལ་རྣམས་འདི་ལྟོས་ལ། །གཞན་ཡིད་འཕྲོག་པའི་གཏམ་གྱི་སྦྱོར་བ་ཡིས། །ལུང་ཆོས་ནགས་ཀྱི་སྨན་ལྗོངས་མཛེས་བྱས་ཏེ། །དེ་ནས་མཁས་རྣམས་ཚོགས་པའི་གྲལ་མགོར་སྡོད། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་འགོག་པའི་སྙོམས་འཇུག་གི་རྣམ་པར་བཞག་པ་ལ་གསུམ་སྟེ། དབུ་མ་པའི་ལུགས། རྣམ་རིག་པའི་ལུགས། བྱེ་བྲག་སྨྲ་བའི་ལུགས་སོ། །དང་པོ་ནི། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་འགོག་བྱེད་ཟག་པ་མེད་པའི་ལམ་གྱིས། དགག་བྱ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཅི་རིགས་པ་བཀག་པས་ཁྱད་པར་དུ་བྱས་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །འདིའི་སྔོན་དུ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་རྣམས་འགྲོ་དགོས་ཏེ། དེ་མ་སོང་ན་ཚོར་བ་བདེ་སྡུག་གི་རྒྱུ་བ་འགོག་མི་ནུས་པའི་ཕྱིར། གཟུགས་མེད་ཀྱི་སྙོམས་འཇུག་རྣམ་པ་བཞི་ཡང་སྔོན་དུ་འགྲོ་དགོས་ཏེ། དེ་མ་སོང་ན་འདུ་ཤེས་རགས་པ་འགོག་མི་ནུས་པའི་ཕྱིར། མདོར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་པོ་བརྒྱད་སྔོན་དུ་མ་སོང་ན། སྤྱིར་འགོག་པའི་སྙོམས་འཇུག་དུ་བཞག་མི་ནུས། གཏང་སྙོམས་སུ་བཞག་ནས་མཐར་གནས་ཀྱི་སྙོམས་འཇུག་དགུའི་ཡ་གྱལ་ལ་འཆད་པ་ན། དེ་སྔོན་དུ་སོང་བས་ཁྱབ་པར་ཁས་ལེན་དགོས་སོ། །འདི་ལ་དབྱེ་ན། ཉན་རང་དང་ཐུན་མོང་བ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་སོ། །དང་པོ་ནི། རང་འདྲེན་བྱེད་ཀྱི་རྒྱུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་པོ་བརྒྱད་སྔོན་དུ་བཏང་ནས། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་བདག་དུ་འཛིན་པའི་འདུ་ཤེས་དང༌། ཚོར་བ་གསུམ་བཀག་པས་ཁྱད་པར་དུ་བྱས་པའི་མི་རྟོག་ཡེ་ཤེས་སོ། །འདི་ནི་ཉན་རང་གི་སྒོམ་ལམ་ནས་ཀྱང་ཐོབ་ལ། བྱང་སེམས་ཀྱིས་ནི་ས་དང་པོ་ནས་སོ། །འདི་ཉན་ཐོས་ཀྱི་མཐོང་ལམ་དུ་མི་ཐོབ་པ་ཅི་ཞེ་ན། དེའི་མཉམ་གཞག་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མི་འཇུག་པའི་རྒྱུ་མཚན་གྱིས་ཡིན་པ་ནི། ཉན་ཐོས་སྡེ་པའི་འདོད་པ་དང་བསྟུན་པ་ཡིན་ཏེ། དེའི་མཉམ་གཞག་དུ་སྲིད་རྩེའི་སེམས་མི་འབྱུང་ཞིང༌། དེ་མེད་པར་ཡང་དེ་ལ་མི་འཇུག་པའི་རྒྱུ་མཚན་གྱིས་སོ། །བྱང་སེམས་ཀྱིས་ནི། མཐོང་ལམ་གྱི་ཁྱད་པར་གྱི་ལམ་གྱི་སྐབས་སུ་མཉམ་གཞག་སེང་གེ་རྣམ་བསྒྱིངས་དང༌། སྒོམ་ལམ་གྱི་སྦྱོར་འཇུག་གཉིས་ཀའི་སྐབས་སུ་དགུའི་ཟླས་ཕྱེ་བ་ནི་སྔ་མ་དེ་ཁོ་ནར་མ་ཟད། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་སྙོམས་འཇུག་ཞིག་ཡིན་ལ། དེ་ལ་ཁྱད་ཆོས་སྔ་མ་རྣམས་ཚང་དགོས་ཏེ། གཞན་དུ་ན། མཐར་གྱིས་གནས་པའི་སྙོམས་འཇུག་ཏུ་མི་འགྱུར་བའི་ཕྱིར་རོ། །དེས་ན་ཐུན་མོང་མ་ཡིན་པའི་འགོག་པའི་སྙོམས་འཇུག་འདིའི་མཚན་ཉིད་ནི། དེ་དང་དེ་སྔོན་དུ་བཏང་ནས། དེའི་སྟེང་དུ་དགག་བྱ་ཆོས་ཀྱི་བདག་དུ་འཛིན་པའི་འདུ་ཤེས་ཕྲ་རགས་མཐའ་དག་དང༌། མཚན་མར་འཛིན་པའི་འདུ་ཤེས་མཐའ་དག་བཀག་པས་ཁྱད་པར་དུ་བྱས་པའི་མི་རྟོག་ཡེ་ཤེས་སོ། །ཐོད་བརྒལ་གྱི་སྙོམས་འཇུག་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་བཅས་པ་ས་དང་པོ་ནས་འཛིན་པ་དེའི་ཚེ། འདི་ཡང་དེ་ནས་ཐོབ་པར་འཇོག་དགོས་ཏེ། གཞན་དུ་ན། དེར་འགོག་སྙོམས་མ་ཚང་བའམ། ཡང་ན་འགོག་སྙོམས་རྣམ་རིག་པའི་ལུགས་ལྟར་འཆད་དགོས་པ་གང་རུང་ལས་མ་འདས་པའི་ཕྱིར། དབུ་མ་ལ་འཇུག་པ་དང༌། མདོ་སྡེ་ས་བཅུ་པ་ལས། འགོག་པའི་སྙོམས་འཇུག་ས་དྲུག་པར་ཐོབ། བདུན་པར་སྐད་ཅིག་གིས་འཇུག་ལྡང་བྱེད། བརྒྱད་པར་ཇི་ལྟར་འདོད་པ་བཞིན་འཇུག་ནུས་པར་བཤད་པ་དེ་ནི། དབུ་མ་པའི་ལུགས་གཞིར་བྱས་པ་ལ་ཡང་འགོག་སྙོམས་ཙམ་དང་ཁྱད་པར་དབྱེ་དགོས་ཏེ། དེ་ནི་འགོག་པ་ཡང་དག་པའི་མཐའ་ཞེས་བྱ་བ་ཞིག་ལ་བཞེད་པའི་ཕྱིར། དེ་ལྟར་བཤད་པ་དེ་ནི། མཐར་གནས་ཀྱི་སྙོམས་འཇུག་གི་རྣམ་པར་བཞག་པ་ཤེར་ཕྱིན་གྱི་མདོ་ལས་དུ་མ་གསུངས་པ་དེའི་ཡ་གྱལ་དུ་བགྲང་བར་བྱ་བ་མ་ཡིན་ནོ། །སློབ་དཔོན་ཤཱནྟི་པ་ལ་སོགས་པས། མདོ་དང་བསྟན་བཅོས་ཀྱི་དགོངས་པ་འགྲེལ་བ་ན། འདིའི་འགོག་སྙོམས་རྣམ་རིག་པ་དང་མཐུན་པར་འཆད། རང་ལུགས་དབུ་མ་དང་མཐུན་པར་འཆད་དགོས་པ་ཡིན་ཏེ། ཐོད་བརྒལ་གྱི་ཏིང་ངེ་འཛིན་དུ་བཤད་པ་དང༌། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་ཚན་དུ་བཤད་པས་སོ། །ལ་ལ་ན་རེ། ཆོས་སྐུར་བཤད་པ་དེ་ནི་སངས་རྒྱས་ལ་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པ་ལ་དགོངས། ཐོད་བརྒལ་དུ་བཤད་པ་ཙམ་གྱིས་ཡེ་ཤེས་སུ་འདོད་དགོས་ན། འདོད་སེམས་ཀྱང་དེར་ཐལ་བ་ཉིད་དུ་འགྱུར་རོ། །ཞེས་གསུང་ཡང༌། དེའི་ལུགས་ཀྱི་འགོག་སྙོམས་དེའི་གནས་སྐབས་ན་ལམ་བདེན་མེད་པ་དང༌། གང་ལམ་བདེན་དུ་གྱུར་པའི་ཡེ་ཤེས་ཡིན་ན། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པས་ཁྱབ་པར་འདོད་པ་དེ་དག་གི་ལྟར་ན་ནི། རྒྱན་དང་མདོ་ལས་འབྱུང་བའི་འགོག་སྙོམས་སེམས་ཙམ་དང་མཐུན་པར་ཁས་བླངས་ན་མཛེས་པ་མ་ཡིན་ཏེ། སྐབས་དེར་ཐབས་དང་ཤེས་རབ་ཀྱི་ཆ་གང་ཡང་མེད་པར་ཁས་ལེན་དགོས་པའི་ཕྱིར་རོ། །དེ་ལྟ་ན་ཡང་རང་གི་བློས་བཏགས་པའི་རྣམ་རིག་པའི་ལུགས་ཀྱི་འགོག་སྙོམས་ཀྱི་རྣམ་གཞག་འཆད་ཚུལ་ནི་དེ་མ་ཐག་ཏུ་འབྱུང་བར་འགྱུར་རོ། །གཉིས་པ་རྣམ་རིག་པའི་ལུགས་ལ། གང་ཟག་གང་གིས་འཇུག་པ། ཁམས་གང་དུ་འཇུག་པ། ཡིད་ལ་བྱེད་པ་གང་གིས་འཇུག་པ། རྣམ་པ་ཅི་འདྲ་བས་འཇུག་པ། འཇུག་བྱ་སྙོམས་འཇུག་གི་རང་བཞིན་གཏན་ལ་ཕབ་པའོ། །དང་པོ་ནི། སྤྱིར་ལུས་མངོན་བྱེད་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་འཇུག་སྟེ། འདི་ལ་འཇུག་པ་ལ་ལྷག་མཐོང་ཁྱད་པར་ཅན་འདས་ལམ་དང༌། ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་ཐོབ་དགོས་པའི་ཕྱིར། བྱང་སེམས་ཀྱིས་ནི་མཐོང་ལམ་ནས་འཇུག་གོ་ཞེས་རྣམ་བཤད་ལས་གསུངས་ཀྱང༌། སྒོམ་ལམ་ནས་འཇུག་པར་ཁས་བླངས་ན་བདེ་བ་ཡིན་ཏེ། གཟུགས་མེད་ཀྱི་སེམས་ལ་བརྟེན་པའི་མཐོང་ལམ་མི་སྲིད་པའི་ཕྱིར་དང༌། བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་ཞེས་པ་ཡང་སྒོམ་ལམ་གྱི་སྐབས་སུ་འབྱུང་ཞིང༌། དེ་ལྟར་དུ་ཡང་རིགས་པའི་ཕྱིར། བྱང་སེམས་ཀྱིས་ནི་འདི་ལ་ཡུན་རིང་དུ་མི་འཇུག་སྟེ། གཞན་དུ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་དོར་བར་འགྱུར་བས་སོ། །ཉན་རང་གིས་ནི་བློའི་འཕེན་པས་ཇི་སྲིད་འཕངས་པ་དེ་སྲིད་དུ་སྙོམས་པར་འཇུག་གོ་ཞེས་གསུང་ངོ༌། །ཁམས་གང་དུ་འཇུག་པ་ནི། རྟེན་གྱི་གང་ཟག་སུ་འཇུག་ཀྱང་ཁམས་འོག་མ་གཉིས་ཁོ་ནར་འཇུག་པ་ཡིན་ཏེ། གཟུགས་མེད་པའི་ཁམས་ན་དེ་མེད་པའི་ཕྱིར། གཏན་ལ་དབབ་པ་བསྡུ་བ་ལས། ཀུན་གཞི་རྣམ་པར་བཞག་ན་མངོན་དུ་བྱེད་པ་འགྲོ་བ་ཐམས་ཅད་པར་བལྟའོ། །ཞེས་གསུངས་པ་ཅི་ཞེ་ན། དེ་གཞག་ན་དེར་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་ལ། དེ་མ་བཞག་ན་དེར་དེ་མངོན་དུ་བྱེད་པའི་ནུས་པ་མེད་དེ། དེ་མ་བཞག་པའི་ཚེ་གཟུགས་མེད་ཁམས་སུ་རྣམ་ཤེས་ཚོགས་དྲུག་འཁོར་བཅས་བཀག་ན་དེའི་འགྲོ་བ་ལྡོག་པར་འགྱུར་བས་སོ། །དེའི་ཚེ་དེ་བྱེད་པའི་ནུས་པ་ཡོད་ཀྱང་བྱས་པ་ནི་མི་སྲིད་དེ། དེར་ཚོར་འདུ་རགས་པས་སྐྱོ་བ་སྐྱེ་བ་མེད་ལ། དེ་མེད་པ་ན་དེ་ཞི་བའི་དོན་དུ་རྩོམ་པ་མེད་པའི་ཕྱིར། ཡིད་ལ་བྱེད་པ་ནི། ཉན་རང་ནི་ཚོར་འདུ་རགས་པ་ཉེ་བར་ཞི་བའི་ཡིད་ལ་བྱེད་པ་དང༌། བྱང་སེམས་ནི་གཞན་དོན་དུ་ཤེས་པར་བྱ་བའི་ཡིད་ལ་བྱེད་པས་སོ། །རྣམ་པ་གང་གིས་འཇུག་པ་ནི། ཚོར་འདུ་རགས་པ་རྣམས་ལ། ནད་དང་འབྲས་དང༌། ཟུག་རྔུའི་རྣམ་པར་བལྟས་ནས་རྣམ་པར་སུན་འབྱིན་པའི་རྣམ་པས་འཇུག་གོ །དེ་དག་ལ་རྩོད་པ་སྤང་བ་ནི། གལ་ཏེ་སྙོམས་འཇུག་འདི་ལ་གཟུགས་ཀྱི་རྟེན་ཅན་མི་འཐད་དེ། ཇི་སྐད་དུ། འགོག་པ་དང་པོ་མི་ནང་དུ། །ཞེས་དང༌། དང་པོར་མི་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་བོ་ཞེས་གསུངས་པས། དང་པོར་མིའི་རྟེན་ལ་བསྒྲུབ་དགོས་ལ། མིའི་རྟེན་ལ་འགོག་སྙོམས་ཐོབ་པ་ནི་སྲིད་རྩེའི་སེམས་ཐོབ་པས་གཟུགས་ལ་ཆགས་བྲལ་བྱས་ཟིན་པའི་རྒྱུ་མཚན་གྱིས། གཟུགས་ཁམས་སུ་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་ཅེ་ན། འདིའི་ལན་ལ། མངོན་པ་འོག་མའི་ལུགས་དང༌། གོང་མའི་ལུགས་གཉིས་སོ། །དང་པོ་ནི། འཇིག་རྟེན་པའི་ལམ་གྱིས་གཟུགས་དང་གཟུགས་མེད་དང་པོ་གསུམ་ཆགས་བྲལ་བྱས་པ་འགའ་ཞིག སྲིད་རྩེའི་སེམས་ལ་བརྟེན་ནས་འགོག་པ་ལ་ཞུགས་པ། གཟུགས་མེད་ཀྱི་སེམས་ལས་ཉམས་ནས། གཟུགས་ཁམས་སུ་སྐྱེ་སྲིད་པའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་འཕགས་པའི་སྤངས་རྟོགས་བཟློག་སྲིད་པར་འགྱུར་རོ་ཞེ་ན། ལམ་ཟག་མེད་ཀྱིས་སྤང་བྱའི་ས་བོན་སྤངས་ཟིན་པའི་སྤངས་པ་བཟློག་མི་སྲིད་ཀྱང༌། ཞི་རགས་ཀྱི་རྣམ་པ་ཅན་གྱི་སྤངས་རྟོགས་བཟློག་སྲིད་པས་ཉེས་པ་མེད་དོ། །འདི་ཡང་ཞིབ་མོར་ཕྱེ་ན། ལུགས་འདིས་ཟག་མེད་ཀྱི་སྤངས་པ་ལས་ཉམས་པ་ཁས་ལེན་ཏེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་ཁས་ལེན་པས་སོ། །དེ་ལྟ་ན་ཡང་དེ་ལས་ཉམས་བཞིན་པ་སོར་མ་ཆུད་པར་སྐྱེ་བ་ལེན་པ་ཁས་མི་ལེན་ཏེ། འབྲས་ལ་ཉམས་པ་འཆི་བ་མེད། །ཅེས་བཤད་པས་སོ། །དེ་ལྟར་ན་ཡང་སྔ་མ་འགོག་སྙོམས་ལས་ཉམས་པ་དེའི་ཚེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་གྱ་དགུ་པོ་གང་ལས་ཀྱང་ཉམས་པར་ཁས་མི་ལེན་པས། ཉམས་པ་སོར་མ་ཆུད་པར་གཟུགས་ཁམས་སུ་སྐྱེ་བ་ལེན་པ་ནི་བྱེ་སྨྲའི་འདོད་པའོ། །གཉིས་པ་གོང་མའི་ལུགས་ནི། རྒྱལ་སྲས་མ་ལས་མུ་བཞིའི་ལན་མཛད་དེ། འདི་ལྟར། གཟུགས་ལ་འདོད་ཆགས་དང་བྲལ་ལ། གཟུགས་མེད་ལ་འཇུག་མི་ནུས་པ་ཡོད་དེ། མི་ལྕོགས་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང་དགྲ་བཅོམ་པ་ལྟ་བུ་སྟེ། བསམ་གཏན་དང་པོའི་དངོས་གཞི་ཙམ་ཡང་མངོན་དུ་མ་གྱུར་པའི་ཕྱིར། གཟུགས་ལ་འདོད་ཆགས་དང་མ་བྲལ་བར་གཟུགས་མེད་ལ་འཇུག་ནུས་པ་ནི། བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་དུ་སྐྱེ་བ་དོན་དུ་མི་གཉེར་བས། སྤོང་ལམ་བསལ་ནས་ཁྱད་པར་གྱི་ལམ་ལ་གནས་ཏེ། གཟུགས་མེད་ཀྱི་རྣམ་ཐར་ལ་སྙོམས་པར་འཇུག་པའོ། །གཉིས་ཀ་ཡིན་པ་ནི། དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་ལམ་ལ་གནས་ནས། གཟུགས་མེད་ཀྱི་རྣམ་ཐར་ལ་འཇུག་པའོ། །གཉིས་ཀ་མ་ཡིན་པ་ནི། དེ་དག་དུ་མ་གཏོགས་པའོ། །འགོག་སྙོམས་ཐོབ་ལ་མ་ཉམས་པར་གཟུགས་ཁམས་སུ་སྐྱེ་བ་ལེན་པ་ནི་མུ་གཉིས་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུང་ངོ༌། །དོན་འདི་ལ་རྣམ་བཤད་ལས། འོག་མ་ལ་འདོད་ཆགས་དང་མ་བྲལ་བར་གོང་མ་ཐོབ་པར་འདོད་པ་ལ་ནི། མཐར་གནས་ཀྱི་སྙོམས་འཇུག་མ་ཡིན་པར་ཐལ་བའི་ཉེས་པ་གནས་སོ་ཞེས་གསུངས་མོད། དེ་ལྟ་ན། སྲིད་རྩེའི་སྙོམས་འཇུག་དང་འགོག་སྙོམས་ལ་དེར་ཐལ་བ་མ་ཡིན་པའི་ཉེས་པ་སྤོང་དགོས་པ་དང༌། ལུགས་སྔ་མ་དེས་མཐར་གནས་ཀྱི་སྙོམས་འཇུག་འཇོག་པའི་གོ་དོན་ནི། འོག་མའི་དངོས་གཞི་མ་ཐོབ་པར་གོང་མ་ལ་འཇུག་མི་ནུས་པ་དང༌། ས་འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མར་སྐྱེ་བ་ལེན་མི་སྲིད་པ་ཞེས་བྱ་བ་དེ་ལ་འདོད་དོ། །འོ་ན་འགོག་པའི་སྙོམས་འཇུག་ཐོབ་ལ་མ་ཉམས་པའི་ཕྱིར་མི་འོང༌། གཟུགས་ཁམས་སུ་སྐྱེ་བ་ལེན་པ་དེ་ལྟར་ན། ཁྱོད་ཀྱིས་ལུས་མངོན་བྱེད་ལ་མཐོང་ཆོས་ཞིར་ཁས་བླངས་པ་དང་ཇི་ལྟར་མི་འགལ་ཅེ་ན། འགལ་བ་མ་ཡིན་ཏེ། ལུས་མངོན་བྱེད་དུ་འཇོག་པ་ལ། སྙོམས་འཇུག་དགུ་ཐོབ་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཡིན་པ་ཞིག་དགོས་པའི་ཕྱིར། དེས་ན་མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་པའི་ཕྱིར་མི་འོང་ལ་གཉིས་ཏེ། སྙོམས་འཇུག་གི་རོ་མྱང་བ་དང༌། མི་མྱང་བའོ། །དང་པོ་ནི་ཁམས་གོང་མར་ཉེར་འགྲོ་ཡིན་པས་དེར་མི་འཇོག་ལ། གཉིས་པ་ནི། དེ་ལ་རོ་མྱང་བའི་སྒྲིབ་པ་ལས་གྲོལ་བས་རྣམ་ཐར་དུ་འཇོག་པ་ཡིན་ནོ། །དེ་ཡང་རང་སའི་སྲེད་པ་སྤངས་པ་ནི་མ་ཡིན་ཏེ། དེ་སྐྱེ་བ་དང་རྗེས་སུ་མཐུན་པའི་སྙོམས་འཇུག་གི་སྒྲིབ་པ་སྤངས་པ་ལས་སོ་ཞེས་ཡང་ཡང་བཤད་ཟིན་པས་སོ། །འགྲེལ་པ་རྒྱལ་སྲས་མ་ནི། འཕགས་པས་མཛད་པ་མིན་ཀྱང་སླ་སྟེ། སློབ་དཔོན་བློ་བརྟན་གྱིས་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པར། འདིའི་ལུང་རང་ལུགས་ཀྱི་ཤེས་བྱེད་དུ་དྲངས་པས་ཚད་ལྡན་གྱི་བསྟན་བཅོས་སོ། །དེ་ལྟ་ཡིན་པ་འོ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེས་ནི་མཚན་གཞི་ངོས་བཟུང་བ་ཡིན་གྱི། མཚན་ཉིད་དུ་བཤད་ན། ཁྱབ་ཆུང་བའི་ཉེས་པ་འགའ་ཞིག་འབྱུང་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་པས། སངས་རྒྱས་འཕགས་པའི་འགོག་སྙོམས་ལ་མ་ཁྱབ་པ་དང༌། དེའི་དེ་མི་འདོད་ན་ནི། འོག་ནས་དེ་བཞིན་གཤེགས་པས་རྣམ་ཐར་བརྒྱད་མངོན་དུ་བྱེད་པར་བཤད་པ་དང་འགལ་བ་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་ཅེས་པ་ཡང༌། ཁྱེད་ཅག་ལྟར་ན། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣམས་ཀྱང་འགོག་དགོས་པར་འགྱུར་ཏེ། དེ་དག་ཀྱང་ཡིད་ཤེས་འཁོར་དང་བཅས་པའི་དབང་དུ་བྱས་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དེ་ཡང་འདོད་པ་དེ་ལྟ་ན། ལམ་གྱི་བདེན་པ་སྤངས་པའི་སྐུར་འདེབས་ཆེན་པོར་འགྱུར་ཏེ། འཕགས་རྒྱུད་ལ་ཡེ་ཤེས་དེ་མངོན་དུ་མི་འགྱུར་བའི་སྐབས་སྲིད་མོད། དེ་ཆེད་དུ་གཉེར་ནས་བཀག་ན་འཕགས་པའི་ལམ་སྤངས་པར་འགྱུར་བས་སོ། །གཞན་ཡང༌། འགོག་པ་ལ་འཇུག་སེམས་སྲིད་རྩེ་ཁོ་ན་དང༌། འདས་ལམ་ཁོ་ནར་འདོད་པ་ཡང༌། དམིགས་གསལ་མ་ཕྱེ་ན་ཐོད་བརྒལ་ཆེན་པོའི་རྣམ་གཞག་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པ་རྣམས་དང་འགལ་བར་འགྱུར་རོ། །ཅིས་དེ་དེར་དེ་ཁས་མི་ལེན་ནོ་ཞེ་ན། འཕགས་པ་ཐོགས་མེད་ཀྱིས་མངོན་པར་རྟོགས་པའི་རྒྱན་འཆད་མི་ཤེས་པར་འགྱུར་རོ། །གཉིས་པ་འཇུག་བྱ་སྙོམས་འཇུག་གི་རང་བཞིན་ལ་གཉིས་ཏེ། གཞན་དང་མཐུན་པར་བཤད་པ་དང༌། རང་གི་འདོད་པས་བརྟག་པ་ལོགས་ཤིག་ཏུ་བརྗོད་པའོ། །དང་པོ་ལ། མཚན་ཉིད་དང་རྣམ་གཞག་གོ །དང་པོ་ནི། དགག་གཞི་ཀུན་གཞིའི་སྟེང་དུ། འགོག་བྱེད་འཇིག་རྟེན་ལས་འདས་པའི་ལམ་གྱིས། དགག་བྱ་རྣམ་ཤེས་ཚོགས་བདུན་འཁོར་བཅས་རེ་ཤིག་སྐྱེ་བ་དང་མི་མཐུན་པར་བྱས་པའི་གནས་སྐབས་ལ་གཏགས་པའི་ལྡན་མིན་འདུ་བྱེད་དོ། །གཉིས་པ་ནི། འདི་ལ་འཇུག་པ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱི་དགག་བྱ་འགོག་དགོས་ཏེ། བདག་མེད་རྟོགས་པའི་ཤེས་རབ་དང་མི་ལྡན་ན། བདག་ཆད་ཀྱི་དོགས་པའི་འཇིགས་པས་ཉོན་ཡིད་དགག་མི་ནུས་ཤིང༌། དེ་མ་བཀག་ན་འཕགས་པའི་གནས་པ་མཆོག་ཏུ་འགྱུར་བའི་ཕྱིར། སྲིད་རྩེའི་སེམས་ལ་བརྟེན་དགོས་ཏེ། དེ་སེམས་ཀྱི་རྒྱུ་བ་མི་གསལ་བས། ཚོར་འདུའི་རྒྱུ་བ་གཅོད་པ་དེ་ལ་བརྟེན་ན་སླ་བའི་ཕྱིར། ཀུན་གཞི་འཁོར་བཅས་མི་འགོག་པའི་ཕྱིར་རགས་པ་ཞེས་སྨོས་པའོ། །ཅིའི་ཕྱིར་མི་འགོག་ཅེ་ན། དེ་འཁོར་བཅས་ཀྱིས་བདེ་སྡུག་གི་འགྱུར་བ་མི་བསྐྱེད་པའི་ཕྱིར་རོ། །གཉིས་པ་རང་གིས་བློས་བརྟགས་པ་ནི། ཐོགས་མེད་ཞབས་ཀྱི་གཞུང་ལས་འབྱུང་བའི་འགོག་སྙོམས་འདིའི་ངོ་བོ་ནི། ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཤད་པ་ལ་རྩོད་པ་མེད་པས། རང་གི་ངོ་བོ་རིག་པ་དང༌། ཏིང་ངེ་འཛིན་ནི་མ་ཡིན་མོད། འདིའི་གནས་སྐབས་ན་ཀུན་གཞི་འཁོར་བཅས་མ་གཏོགས་པའི་རིག་པ་གཞན་ཅུང་ཟད་ཀྱང་མེད་པར་འདོད་པ་ནི། གཞུང་གི་དགོངས་པ་མ་ཡིན་ཏེ། དེ་ལྟ་ན་སངས་རྒྱས་ཀྱི་ས་ན་སྙོམས་འཇུག་འདི་མེད་པར་ཐལ་བ་དང༌། བྱང་སེམས་འཕགས་པས་འདི་ལ་སྙོམས་པར་མི་འཇུག་པར་ཐལ་བ་དང༌། སྙོམས་འཇུག་འདིས་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་རྣམས་དགག་བྱར་བྱས་ནས་འགོག་པར་ཐལ་བ་དང༌། དེ་དག་དེ་ལྟ་ཡིན་ན། ཐོགས་མེད་ཞབས་ཀྱིས་མདོ་དང་རྒྱན་ལས་འབྱུང་བའི་འགོག་སྙོམས་ཀྱི་རྣམ་གཞག་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དང་མཐུན་པར་འཆད་པའམ། ཡང་ན་འཆད་མི་ཤེས་པ་ཉིད་དུ་འགྱུར་བས་སོ། །སྔ་མ་ལ་འདོད་ནུས་པ་མ་ཡིན་ཏེ། དེའི་གཞུང་རྗེས་འབྲང་དང་བཅས་པ་གང་ནས་ཀྱང༌། འགོག་སྙོམས་ཀྱི་རྣམ་གཞག་གཅིག་པུ་དེ་ལས་མ་བཤད་པའི་ཕྱིར། འོ་ན་འདིའི་རྣམ་པར་བཞག་པ་ཅི་ཞེ་ན། འདི་ལ་དགག་གཞི་གང་ཡིན་པ་དང༌། དགག་བྱ་གང་ཡིན་པ་དང༌། འགོག་བྱེད་ཀྱི་ལམ་གང་ཡིན་པ་དང༌། དེ་བཀག་པའི་སྙོམས་འཇུག་གི་ངོ་བོ་གང་ཡིན་པ་དང༌། གནས་སྐབས་དེ་ན་མི་རྟོག་ཡེ་ཤེས་ཇི་ལྟར་ཡོད་པའི་ཚུལ་དང༌། དེ་ལ་གང་གིས་སྙོམས་པར་འཇུག་པའི་སེམས་གང་ཡིན་པའོ། །དང་པོ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་གནས་སྐབས་ཐམས་ཅད་དུ་ཁྱབ་བྱེད་དུ་རྗེས་སུ་འགྲོ་ཞིང༌། འཁོར་བའི་གནས་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དང༌། མྱ་ངན་ལས་འདས་པའི་གནས་སྐབས་སུ་ཀུན་གཞིའི་ཡེ་ཤེས་ཞེས་བྱ་བའི་མིང་གིས་བཏགས་པའི་རིག་པ། རྣམ་པར་ཤེས་པ་ཚོགས་བདུན་པོ་གང་གི་ཡང་ངོ་བོར་མ་སྐྱེས་པའི་མྱོང་བ་གསལ་རིག་གི་ཆ་དེ་ཉིད་དོ། །ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་ཕྱེ་ནས། སངས་རྒྱས་ལ་དེའི་རྣམ་ཤེས་མེད་ཅིང་ཡེ་ཤེས་ཡོད་པའི་རྣམ་གཞག་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་ལས་འབྱུང་ངོ༌། །དགག་བྱ་ནི་རྣམ་པར་ཤེས་པའི་ཚོགས་བདུན་འཁོར་དང་བཅས་པ་དང༌། མཚན་མར་འཛིན་པའི་རྟོག་པ་མཐའ་དག་གོ །ཚོགས་བདུན་འཁོར་བཅས་འགོག་དགོས་པའི་རྒྱུ་མཚན་ཡང༌། དེའི་འཁོར་དུ་བྱུང་བའི་ཚོར་བ་ནི། འདིར་དགག་བྱའི་གཙོ་བོ་གཅིག་ཡིན་ལ། དེ་འགོག་པ་ལ་གཙོ་བོ་རྣམ་ཤེས་འགོག་དགོས་པས་སོ། །འདུ་ཤེས་ལ་ཡང་གསུམ་སྟེ། རགས་པ་གང་ཟག་གི་བདག་དུ་དང༌། ཕྲ་བ་ཆོས་ཀྱི་བདག་དུ་དང༌། ཤིན་ཏུ་ཕྲ་བ་བདག་མེད་དུ་འཛིན་པའི་འདུ་ཤེས་རྣམས་སོ། །འདི་དག་འགོག་པ་ལ་ཡང་གཙོ་བོ་ཡིད་ཀྱི་རྣམ་ཤེས་འགོག་དགོས་ཏེ། དེ་མ་བཀག་པར་དེའི་འཁོར་གྱི་སེམས་བྱུང་རྣམས་འགོག་མི་ནུས་པའི་ཕྱིར་རོ། །ཀུན་གཞི་འཁོར་བཅས་མི་འགོག་སྟེ། ཀུན་གཞི་ནི་དགག་གཞི་ཡིན་གྱི། དགག་བྱ་མ་ཡིན་པ་དང༌། དེའི་འཁོར་དུ་བྱུང་བའི་ཚོར་འདུ་ལ་ནི་ཚོར་འདུ་སྤྱིའི་མཚན་ཉིད་མ་ཚང་བའི་ཕྱིར། དེ་མ་ཚང་སྟེ། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་ཞིག་ཡིན་ལ། འདིས་ནི་དམིགས་རྣམ་གང་ཡང་མི་འཛིན་པའི་ཕྱིར་དང༌། ཇི་སྐད་དུ། རྣམ་པར་རིག་པ་མི་རིག་པ། །ཞེས་ཡུལ་གང་ཡང་མི་རིག་པར་བཤད་པའི་ཕྱིར་དང༌། ཚོར་བ་ནི་རིག་པའི་རྐྱེན་ལས་བྱུང་ལ། རེག་པ་ཡང་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་བྱུང་ཞིང༌། ཀུན་གཞིའི་འཁོར་ན་དེ་གསུམ་འདུས་པ་ལས་བྱུང་བའི་རེག་པ་ཡང་མེད་དོ། །དེའི་ཕྱིར་དེའི་འཁོར་གྱི་ཡུལ་ངེས་ལྔ་ནི། དེ་དང་དེའི་མཚན་ཉིད་ཚང་བ་དེ་མ་ཡིན་ནོ། །དེའི་རྒྱུ་མཚན་གྱིས་དེའི་འཁོར་ན་སྒྲ་དོན་འཛིན་པའི་རྟོག་པ་མེད་ཅིང༌། དེ་མེད་པས་སྙོམས་འཇུག་འདིའི་དགག་གཞིར་འཇོག་པ་ཡིན་གྱི། དགག་བྱར་མི་འཇོག་གོ །ཡང་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང༌། དེ་དང་ཟུང་འབྲེལ་གྱི་སྙིང་རྗེ་དང་སེམས་བསྐྱེད་ཀྱང་འདིའི་དགག་བྱར་མི་འཇོག་སྟེ། དེ་དེར་འཇོག་པའི་ལུང་མེད་པ་དང༌། དེས་སྙོམས་འཇུག་གི་མི་མཐུན་པའི་ཕྱོགས་དང༌། སྤང་བྱར་གྱུར་པ་ཅི་ཡང་མེད་པས། དེ་དེའི་དགག་བྱར་འཇོག་པ་རིགས་པས་མི་འཐད་པའི་ཕྱིར་དང༌། ཚོར་འདུ་རགས་པ་རྣམས་འདིའི་སྤང་བྱར་བཤད་པ་ཡོད་ཀྱི། ལམ་གྱི་བདེན་པ་ཆེས་ཁྱད་པར་དུ་འཕགས་པ་དག སྙོམས་འཇུག་འདིའི་དགག་བྱར་བྱས་ནས་འགོག་ན་ཧ་ཅང་ཐལ་བའི་ཕྱིར་དང༌། དེ་དག་འགོག་ན། འགོག་བྱེད་ཀྱི་ལམ་གང་གིས་འགོག འཇིག་རྟེན་ལས་འདས་པའི་ལམ་གྱིས་ནི་མ་ཡིན་ཏེ། རང་ཉིད་རང་གི་འགོག་བྱེད་དུ་འགལ་བའི་ཕྱིར་དང༌། སྤྱིར་ཡང་བདག་མེད་རྟོགས་པའི་ཤེས་རབ་འགོག་བྱེད་ཀྱི་ལམ་ནི་ཐེག་པ་ཆེ་ཆུང་གང་ནས་ཀྱང་མི་འབྱུང་བའི་ཕྱིར། ངག་དོན་བསྡུ་ན། བྱང་སེམས་འཕགས་པའི་འགོག་སྙོམས་ཆོས་ཅན། སྤྱིར་ལམ་དང༌། བྱེ་བྲག་འཇིག་རྟེན་ལས་འདས་པའི་ལམ་མ་ཡིན་པར་ཐལ། བདག་མེད་རྟོགས་པའི་ཡེ་ཤེས་དགག་བྱར་བྱས་ནས་འགོག་པའི་སྙོམས་འཇུག་ཡིན་པའི་ཕྱིར་རོ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ། །ཐེག་པ་ཆེན་པོའི་ལམ་མ་ཡིན་པར་ཐལ། སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་ཐེག་ཆེན་སེམས་བསྐྱེད་དགག་བྱར་བྱས་ནས་འགོག་པའི་སྙོམས་འཇུག་ཡིན་པའི་ཕྱིར། གལ་ཏེ་དེ་ན་དེ་མེད་པ་ཡིན་གྱི། དེས་དེ་བཀག་པ་དང༌། དེ་དགག་བྱར་བྱེད་པ་ཁས་མི་ལེན་ནོ་ཞེ་ན། འོ་ན་དེ་ན་དེ་མེད་པའི་རྒྱུ་མཚན་ཅི། བཀག་པས་སམ་རང་ཤུགས་ཀྱིས་འགག་པ་ཡིན། གཉིས་པ་ལྟར་ན་དེའི་རྒྱུ་མཚན་ཅི། གཙོ་བོ་ཡིད་ཀྱི་རྣམ་ཤེས་འགགས་པས་སོ་ཞེ་ན། འཁྲུལ་པ་ཐམས་ཅད་རྩ་བ་དེ་ལས་འབྱུང་བ་ཡིན་མོད། ཡེ་ཤེས་ཡིན་ན་ཡིད་ཀྱི་རྣམ་ཤེས་སུ་འགལ་བ་ཡིན་ཏེ། དེ་ཡིན་ན་དེའི་མཚན་ཉིད་དང་མི་ལྡན་དགོས་པའི་ཕྱིར་དང༌། དེ་ཡིན་ན་སྤྱིར་རྣམ་ཤེས་ཡིན་པར་འགལ་བའི་ཕྱིར། དེ་དག་གི་ཤེས་བྱེད་གོ་རིམ་བཞིན་དུ་འཆད་པ་ལ། དང་པོ་ནི། དེ་ཡིན་ན་བདག་རྐྱེན་ཡིད་ཀྱི་དབང་པོ་ལས་བྱུང་བར་འགལ་བ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་ཁྱབ་པའི་ཕྱིར་དང༌། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སེམས་སེམས་བྱུང་གང་རུང་ལ་ཡང་དག་མ་ཡིན་ཀུན་རྟོག་གིས་ཁྱབ་པར་བཤད་པའི་ཕྱིར་དང༌། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང༌། །ཞེས་དེ་གང་རུང་ཡིན་ན་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་ཅན་ཡིན་པས་ཁྱབ་པར་བཤད་པའི་ཕྱིར། དང་པོ་དེ་ཡིན་ཏེ། ཡིད་དབང་གི་འཆད་ཚུལ་ལ་གཉིས་ལས་མེད་ལ། གཉིས་པོ་དེ་གང་རུང་གི་བདག་རྐྱེན་ལས་བྱུང་བ་ནི་མི་རྟོག་ཡེ་ཤེས་ལ་མི་འཐད་པའི་ཕྱིར་རོ། །གཉིས་པོ་དེ་ཡང་གང་ཞེ་ན། འགག་མ་ཐག་པའི་ཚོགས་དྲུག་དང༌། ཉོན་མོངས་པ་ཅན་གྱི་ཡིད་དོ། །གཉིས་པའི་སྒྲུབ་བྱེད་ནི་ཡེ་ཤེས་ཡིན་ན་རྣམ་ཤེས་མ་ཡིན་དགོས་ཏེ། མདོ་ལས་རྟོན་པ་བཞི་འཆད་པ་ན། ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་པར་བཤད་པའི་ཕྱིར་དང༌། རིགས་པས་ཀྱང་འགྲུབ་སྟེ། བདག་མེད་མངོན་སུམ་དུ་རྟོགས་པའི་གཙོ་བོ་རྣམ་རིག་དེ་ཡིད་ཀྱི་རྣམ་ཤེས་སུ་འདོད་ན། དེའི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་འབྱུང་བར་འགྱུར་ལ། འདོད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་འཁོར་ན་མཚན་མར་འཛིན་པའི་བློ་དང༌། ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་རེག་པ་དང༌། ཡུལ་ལ་མངོན་པར་འདུ་བྱེད་པའི་ཡིད་ལ་བྱེད་པ་རྣམས་ཡོད་པར་འདོད་ན། ལུང་ཆོས་ཀྱི་རྣམ་པར་བཞག་པ་ཀུན་དང་མི་མཐུན་ནོ། །མདོར་ན་རྣམ་ཤེས་དང་ཡེ་ཤེས་འགལ་བའི་རྣམ་གཞག་མ་གོ་བར། ཡེ་ཤེས་ལ་ཡིད་ཀྱི་རྣམ་ཤེས་ཀྱིས་ཁྱབ་པའི་གྲུབ་པའི་མཐའ་འདི་ཁས་བླངས་པ་ལ་བརྟེན་ནས། ཐོགས་མེད་ཞབས་ཀྱི་ལུགས་འདི་ལ། སངས་རྒྱས་ཀྱི་ས་ན་འགོག་སྙོམས་མེད་པར་ཁས་བླངས་པ་དང༌། འགོག་པའི་སྙོམས་འཇུག་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འགོག་པ་དང༌། ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལ། འགོག་པ་ལ་སྙོམས་པར་ཞུགས་པའི་བྱང་སེམས་སྒོམ་ལམ་པའི་རྒྱུད་ལ། ལམ་གྱི་བདེན་པ་རྒྱུན་ཆད་པར་འདོད་པ་རྣམས་ཁས་ལེན་དགོས་པ་བྱུང་བ་ཡིན་ནོ། །ཅིས་ཏེ་རྣམ་ཤེས་དང་ཡེ་ཤེས་འགལ་བར་འདོད་པ་འདི་ལུགས་གཞན་ལ་ཡོད་པ་ཡིན་གྱི། དབུ་སེམས་ཀྱི་སྲོལ་འདི་ལ་ཡོད་པ་མ་ཡིན་ནོ་སྙམ་ན། དེ་ཡང་མ་ཤེས་པ་ཡིན་ཏེ། ཇི་སྐད་དུ། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་པའི་འགྲེལ་པ་དོན་གསལ་ལས་གང་གི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པའི་དོན་བསལ་བས། རང་བཞིན་དེ་རྟོགས་པར་དཀའ་བ་ཉིད་དུ་བཤད་པ་ཞེས་གནས་ལུགས་ཟབ་མོ་དེ་རྣམ་ཤེས་ཀྱི་ཡུལ་དུ་མི་བྱེད་པར་བཤད་པའི་ཕྱིར་རོ། །གསུམ་པ་འགོག་བྱེད་ཀྱི་ལམ་ནི་སྤྱིར་འཇིག་རྟེན་ལས་འདས་པའི་ལམ་གྱིས་འགོག་དགོས་ཏེ། དེ་མེད་ན་བདག་ཏུ་འཛིན་པའི་འདུ་ཤེས་འགོག་མི་ནུས་པའི་ཕྱིར། དེ་ལ་ཡང་གང་ཟག་གི་བདག་འཛིན་འགོག་པའི་འདས་ལམ་དང༌། ཆོས་ཀྱི་བདག་འཛིན་འགོག་པའི་འདས་ལམ་གྱི་དབྱེ་བས། གཉིས་པོ་འགོག་བྱེད་ཀྱི་ཡེ་ཤེས་དེ་ནི། ཇི་སྲིད་སྙོམས་འཇུག་དེ་ལ་མཉམ་པར་གཞག་པ་དེ་སྲིད་དུ། རྒྱུན་མ་ཆད་པར་ཡོད་དེ། དེ་དང་བྲལ་ན་དགག་བྱ་དེ་འགོག་མི་ནུས་པའི་ཕྱིར་དང༌། མཚན་འཛིན་དང་ཚོར་བ་མངོན་དུ་གྱུར་ནས་མཉམ་གཞག་དེ་ལས་ལངས་པར་འགྱུར་བའི་ཕྱིར། བཞི་པ་ནི། སྙོམས་འཇུག་འདིའི་སྐབས་ན་རྫས་བཏགས་གཉིས་ལས། དང་པོ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་ནི་སྐབས་འདིར་འགོག་སྙོམས་དངོས་མ་ཡིན་ཏེ། འགོག་པའི་སྙོམས་འཇུག་གང་ལ་འདོགས་པའི་གཞི་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་རྣམས་དང༌། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ། །ཞེས་གསུངས་པ་དེར། འགོག་པ་ལ་ཞེས་བདུན་པའི་སྒྲ་གང་ལས་བྱུང་བའི་གཞི་ནི། གང་གིས་འགོག་པའི་འདས་ལམ་དེ་ཉིད་ལ་ཟེར་བ་ཡིན་གྱི། གང་ལ་འགོག་པའི་དགག་གཞི་ལ་ཟེར་བ་མ་ཡིན་པའི་ཕྱིར་དང༌། གདགས་གཞི་ལུང་མ་བསྟན་ལ་བཏགས་པའི་བཏགས་ཆོས་དེ་དག་འཇོག་པ་ཡང་དཀའ་བའི་ཕྱིར་རོ། །ཁ་ཅིག་ཆ་ལ་བཏགས་པ་དང༌། གནས་སྐབས་ལ་བཏགས་པའི་བཏགས་ཡོད་གཉིས་ལས་འདི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་ཞེས་སོགས་ཀྱི་སྤྲོས་པ་བྱེད་པ་ཡང༌། དོན་དེ་མ་གོ་བས་འཁྱམས་པ་ཡིན་ནམ་བསམ་སྟེ། དེ་ཡང་དཔྱད་པར་བྱའོ། །འོ་ན་དེ་དུས་ཀྱི་འདས་ལམ་དེ་སེམས་རྟེན་གང་ལ་བརྟེན་པ་ཡིན་ཞེས་བརྟགས་ན་འཇིག་པ་མ་ཡིན་ནམ་སྙམ་ན། མ་ཡིན་ཏེ། ཟག་མེད་ས་དགུ་པོ་གང་ལ་བརྟེན་པར་ཁས་བླངས་ཀྱང་ཉེས་པ་མེད་དེ། དཔེར་ན་མཛོད་ལས་ཀྱང༌། འགོག་སྙོམས་ལས་མི་ལྡང་བའི་སྔ་རོལ་ན། ཅི་ཡང་མེད་ལ་བརྟེན་པའི་འདས་ལམ་ཡོད་པར་བཤད་པ་བཞིན་ནོ། །འདིར་ནི། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་པའི་འདས་ལམ་ཀྱང་གནས་སྐབས་དེ་ན་ཡོད་དེ། འགོག་པའི་རྣམ་ཐར་གྱི་ཚེ་དེ་ངེས་པར་ཁས་ལེན་དགོས་པའི་ཕྱིར། ལྔ་པ་ནི། སྙོམས་འཇུག་གི་རྫས་འདས་ལམ་དངོས་ཡིན་ཀྱང༌། དེ་ལ་བཏགས་པའི་ལྡན་མིན་འདུ་བྱེད་དེ་ནི། སྲིད་རྩེའི་སེམས་ཀྱིས་མངོན་དུ་བྱེད་དགོས་པ་ཡིན་ཏེ། སྤྱིར་ཚོར་འདུ་རགས་པ་བཀག་པའི་སྙོམས་འཇུག་ལ་མཐར་གནས་ཀྱི་སྙོམས་འཇུག་ཡིན་མིན་གཉིས་ལས། འདི་དང་པོའི་དབང་དུ་བྱས་ལ། དེ་ལ་ནི་སྲིད་རྩེའི་སེམས་ཀྱིས་མ་ཞུགས་ན། མཐར་གནས་སུ་མི་འགྱུར་བའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། དེ་ཡང་སྲིད་རྩེ་མན་ཆད་སྙོམས་འཇུག་དང་པོ་བརྒྱད་ཀྱི་ཉེར་བསྡོགས་ཀྱིས་ཚོར་འདུ་རགས་པ་སྤངས་ཟིན་ལ། དེ་ཡང་ས་འོག་མ་ལ་ཆགས་བྲལ་བྱེད་པའི་ཉེར་བསྡོགས་ལྷག་མཐོང་གི་ངོ་བོར་སྐྱེས་པ་དེས་མ་ཡིན་གྱི། ས་གོང་མ་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་སེལ་བའི་ཉེར་བསྡོགས་ཞི་གནས་ཀྱི་ངོ་བོ་གྱུར་པ་དེས་སྤངས་པ་ཡིན་ནོ། །དེ་ཡང་འཇིག་རྟེན་པའི་ལམ་ཡིན་པས། ལམ་དེའི་སྤང་བྱར་གྱུར་པའི་ཚོར་འདུ་རགས་པ་བཀག་ཀྱང༌། འདས་ལམ་གྱི་སྤང་བྱར་གྱུར་པའི་ཚོར་འདུ་རགས་པ་སེལ་མ་ནུས་པས། དེ་སེལ་བ་ལ་ལྷག་མཐོང་ཁྱད་པར་ཅན་འདས་ལམ་གྱིས་དེ་ཡང་བསལ་ནས། སྲིད་རྩེའི་དངོས་གཞིའི་སེམས་ཀྱིས་བཤད་མ་ཐག་པའི་ལྡན་པ་མ་ཡིན་པའི་འདུ་ཤེས་དེ་མངོན་དུ་བྱས་པ་ལ། སྲིད་རྩེ་ནས་འགོག་པ་ལ་སྙོམས་པར་ཞུགས་པ་ཞེས་བརྗོད་དོ། །མདོར་ན། སྲིད་རྩེའི་དངོས་གཞི་མན་ཆད་དུ། འཇིག་རྟེན་པའི་ལམ་གྱི་སྤང་བྱར་གྱུར་པའི་ཚོར་འདུ་བཀག དེའི་འོག་ཏུ་འདས་ལམ་གྱིས་བདག་དུ་འཛིན་པའི་འདུ་ཤེས་ཀྱང་བཀག་པའི་གནས་སྐབས་ཀྱི་སྙོམས་འཇུག་དེ་ལ་མཐར་གནས་ཀྱི་ཡ་གྱལ་དུ་གྱུར་པའི་འགོག་སྙོམས་དེར་འཇོག་པ་ཡིན་ནོ། །དེ་ལས་གཞན་ཉེར་བསྡོགས་དག་པ་བ་བརྒྱད་པོ་ལ་མ་ལྟོས་པར་འདས་ལམ་རྐྱང་པས་ཀུན་གཞིའི་སྟེང་དུ་དགག་བྱ་དེ་དང་དེ་བཀག་པའི་གནས་སྐབས་ཀྱི་སྙོམས་འཇུག་ཞིག་ཡོད་པ་དེ་ལ། ཐོགས་མེད་ཞབས་ཀྱིས་གཞུང་ནས་འབྱུང་བའི་འགོག་སྙོམས་ཀྱི་མཚན་ཉིད་ཚང་བས་དེ་དེ་ཡིན་མོད། དེ་ལྟ་ན་ཡང༌། དེ་མཐར་གནས་ཀྱི་སྙོམས་འཇུག་ནི་མ་ཡིན་པའི་ཕྱིར། དེ་ལ་སྲིད་རྩེའི་སེམས་ཀྱིས་འཇུག་མི་དགོས་ཤིང༌། དེ་མ་ཐོབ་པས་དེ་ལ་འཇུག་མི་ནུས་པ་ཡང་ཡིན་ནོ། །འོ་ན་སྙོམས་འཇུག་དེ་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་ཆར་གཏོགས་པ་ཡིན་ནམ། ལྷག་མཐོང་ཁྱད་པར་ཅན་འདས་ལམ་དུ་གཏོགས་པ་ཡིན་ཞེ་ན། མངོན་པ་འོག་མ་ལས་ནི། སྲིད་རྩེར་གཏོགས་པ་དང༌། ས་དེས་བསྡུས་པ་དང༌། ས་དེའི་འགྲུབ་བྱེད་ཀྱི་རྒྱུ་ཡིན་པ་རྣམས་ཤིན་ཏུ་གསལ་ཡང༌། གོང་མའི་ལུགས་འདིར། འདས་ལམ་དུ་གསལ་བར་བཤད་པས། འདས་ལམ་ལ་བཏགས་པའི་བཏགས་ཡོད་དོ། །གཞུང་ལས་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་པར་བཤད་ཀྱི། ཀུན་གཞི་ལ་གདགས་པར་མ་བཤད་དོ། །དེའི་ཕྱིར་ཀུན་གཞིའི་གནས་སྐབས་ལ་འདོགས་ཀྱང་མི་དགོས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གནས་སྐབས་ལ་བཏགས་པས་ཆོག་པའི་ཕྱིར་དང༌། དེའི་ཆ་ལ་བཏགས་པས་ཆོག་པའི་ཕྱིར། དེ་ལྟར་ན་གཞུང་དུ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། ཞེས་པས་མཐར་གནས་ཀྱི་སྙོམས་འཇུག་ཏུ་སྟོན་པ་ཡིན་གྱི། སྤྱིར་སྲིད་རྩེའི་སེམས་ལ་མ་བརྟེན་པར། འགོག་པའི་སྙོམས་འཇུག་མངོན་དུ་བྱེད་མི་ནུས་པར་སྟོན་པ་ནི་མ་ཡིན་ནོ། །དེ་ལྟར་གྲུབ་པ་ན། འདིར་འདས་ལམ་གྱི་ངོ་བོར་བཤད་པ་དང༌། ཐོད་རྒལ་དུ་བཤད་པ་དང༌། ཆོས་སྐུར་བཤད་པ་ཐམས་ཅད་ཀྱང་ཐོགས་མེད་ཞབས་ཀྱིས་བཞེད་པའི་འགོག་པའི་སྙོམས་འཇུག་དེ་ལ་འཆད་པར་གྲུབ་སྟེ། མཐར་གནས་ཀྱི་སྙོམས་འཇུག་དགུའི་ཡ་གྱལ་དུ་གྱུར་པའི་འགོག་སྙོམས་ལ་འཆད་དགོས་པའི་ཕྱིར་དང༌། དེ་ལྟར་བཤད་པ་ལ། འདས་ལམ་ལ་སོགས་པར་མི་འཐད་པའི་ཉེས་པ་ཐམས་ཅད་ལས་གྲོལ་བའི་ཕྱིར་དང༌། རང་གི་ངོ་བོ་ལྡན་མིན་འདུ་བྱེད་ཀྱི་ཆ་ནས་བཤད་ཀྱང༌། གདགས་གཞི་ཡེ་ཤེས་དངོས་སུ་གསལ་བའི་ཕྱིར་དང༌། དབུ་མའི་ལུགས་ཁོ་ན་ལ་བྱས་ན། འགོག་པའི་སྙོམས་འཇུག་ཙམ་ནི་མཐར་གནས་ཀྱི་སྙོམས་འཇུག་ཡིན་པའི་ངེས་པ་མེད་པའི་ཕྱིར་དང༌། མདོ་སྡེ་ས་བཅུ་པ་དང༌། དབུ་མ་ལ་འཇུག་པ་ནས་བཤད་པ་དེ་མ་གཏོགས། དེ་ལས་གཞན་པའི་དབུ་མའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་འགོག་སྙོམས་ཀྱི་གསལ་ཁ་མེད་ལ། དེ་ནི་ས་དྲུག་པ་མ་ཐོབ་ཀྱི་བར་དུ་མི་ཐོབ་པས། ས་དང་པོ་དང་གཉིས་པ་སོགས་ཀྱི་མཐར་གནས་ཀྱི་སྙོམས་འཇུག་དགུའི་རྣམ་གཞག་འཆད་དཀའ་བས་སོ། །དེ་ལྟར་བཤད་པ་ལ་རྩོད་པ་འདི་དག་འབྱུང་བར་འགྱུར་ཏེ། བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དབྱིག་བཤེས་ཀྱི། གནས་སྐབས་འདི་ན་ཡིད་ཤེས་མི་གསལ་བའི་ངོ་བོར་ཡོད་དོ་ཞེས་ཁས་བླངས་པ་དེ། ཐེག་བསྡུས་སུ་བཀག་པ་དང༌། ལས་གྲུབ་པའི་རབ་ཏུ་བྱེད་པ་ལས་ཀྱང༌། འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པར་འདོད་ན། རྣམ་པར་ཤེས་པ་གང་ཡིན་པར་འདོད། ཁ་ཅིག་ན་རེ། ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་ཟེར་ན། འོ་ན་བཅོམ་ལྡན་འདས་ཀྱིས་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང༌། གསུམ་ཡང་དག་པར་འདུས་པའི་རེག་པ་དང༌། ལྷན་ཅིག་སྐྱེས་པའི་ཚོར་བ་དང༌། འདུ་ཤེས་དང་སེམས་པ་སྐྱེའོ། །ཞེས་མ་གསུངས་སམ། ཇི་ལྟར་ན་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཀྱང་གསུམ་ཡང་དག་པར་འདུས་པ་མ་ཡིན་ཏེ། གསུམ་འདུས་ན་ཡང༌། རེག་པ་ཇི་ལྟར་མེད། རེག་པ་ཡོད་ན་ཡང་གང་གིས་ན་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ། ཞེས་དང༌། དེའི་དོན་བསྡུ་ན། དེ་བས་ན་རྟོག་གེ་པ་ཁྱོད་ཀྱིས་ལུང་གི་དོན་ཇི་ལྟ་བ་བཞིན་དུ་མ་རྟོགས་པས། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་ན། ཡིད་ཀྱི་རྣམ་པར་ཤེས་པ་སེམས་དང་བཅས་པར་རྟོག་པ་ནི། གཟུ་ལུམ་དུ་སེམས་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། ཐེག་བསྡུས་དང་མི་འགལ་ཏེ། ཁོ་བོ་ཅག་གནས་སྐབས་དེ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པར་ཁས་མི་ལེན་པའི་ཕྱིར། ལས་གྲུབ་པའི་ལུང་དེ་ནི་ཁོ་བོ་ཅག་གི་སྒྲུབ་བྱེད་དུ་སོང་བ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་པའི་སྒྲུབ་བྱེད་དུ་གསལ་བའི་ཕྱིར་རོ། །གཞན་ཡང་ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། རྟག་ཏུའོ་ཞེས་སོགས་དང༌། ཀུན་གཞི་སྒྲུབ་བྱེད་ཀྱི་ལུང་རྣམས་དང༌། བསྡུ་བ་ལས། འགོག་པའི་སྙོམས་པར་འཇུག་པ་ནི། །ཟག་པ་མེད་པར་བརྗོད་བྱ་སྟེ། །ཉོན་མོངས་པ་དང་བྲལ་ཕྱིར་དང༌། །མཚུངས་པར་ལྡན་པ་མ་ཡིན་ཕྱིར། །དམིགས་པ་མེད་པའི་ཕྱིར་རོ་ཞེས་སོགས་ཀྱིས་གནོད་པ་མིན་ཏེ། ཟག་པ་མེད་པ་ཞེས་པ་དེ་ན་འདས་ལམ་ཡོད་པའི་སྒྲུབ་བྱེད་དུ་སོང་བའི་ཕྱིར་དང༌། དམིགས་པ་མེད་པ་ཞེས་སོགས་ཀྱིས་མི་གནོད་དེ། རང་གི་ངོ་བོ་ལྡན་མིན་འདུ་བྱེད་དུ་ཁས་ལེན་པའི་ཕྱིར། གསུམ་པ་བྱེ་བྲག་ཏུ་སྨྲ་བའི་ལུགས་ནི། ཇི་སྐད་དུ། འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེ་སྐྱེས། །དགེ་བའོ་གཉིས་སུ་མྱོང་འགྱུར་དང༌། །མ་ངེས་འཕགས་པའི་སྦྱོར་བས་ཐོབ། །ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོར་མི་ནང་དུ། །ཞེས་དང༌། ཕྲ་བ་ཕྲ་བའི་འཇུག་ཐོགས་སུ། །རང་གི་དག་དང་འོག་མ་ཡིས། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང༌། །ཞེས་གསུངས་སོ། །དེ་དག་གི་དོན་ནི། དེ་བཞིན་ཉིད་ཅེས་པ་འདུ་ཤེས་མེད་པའི་སྙོམས་འཇུག་དང་འདྲ་བར། སེམས་སེམས་བྱུང་གི་རྒྱུ་བ་འགགས་པའི་དོན་ཡིན་ལ། འདི་གནས་དོན་དུ་ཞེས་པ། ཐར་པའི་འདུ་ཤེས་ཀྱིས་འདི་ལ་འཇུག་པ་མ་ཡིན་གྱི། ཞི་བར་གནས་པའི་དོན་དུ་འཇུག་པས། ཅིག་ཤོས་ལས་ཁྱད་པར་དུ་སྟོན་པ་དང༌། སྲིད་རྩེ་སྐྱེས་ཞེས་པས་དེ་བསྡུས་སུ་སྟོན་པ་དང༌། གཉིས་སུ་མྱོང་འགྱུར་དང༌། མ་ངེས་ཤེས་པ་སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་དང༌། རྣམ་སྨིན་མྱོང་བར་མ་ངེས་པ་གསུམ་ཡོད་པར་བསྟན་ནོ། །འཕགས་པའི་ཞེས་པ། སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་བདག་ཆད་ཀྱི་དོགས་པས་འཇིགས་པས། འདི་ལ་འཇུག་མི་ནུས་ཀྱི། འཕགས་པའི་ལམ་གྱི་སྟོབས་ཀྱིས་ཐོབ་དགོས་ཞེས་པའི་དོན་ནོ། །སྦྱོར་བས་ཐོབ་ཅེས་པ་ནི། བསམ་གཏན་གྱི་དངོས་གཞི་དང་འདྲ་བར་ཆགས་བྲལ་ཙམ་གྱིས་ཐོབ་པ་མ་ཡིན་པ་དང༌། འདས་པ་དང་མ་འོངས་པ་མི་ཐོབ་པའི་དོན་ནོ། །ཐུབ་པའི་བྱང་ཆུབ་ཀྱི་ཐོབ་བྱ། །ཞེས་པ་སྔ་མའི་དམིགས་བསལ་དང༌། དེས་དེ་མངོན་དུ་བད་པ་མི་སྲིད་པར་སྟོན་ནོ། །དང་པོར་མ་ཡིན་ཞེས་སོགས་ནི། ཐུབ་པས་དེ་སློབ་ལམ་དུ་ཡང་མངོན་དུ་མ་བྱས་པར་སྟོན་ནོ། །གཟུགས་རྟེན་ཅན། ཞེས་པ་མིའི་རྟེན་ལ་འགོག་སྙོམས་ཐོབ་པ་ལས་ཉམས་ནས། དེར་སྐྱེ་བའི་དབང་དུ་བྱས་སོ། །རྒྱལ་པོ་སྲས་ཀྱིས་ནི་འགོག་སྙོམས་ཀྱི་རྟེན་ཉི་ཤུ་རྩ་ལྔ་བཤད་དེ། གཟུགས་ཁམས་གནས་རིགས་བཅུ་དྲུག འདོད་ལྷ་རིགས་དྲུག གླིང་གསུམ་གྱི་མིའོ། །ཞེས་གསུངས་སོ། །འདི་ལ་ནི་དཀའ་བའི་གནས་འདི་ཡོད་དེ། ཕྱིར་མི་འོང་མ་ཐོབ་པ་ལ་འགོག་པའི་སྙོམས་འཇུག་ཐོབ་པ་མེད་ལ། དེ་མངོན་དུ་བྱས་ནས་འདོད་པར་སྐྱེ་བ་མི་ལེན་པས་སོ་སྙམ་པའོ། །ལུགས་འདི་ལ་འགོག་པའི་སྙོམས་འཇུག་དང༌། རྣམ་ཐར་ལ་ཁྱད་པར་མི་བཞེད་དེ། རྣམ་ཐར་འཆད་པ་ན། ཇི་སྐད་དུ། འགོག་པའི་སྙོམས་པར་འཇུག་པའོ་ཞེས་དང༌། འགོག་པ་བཤད་ཟིན་ཞེས་བཤད་པས་སོ། །དེ་ལྟ་ན་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བརྒྱད་དང༌། འགོག་པའི་སྙོམས་པར་འཇུག་པ་སྟེ་དགུ་དང༌། རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པར་བཞག་པ་རྣམས་སྔོན་གྱི་འཆད་པ་པོ་རྣམས་ཀྱིས་མངོན་པ་གོང་འོག་གི་ཁྱད་པར་མ་ཕྱེད་པར་བསྲེས་ནས་བཤད་པ་ཤ་དག་ཏུ་སྣང་བས། འདིར་ནི་ཁྱད་པར་སོ་སོར་ཕྱེ་ནས་མ་འདྲེས་པར་བཤད་པ་ཡིན་ལ། སླར་ཡང་འདི་ལ་རྟོག་དཔྱོད་གཏོང་བའི་གཞི་མ་བྱས་ནས། བློ་དང་ལྡན་པ་དག་གིས་རྣམ་པར་དབྱེ་བར་བྱའོ། །འདིར་སྨྲས་པ། རྣམ་དཔྱོད་ཀུན་གསལ་སྒེག་མོའི་གདོང་མཛེས་ཀྱི། །མདངས་གསལ་ཟླ་བ་མཁའ་ལ་ཤར་བ་ན། །ཆོས་མངོན་རྒྱ་མཚོའི་ལང་ཚོ་གསར་པ་ཡི། །ཡ་མཚན་མཛེས་སྡུག་ལྟད་མོ་ཅི་ཡང་འཆར།།  །།གཉིས་པ་བསྒོམ་པ་པོ་གང་ཟག་དང༌། གསུམ་པ་ཡུལ་ཅན་སྦྱོར་བའི་དབྱེ་བ་དང༌། བཞི་པ་སྔོན་འགྲོའི་ཆོས་ལ་ཡོན་ཏན་དང་སྐྱོན་ཏེ། བཞི་པོ་དེ་དག་ནི་ཚིག་དོན་གྱི་སྒོ་ནས་འཆད་པར་ནུས་པས། འདིར་མི་འཆད་ལ། རྟོགས་དཀའ་བ་མཚན་ཉིད་ཀྱི་རྣམ་པར་བཞག་པ་ལ་གསུམ་སྟེ། མདོ་དང་གཞུང་ལས་གསུངས་པའི་ཚུལ། བོད་སྔ་མ་རྣམས་ཀྱིས་བཞེད་པའི་ཚུལ། རང་གི་ལུགས་བཞག་པའོ། །དང་པོ་ནི་མདོ་ལས། ཤེས་མཚན་དང་བྱེད་མཚན་གཉིས་ནི། སངས་རྒྱས་ཀྱི་སའི་དོན་གཉིས་ཕུན་སུམ་ཚོགས་པ་བསྐྱེད་པའི་ཆ་ནས་བཤད་ལ། ཁྱད་པར་གྱི་མཚན་ཉིད་ནི། སྤྱིར་སློབ་པའི་གནས་སྐབས་དང༌། ཁྱད་པར་མཐོང་ལམ་གྱི་ཤེས་བཟོད་སྐད་ཅིག་མའི་ཆ་ནས་བཤད། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། མདོ་ལས་ལམ་ཤེར་ཕྱིན་རང་གི་ངོ་བོ་དང༌། བསྟན་བཅོས་སུ་ཐེག་ཆེན་གྱི་རྣལ་འབྱོར་གྱི་ལྡོག་ཆ་ནས་བཤད་དོ། །གཉིས་པ་ལ། ལོ་ཙཱ་བ་ཆེན་པོའི་གསུང་གིས་མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང༌། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་པ་ལྟར། མཚན་གཞི་དང༌། མཚོན་བྱ་དང༌། མཚན་ཉིད་དང༌། མཚོན་པ་བཞི་ལས། རྒྱན་དེར་ནི། མཚོན་བྱ་མཚན་གཞིའི་ནང་དུ་བསྡུས་པ་ཡིན་ནོ། །རྒྱན་རྩ་འགྲེལ་འདིར་ནི། མཚོན་པ་དང༌། མཚན་ཉིད་དང༌། མཚོན་བྱ་གསུམ་ལས། འདིས་མཚོན་པར་བྱེད་པ་དང༌། འདི་མཚོན་པར་བྱ་བས་ན་མཚན་ཉིད་དོ། །དེ་ལ་མཚན་གཞི་ནི། གང་ལ་མཚོན་པའི་གཞི་སྟེ། དཔེར་ན་ཙནྡན་གྱི་ཚ་ཞིང་སྲེག་པ་ལྟ་བུའོ། །མཚོན་བྱ་ནི་གང་ལ་མཚོན་པའི་དོན་ཏེ། མེའི་ཐ་སྙད་ལྟ་བུའོ། །དེ་གཉིས་ཀ་མཚོན་བྱར་བསྡུས་ནས། མཚོན་བྱེད་ནི། མཚན་གཞི་དེ་ལ་མཚོན་བྱ་དེ་ཤེས་པར་བྱེད་པའི་རྒྱུ་མཚན་ཏེ། ཚ་ཞིང་བསྲེག་པ་ལྟ་བུའོ། །མཚོན་པ་ནི། མཚན་མཚོན་གྱི་འབྲེལ་པ་ཤེས་པའི་བློ་སྟེ། མེ་ལ་ངེས་པ་འདྲེན་པའི་མངོན་སུམ་ལྟ་བུའོ། །དེ་དག་ནི་དཔེ་ཡིན་ལ། འདིར་དོན་ནི། སྦྱོར་བ་ཉི་ཤུ་ནི་མཚན་གཞིའོ། །མཚོན་བྱ་ནི་དེ་ཆོས་སྐུའི་སྒྲུབ་བྱེད་ཐུན་མོང་མ་ཡིན་པ། སྦྱོར་བ་ཁྱད་པར་ཅན་གྱི་ཐ་སྙད་དུ་བྱ་བའི་ངོ་བོ་ཉིད་བཅུ་དྲུག་གོ །མཚན་ཉིད་ནི། དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅུ་དྲུག་དང༌། འབྲས་བུ་ཁྱད་པར་ཅན་ལ་ནུས་པའི་བྱེད་པ་བཅུ་གཅིག་སྟེ། ཚ་བ་དང་བསྲེག་པས་མེར་མཚོན་པ་བཞིན་ནོ། །དེ་ཡང་ཚ་བ་ངོ་བོ་དང༌། བསྲེག་པ་བྱེད་ལས་ཡིན་པ་བཞིན་དུ། ཁྱད་པར་བཅུ་དྲུག་ངོ་བོ་དང༌། བྱེད་པ་བཅུ་གཅིག་བྱེད་ལས་སོ། །མཚོན་པ་ནི། ཤེས་མཚན་བཞི་བཅུ་ཞེ་བརྒྱད་དེ། དཔེར་ན་མེ་ཚ་ཞིང་བསྲེག་པའི་མཚན་ཉིད་ཅན་དུ་ཤེས་པའི་བློ་བཞིན་ནོ། །ཞེས་གསུང་ངོ༌། །ཁ་ཆེ་གཞོན་ནུ་དཔལ་ནི། ཤེས་མཚན་ཕྱོགས་ཆོས། བྱེད་མཚན་རྗེས་ཁྱབ། ཁྱད་མཚན་ལྡོག་ཚུལ། བཞི་པ་རྟགས་ཀྱི་དཔག་བྱའོ། །ཞེས་གསུང་ངོ༌། །ཆོས་ཀྱི་བཤེས་གཉེན་དང༌། ཤེར་འབྱུང་བློ་གྲོས་ཀྱིས། བྱེད་བསྒྲུབ་ཀྱི་དབང་དུ་བྱས་པ་གསུམ་པོ་མཚན་ཉིད་དང༌། སྦྱོར་བ་མཚོན་བྱར་བཤད་ལ། ཤཱནྟི་པས་ཀྱང་དེ་བཞིན་དུ་བཤད་དོ། །ཨར་ལ་སོགས་པའི་བོད་སྔ་མ་ཕལ་ཆེ་བ་རྣམས་ནི། སངས་རྒྱས་སའི་ཤེས་པ་བཅུ་དྲུག་ཕྲག་གསུམ་དང༌། སངས་རྒྱས་སའི་བྱེད་པ་བཅུ་གཅིག་ནི་མཚན་ཉིད་དངོས་ཡིན་ཅིང༌། དེ་བསྐྱེད་པའི་ནུས་པ་ལ་ཤེས་པ་དང༌། བྱེད་པའི་མཚན་ཉིད་ཀྱི་མིང་གིས་བཏགས་ནས། མཁྱེན་པ་གསུམ་གྱི་སྦྱོར་བ་སངས་རྒྱས་སའི་དོན་གཉིས་ཕུན་ཚོགས་བསྐྱེད་བྱེད་དུ་མཚོན་པ་ལ། དེ་བསྐྱེད་པའི་ནུས་པ་དང་ལྡན་པ་མཚན་ཉིད་དུ་འགོད་ཅིང༌། ནུས་པ་དེ་ཡང༌། ཐེག་ཆེན་གྱི་སྦྱོར་བ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ། །ཞེས་མཚོན་པ་ནི་ཁྱད་མཚན་ནོ། །ཞེས་ཟེར་ལ། བོད་ཕྱི་མ་ལ་ལ་ནི། མདོ་ལས་ཤེས་པ་ནི་ཐུབ་པའི་མངོན་རྟོགས་སུ་གསུངས་ཤིང༌། བསྟན་བཅོས་སུ་སྦྱོར་བའི་མཚན་ཉིད་དུ་བཤད་པས། འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ས་རྒྱུ་ཐེག་ཆེན་གྱི་སྦྱོར་བ་རང་བསྐྱེད་བྱེད་དུ་མཚོན་པ་ཡིན་ནོ། །ཞེས་འདོད་དོ། །འདི་ཐམས་ཅད་ནི་ཡང་དག་པ་མ་ཡིན་ཏེ། ཐེག་ཆེན་སྦྱོར་བའི་མཚན་ཉིད་འཆད་རྒྱུ་ལ། དེས་དེ་བསྐྱེད་པའི་ནུས་པ་མཚོན་བྱར་བཞག་པས་ཡི་གེའི་དོན་ལ་མ་ཞུགས་པ་དང༌། ཐེག་ཆེན་སྦྱོར་བའི་དོན་ལྡོག་ངོས་འཛིན་པ་ན། སངས་རྒྱས་ཀྱི་ཡེ་ཤེས་སུ་བཤད་ན་ཧ་ཅང་ཐལ་བའི་ཕྱིར་དང༌། ཤེས་མཚན་གྱི་མདོ་ལས་ཀྱང༌། ཡུམ་གྱིས་དེ་བཞིན་གཤེགས་པ་བསྐྱེད་པར་གསུངས་ཀྱི། དེ་བཞིན་གཤེགས་པའི་ཡེ་ཤེས་ཉིད་མཚན་ཉིད་དུ་མ་གསུངས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་བཞག་པ་ལ། མཚན་ཉིད་སོ་སོའི་ངོ་བོ། ཇི་ལྟར་མཚོན་པའི་ཚུལ། གསུངས་པའི་དགོས་པའོ། །དང་པོ་ལ་སྤྱིའི་རྣམ་གཞག་དང༌། སྐབས་སུ་བབ་པའི་མཚན་ཉིད་སོ་སོའི་ངོ་བོ་ངོས་བཟུང་བའོ། །དང་པོ་ལ་མཚན་ཉིད་ཀྱི་སྒྲ་ནི་གཉིས་ལ་འཇུག་པ་ཡིན་ཏེ། གང་གིས་མཚོན་པར་བྱེད་པ་དང༌། གང་ལ་མཚོན་པར་བྱ་བའི་གཞིའོ། །དེ་སྐད་དུ་ཡང༌། གང་གིས་མཚོན་ཏེ། ཞེས་དང༌། ངོ་བོ་ཉིད་གང་མཚོན་བྱ་ཡང༌། །ཞེས་གསུངས་སོ། །གང་མཚོན་པར་བྱ་བའི་ཐ་སྙད་ལ་ནི། མཚན་ཉིད་ཀྱི་སྒྲ་འཇུག་པ་མེད་དེ། དེ་ནི་བློའི་ཆོས་ཁོ་ན་ཡིན་པའི་ཕྱིར་དང༌། མཚན་ཉིད་ཀྱི་སྒྲ་གང་ལ་འཇུག་དུ་རུང་བའི་གཞི་དེ་ཡིན་ན། དོན་གྱི་ཆོས་ཁོ་ན་ཡིན་དགོས་པའི་ཕྱིར། དེ་བས་ན་མཁས་པར་རློམས་པ་དག་མཚོན་བྱ་ལ་མཚན་ཉིད་ཀྱི་སྒྲ་དངོས་སུ་འཇུག་གོ །ཞེས་ཟེར་བ་ནི་ནོར་བ་ཡིན་ནོ། །མཚན་ཉིད་ལའང་གཉིས་ཏེ། ཐུན་མོང་དུ་མཚོན་པར་བྱེད་པ་སྤྱིའི་མཚན་ཉིད། ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དོ། །དང་པོ་ནི། བདེན་པ་བཞི་པོ་སོ་སོ་ལ་མཚན་ཉིད་བཞི་བཞི་གསུངས་པ་དང༌། འདུས་བྱས་སྤྱིའི་མཚན་ཉིད་དུ་མི་རྟག་པ་ཞེས་གསུངས་པ་ལྟ་བུའོ། །འདི་ལ་ནི་མ་ཁྱབ་ཁྱབ་ཆེས་ཀྱི་སྐྱོན་དང་བྲལ་བར་མི་དགོས་སོ། །གཉིས་པ་ནི། ཚ་བ་མེའི་མཚན་ཉིད་དུ་བཞག་པ་ལྟ་བུའོ། །འདི་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བ་དགོས་ཤིང༌། དེར་གང་གིས་མཚོན་པར་བྱེད་པའི་མཚན་ཉིད་ནི། ཚ་ཞིང་བསྲེག་པ་ལྟ་བུའོ། །གང་ལ་མཚོན་པར་བྱ་བའི་གཞི་ནི། ཙནྡན་ལས་བྱུང་བའི་ཚ་ཞིང་བསྲེག་པ་ལྟ་བུའོ། །གང་མཚོན་པར་བྱ་བའི་གཞི་ནི། མེའི་ཐ་སྙད་ལྟ་བུའོ། །སྔ་མ་གཞི་མཚན་མཚོན་གཉིས་ནི། རྫས་ཡོད་དང༌། དོན་ཆོས་དང༌། དོན་ལྡོག་ཞེས་བྱ་ལ། ཕྱི་མ་མཚོན་བྱ་ལ་ནི། བཏགས་ཡོད་དང༌། བློ་ཆོས་དང༌། རྒྱུ་མཚན་གྱི་སྒྲ་བློ་གྲུབ་པ་ཞེས་བྱའོ། །དེ་འདྲའི་མཚན་མཚོན་གྱི་འབྲེལ་པ་ཁོང་དུ་ཆུད་པའི་ཐབས་ནི། མཚོན་སྦྱོར་ཡིན་ལ། དེ་ནི་དཔེར་ན། དེ་མཚན་གཞི། མེའི་ཐ་སྙད་བྱ་རུང་དུ་མཚོན། ཚ་ཞིང་སྲེག་པ་ཡིན་པ་ཞེས་རྩ་བའི་སྦྱོར་བ་དང༌། ཚ་ཞིང་བསྲེག་པ་མཚན་གཞི། མཚན་ཉིད་ཀྱི་ཐ་སྙད་བྱ་རུང་དུ་མཚོན། ཞེས་དང༌། མེའི་ཐ་སྙད་མཚན་གཞི། མཚོན་བྱའི་ཐ་སྙད་བྱ་རུང་དུ་མཚོན་ཞེས་དང༌། ཙནྡན་གྱི་དེ་མཚན་གཞི། མཚན་གཞིའི་ཐ་སྙད་བྱ་རུང་དུ་མཚོན། ཞེས་སྦྱར་ནས་རང་རང་གི་མཚན་ཉིད་འགོད་པར་བྱེད་དོ། །དེ་ལྟར་བཀོད་པ་ལ་བརྟེན་ནས་མཚན་མཚོན་གྱི་འབྲེལ་པ་ཁོང་དུ་ཆུད་དེ། མེ་ཞེས་པའི་ཐ་སྙད་བྱས་མ་ཐག་ཏུ། དོན་ཚ་ཞིང་བསྲེག་པ་ལ་ངེས་པ་འདྲེན་པར་བྱེད་དོ། །དེ་དག་ནི་མཚོན་སྦྱོར་བཀོད་པའི་དགོས་པ་ཡིན་ལ། མཚན་ཉིད་བཞག་པའི་དགོས་པ་ནི། ཚ་བ་མེའི་མཚན་ཉིད་ཀྱི་ཟུར་དུ་བཞག་པས་དེའི་དོན་ལྡོག་གོ་ནུས། བསྲེག་པ་དེར་བཞག་པས། དེའི་བྱེད་ལས་གོ་ནུས། དེ་འདྲ་དེ་མེ་ལས་གཞན་ལ་མེད་དོ་ཞེས་བཤད་པས། དེ་མེའི་ཐུན་མོང་མ་ཡིན་པའི་མཚན་ཉིད་དུ་གོ་ནུས་པའོ། །མཚན་གཞི་བཞག་པའི་དགོས་པ་ནི། དེ་འདྲའི་མཚན་ཉིད་དེ་མེ་ལས་གཞན་ལ་མི་འཇུག་ན། དེ་གང་ལ་ལྡན་པའི་མཚན་གཞི་དེ་གང་ཡིན་སྙམ་པའི་དོགས་པ་དེ་སེལ་བར་ནུས་པའོ། །མཚོན་བྱ་བཞག་པའི་དགོས་པ་ནི། ཐ་སྙད་ལ་རྨོངས་པ་ལོག་ནས་བླང་དོར་ལ་འཇུག་སླའོ། །དེ་སྐད་དུ་ཡང་མདོ་ལས། མིང་དུ་བཏགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་བཏགས་པ་མཛད། །ཅེས་གསུངས་པ་ལྟར་རོ། །དེ་དག་ནི་དཔེ་ཡིན་ལ། དོན་གྱི་སྐབས་འདིར་ཡང༌། ཐེག་ཆེན་སྦྱོར་བའི་ཐ་སྙད་ནི་སྤྱིར་མཚོན་བྱ་དང༌། བྱེ་བྲག་ཏུ་གཞི་ཤེས་སྦྱོར་བའི་དང༌། ལམ་ཤེས་སྦྱོར་བའི་དང༌། རྣམ་མཁྱེན་སྦྱོར་བའི་ཐ་སྙད་རྣམས་མཚོན་བྱའོ། །མཚན་གཞི་ནི། སྦྱོར་བ་ཉི་ཤུ་དང༌། སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་པོ་ཡིན་ལ། དེའི་ཁྱད་པར་ཡང༌། ཉི་ཤུ་པོ་གསུམ་དུ་བསྡུས། གསུམ་པོ་རེ་རེ་ལ་བཞི་དང་ལྔ་དང་བདུན་དུ་ཕྱེ་བའོ། །མཚན་ཉིད་ནི་སྤྱི་ཙམ་ནས་ཡུལ་སྐྱེ་མེད་གསུམ་རྟོགས་པའི་རྣལ་འབྱོར་དང༌། རྣལ་འབྱོར་དེ་གཞན་དོན་མཛད་པའི་རྣལ་འབྱོར་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་རྣལ་འབྱོར་རྣམས་ཡིན་ལ། སོ་སོར་ཕྱེ་ན། མཚོན་བྱ་སྦྱོར་བ་གསུམ་གྱི་དབྱེ་བས། ཤེས་མཚན་དང་བྱེད་མཚན་ལ་གསུམ་གསུམ་དང༌། ཁྱད་མཚན་ལ་བྱེ་བྲག་མ་ཕྱེ་བར་གསུངས་པ་རྣམས་སོ། །དེ་ཡང་འདིར་ནི། མཚན་ཉིད་གསུམ་པོ་ནི་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ། རང་གི་མཚན་ཉིད་ཀྱི་དབང་དུ་བྱས་ལ། དེའི་ཕྱིར་མཚན་གཞི་དང༌། མཚོན་བྱ་ལ་ལྟོས་ནས་སྐྱོན་གསུམ་དང་བྲལ་བ་དགོས་ཏེ། དོན་གསལ་ལས། ཇི་ལྟ་བ་བཞིན་དུ་མཚོན་པར་བྱེད་པས། ཞེས་གསུངས་པའི་ཕྱིར། མཚོན་བྱ་གཅིག་ལ་མཚན་ཉིད་མི་འདྲ་བ་ཚན་པ་གསུམ་གསུངས་པའི་དགོས་པ་ནི། མ་འོངས་པ་ན་རང་དོན་ཕུན་ཚོགས་དང༌། གཞན་དོན་ཕུན་ཚོགས་བསྐྱེད་པའི་ནུས་པ་གཉིས་མཚན་གཞི་དེ་དང་དེ་དག་ལ་ཡོད་དོ་ཞེས་གོ་བའི་ཕྱིར་དང༌། ནུས་པ་དེ་ཡང་གང་ལ་ཐེག་ཆེན་སྦྱོར་བའི་ཐ་སྙད་འཇུག་པའི་མཚན་གཞི་དེ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ལ། དེ་རེ་རེ་ལ་ཡང་བཅུ་དྲུག་དང༌། བདུན་དང༌། གསུམ་ལ་སོགས་པ་ཕྱེ་བ་དེ་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་དགོངས་པའོ། །གཉིས་པ་མཚན་ཉིད་སོ་སོའི་ངོ་བོ་ལ། འདི་ལྟར་སྤྱིར་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཙམ་གྱི་མཚན་ཉིད་ནི། ཐེག་ཆེན་སྦྱོར་བའི་ཐ་སྙད་ཐུན་མོང་མ་ཡིན་པར་མཚོན་བྱེད་དམ། ཐ་སྙད་དེ་གང་ལ་མཚོན་པར་བྱ་བའི་མཚན་གཞི་གང་རུང་ངོ༌། །དབྱེ་ན་བྱེད་བསྒྲུབ་ཀྱི་དབང་དུ་བྱས་པའི་དང༌། ལས་བསྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དོ། །དང་པོའི་མཚན་ཉིད་ནི། ཐེག་ཆེན་སྦྱོར་བ་ཐུན་མོང་མ་ཡིན་པར་མཚོན་བྱེད་དོ། །དབྱེ་ན་དེའི་ཤེས་པའི་དབང་དུ་བྱས་པའི་དང༌། བྱེད་པའི་དང༌། ཁྱད་པར་གྱི་དབང་དུ་བྱས་པའི་མཚན་ཉིད་དོ། །འདི་ཡང་ཤེས་མཚན་སོགས་ཀྱི་རང་ལྡོག་ནས། ཐེག་ཆེན་སྦྱོར་བའི་མཚན་ཉིད་མ་ཡིན་ཏེ། དཔེར་ན་མེའི་མཚན་ཉིད་དེ་མེའི་མཚན་ཉིད་མ་ཡིན་པ་བཞིན་ནོ། །དེ་དང་དེ་ཡིན་ན་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་དགོས་ཏེ། དཔེར་ན་མེའི་མཚན་ཉིད་ཡིན་ན་དེ་ཉིད་ཡིན་དགོས་པ་བཞིན་ནོ། །ཐེག་ཆེན་སྦྱོར་བའི་ཤེས་པའི་མཚན་ཉིད་སོགས་ཀྱང༌། དེའི་ཤེས་པ་དང༌། དེའི་བྱེད་པ་དང༌། དེའི་ཁྱད་པར་མཚོན་བྱར་འཇོག་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེའི་མཚན་ཉིད་ཡིན་པ་གཞིར་བྱས་པ་ལ། དེའི་ཤེས་པའི་ཆ་ནས་དང༌། ཁྱད་པར་གྱི་ཆ་ནས་དང༌། བྱེད་པའི་ཆ་ནས་བཞག་པའོ། །དེས་ན་ཐེག་ཆེན་སྦྱོར་བའི་ཤེས་མཚན་གྱི་མཚན་ཉིད་ནི། དེའི་ཐུན་མོང་མ་ཡིན་པར་མཚོན་བྱེད་གང་ཞིག དེའི་ཤེས་པའི་ཆ་ནས་བཞག་པ་ཞེས་སམ། ཡང་ན། ཁྱོད་དེའི་མཚན་ཉིད་གང་ཞིག ཁྱོད་དེའི་མཚན་ཉིད་དུ་བཞག་པ་ལ་བརྟེན་ནས། ཐེག་ཆེན་སྦྱོར་བའི་མཚན་གཞི་ཐམས་ཅད་རང་དོན་རྟོགས་པ་ཕུན་ཚོགས་བསྐྱེད་བྱེད་དུ་གོ་ནུས་པའོ། །དབྱེ་ན་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་དང༌། དེའི་ལམ་ཤེས་སྦྱོར་བའི་དང༌། དེའི་རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ནོ། །དང་པོ་ལ་མཚན་ཉིད་ནི། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བར་ཐུན་མོང་མ་ཡིན་པར་མཚོན་བྱེད་གང་ཞིག དེའི་རྟོགས་པའི་ཆ་ནས་བཞག་པ། ཞེས་སོགས་སྔ་མ་བཞིན་དུ་སྦྱར་རོ། །དེའི་མཚན་གཞི་ནི། དེ་བཞིན་གཤེགས་པ་འབྱུང་བ་སོགས་གཞི་སྐྱེ་མེད་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་རོ། །གཉིས་པ་ལམ་ཤེས་སྦྱོར་བའི་ཤེས་མཚན་གྱི་མཚན་ཉིད་ནི། དེ་དེར་མཚོན་བྱེད་གང་ཞིག དེའི་ཤེས་པའི་ཆ་ནས་བཞག་པའོ། །དེའི་མཚན་གཞི་ནི། རྣམ་ཐར་སྒོ་གསུམ་ལ་སོགས་པ་ལམ་སྐྱེ་མེད་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་རོ། །གསུམ་པའི་མཚན་ཉིད་ནི། དེ་གང་ཞིག་དེའི་ཆ་ནས་བཞག་པའི་ཞེས་སོགས་སོ། །དེའི་མཚན་གཞི་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པ་སོགས་རྣམ་པའི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་རོ། །དེ་རེ་རེ་ལ་ཤེས་པ་བཅུ་དྲུག ཕྲག་རེ་རེ་ཕྱེ་བས་ཤེས་མཚན་ཞེ་བརྒྱད་དོ། །གཉིས་པ་ཐེག་ཆེན་སྦྱོར་བའི་ཁྱད་མཚན་གྱི་མཚན་ཉིད་ནི། དེ་དེར་མཚོན་བྱེད་གང་ཞིག ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཆ་ནས་བཤད་པའི་མཚན་ཉིད་དོ། །འདིར་མཚོན་བྱ་ལ་མི་འདྲ་བ་གསུམ་དང་གཉིས་སུ་ཕྱེ་བ་མེད་ལ། མཚན་གཞི་ནི། སློབ་དཔོན་གྱིས་ལམ་ཤེས་སྦྱོར་བ་དང༌། རྣམ་མཁྱེན་གྱི་སྦྱོར་བ་གཉིས་གསུངས་ལ། གཞི་ཤེས་སྦྱོར་བ་མཚན་གཞིར་མི་འཇོག་པའི་རྒྱུ་མཚན་ནི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་མི་ནུས་པས་སོ། །དེ་ཡང་ཐབས་ཀྱི་ཆ་ནས་དེར་མི་ནུས་པ་མ་ཡིན་ཀྱང༌། ཤེས་རབ་ཀྱི་ཆ་ནས་དེར་མི་ནུས་པའོ། །དེའི་ཤེས་བྱེད་ཀྱང༌། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་རྒྱུ་མཚན་གྱིས་སོ། །རྟོགས་རིགས་དེར་གནས་ཀྱང༌། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བས་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར་དེར་མཚོན་ནུས་སོ་སྙམ་ན། དེས་དེ་རྟོགས་པའི་ཆ་ལ་ནི་གཞི་ཤེས་སྦྱོར་བའི་མིང་གིས་མི་འདོགས་ལ། སྦྱོར་བ་གཞན་གཉིས་གང་རུང་གི་མིང་གིས་འདོགས་པས། དེའི་ནང་དུ་འདུས་སོ། །གསུམ་པ་ཐེག་ཆེན་སྦྱོར་བའི་བྱེད་མཚན་གྱི་མཚན་ཉིད་ནི། དེ་དེར་མཚོན་བྱེད་གང་ཞིག དེའི་བྱེད་ལས་ཀྱི་ཆ་ནས་བཞག་པའི་མཚན་ཉིད་དོ། །ཞེས་སམ། ཁྱོད་དེའི་མཚན་ཉིད་དུ་བཞག་པ་ལ་བརྟེན་ནས་ཐེག་ཆེན་གྱི་སྦྱོར་བ་དེས་མ་འོངས་པ་ན་གཞན་དོན་འཕྲིན་ལས་ཕུན་ཚོགས་ཀྱི་ངོ་བོར་གོ་ནུས་པའོ། །དབྱེ་ན་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་དང༌། ལམ་ཤེས་སྦྱོར་བའི་དང༌། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་ནོ། །དང་པོ་ནི། དེར་མཚོན་བྱེད་གང་ཞིག དེའི་བྱེད་པའི་ཆའོ། །མཚན་གཞི་ནི། གདུལ་བྱ་ལ་ཕན་བདེ་སྐྱོབ་གསུམ་གྱི་མཛད་པ་ཉེ་བར་བསྒྲུབ་པའི་སེམས་དཔའི་རྣལ་འབྱོར་རོ། །གཉིས་པའི་མཚན་ཉིད་ནི། དེ་གང་ཞིག་དེའི་བྱེད་པའི་ཆའོ། །མཚན་གཞི་ནི། གདུལ་བྱ་ལ་སྐྱབས་སོགས་བདུན་གྱི་མཛད་པ་ཉེ་བར་བསྒྲུབ་པའི་སེམས་དཔའི་རྣལ་འབྱོར་རོ། །གསུམ་པའི་མཚན་ཉིད་ནི། དེ་གང་ཞིག་དེའི་བྱེད་པའི་ཆའོ། །དེའི་མཚན་གཞི་ནི་རྟེན་གྱི་མཛད་པ་གཅིག་པོ་ཉེ་བར་བསྒྲུབ་པའི་སེམས་དཔའི་རྣལ་འབྱོར་རོ། །བཞི་པ་ངོ་བོ་ཉིད་མཚན་གྱི་མཚན་ཉིད་ནི། ཐེག་ཆེན་སྦྱོར་བའི་ཤེས་ཁྱད་བྱེད་པ་གསུམ་གྱི་ཐེག་ཆེན་སྦྱོར་བའི་ཐ་སྙད་གང་ལ་མཚོན་པའི་མཚན་གཞིར་གྱུར་པའོ། །དབྱེ་ན་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་མཚན། ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་མཚན། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་མཚན་ནོ། །མཚན་ཉིད་དང་མཚན་གཞི་ནི་རིམ་པ་བཞིན་དུ། གཞི་ཤེས་སྦྱོར་བའི་ཤེས་པ་དང༌། བྱེད་པ་གཉིས་ཀྱིས་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་ཐ་སྙད་གང་ལ་མཚོན་པའི་མཚན་གཞིར་གྱུར་པ་དང༌། ལམ་ཤེས་སྦྱོར་བའི་ཤེས་ཁྱད་བྱེད་པ་གསུམ་གྱིས་ལམ་ཤེས་སྦྱོར་བའི་ཐ་སྙད་གང་ལ་མཚོན་པའི་གཞིར་གྱུར་པ་དང༌། རྣམ་མཁྱེན་སྦྱོར་བའི་དེ་གསུམ་གྱིས་དེའི་ཐ་སྙད་གང་ལ་མཚོན་པའི་གཞིར་གྱུར་པའོ། །དེ་དག་གི་མཚན་གཞི་ནི། ཉོན་མོངས་རྟགས་དང་ཞེས་སོགས་ཀྱིས་བསྟན་པའི་སྦྱོར་བའི་ངོ་བོ་ཉིད་བཞི་དང༌། དཀའ་དང་ངེས་པ་དང༌། ཞེས་སོགས་ཀྱིས་བསྟན་པའི་ངོ་བོ་ཉིད་ལྔ་དང༌། དམིགས་པ་ཞེས་བྱ་གང་ཡིན་དང༌། ཞེས་པའི་གཞུང་གིས་བསྟན་པའི་ངོ་བོ་ཉིད་བདུན་ནོ། །མཚན་གཞི་གསུམ་པོ་འདི་དང༌། ཟབ་པའི་སྦྱོར་བ་སོགས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་མཚོན་སྦྱོར་འགོད་པའི་ཚེ། ཚིག་ཏུ་གང་བདེ་མཚན་གཞིར་བཟུང་བར་བྱ་ལ། དེ་ཡང་གང་ཟག་གི་བདག་མེད་རྟོགས་པས་ཟབ། ལམ་སྐྱེ་མེད་དུ་རྟོགས་པས་གཏིང་དཔག་དཀའ། རྣམ་པ་སྐྱེ་མེད་དུ་རྟོགས་པས་ཚད་མེད་པ་ཞེས་བྱའོ། །གསུམ་པོ་འདི་ཡང་བསྡུ་ན། ཡུལ་ལ་མི་གནས་པའི་སྦྱོར་བ་དང༌། ཡུལ་ཅན་ལ་མི་སྦྱོར་བའི་སྦྱོར་བ་ཞེས་བྱ་བ་གཉིས་སུ་འགྱུར་ལ། འདི་ཡང་ལྡོག་པས་ཕྱེ་བ་ཡིན་གྱི། ཐེག་ཆེན་གྱི་སྦྱོར་བ་གཅིག་ལ་ཡང་འདི་གསུམ་ཀ་ཚང་དགོས་སོ། །དེ་ལྟ་ན། འདིར་བཤད་པའི་སྦྱོར་བ་གསུམ་ནི། སྔར་བཤད་པའི་རྣམ་པ་ཉེར་བདུན་པོ་དེ་ཉིད་འཛིན་སྟངས་ཀྱི་བཟུང་བྱར་བྱས་ནས་གོམས་པར་བྱེད་པའི་རྣལ་འབྱོར་དང་པོ་དྲུག་དང༌། བརྒྱ་དང་བཅུ་པོ་དེར་བྱས་ནས་གོམས་པར་བྱེད་པའི་རྣལ་འབྱོར་རོ། །དེ་ལྟར་ན་སྦྱོར་བ་གསུམ་ཀའི་རང་ལྡོག་ནས་ལམ་ཤེས་དང༌། ལམ་ཤེས་ཕྱིན་གྱི་རྣལ་འབྱོར་ཡིན་པ་ལ་ཁྱད་པར་མེད་ཀྱང༌། ལམ་ཤེས་ལ་ཐེག་པ་གསུམ་ཀའི་རྟོགས་རིགས་ཚང་བས། གཞི་ཤེས་སྦྱོར་བ་དང༌། ལམ་ཤེས་སྦྱོར་བ་དང༌། རྣམ་མཁྱེན་གྱི་རྟོགས་རིགས་རྗེས་མཐུན་པ་ལ། རྣམ་མཁྱེན་གྱི་སྦྱོར་བ་ཞེས་པའི་ཐ་སྙད་བྱས་སོ། །གཉིས་པ་མཚོན་པའི་ཚུལ་ལ་གཉིས་ཏེ། སྤྱིར་མཚོན་ཚུལ་དང༌། བྱེ་བྲག་གི་མཚོན་ཚུལ་ལོ། །དང་པོ་ནི། སྦྱོར་བ་ཉི་ཤུའམ། ངོ་བོ་ཉིད་བཅུ་དྲུག་གམ། ཟབ་པའི་སྦྱོར་བ་སོགས་གསུམ་མཚན་གཞི། ཐེག་ཆེན་གྱི་སྦྱོར་བར་མཚོན་ཞེས་བྱས་ཀྱང་སྐྱོན་ཆེར་མེད་ཅིང༌། བྱིས་པ་འཇུག་བདེ་ལ། ཡང་ན། ཐེག་ཆེན་སྦྱོར་བའི་ཐ་སྙད་བྱ་རུང་དངོས་ཡིན་པར་མཚོན། གཞི་ལམ་རྣམ་གསུམ་གྱི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་དང༌། ཕན་བདེ་སོགས་ཀྱི་མཛད་པ་ཉེ་བར་བསྒྲུབ་པའི་རྣལ་འབྱོར་ཡིན་པ་དང༌། བསམ་མི་ཁྱབ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པའོ། །གཉིས་པ་ལ། ཤེས་མཚན་དང་བྱེད་མཚན་གཉིས་ཀྱི་དང༌། ཁྱད་མཚན་གྱི་མཚོན་ཚུལ་ལོ། །དང་པོ་ནི། ཟབ་པའི་སྦྱོར་བ་མཚན་གཞི། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་དང་ཞེས་པའི་སྐབས་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་པོ་གང་རུང་ཡིན་པ། གཏིང་དཔག་དཀའ་བའི་སྦྱོར་བ་མཚན་གཞི། ལམ་ཤེས་ཀྱི་སྦྱོར་བར་མཚོན། སྟོང་ཉིད་མཚན་མ་མེད་བཅས་དང༌། །ཞེས་པའི་སྐབས་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་པོ་གང་རུང་ཡིན་པ། ཚད་མེད་པའི་སྦྱོར་བ་མཚན་གཞི། རྣམ་མཁྱེན་གྱི་སྦྱོར་བར་མཚོན། དེ་ནི་ཉིད་ཀྱི་ཆོས་བསྟན་ནས། །ཞེས་པའི་སྐབས་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་པོ་གང་རུང་ཡིན་པ། གཉིས་པ་ནི་དེ་དང་དེ་མཚན་གཞིར་བཞག་ནས། དེ་དང་དེར་མཚོན་པ་ལ། ཕན་དང་བདེ་དང་ཞེས་པའི་གཞུང་གིས་བསྟན་པའི་དང༌། མི་རྣམས་ཀྱི་ནི་སྐྱབས་དག་དང༌། །ཞེས་པའི་གཞུང་གིས་བསྟན་པའི་དང༌། ཐ་མ་བརྟེན་གྱི་མཛོད་པ་སྟེ། །ཞེས་པའི་སྐབས་ནས་བསྟན་པའི་མཛད་པ་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པའོ། །གཉིས་པ་ཁྱད་མཚན་གྱི་བྱེ་བྲག་སྦྱོར་ནི། སྔ་མ་དང་མི་འདྲ་སྟེ། འདིར་མཁྱེན་གསུམ་གྱི་སྦྱོར་བ་སོ་སོར་ཕྱེ་ནས་མཚོན་བྱར་བཞག་པ་མེད་པའི་ཕྱིར་དང༌། གཞུང་ལས། སྦྱོར་བ་གཉིས་མཚན་གཞིར་བཞག་ནས། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་སོ་ཞེས་མཚོན་པར་གསུངས་པའི་ཕྱིར་ཏེ། རྩ་བར་གང་གི་ལམ་འདི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་དང༌། འགྲེལ་པ་ལས། ལམ་ཤེས་པ་ཉིད་ལ་སོགས་པ་གཉིས་ཁྱད་པར་གྱི་ལམ་གྱིས་ཁྱད་ཞུགས་པ་ཡིན་ནོ། །ཞེས་གསུངས་ལ། གཞན་སྦྱོར་བ་རྣམས་ཀྱི་སྐབས་སུ་ཇི་ལྟ་བ་བཞིན་དུ། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་དང༌། ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་དག་མཚོན་ཞེས་གསུངས་པས་སོ། །དེས་ན་གཏིང་དཔག་དཀའ་བ་དང༌། ཚད་མེད་པའི་སྦྱོར་བ་མཚན་གཞི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པའོ། །འདི་ནི་སྒྲུབ་བྱེད་ཙམ་ཡིན་པས། ཁྱབ་པའི་སྒོ་བཞི་བརྩི་མི་དགོས་ལ། ཡང་ན་ཁྱད་མཚན་གྱི་སྐབས་སུ། རྒྱས་བཤད་ན་མཚོན་སྦྱོར་མེད་པ་དང༌། མདོར་བསྟན་དུ་མཚོན་སྦྱོར་བཤད་པ་གཉིས་ལས། མདོར་བསྟན་སྤྱི་སྦྱོར་གྱི་དབང་དུ་བྱས་ཤིང༌། རྒྱས་བཤད་བྱེ་བྲག་སྦྱོར་གྱི་དབང་དུ་བྱས་ནས། དེ་ཆོས་ཅན། དེ་ལས་ཁྱད་པར་དུ་འཕགས་ཏེ། དེའི་རྟོགས་རིགས་སུ་གནས་པའི་རྣལ་འབྱོར་ཡིན་པའི་ཕྱིར། ཞེས་སྒྲུབ་བྱེད་ཉིད་བཀོད་པར་བྱེད་དོ། །གསུམ་པ་གསུངས་པའི་དགོས་པ་ནི། མཚན་ཉིད་དེ་དང་དེ་དག་མཚན་གཞིར་བཟུང་ནས། ཐེག་ཆེན་སྦྱོར་བའི་ཤེས་མཚན། ཁྱད་མཚན་བྱེད་མཚན་གསུམ་དུ་མཚོན་པ་ལ། སྔར་གྱི་དེ་དང་དེའི་མཚན་ཉིད་བཀོད་པ་ལས་རྟོགས་པར་འགྱུར་བ་ཡིན་ལ། དེ་ཡང་མདོར་བསྡུས་ན། དེ་བཞིན་གཤེགས་པ་འབྱུང་བ་དང་ཞེས་སོགས་ཀྱིས་ཤེས་པ་བཅུ་དྲུག་ཕྲག་གསུམ་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་བཞག་པས་ནི། ཐེག་ཆེན་སྦྱོར་བ་ལ་མ་འོངས་པ་ན་སངས་རྒྱས་པའི་ཤེས་པ་བཅུ་དྲུག་ཕྲག་གསུམ་བསྐྱེད་པའི་ནུས་པ་ཡོད་པར་གོ་བ་དང༌། ཕན་དང་བདེ་སོགས་ཀྱི་སྐབས་ནས་བསྟན་པའི་བྱེད་པ་བཅུ་གཅིག་པོ་དེའི་མཚན་ཉིད་དུ་བཞག་པས། དེ་ལ་སངས་རྒྱས་པའི་མཛད་པ་བཅུ་གཅིག་པོ་བསྐྱེད་པའི་ནུས་པ་ཡོད་པར་གོ་བ་དང༌། བསམ་མི་ཁྱབ་སོགས་ཁྱད་པར་གྱི། །ཞེས་པའི་སྐབས་ནས་བསྟན་པའི་ཁྱད་པར་བཅུ་དྲུག་པོ་དེའི་མཚན་ཉིད་དུ་བཞག་པས། དེ་དེ་ལས་ཁྱད་པར་དུ་འཕགས་པར་གོ་ནུས་པ་དང༌། ངོ་བོ་ཉིད་མཚན་བཤད་པས་ནི། ཁྱད་པར་དེ་དང་དེ་དག་གང་ལ་ལྡན་པའི་ཁྱད་གཞི་གོ་ནུས་པ་དང༌། ཡན་ལག་རྒྱས་བཤད་ནའང་མཚོན་བྱ་བཤད་པ་མེད་ཀྱང༌། ལུས་རྣམ་བཞག་དུ་སྦྱོར་བ་བཅས་རྣམ་དང༌། ཞེས་མཚོན་བྱ་བཤད་པས་ནི། མཚན་ཉིད་དང་མཚན་གཞི་དེ་དག་གི་མིང་གི་ཐ་སྙད་ལ་རྨོངས་པ་སེལ་བར་བྱེད་པ་ཡིན་ནོ། །འདིར་སྨྲས་པ། མཚན་མ་མེད་པའི་ཆོས་ཚུལ་མི་སེམས་པར། །མཚན་དང་ཉིན་ལ་དཔྱོད་པའི་རྟོག་གེ་པས། །མཚན་ཉིད་རྣམ་གཞག་མང་དུ་སྨྲས་གྱུར་ཀྱང༌། །མཚན་མཚོན་དེང་འདིར་དགོས་པ་འཆད་ཤེས་སམ། །ཞེས་སྨྲས་པ་ཡིན་ནོ།།  །།ལྔ་པ་ཉེར་རྒྱུ་ཐར་པ་ཆ་མཐུན་ལ། གང་ལ་སྐྱེ་བའི་རྟེན། བརྟེན་པ་ལམ་གྱི་ངོ་བོ། ཐར་པ་ཆ་མཐུན་སྐྱེས་པའི་རྟགས་དང་མཚན་མ་ངོས་བཟུང་བའོ། །དང་པོ་ལ། ལུས་ཀྱི་རྟེན་ནི། མཛོད་ལས་མིའི་ནང་ནས་འཕེན་པར་བྱེད། །ཅེས་དང༌། འགྲེལ་པར། གླིང་གསུམ་ནས་འཕེན་གྱི། གཞན་ནས་མ་ཡིན་ཏེ། ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ། །ཞེས་ངན་སོང་ན་ཤེས་རབ་དང༌། སྒྲ་མི་སྙན་པ་དང༌། ལྷ་ལ་སྐྱོ་བ་མེད་པར་བཤད་དོ། །ཐེག་པ་ཆེན་པོ་པ་ལྟར་ན། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་དང༌། ཀླུ་ཉི་ཁྲི་ཅིག་སྟོང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་གསུངས་པ་དང༌། ལམ་ཤེས་ཀྱི་མདོར། གཟུགས་ཀྱི་ལྷས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་གསུངས་སོ། །སེམས་ཀྱི་རྟེན་ནི། མཛོད་ལས། ཐོས་བསམ་ལས་བྱུང་ལས་གསུམ་མོ། །ཞེས་བསྒོམ་བྱུང་མ་བཤད་པ་ལྟར་ན། འདོད་པའི་སེམས་ཁོ་ན་ལ་བརྟེན་པ་དང༌། གོང་མ་ནས་དངོས་པོ་ལ་ཡོངས་སུ་རྟོག་གི་ལམ་སོགས་བཤད་པ་ལྟར་ན། བསམ་གཏན་ས་དྲུག་ལ་བརྟེན་ཏོ། །གཉིས་པ་ནི་མཛོད་ལས། ཐོས་བསམ་བསྒོམ་གསུམ་གྱི་ལས་སུ་བཤད་ལ། ཀུན་བཏུས་སུ་ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་བསྡམ་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཤེས་བཞིན་དུ་གནས་པ་ལ་མངོན་པར་དགའ་བ་དང༌། གང་ཡང་རྒྱུར་གྱུར་པའི་དགེ་བ་གཞན་དང༌། ཐོས་པ་དང་བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ། དེ་གོམས་པ་ལས་བདེན་པ་རྣམས་མངོན་པར་རྟོགས་པར་འགྱུར་བ་དང༌། རྣམ་པར་ཐར་པའི་གནས་ཀྱི་སྣོད་ཉིད་དུ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་འདིར་ཐོས་བསམ་གཙོ་ཆེ་བ་ཡིན་གྱི། སྒོམ་བྱུང་མེད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་འདིར་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་མ་ཐོབ་པས། ངེས་འབྱེད་ཆ་མཐུན་དུ་མི་འཇོག་པ་དང༌། དད་སོགས་རྣམས་ཀྱང་དབང་པོར་མི་འཇོག་པ་བཞིན་ནོ། །གསུམ་པ་ཐོབ་པའི་རྟགས་ནི། མཛོད་འགྲེལ་ལས། འཁོར་བའི་ཉེས་དམིགས་དང༌། མྱ་ངན་ལས་འདས་པའི་གཏམ་ཐོས་ན་སྤུ་ཟིངས་བྱེད་པ་དང༌། མཆི་མ་འཁྲུག་པར་བྱེད་པ་དེ་ལ་ནི། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། ཞེས་དང༌། ཉི་སྣང་ལས། ཐར་པའི་ཆ་དང་མཐུན་པ་འདིའི་རྟགས་ནི་རྣམ་པ་གསུམ་སྟེ། སེམས་མི་ཞུམ་ཞིང་མི་དངངས་བའི་མཚན་ཉིད་དང༌། མི་འགོང་ཞིང་མི་སྐྲག་པའི་མཚན་ཉིད་དང༌། ཡིད་ལ་འགྱོད་པ་མེད་ཅིང་སྐྲག་པར་མི་འགྱུར་བའི་མཚན་ཉིད་ནི་ཞེས་གསུངས་སོ། །མདོར་ན་ཐར་པ་མྱང་འདས་ལ་དམིགས་པའི་དགེ་བའི་རྩ་བ་གང་ནས་སྐྱེས་པ་དེ་ནས། ཐར་པ་ཆ་མཐུན་དུ་འཇོག་ནུས་ཀྱང༌། ཚོགས་ལམ་དུ་བཞག་མི་ནུས་ཏེ། མདོ་སྡེ་དཀོན་མཆོག་སྤྲིན་ལས། བསྐལ་པ་གྲངས་མེད་པ་གསུམ་གྱི་ཐོག་མ་གང་ནས་བརྩོམ་ཞེ་ན། ཚོགས་ཀྱི་ལམ་ནས་ཡིན་གྱི། ཐར་པའི་ཆ་དང་མཐུན་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་ཚོགས་ལམ་ལ་ཐར་པ་ཆ་མཐུན་གྱིས་ཁྱབ་ཀྱང༌། ཅིག་ཤོས་ལ་དེས་མ་ཁྱབ་པ་ནི་ཁྱད་པར་ཡིན་ནོ། །གཉིས་པ་སྦྱོར་བ་སྐྱེས་པའི་སྒོམ་རིམ་གཏན་ལ་དབབ་པ་ལ་གསུམ་སྟེ། སྦྱོར་བ་སྐྱེས་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་གང་ཟག བསྒོམ་བྱ་སྦྱོར་བའི་ངོ་བོའོ། །དང་པོ་ལ། སྦྱོར་ལམ་འདིའི་གནས་སྐབས་སུ་མདོ་ལས། རང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་གནས་ཞེས་དང༌། རང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་གནས། ཞེས་སོགས་དཀའ་བའི་གནས་འགའ་ཞིག་བྱུང་བ་ལ་བརྟེན་ནས། སློབ་དཔོན་གྱིས། སྐབས་དང་པོ་དྲུག་གི་སྦྱོར་མཐོང་བསྒོམ་གསུམ་ལན་དྲུག་པོ་ལ་བཟློས་པ་སྤོང་བའི་གཞུང་གསུང་ངོ༌། །འདིའི་འཆད་ཚུལ་ལ་གསུམ་སྟེ། གཞུང་འདི་སློབ་དཔོན་གྱི་རང་གཞུང་དུ་བཤད་ནས། དེ་ལ་དགག་པ་མཛད་པའི་ལུགས་དང༌། གཞུང་འདི་གཞན་གཞུང་དུ་འཆད་པའི་ལུགས་དང༌། རང་གཞུང་དུ་འཆད་ཀྱང་སྡུད་འགྲེལ་དུ་འབྱུང་བ་དང་མི་མཐུན་པར་འཆད་པའི་ལུགས་སོ། །དང་པོ་ནི། གཞུང་འདིའི་དངོས་བསྟན་སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་བསྒོམ་གསུམ་མཚན་ཉིད་པ་དང༌། སྦྱོར་བ་དང་པོ་གསུམ་གྱི་སྐབས་ཀྱི་སྦྱོར་མཐོང་བསྒོམ་གསུམ་ནི། དག་པ་སའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་ལ་དེ་གསུམ་གྱི་མིང་གིས་བཏགས་ནས་སྟོན་པ་ཡིན་ནོ། །ཞེས་པ་སློབ་དཔོན་གྱི་དགོངས་པར་བྱས་ནས། དེ་འགོག་པ་ལ་ལུགས་གཉིས་ཏེ། ཨ་བྷྱ་ཀ་རས་བཀག་པ་དང༌། ལོ་ཙཱ་བ་ཆེན་པོས་བཀག་པའོ། །དང་པོ་ནི། གནད་ཀྱི་ཟླ་འོད་ལས། ཆེན་པོ་འགའ་ཞིག་ལ་ཡང་སོ་སོ་སྐྱེ་བོ་ཉིད་ཀྱིས་བག་མེད་པ་ལས་འཁྲུལ་པ་སྲིད་དོ། །དེས་ན་རྣམ་ཀུན་དུ་བཤད་པ་རྣམས་མཚན་ཉིད་པ་ཡིན་ལ། རྩེ་མཐར་གཉིས་ཀྱི་དེ་རྣམས་ནི་བཏགས་པའོ། །རྣམ་ཀུན་བཏགས་པ་བར་འཆད་པ་མི་འཐད་དེ། འཕགས་པས་རྣམ་མཁྱེན་པ་དང༌། རྣམ་ཀུན་གྱི་སྦྱོར་ལམ་གྱི་ཁྱད་པར་ལ། མངོན་པར་རྟོགས་པ་ལྡན་པ་དང༌། སྦྱོར་བ་པར་བཤད་ཀྱི། ཁྱད་པར་གྱི་ལམ་ཡིན་མིན་གྱི་ཁྱད་པར་མ་བཤད་པ་དང༌། མཐོང་ལམ་གྱི་སྐད་ཅིག་གསུམ་པ་ལ་ཉན་རང་གི་སར་ལྟུང་སྲིད་པར་བཤད་པས། དེ་ཁྱད་པར་གྱི་ལམ་ལ་མི་འཐད་པའི་ཕྱིར་དང༌། ཉི་སྣང་ལས་མཁྱེན་གསུམ་དང༌། རྣམ་ཀུན་གྱི་བཟློས་སྤོང་འཆད་པ་ན། མཚན་ཉིད་པ་དང༌། སྦྱོར་བ་པའོ། །ཞེས་བཤད་པ་ཡོད་ཀྱི། ཁྱད་པར་གྱི་ལམ་ཡིན་མིན་དུ་བཤད་པ་མེད་པའི་ཕྱིར། ཞེས་གསུང་ངོ༌། །གཉིས་པ་ནི། ལོ་ཙཱ་བ་ཆེན་པོའི་གསུང་གིས། སློབ་དཔོན་གྱིས་བཤད་པ་འདི་ནི་ནོར་བ་ཡིན་གྱི། གདགས་པའི་རྒྱུ་མཚན་འདྲ་བ་ཁྱད་པར་ཅན་ཡང་མེད་ལ། དགོས་པའང་མེད་དེ། སྒོམ་ལམ་དེ་ཅིག་ཆར་དུ་སྐྱེ་བ་སུ་ཡང་མི་འདོད་པས། དགག་མི་དགོས་ལ། དགོས་ནའང་མ་བརྟགས་པ་ཉིད་གོ་བར་བྱས་པས། དགག་པ་ཆེས་འགྲུབ་བོ། །དངོས་ལ་གནོད་པའང་ཅི་ཡང་མེད་དེ། དེ་སྐབས་ཀྱི་དེ་དང་དེ་ལ། དེ་དང་དེ་དག་གི་མཚན་ཉིད་ལེགས་པར་ཚང་བའི་ཕྱིར་རོ། །བཟློས་པ་ནི་མཚན་ཉིད་པ་དང༌། སྦྱོར་བ་པ་ལ་སོགས་པ་རྣམ་པ་དུ་མར་སྤངས་པས་སོ། །དེས་ན་བཏགས་པའི་ལུགས་ལམ་རྐྱང་པར་འདོད་པ་ཉིད་ནི། རྗེ་བཙུན་གྱི་དགོངས་པ་གཏན་མ་ཡིན་ཏེ། དོན་འདི་ནི་རེ་ཤིག་བཞག་གོ་ཞེས་གསུངས་སོ། །བཤེས་གཉེན་གྲོ་ལུང་པ་ཆེན་པོ་ནི། སྡུད་པ་ཚིགས་སུ་བཅད་པའི་འགྲེལ་པ་སློབ་དཔོན་འདིས་སྦྱར་བ་ལས། ལམ་རྐྱང་པ་བའི་བཤད་པ་བྱུང་བ་དེ་ཉིད། འགྲེལ་ཆེན་དུ་ཡང༌། སྦྱོར་བ་དང་པོའི་ངེས་འབྱེད་དང༌། གཉིས་པའི་མཐོང་ལམ་གྱི་སྐབས་དང༌། འགྲེལ་པ་དོན་གསལ་འདི་ཉིད་ཀྱིའང་སྦྱོར་བ་དང་པོའི་ངེས་འབྱེད་ཀྱི་སྐབས་སུ། སྦྱོར་མཐོང་བསྒོམ་གསུམ་དང་མཐོང་སྤང་སྤངས་པ་སོགས་བཏགས་པ་བར་བྱས་ནས། རྩེ་མོ་ས་བཅུ་པ་ལ་སོགས་པའི་གནས་སྐབས་སུ་བཞག་པ་ནི། ཡུམ་མཐའ་དག་གི་དོན་ཇི་ལྟ་བ་ལས་ཐག་རིང་ཞིང༌། རྒྱངས་ཆད་པའི་གཏམ་དུ་ཤིན་ཏུ་གསལ་ཏེ། སྐབས་དང་པོ་ས་དྲུག་པ་མན་ཆད་དུ་བསྐྱེད་པ་དང༌། ལམ་ཤེས་པ་ས་བདུན་པ་དང༌། རྣམ་ཀུན་མངོན་རྟོགས་ས་བརྒྱད་པ་ལ་སོགས་པར་བསྐྱེད་པར་འདོད་པ་ན། ས་བདུན་པ་མན་ཆད་ན། མཚན་ཉིད་པ་ཤེས་བྱའི་ཡུལ་དུ་བྱས་ནས། བརྒྱད་པ་ཡན་ཆད་སྦྱོར་བས་ཐོབ་པ་དང༌། དེའི་གནས་སྐབས་སོ་སོའི་རབ་ལ་སོགས་པ་བྱ་བར་ཚངས་པས་ཀྱང་མི་ནུས་པའི་ཕྱིར་རོ། །དེ་ན་འདི་ནི། སློབ་དཔོན་འཕགས་པ་གྲོལ་སྡེ་ལ་སོགས་པའི་རྗེས་སུ་འབྲངས་ཏེ། སློབ་དཔོན་རྗེ་བཙུན་ལོ་ཙཱ་བ་ཆེན་པོའི་གསུང་ཚད་མར་བྱས་པའོ་ཞེས་གསུང་ངོ༌། །གཉིས་པ་ནི། བར་གྱི་མཁས་པ་དུ་མ་ན་རེ། གཞུང་འདི་སློབ་དཔོན་གྱིས་གཞན་གྱི་བཞེད་པ་བཀོད་པ་ཡིན་ཏེ། འགྲེལ་ཆེན་དུ། ཞེས་བྱ་བ་ནི་ཁ་ཅིག་གིའོ་ཞེས་དང༌། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱར་བཤད་པའི་རྟོག་པ་རྣམས་སྔོན་ཉིད་དུ་སྤངས་ཟིན་པས། རབ་ཀྱི་མཐར་ཕྱིན་པའི་གནས་སྐབས་འདི་ལ་ཇི་ལྟར་སྤོང་ཞེས་པའི་ལན་དུ། ས་བཅུ་པ་ལ་རྨོངས་པ་གཉིས་དང༌། དེའི་གནས་ངན་ལེན་སྤང་བར་གསུངས་པས། དེ་དང་འབྲེལ་པར་རྩེ་མོའི་མངོན་རྟོགས་ལ་བག་ལ་ཉལ་སྤངས་པས། དེའི་འབྲས་བུ་གཟུང་འཛིན་གྱི་རྟོག་པ་རྣམས་བཟློག་པའི་ཕྱིར་གཏན་ནས་སྤོང་ལ། ས་གཞན་དུ་ནི། རེ་འགའ་བའི་སྤང་བ་ཡིན་པས་ཉེས་པ་མེད་པར་སྔོན་གྱི་སློབ་དཔོན་རྣམས་འཆད་དོ་ཞེས་གསུངས་པའི་ཕྱིར། ཞེས་གསུང་ངོ༌། །འདི་ཡང་བརྟགས་ན་དཀའ་བ་ཡིན་ཏེ། འདི་གཞན་གཞུང་ཡིན་ན་རང་ལུགས་ཀྱི་བཟློས་པ་སྤོང་ཚུལ་ཞིག་མཛད་དགོས་པ་ལས། དེ་ཡང་མ་མཛད་པའི་ཕྱིར་དང༌། སྡུད་འགྲེལ་དུ། ལམ་རྐྱང་པ་བའི་ལུགས་ཤིག་བཀོད་ཀྱང༌། དེ་སློབ་དཔོན་འདིས་མཛད་པའི་འགྲེལ་པ་ཡིན་པ་ལ་ཤེས་བྱེད་མི་སྣང་བའི་ཕྱིར་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང༌། འགྲེལ་པ་དེ་དང་མི་མཐུན་པའི་བཤད་པ་བྱས་པའི་ཕྱིར་དང༌། འདིར་རྣམ་པ་དང༌། ལམ་དང་ཞེས་སོགས་ཀྱི་དོན་ཡང་བོད་ཀྱི་སློབ་དཔོན་སྔ་མ་རྣམས་ཀྱིས་འཆད་པ་དེ་ལྟར་ཡིན་པའི་ངེས་པ་མེད་དེ། སྐབས་བར་པ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་ཡིན་པར་རང་རང་སོ་སོའི་རྒྱས་བཤད་ཀྱི་འགྲེལ་པ་དོན་གསལ་ལས་ཤིན་ཏུ་གསལ་བའི་ཕྱིར། གཞན་ལུགས་བཀོད་པ་ཡིན་ན། དེ་ལ་དགག་པ་མ་བྱས་པར་རང་ལུགས་དང་རྒྱབ་འགལ་དེ་འདྲ་དཀྱུག་སུ་བཅུག་ན། བསྟན་བཅོས་རྩོམ་པ་ལ་མི་མཁས་པར་ཐལ་བའི་ཕྱིར་དང༌། འགྲེལ་བཤད་བྱེད་པ་གསུམ་གྱི་གཞུང་འདི་ལ་བཤད་པ་རྒྱས་པར་བྱས་ཀྱང༌། བོད་སྔ་མ་རྣམས་ཀྱི་འཆད་ཚུལ་དེ་འདྲ་བའི་བཤད་པ་མ་བྱས་པའི་ཕྱིར་རོ། །གསུམ་པ་ལ་གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི་དར་ཊཱིཀ་མཛད་པ་ན་རེ། བསྡུད་འགྲེལ་དུ། ལམ་རྐྱང་པའི་ལུགས་འདི་རང་ལུགས་སུ་བཞག་པ་ལྟར་སྣང་ཡང༌། འདིར་དེ་ལ་དགག་པ་དམིགས་ཕུག་སྟེ། མཛད་པའི་དབང་དུ་བྱས་ནས། གཞུང་འདི་གསུངས་པ་ཡིན་ཏེ། དེ་ཡང་སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་ལམ་གསུམ་གསུངས་པ་ནི། རྣམ་རྫོགས་སྦྱོར་བ་ས་བརྒྱད་པ་འབའ་ཞིག་ཏུ་བསྒོམ་གྱི། གཞན་དུ་མི་བསྒོམ་པའི་སྒོ་ནས་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དང༌། རྩེ་སྦྱོར་དང༌། མཐར་གྱིས་སྦྱོར་དུ་དེ་གསུམ་གསུངས་པ་ཡང༌། རྩེ་སྦྱོར་ས་དགུ་པ་དང༌། བཅུ་པའི་སྟོད་འབའ་ཞིག་དང༌། མཐར་གྱིས་སྦྱོར་ས་བཅུ་པའི་སྨད་འབའ་ཞིག་ཏུ་སྒོམ་པའི་སྒོ་ནས་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ཡིན་པ་དང༌། ཡང་སྐབས་དང་པོ་གསུམ་དུ་དེ་གསུམ་གསུངས་པ་ཡང༌། རྣམ་མཁྱེན་ཚོགས་སྦྱོར་གྱི་གནས་སྐབས་འབའ་ཞིག་ཏུ་བསྒོམ་པ་དང༌། ལམ་ཤེས་ས་དང་པོ་ནས་དྲུག་པའི་བར་འབའ་ཞིག་ཏུ་བསྒོམ་པ་དང༌། གཞི་ཤེས་ས་བདུན་པ་འབའ་ཞིག་ཏུ་བསྒོམ་པའི་སྒོ་ནས་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ཡིན་ནོ། །ཞེས་པའི་དོན་ཡིན་པར་འཆད་དོ། །དེ་ནི་རིགས་པ་མིན་ཏེ། དེ་ལྟ་བུའི་དོགས་པ་དགག་པ་ལ། སྦྱོར་མཐོང་བསྒོམ་གསུམ་ལན་དུ་མར་བསྟན་དགོས་པ་མ་ཡིན་ཏེ། དེ་ལྟར་མ་བསྟན་ཀྱང༌། རྣམ་མཁྱེན་སངས་རྒྱས་ཀྱི་མངོན་རྟོགས་ཡིན་པ་སོགས་མངོན་པར་རྟོགས་པ་བརྒྱད་ཀྱི་ས་མཚམས་སོ་སོར་བསྟན་པས་དེ་ལྟ་བུའི་ལོག་རྟོག་སེལ་ནུས་པའི་ཕྱིར་དང༌། རྣམ་མཁྱེན་ལམ་མ་ཞུགས་ཀྱི་གནས་སྐབས་ན་ཡོད་པར་འདོད་པ་སོགས་གནས་མ་ཡིན་པའི་དོགས་པ་དེ་འདྲ་འགོག་པའི་རྩོལ་བ་བསྟན་བཅོས་སུ་མི་དགོས་པའི་ཕྱིར་དང༌། གལ་ཏེ་དགོས་ནའང་སྐབས་དྲུག་དུ་ལན་དུ་མར་ལམ་གསུམ་སྟོན་པ་སོགས་ཚེགས་ཆེ་ལ། དོགས་པ་སེལ་དཀའ་བ་དེ་འདྲ་མཛད་དོན་མེད་པའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱིས་བཤད་པ་ལྟར་ན། ལམ་རྐྱང་པའི་འདོད་པ་འགོག་པའི་ཕྱིར་དུ། རྗེ་བཙུན་གྱིས་རྒྱན་དུ་སྦྱོར་མཐོང་བསྒོམ་གསུམ་ལན་དུ་མར་བསྟན་ཞེས་པར་སོང་བས། དེ་ཡང་རིགས་པ་མིན་ཏེ། བསྟན་བཅོས་དེ་དང་དེའི་འགྲེལ་བྱེད་ཕྱིས་འབྱུང་བ་རྣམས་ཀྱི་ལོག་རྟོག་འགོག་བྱེད་ཀྱི་རིགས་པ་རྣམས་བསྟན་བཅོས་རྩ་བ་དེར་འགོད་དགོས་ན་ཧ་ཅང་ཐལ་བའི་ཕྱིར། གཉིས་པ་ལ། འགྲེལ་པ་འདིའི་དོན་བཤད་པ་དང༌། དེ་ཉིད་འཕགས་པ་གྲོལ་སྡེའི་ལུང་དང་སྦྱར་བའོ། །དང་པོ་ལ། དགོས་པ་དང༌། ལེན་ནོ། །དང་པོ་ནི། འོ་ན་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་བསྒོམ་གསུམ་ལན་དུ་མར་བསྟན་པས་བཟློས་སོ་ཞེ་ན། ལན་ལ་གཉིས་ཏེ། སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་དང༌། མཁྱེན་པ་གསུམ་གྱི་ལམ་གསུམ་མི་བཟློས་པ་སྤྱིར་བཤད། ནང་མཚན་སོ་སོར་མི་བཟློས་པ་སོ་སོར་བཤད་པའོ། །དང་པོ་ནི། དེ་དང་དེ་མི་བཟློས་ཏེ། སྐབས་དང་པོ་གསུམ་དུ་ནི། སྐྱེ་མེད་གསུམ་པོ་རྟོགས་པའི་ལམ་གསུམ་གྱི་ཆ་ནས་བཤད་ལ། སྐབས་བར་པ་གསུམ་དུ་ནི་རྟོགས་པ་དེའི་རིགས་རྒྱུན་གོང་ནས་གོང་དུ་གོམས་པར་བྱེད་པའི་ཆ་ནས་བསྟན་པའི་ཕྱིར། ཞེས་འཆད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་མངོན་པར་རྟོགས་པ་གསུམ་ལ་ཞེས་པ་ནས། མཐོང་བ་དང་བསྒོམ་པའི་ལམ་རྟོགས་པ་ཡིན་ལ། ཞེས་དང༌། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་ལ་སོགས་པ་གསུམ་ལ་ནི། སྒོམ་པ་གོང་ནས་གོང་གི་ཞེས་གསུངས་སོ། །གཉིས་པ་ལ། སྐབས་དང་པོ་གསུམ་གྱི་ལམ་གསུམ་མི་བཟློས་པར་བསྟན་པ་དང༌། སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ལམ་གསུམ་མི་བཟློས་པའོ། །དང་པོ་ནི། དེ་གསུམ་དུ་དེ་བསྟན་པ་མི་བཟློས་ཏེ། སྐབས་དེ་གསུམ་དུ་ལམ་གསུམ་པོ་དེ་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ལྡོག་ཆ་ནས་སོ་སོར་བསྟན་པའི་ཕྱིར། ཞེས་འཆད་པ་ནི། རྣམ་པ་དང་ལམ་དང་ཞེས་སོགས་སོ། །གཉིས་པ་ནི། དེ་གསུམ་དུ་ལམ་གསུམ་བསྟན་པ་མི་བཟློས་ཏེ། དེར་དེ་བསྟན་པ་དེ་དབང་ཐོབ་ཕྱིར་དང༌། ཐོབ་པའི་ཚུལ་དང༌། བརྟན་པ་ཐོབ་ཕྱིར་དུ་བསྒོམ་པ་སྟེ། གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱི་སྒོ་ནས་བསྟན་པའི་ཕྱིར། ཞེས་འཆད་པ་ནི། བསྒོམ་པ་གོང་ནས་གོང་གི་ཞེས་པའོ། །མི་བཟློས་མོད་ཀྱང་དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད། མི་བཟློས་པ་ཙམ་དཔྱོད་ལྡན་གྱི་དོན་དུ་གཉེར་བྱ་མ་ཡིན་ནོ་སྙམ་ན། སྐབས་དང་པོ་གསུམ་དུ་དེ་གསུམ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ལམ་གསུམ་རང་རང་སོ་སོའི་དོན་ལྡོག་རྟོགས་པའི་ཆེད་ཡིན་པའི་ཕྱིར། དཔེར་ན་བདེན་པ་མངོན་རྟོགས་དང༌། རྗེས་ལ་མངོན་རྟོགས་དང༌། ངེས་འབྱེད་ཆ་མཐུན་གསུམ་པོ་དེ་གསུམ་གྱི་གོ་དོན་ཡིན་པར་སོ་སོར་རྟོགས་པ་བཞིན་ནོ། །ཞེས་འཆད་པ་ནི་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་སོགས་སོ། །གཉིས་པ་ནི། སྐབས་བར་པ་གསུམ་དུ་དེ་གསུམ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྐབས་དེ་གསུམ་གྱི་སྦྱོར་ལམ་གསུམ་པོ་ཅིག་ཆར་དུ་སྐྱེ་བ་དང༌། དེ་གསུམ་གྱི་མཐོང་ལམ་གསུམ་པོ་ཅིག་ཆར་སྐྱེ་བ་དང༌། དེ་གསུམ་གྱི་སྒོམ་ལམ་གསུམ་པོ་ཅིག་ཅར་སྐྱེ་བ་ཡིན་ནམ་སྙམ་པ་དགག་པའི་ཆེད་ཡིན་པའི་ཕྱིར། ཞེས་འཆད་པ་ནི། རྣམ་པ་ཐམས་ཅད་དུ་ཞེས་སོགས་སོ། །འདིར་ཟག་པ་མེད་པའི་ཡེ་ཤེས་ཞེས་པ་མཐོང་བསྒོམ་གཉིས་ནི་དེ་དངོས་ཡིན་ལ། སྦྱོར་ལམ་ཀྱང་དེ་དང་རྗེས་སུ་མཐུན་པའོ། །ཆུང་འབྲིང་ཆེན་པོའི་ཁྱད་པར་ནི། སྦྱོར་ལམ་ལྟ་བུ་གཅིག་ལ་ཡང་དབང་ཐོབ་ཕྱིར་དང༌། ཐོབ་པ་དང༌། བརྟན་པ་ཐོབ་ཕྱིར་གྱི་དབྱེ་བའོ། །ཁྱད་པར་གྱི་ལམ་གྱིས་བསྡུས་ཤེས་པ་ནི། རྣམ་རྫོགས་སྦྱོར་བ་དང༌། མཐར་གྱིས་པའི་སྦྱོར་བ་ནི། ཁྱད་པར་གྱི་ལམ་དངོས་ཡིན་ལ། རྩེ་མོའི་སྦྱོར་བ་ནི། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་གྱི་ངོ་བོར་སྐྱེས་པས། གཞུང་འདི་ལྟར་དུ་སྦྱར་བར་བྱ་སྟེ། སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་སོགས་དང༌། རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། འཕགས་པའི་ལུགས་ཙམ་པོ་སྤྱིར་བཤད་པ་དང༌། ཁྱད་པར་བ་སོ་སོར་བཤད་པའོ། །དང་པོ་ནི། ཉི་སྣང་ལས། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་རྟོགས་པ་ལ་ཁྱད་པར་ཅི་ཡོད་ཅེས་གསུངས་ལ། འདིར་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ཞེས་པ། སྦྱོར་བ་བཞི་ཀའི་སྤྱི་མིང་ཡིན་གྱི། དབང་ཐོབ་ཕྱིར་དུ་བསྒོམ་པ་ཁོ་ནའི་མིང་མ་ཡིན་ནོ། །དྲི་བ་དེའི་ལན་ནི་ཇི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི། རྣམ་པ་སོ་སོར་ངེས་པའི་ཡུལ་ཅན་ཡིན་ཏེ། རྣམ་པ་སོ་སོར་ངེས་པ་ཇི་སྐད་བཤད་པས་སོ། །རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ། །ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཡང་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་རྣམ་པར་བཞག་པ་པ་ནི་མཚན་ཉིད་པ་ཡིན་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་ཡིན་ནོ། །ཡང་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་རྟོགས་པ་ནི། མི་མཐུན་པ་དང་གཉེན་པོའི་རྣམ་པར་གནས་པས་རབ་ཏུ་ཕྱེ་བ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱི་ཞི་བ་ཉིད་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ནི་ཁྱད་པར་གཞན་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་སྔར་བཤད་ཟིན་པ་དེ་ཡིན་ལ། དེ་ཡང་མཚན་ཉིད་པ་དང༌། སྦྱོར་བ་ཞེས་པ། མཚན་ཉིད་དེའི་སྦྱོར་བ་དང༌། ཞེས་འབྱུང་བ་དེ་ཉིད་ཡིན་ལ། དེའི་དོན་ཡང་གཏན་ལ་འབེབས་པའི་ཡུལ་དང༌། དེ་ཉམས་སུ་ལེན་པའི་རྣལ་འབྱོར་ལ་བཤད་དོ། །དེ་ཡང་སྐབས་དང་པོའི་ལམ་གསུམ་ཀ་ཐོས་བསམ་གྱི་བློར་སྟོན་པ་ནི་མ་ཡིན་གྱི། ཐོས་བསམ་གྱི་བློས་གང་རྟོགས་པ་དེ་ཙམ་ཞིག་རྟོགས་པའི་ལྡོག་ཆ་ནས་དེ་གསུམ་བསྟན་པའོ། །གཉིས་པ་ལ། མཁྱེན་པ་གསུམ་དང༌། སྦྱོར་བ་བཞིའི་སྐབས་ཀྱི་སྦྱོར་ལམ་རྣམས་ཀྱི་ཁྱད་པར་དང༌། མཐོང་ལམ་གྱི་དང༌། བསྒོམ་ལམ་གྱི་དེ་ཡང་ཉི་སྣང་དུ་གསུངས་སོ། །ཇི་ལྟར་ཞེ་ན། སྐབས་དང་པོའི་སྦྱོར་ལམ་ནི། ཁྱད་ཆོས་དྲུག་དང་ལྡན་པ་དང༌། སྐབས་གཉིས་པའི་སྦྱོར་ལམ་ནི། མཉམ་གཞག་གི་དམིགས་རྣམ་གཉིས་ཀྱི་ཁྱད་པར་གྱིས་དང༌། རྣམ་རྫོགས་སྦྱོར་བ་ལ་རྗེས་ཀྱི་དམིགས་རྣམ་གྱི་ཁྱད་པར་གྱིས་ཡིན་པར་བཤད་ལ། སྐབས་ལྔ་པའི་སྦྱོར་ལམ་གྱི་ཁྱད་པར་འདི་ཡིན་ཞེས་པ་མ་གསུང་ཀྱང༌། འཆད་མི་དགོས་ཏེ། དེར་སྦྱོར་ལམ་གྱི་རང་ལྡོག་ནས་མ་བཤད་པར། རྟགས་དང་རྣམ་འཕེལ་སོགས་ཀྱི་སྒོ་ནས་བཤད་པས་དེའི་ཁྱད་པར་ཡང་དེ་ཉིད་ཡིན་པའི་ཕྱིར། མཐོང་ལམ་རྣམས་ཀྱི་ཁྱད་པར་ནི། སྐབས་གཉིས་པའི་མཐོང་ལམ་འཁོར་འདས་ལ་མི་གནས་པའི་ཆ་ནས་བཤད་པ་དང༌། གསུམ་པའི་མཐོང་ལམ། ཉན་རང་གི་ལམ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བའི་ཆ་ནས་བཤད་པ་དང༌། སྐབས་བཞི་པར། མཐོང་བའི་ལམ་ལན་གཉིས་གསུངས་པ་ལས། གཅིག་ཁྱད་ཚན་གྱི་ཆ་ནས་བཤད་པ་དང༌། ཅིག་ཤོས་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཆ་ནས་བཤད་པ་དང༌། རྩེ་སྦྱོར་གྱི་མཐོང་ལམ་མི་མཐུན་ཕྱོགས་ཀྱི་སྤོང་གཉེན་གྱི་ཆ་ནས་བཤད་པ་ཡིན་ནོ། །ཞེས་བཤད་ནས། སྒོམ་ལམ་རྣམས་ཀྱི་ཁྱད་པར་ཡང་དེས་མཚོན་ནུས་པར་གསུངས་སོ། །སྐབས་དང་པོའི་མཐོང་གོམ་གྱི་ཁྱད་པར་མ་གསུངས་ཀྱང༌། འཆད་མི་དགོས་ཏེ། དེར་རྗེས་ཐོབ་དུ་ཡོངས་སྦྱོང་གི་སྒོ་ནས་བཤད་པ་དེ་ཉིད་དེའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འཕགས་པས་ལམ་གསུམ་གྱི་ཁྱད་པར་དེ་ལྟར་དུ་གསུངས་ཀྱི། རྟགས་མཚན་གྱི་སྒོ་ནས་བཤད་པ་མེད་པས། སློབ་དཔོན་གྱི་གཞུང་གི་དགོངས་པ་ཡང་འཆད་མ་ཐག་པ་དེ་ཉིད་དུ་ངེས་ཀྱི། དེ་ལས་གཞན་སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་དག་སའི་ཡེ་ཤེས་ལ་འཆད་པ་དགོངས་པ་མ་ཡིན་ནོ། །ཞེས་བྱ་བ་འདིས་ནི་ལམ་གསུམ་ལ་བཟློས་པ་སྤོང་བའི་གཞུང་གི་དགོངས་པ་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་རྟེན་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྣམ་པར་བཞག་པ་ལ། རྟེན་གྱི་གང་ཟག་ངོས་བཟུང༌། ཕྱིར་མི་ལྡོག་པའི་ཚུལ་བསྡུས་ཏེ་བསྟན། རྟགས་ཀྱི་རྣམ་བཞག་རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་པ་ཆེན་པོར་རིགས་ངེས་པ་དང༌། དམན་པར་ངེས་པ་དང༌། མ་ངེས་པའི་རིགས་ཅན་གསུམ་ལས། དང་པོ་གཉིས་ཀྱི་ས་མཚམས་འདིར་བཞག་མི་དགོས་ལ། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་ཀྱི་ཕྱིར་མི་ལྡོག་པའི་ས་མཚམས་འདིར་འཆད་དགོས་པ་ཡིན་ནོ། །དེ་ཡང་དབང་རྣོན་སྦྱོར་ལམ་ནས་དང༌། དབང་བརྟུལ་ས་བརྒྱད་པ་ནས་དང༌། དབང་འབྲིང་མཐོང་ལམ་ནས་སོ། །འདི་ཡང་བསམ་པའི་དབང་དུ་བྱས་པ་ཡིན་གྱི། སྦྱོར་བའི་སྒོ་ནས་ནི་ཐམས་ཅད་ཀྱང་སྦྱོར་ལམ་ནས་ངེས་སོ། །གཉིས་པ་ལ། གང་གི་དང༌། གང་ལས་དང༌། ཇི་ལྟར་ཕྱིར་མི་ལྡོག་པའོ། །དང་པོ་ནི་བསམ་པ་དང་སྦྱོར་བས་སོ། །གཉིས་པ་ནི། བྱང་ཆུབ་ཙམ་དང་ཁྱད་པར་བ་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་སོ། །གསུམ་པ་ནི། བསམ་སྦྱོར་གཉིས་ཀྱིས་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་འཇུག་པའོ། །གསུམ་པ་རྟགས་ཀྱི་རྣམ་བཞག་ལ། རྟགས་སུ་བཟུང་བྱ་ངོས་བཟུང་བ་དང༌། རྟགས་སུ་འགྱུར་བའི་ཚུལ་དང༌། གཞན་གྱི་དོགས་པ་སྤང་བའོ། །དང་པོ་ནི་མཉམ་གཞག་གི་རྟོགས་པ་དང༌། གཉིས་པ་ནི། རྗེས་ཐོབ་ལུས་ངག་གི་སྤྱོད་པའོ། །དང་པོ་ལ་རང་དོན་དང༌། གཞན་དོན་གྱི་དབྱེ་བས་གཉིས་སུ་འགྱུར་ལ། གཉིས་པ་ནི་གཞན་དོན་གྱི་གཏན་ཚིགས་ཁོ་ནའོ། །གཉིས་པ་ལ། སྤྱིར་ཕྱིར་མི་ལྡོག་པའི་གཏན་ཚིགས་འདི་དག་གང་ལ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བའི་རྒོལ་བ་དེའི་ངོར། ཡིད་ཆེས་པའི་གཏན་ཚིགས་སུ་འགྲོ་བ་ཡིན་ཏེ། ལུང་ཉིད་རྟགས་སུ་བཀོད་པ་རྣམས་ལ་ནི་ཁྱབ་འབྲེལ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་ཀྱང༌། སྒྲུབ་བྱེད་གཏན་ཚིགས་སུ་ལུང་ཉིད་བཀོད་པ་ཡིན་ལ། ལུང་དོན་རྟགས་སུ་བཀོད་པ་རྣམས་ལ་ནི། ཁྱབ་འབྲེལ་འགྲུབ་པ་ཡིད་ཆེས་པའི་ཚད་མ་ལ་ངེས་པར་ལྟོས་པའི་ཕྱིར། གཏན་ཚིགས་སུ་འགྲོ་ཚུལ་ལ་གཉིས་ཏེ། ལུང་རྟགས་སུ་བཀོད་པ་དང༌། ལུང་དོན་རྟགས་སུ་བཀོད་པའོ། །དང་པོ་ནི། རྣམ་རྟགས་མཚན་མ་དེ་དང་ལྡན་པའི་བྱང་སེམས་དེ་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། དེར་ཡུམ་གྱི་མདོ་ལས་གསུངས་པའི་ཕྱིར། ཞེས་པའོ། །འདིའི་ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ཅིང༌། ཁྱབ་འབྲེལ་ནི། དེ་ལྟར་སྟོན་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་ངེས་པར་བྱེད་དོ། །གཉིས་པ་ལ། རང་བཞིན་གྱི་རྟགས་དང༌། འབྲས་བུའི་གཏན་ཚིགས་གཉིས་ལས། དང་པོ་ནི། རྩ་བའི་གཏན་ཚིགས་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་དུ་རུང་སྟེ། དེ་ལྟར་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཞེས་པའོ། །གཉིས་པ་ནི། གཏན་ཚིགས་དེའི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་གཏན་ཚིགས་ཏེ་འདི་ལྟར། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། བརྩེ་བ་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སྔོན་དུ་སོང་བ་ཡིན་ཏེ། གཞན་དོན་དུ་དམྱལ་བ་ཚོལ་བའི་རྗེས་ཐོབ་ཀྱི་སྤྱོད་པ་དང་ལྡན་པའི་ཕྱིར། ཞེས་པའོ། །གཏན་ཚིགས་ཕྱི་མ་འདི་གཉིས་ཀྱི་ཁྱབ་འབྲེལ་བསྒྲུབ་བྱེད་ཀྱི་རིགས་པ་ནི་ལུང་ཁོ་ན་ཡིན་ཏེ། ཁྱབ་འབྲེལ་དེ་སྒྲུབ་བྱེད་དུ་ལུང་ལས་དེ་ལྟར་དུ་གསུང་པ་རྒྱུ་མཚན་དུ་བྱེད་དགོས་ལ། ལུང་ལས་དེ་ལྟར་དུ་གསུངས་པ་ལ་དེས་ཁྱབ་པའི་སྒྲུབ་བྱེད་ནི། ཆོས་ཀྱི་གྲགས་པས་དངོས་པོ་སྟོབས་ཤུགས་ཀྱིས་རིགས་པ་ལ་བརྟེན་ནས་བསྒྲུབ་པར་མཛད་དོ། །དེ་ཡང་རྩ་བ་ནི། ཐབས་ཤེས་གཉིས་པོ་རྫོགས་བྱང་གི་རྒྱུ་ཡིན་པ་དེ་ཤིན་ཏུ་ལྐོག་གྱུར་ཡིན་པས། དེ་དེའི་རྒྱུར་གྲུབ་པ་ལུང་ལ་ངེས་པར་ལྟོས་པའོ། །དེ་ལྟར་ན་ཁྱབ་འབྲེལ་ཡིད་ཆེས་པའི་ཚད་མས་གྲུབ་དགོས་པའི་ཕྱིར། གཏན་ཚིགས་འདི་དག་ཕྱིར་མི་ལྡོག་པའི་གཏན་ཚིགས་སོ། །གཏན་ཚིགས་འདི་གང་ལ་འགོད་པའི་ཡུལ་དེས་རང་རྒྱུད་ལ་ཕྱིར་མི་ལྡོག་པའི་ཁྱབ་འབྲེལ་གཏན་ལ་ཕེབས་ཟིན་པ་ཅིག་སྲིད་མོད། ངེས་པར་དགོས་པ་ནི་མ་ཡིན་ཏེ། གཞན་དུ་ན་ཡིད་ཆེས་པའི་གཏན་ཚིགས་ཐམས་ཅད་ལ་ཧ་ཅང་ཐལ་བའི་ཕྱིར་རོ། །སྲིད་པ་དེའི་ཚེ་ན་ཡང་ཁྱབ་འབྲེལ་ལུང་ལས་གྲུབ་པ་ཁོ་ན་ཡིན་ཏེ། དེའི་ཚེ་ཡང༌། དེའི་ཁྱབ་འབྲེལ་ཤིན་ཏུ་ལྐོག་གྱུར་ཁོ་ནར་ངེས་པའི་ཕྱིར། ལུང་ཉིད་རྟགས་སུ་བཀོད་པ་ལ་ཁྱབ་འབྲེལ་ལུང་གིས་མི་སྒྲུབ་ཀྱང༌། སྒྲུབ་བྱེད་དུ་ལུང་བཀོད་པས་ཡིད་ཆེས་པའི་གཏན་ཚིགས་སུ་བཞག་གོ །གསུམ་པ་ནི། འོ་ན་མཐོང་ལམ་ལ་རྗེས་ཐོབ་མི་སྲིད་ན། དེ་གཞན་ངོར་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་གཏན་ཚིགས་ཇི་ལྟ་བུ་ཞེ་ན། རྗེས་ཐོབ་ལ་གནས་པའི་ཚེ། རྒྱུ་སྔོན་སོང་བསྒྲུབ་ཀྱི་གཏན་ཚིགས་ཀྱིས་ཕྱོགས་ཆོས་བསྒྲུབ་ནས། དེའི་འོག་ཏུ་རྒྱུ་ཚོགས་གྲངས་ཚང་བའི་རང་བཞིན་རྟགས་ཀྱིས་ཕྱིར་མི་ལྡོག་པའི་དོན་ནི། མཉམ་གཞག་ལ་གནས་པའི་རང་དུས་དེར་གྲུབ་པའོ། །དེའི་སྒྲུབ་ཚུལ་ཡང་གོང་དུ་རྒྱས་པར་བཤད་ཟིན་ཏོ། །སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ནི། མཉམ་གཞག་དུ་ཟབ་མོ་བརྒྱད་ཁོང་དུ་ཆུད་པས་རྗེས་ཐོབ་དུ་དེས་དྲངས་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་སྐྱེས་པ་རྣམས་རྟགས་སུ་འགོད་པར་བྱ་བ་ཡིན་ལ། ཆོས་ཅན་དུ་བཟུང་བྱ་ནི། མ་དག་ས་བདུན་ལ་གནས་པའི་མ་ངེས་པའི་རིགས་ཅན་གྱི་བསྒོམ་ལམ་པ་དབང་བརྟུལ་ལོ། །ལམ་གསུམ་པོའི་སྐབས་ཀྱི་གཏན་ཚིགས་འདི་དག་ལ་རྣམ་པར་བརྟགས་ན་ཤེས་ཕྱིན་གྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པའང་གཙོ་བོར་འཆད་དགོས་པར་སྣང་ངོ༌། །སྐབས་འདིར་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ལས་འཕྲོས་ནས། དབང་པོའི་རྣམ་པར་བཞག་པ་དང༌། མཚན་ཉིད་ལས་འཕྲོས་ནས་ལུང་མ་བསྟན་གྱི་རྣམ་གཞག་གཉིས་བཤད་པར་བྱ་བ་ལས། དང་པོ་ལ་སྒྲ་དོན་ནི། དབང་བྱེད་པའི་དོན་གྱིས་ན་དབང་པོ་ཞེས་བྱའོ། །དབྱེ་བ་ནི་ཉི་ཤུ་རྩ་གཉིས་ཏེ། མིག་སོགས་དབང་པོ་དྲུག ཕོ་མོའི་དབང་པོ་གཉིས་ཏེ་བརྒྱད། སྲོག་གི་དབང་པོ། ཚོར་བའི་དབང་པོ་ལྔ་སྟེ་བཅུ་བཞི་ལ་ནི་ཀུན་ནས་ཉོན་མོངས་ཀྱི་དབང་པོ་ཞེས་བྱ་སྟེ། གཙོ་བོར་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དབང་བྱེད་པའི་ཕྱིར། དེ་ཡང་མིག་སོགས་དབང་པོ་དྲུག་གིས་ནི། རང་རང་གི་ཡུལ་ལ་དབང་བྱེད། ཕོ་མོའི་དབང་པོ་གཉིས་ཀྱིས་ནི་ཕོ་མོའི་བྱེ་བྲག་འབྱེད་པ་དང༌། རྟེན་དེ་ཕོ་མོ་ཉིད་དུ་འཇོག་པ་ལ་དབང་བྱེད། སྲོག་གིས་ནི་རིགས་མཐུན་གནས་པ་ལ་དབང་བྱེད། ཚོར་བ་བདེ་བ་དང་ཡིད་བདེས་ནི་འདོད་ཆགས་བསྐྱེད་པ་ལ་དབང་བྱེད། སྡུག་བསྔལ་དང་ཡིད་མི་བདེས་ནི་ཞེ་སྡང་བསྐྱེད་པ་ལ་དབང་བྱེད། བཏང་སྙོམས་ཀྱིས་གཏི་མུག་བསྐྱེད་པ་ལ་དབང་བྱེད་དོ། །ཡང་དད་པ་ནས་ཤེས་རབ་ཀྱི་དབང་པོའི་བར་ལྔ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སོགས་བརྒྱད་ལ་ནི། རྣམ་བྱང་གི་དབང་པོ་ཞེས་བྱ་སྟེ། གཙོ་བོར་རྣམ་བྱང་གི་ཕྱོགས་ལ་དབང་བྱེད་པའི་ཕྱིར། དེ་ཡང་གཙོ་བོར་དད་སོགས་ལྔས་ནི། འཇིག་རྟེན་པའི་རྣམ་བྱང་ལ་དབང་བྱེད། ཐ་མ་གསུམ་གྱིས་ནི་འཇིག་རྟེན་ལས་འདས་པའི་རྣམ་བྱང་ལ་དབང་བྱེད་པའི་ཕྱིར། དེ་ཡང་ཐ་མ་གསུམ་གྱི་དང་པོས་ནི་མཐོང་སྤངས་སྤོང་བ་ལ་དབང་བྱེད། གཉིས་པས་སྒོམ་སྤང་སྤོང་བ་ལ་དབང་བྱེད། གསུམ་པས་མྱང་འདས་ཐོབ་པ་ལ་དབང་བྱེད། དེ་ཡང་གཙོ་བོར་དད་སོགས་ལྔས་ནི་འཇིག་རྟེན་པའི་རྣམ་བྱང་ལ་དབང་བྱེད་པས་ན། དེ་དག་ལ་དབང་པོ་ཞེས་བྱའོ། །ཇི་སྐད་དུ་མཛོད་ལས། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མོ་ཉིད་མོ་ཉིད་ལ་དབང་ཕྱིར། །ལུས་ལས་ཕོ་དབང་མོ་དབང་དག །རིས་གནས་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང༌། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་གསུངས་སོ། །དེ་དག་ལ་རྫས་ཡོད་དུ། བཏགས་ཡོད་དུ་ཞེ་ན། ཕོ་མོའི་དབང་པོ་གཉིས་ནི་ལུས་དབང་གི་ཆ་ཤས་ལ་བཏགས་པ་དང༌། སྲོག་དབང་ཕུང་པོའི་རྒྱུན་གྱི་གནས་སྐབས་ལ་བཏགས་པ་དང༌། ཐ་མ་གསུམ་དད་སོགས་ཀྱི་ཆ་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། དྲུག་ནི་བཏགས་ཡོད་ཡིན་ལ། ལྷག་མ་རྣམས་རྫས་ཡོད་དོ། །ཅིའི་ཕྱིར་ཉེར་གཉིས་སུ་གྲངས་ངེས་ཤེ་ན། མཛོད་དུ་མདོ་སྡེ་པའི་ལུགས་འཆད་པ་ན། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་བཟློག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་དབང་པོ་སོ་སོའི་ངོས་འཛིན་ལ། བྱེ་མདོ་གཉིས་ཀྱིས་ནི་མིག་སོགས་དབང་པོ་ལྔའི་ངོ་བོ་ནི། འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་འབྲས་བུའི་གཟུགས་ཤིག་ལ་འདོད་ལ། སེམས་ཙམ་པས་ནི་ཀུན་གཞིའི་སྟེང་ན་མིག་གི་རྣམ་པར་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་བསྐྱེད་པའི་ནུས་པ་ཞིག་ལ་འདོད་དོ། །དེ་སྐད་དུ་ཡང་ཀུན་ལས་བཏུས་ལས། མིག་གི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་མིག་གི་རྣམ་པར་ཤེས་པའི་རྟེན་ནང་གི་གཟུགས་དྭང་བའོ། །ཞེས་དང༌། དམིགས་བརྟགས་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའམ་ཡིན། །ཞེས་གསུངས་སོ། །ཡིད་དབང་ལ་བྱེ་སྨྲས། བདག་འབྲས་ཡིད་ཀྱི་རྣམ་པར་ཤེས་པ་རང་དུས་སུ་འདས་ཟིན་པའི་ཚོགས་དྲུག་སྔ་མ་ལ་འདོད་ལ། སེམས་ཙམ་པས་དེ་དང་ཉོན་མོངས་པ་ཅན་གྱི་ཡིད་གཉིས་ཀར་འདོད་དོ། །ཞེས་བྱ་བ་ནི་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ཡིན་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ནི། ཀུན་གཞིའི་སྟེང་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གྱི་རྣམ་པ་འཛིན་ནུས་སུ་བསྐྱེད་པའི་ནུས་པ་ཞིག་ལ་འདོད་དོ། །ཞེས་བཤད་ཀྱང་འགལ་བ་མེད་དོ། །དེ་ལྟ་ན་ཡང་ཆོས་མངོན་པ་ལས་ནི། ཡིད་དབང་གི་བཤད་ཚུལ་སྔ་མ་གཉིས་ལས་གཞན་མེད་ལ། དེ་ཡང་འདས་མ་ཐག་པ་ལ་དབང་པོར་འཇོག་པའི་ལུགས་ནི་གོང་འོག་གཉིས་ཀ་མཐུན་ཅིང༌། དེ་དག་གི་ལུགས་འདི་ལ། རྣམ་ཤེས་ཚོགས་དྲུག་པོ་རང་དུས་སུ་ཡིད་ཀྱི་རྣམ་ཤེས་ཕྱི་མ་བསྐྱེད་པའི་བྱ་བ་བྱེད་ཀྱང༌། ཡིད་ཀྱི་དབང་པོར་མི་འཇོག་ལ། རང་འབྲས་ཡིད་ཀྱི་ཤེས་པ་སྐྱེས་ཟིན་པ་དེའི་ཚེ། ཡིད་ཀྱི་དབང་པོར་འཇོག་གོ །དེའི་ཤེས་བྱེད་ཀྱང་དྲུག་པོ་རང་དུས་སུ་ནི་རྣམ་པར་ཤེས་པའི་ཁམས་དྲུག་ཏུ་འཇོག་གི ཡིད་ཁམས་སུ་མི་འཇོག དྲུག་པོ་འདས་མ་ཐག་པའི་དུས་སུ་ནི། ཡིད་ཁམས་སུ་འཇོག་གི་རྣམ་ཤེས་ཀྱི་ཁམས་སུ་མི་འཇོག་པའི་ཁྱད་པར་ལས་ཡིན་ལ། མ་འདས་ཀྱི་བར་དུ་དབང་པོར་མི་འཇོག་པའི་རྒྱུ་མཚན་ཡང༌། དེ་མ་འདས་ཀྱི་བར་དུ་དེའི་བདག་འབྲས་སུ་གྱུར་པའི་ཡིད་ཤེས་སྐྱེ་བའི་གོ་སྐབས་མ་རྙེད་པས་སོ། །དེ་ཡང་མིག་སོགས་དབང་པོ་ལྔ་ལ་ནི། རང་གི་བདག་འབྲས་རང་དང་དུས་མཉམ་པ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། ཐ་མའི་རྟེན་འདས་ལྔ་རྣམས་ནི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་གསུང་ངོ༌། །དེ་ལྟར་ན་བོད་ཕྱི་མ་གང་དག་གཙོ་བོ་རྣམ་རིག་ཡིན་ན་ཡིད་དབང་ཡིན་པས་ཁྱབ་བོ། །ཞེས་ཟེར་བ་དེ་ཆོས་མངོན་པའི་ལུགས་མ་ཡིན་ཞིང༌། ལུགས་གཞན་ལའང་མེད་པས་དོར་བར་བྱའོ། །ཚོར་བའི་དབང་པོ་ལྔ་ཟག་བཅས་སུ་བཞག་པ་ཡང་དེར་ངེས་པ་ནི་མ་ཡིན་ཏེ། བདེ་བ་དང་ཡིད་བདེ་བཏང་སྙོམས་གསུམ་ཟག་མེད་ཀྱི་ངོ་བོར་སྐྱེ་སྲིད་པའི་ཕྱིར། འོ་ན་ཚོར་བ་བདེ་བ་ལ་ལུས་ཚོར་བདེ་བ་དང༌། ཡིད་བདེ་དང༌། སེམས་བདེ་ཞེས་བྱ་བ་གསུམ་དུ་བཤད་པ་དེའི་ཁྱད་པར་གང་ཞེ་ན། སྡུག་བསྔལ་གྱི་ཚོར་བ་ལ་ལུས་དང་སེམས་ཀྱི་དབྱེ་བས་སྡུག་བསྔལ་དང་ཡིད་མི་བདེ་གཉིས་སུ་ཕྱེ་ཞིང༌། དེ་བཞིན་དུ་ཚོར་བ་བདེ་བ་ལ་ཡང་ལུས་སེམས་ཀྱི་དབྱེ་བས། ལུས་ཚོར་དང་སེམས་ཚོར་བདེ་བ་གཉིས་སུ་ཕྱེའོ། །སེམས་ཚོར་བདེ་བ་ལ་ཡང་ཡིད་བདེ་དང༌། སེམས་བདེ་གཉིས་སུ་ཕྱེ་བ་ཡིན་ལ། དེའི་ཚེ་དང་པོ་ལ་དགའ་བ་དང༌། གཉིས་པ་ལ་བདེ་བ་ཞེས་པའི་མིང་གིས་བཏགས་ནས། བསམ་གཏན་དང་པོ་གཉིས་ཀྱི་དགའ་བ་དང༌། གསུམ་པའི་བདེ་བ་ཞེས་བྱ་བ་དེ་ཡིན་ནོ། །དེ་ཡང་ལུས་ཚོར་ཞེས་པ་ནི། དབང་ཤེས་འཁོར་གྱི་ཚོར་བ་ལ་བྱ་ལ། སེམས་ཚོར་ཞེས་པ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་བྱ་བ་ཞིག་ཡིན་ནོ། །འདི་དག་ཟག་བཅས་ཀྱི་གནས་སྐབས་སུ་ཆགས་སྡང་རྨོངས་གསུམ་བསྐྱེད་པ་ལ་བདག་པོར་གྱུར་པས་དབང་པོ་དང༌། ཟག་མེད་ཀྱི་གནས་སྐབས་སུ་དགེ་བའི་རྩ་བ་གསུམ་བསྐྱེད་པ་ལ་བདག་པོར་གྱུར་པས་དབང་པོ་ཞེས་བྱའོ། །དབང་པོ་ཕྱི་མ་གསུམ་གྱི་ངོས་འཛིན་ལ། མཛོད་དུ། མཐོང་བསྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། །ཅེས་གསུངས་ལ། དཔེར་ན་མཐོང་ལམ་གྱི་དད་སོགས་ལྔ། བདེ་བ་ཡིད་བདེ་བཏང་སྙོམས་ཡིད་ཀྱི་དབང་པོ་སྟེ་དགུ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོར་འཇོག་པ་ལྟ་བུའོ། །མངོན་པ་ཀུན་ལས་བཏུས་ལས་ནི། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གང་དབང་བྱེད་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་ནས། སློབ་པའི་ལམ་ཐམས་ཅད་ལ་གང་དབང་བྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། མི་སློབ་པའི་ལམ་ལ་གང་དབང་བྱེད་པའོ། །ཞེས་དང་པོའི་ས་མཚམས་སྦྱོར་ལམ་ནས་བཞག་ཅིང༌། གཉིས་པའི་ས་མཚམས་མཐོང་ལམ་བཅུ་དྲུག་པ་ནས་བཞག་པས། ལུགས་དེར་ནི་དེ་ལ་སྒོམ་ལམ་གྱིས་ཁྱབ་པར་ཁས་མི་ལེན་ནོ། །སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང༌། དེ་དང་མཐུན་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་སྣང་བ་མེད་ཅིང༌། འདུལ་བར་བྱེད་པ་གང་ཡིན་པ་དེ་ཞེས་དང༌། ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་པའི་དབང་པོ་ནས། ཤེས་རབ་ཀྱི་དབང་པོ་སྟེ་ཞེས་དང༌། ཀུན་ཤེས་པ་བསྲུང་བའི་གང་ཞེ་ན། མི་སློབ་པའི་གང་ཟག དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་ལ་སོགས་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ལ་ཡང༌། དབང་པོ་གསུམ་གྱི་རྣམ་པར་བཞག་པ་ནི་ཁས་ལེན་དགོས་ཏེ། བསྡུ་བ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཤེས་པ་ཀུན་ཤེས་པ་ལ་སོགས་པའི་དབང་པོ་གསུམ་ཇི་ལྟར་བཞག་ཅེ་ན། སྨྲས་པ། མོས་པས་སྤྱོད་པ་ལ་ནི་དང་པོ་བཞག་གོ །ལྷག་བསམ་དག་པ་ལ་སོགས་པའི་ས་ལ་ནི་གཉིས་པ་བཞག་གོ །དེ་བཞིན་གཤེགས་པའི་ས་ལ་ནི་གསུམ་པ་བཞག་གོ །ཞེས་གསུངས་པ་ལྟར་རོ། །ཉེར་གཉིས་པོ་འདི་དག་ཁམས་གང་ན་གང་ཡོད་པ་དང༌། རྣམ་སྨིན་གྱི་རྒྱུ་དང་འབྲས་བུ་གང་ཡིན་པ་དང༌། དགེ་བ་སོགས་གསུམ་གང་ཡིན་པ་དང༌། མཐོང་སྤངས་སོགས་གསུམ་གང་ཡིན་པ་ནི་མཛོད་དུ་གསལ་བས་མ་བྲིས་སོ། །མདོར་ན་ཏོག་གེ་ལས། རང་གི་བདག་འབྲས་ཤེས་པ་དེས་ཡུལ་དེ་འཛིན་ནུས་སུ་བསྐྱེད་པའི་ཆ་ནས་དབང་པོར་བཞག་པས། དབང་པོ་དྲུག་མ་གཏོགས་གཞན་གྱི་བཤད་པ་མེད་ལ། མངོན་པ་ལས་ནི། དེར་མ་ངེས་ཀྱི། སྤྱིར་འདུས་བྱས་ཐམས་ཅད་ལ་བདག་རྐྱེན་རེ་རེ་ཡོད་པ་དང༌། བྱེ་བྲག་ཏུ་འཕགས་ལམ་སོགས་དེ་དང་དེ་སྐྱེ་བ་དང་གནས་པ་ལ་དབང་བྱེད་པའི་ཆ་ནས་དབང་པོར་བཞག་པ་སོགས་དུ་མ་ཡོད་ལ། དེ་ཡང་དེའི་བདག་རྐྱེན་དབང་པོ་ལ་དེ་བསྐྱེད་བྱེད་ཡིན་པའི་ཁྱབ་པ་ཁས་མི་ལེན་ནོ། །དེའི་ཤེས་བྱེད་ཀྱང་རྒྱུ་ཡིན་པ་ལ་ཕན་འདོགས་བྱེད་ཡིན་པའི་ཁྱབ་པ་ཁས་ལེན་ཀྱང༌། བསྐྱེད་བྱེད་ཡིན་པའི་ཁྱབ་པ་ཁས་མི་ལེན་པའོ། །གཉིས་པ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིའི་རྣམ་པར་བཞག་པ་ལ། ཅིའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་ཞེ་ན། ཕྱི་རོལ་པས་ལྟ་བ་འདི་དག་ལས་བརྩམས་ཏེ་དྲིས་པའི་ཚེ། སྟོན་པས་ལན་ལུང་མ་བསྟན་པའི་ཕྱིར་དེ་ཞེས་བྱའོ། །འདི་ཡང་འདྲི་བ་པོ་ལ་ལྟོས་ནས་ལུང་དུ་མ་བསྟན་པ་ཡིན་གྱི། སྤྱིར་ལན་ལུང་དུ་མི་སྟོན་པ་མ་ཡིན་ཏེ། གནས་སྐབས་སུ་ནི་བདག་དང་འཇིག་རྟེན་རྟག་མི་རྟག མཐའ་ཡོད་མཐའ་མེད་སོགས་གང་རུང་དུ་ལུང་སྟོན་པར་མཛད་ལ། མཐར་ཐུག་ནི་གཉིས་མིན་དུ་ལུང་བསྟན། ཆོག་པའི་ཕྱིར། དེ་སྐད་དུ་ཡང༌། སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། ཐུབ་པ་ཆེན་པོས་མིན་ཞེས་གསུངས། ཞེས་བཤད་པ་ལྟར་རོ། །ཅིའི་ཕྱིར་བཅུ་བཞིར་གྲངས་ངེས་ཤེ་ན། སྟོན་པས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་དུས་སུ། ཕྱི་རོལ་པ་རྣམས་ཀྱིས་རྟག་ཆད་དུ་བལྟ་བའི་ལྟ་བ་དྲུག་ཅུ་རྩ་གཉིས་སུ་གནས་པ་དེ། ཕྱིས་མཐའ་བཅུ་བཞིར་བཅད་ནས་ཞུས་པའི་དབྱེ་བས་དེར་བཞག་གོ །འོ་ན་དྲུག་ཅུ་རྩ་གཉིས་པོ་གང༌། བཅུ་བཞི་པོ་ཅི་ཞེ་ན། དང་པོ་ནི། སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད། ཕྱི་མའི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞིའོ། །དང་པོ་ནི། རྟག་པར་སྨྲ་བ་རྣམས་ཀྱི་བཞི། །ཁ་ཅིག་རྟག་པར་སྨྲ་བའི་བཞི། །རྒྱུ་མེད་སྨྲ་བ་རྣམས་ཀྱི་གཉིས། །མཐའ་ཡོད་མཐའ་མེད་སྨྲ་བའི་བཞི། །ལྷ་མི་སྤོང་བའི་ལྟ་བ་བཞི། །ཞེས་པའོ། །གཉིས་པ་བཞི་བཅུ་རྩ་བཞི་ནི། འདུ་ཤེས་ཡོད་སྨྲའི་བཅུ་དྲུག་དང༌། །མེད་དང་གཉིས་མིན་བརྒྱད་བརྒྱད་དང༌། །ཆད་པར་སྨྲ་བ་རྣམས་ཀྱི་བདུན། །ཚེ་འདི་ཉིད་ལ་གྲོལ་དེའི་ལྔ། །ཞེས་པའོ། །དེ་ཡང་ཆ་ཙམ་ཞིག་དཔེར་བརྗོད་ན། མངོན་ཤེས་ཀྱིས་འཇིག་ཆགས་ཀྱི་བསྐལ་པ་བརྒྱད་ཅུ་ཙམ་མཐོང་བ་དང༌། མི་ཤི་བ་མིར་སྐྱེས་པ་མཐོང་བ་ལ་བརྟེན་ནས། བདག་དང་འཇིག་རྟེན་རྟག་པ་སོགས་བཞི་སྨྲས་པ་དང༌། ཚངས་ཆེན་གྱི་འཁོར་གྱི་ལྷ་ཁ་ཅིག་ཤི་ནས་མིར་སྐྱེས་པ་ན་མངོན་ཤེས་ཀྱིས་ལྟས་པས་ཚངས་ཆེན་མ་ཤི་བར་མཐོང་སྟེ། ཚངས་པ་ཆེན་པོ་ནི་རྟག་ལ། ལྷ་གཞན་རྣམས་ནི་མི་རྟག་གོ་ཞེས་སྨྲ་བ་ལྟ་བུ་ནི། སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ལ། ཕྱི་མའི་མཐའ་ལ་བརྟེན་པའི་དཔེ་ནི། གཟུགས་ཅན་དུ་འདུ་ཤེས་པ་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ །དེ་བཞིན་དུ་གཟུགས་ཅན་མ་ཡིན་པ་དང༌། གཉིས་ཀ་ཡིན་མིན་ལ་སོགས་པ་འདུ་ཤེས་བཅུ་དྲུག་ཏུ་ལྟ་བ་ལྟ་བུའོ། །ཞེས་སོགས་རྒྱས་པར་རྟོག་གེ་འབར་བར་གསུངས་སོ། །གཉིས་པ་ནི། དབུ་མ་རྩ་བ་ལས། གང་ལས་མན་ཆད་མཐའ་སོགས་དང༌། །རྟག་ལ་སོགས་པ་བལྟ་བ་དག །མྱ་ངན་འདས་དང་ཕྱིས་མཐའ་དང༌། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཅེས་པ་ལྟར། སྔོན་མཐའ་ལ་བརྟེན་པ་བཞི། ཕྱི་མཐའ་ལ་བརྟེན་པ་བཞི། མྱང་འདས་ལ་བརྟེན་པ་བཞི། ལུས་སྲོག་ལ་བརྟེན་པ་གཉིས་ཏེ་བཅུ་བཞིའོ། །དང་པོ་ནི་བདག་དང་འཇིག་རྟེན་རྟག་པ་དང༌། མི་རྟག་པ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པར་བལྟ་བའོ། །འདི་ལ་སྔོན་གྱི་མཐའ་ལ་བརྟེན་པ་ཞེས་བྱ་སྟེ། ཕལ་ཆེར་མངོན་ཤེས་ཀྱིས་སྔོན་མཐའ་མཐོང་བ་ལས་བྱུང་བའི་ལྟ་བ་ཡིན་པའི་ཕྱིར། གཉིས་པ་ནི། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང༌། མི་ལྡན་པ་དང༌། གཉིས་ཀ་དང་གཉིས་མིན་དུ་བལྟ་བ་རྣམས་སོ། །འདི་དག་ལ་ཕྱི་མཐའ་ལ་བརྟེན་པ་ཞེས་བྱ་སྟེ། ཕལ་ཆེར་མངོན་ཤེས་ཀྱིས་ཕྱི་མཐའ་བརྟགས་པ་ལས་བྱུང་བའི་ལྟ་བ་ཡིན་པའི་ཕྱིར། ཕལ་ཆེར་སྨོས་པ་ནི། རྒྱང་ཕན་མངོན་ཤེས་ཀྱི་རྟེན་དུ་མི་རུང་བ་ལ་བསམ་པ་ཡིན་ལ། དེའི་ཤེས་བྱེད་ཀྱང༌། ལོག་ལྟས་དགེ་རྩ་ཆད་པ་ལ་བསམ་པའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་བ་དང༌། མི་འབྱུང་བ་དང༌། གཉིས་ཀ་དང༌། གཉིས་མིན་དུ་བལྟའོ། །འདི་དག་ལ་མྱང་འདས་ལ་བརྟེན་པ་ཞེས་བྱ་སྟེ། ལྷག་མེད་ལ་མྱ་ངན་ལས་འདས་ཕྱིན་ཆད་འབྱུང་མི་འབྱུང་སོགས་སུ་བལྟ་བའི་ཕྱིར། བཞི་པ་ནི། ལུས་གང་ཡིན་པ་དེ་ཉིད་སྲོག་གོ་ཞེས་དང༌། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་འཛིན་ཏོ། །འོ་ན་འདི་དག་གི་ལན་ལུང་དུ་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། བདག་ལས་བརྩམས་ཏེ་དྲིས་པ་ཡིན་པས། ཁྱད་གཞི་མེད་པ་ལ་ཁྱད་ཆོས་མི་འཐད་ལ། ཁྱད་གཞི་བཀག་ན་དོན་དུ་མི་འགྱུར་བའི་ཕྱིར་དང༌། རིན་ཆེན་འཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་འདི་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་གསུངས་སོ། །ཅིའི་ཕྱིར་བཅུ་བཞི་པོ་འདིའི་སྒོ་ནས་དྲི་བར་བྱེད་ཅེ་ན། དཔྱོད་པ་དང་ལྡན་པ་རྣམས་ཀྱིས་དྲི་བའི་གཞི་ནི་གཉིས་ཏེ། རྣམ་པར་བྱང་བ་དང༌། ཀུན་ནས་ཉོན་མོངས་པའོ། །དང་པོའི་དབང་དུ་བྱས་པ་ནི། མྱང་འདས་ལ་བརྟེན་པ་བཞི་ཡིན་ལ། གཉིས་པའི་དབང་དུ་བྱས་པ་ནི་ལྷག་མ་རྣམས་སོ། །དེ་ཡང་བདག་གི་ངོ་བོ་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་སུ་ངེས་པས། དེ་ལས་བརྩམས་ཏེ་དྲིས་སོ། །དེ་ཡང་སྔོན་མཐའ་དང་ཕྱི་མཐའ་ནི་ལྐོག་ཏུ་གྱུར་པས་དྲིས་ལ། ཕྱི་སྣོད་ཀྱི་ད་ལྟར་བའི་ངོ་བོ་ནི་མངོན་དུ་གྱུར་པས་མ་དྲིས་སོ། །ཕྱི་འཇིག་རྟེན་ད་ལྟར་གྱི་ངོ་བོ་རྟོགས་སླ་ཡང༌། ནང་བདག་གི་ད་ལྟར་གྱི་ངོ་བོ་རྟོགས་དཀའ་བས། ལུས་སྲོག་གཅིག་དང་ཐ་དད་གཉིས་དྲིས་སོ། །དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་མི་འབྱུང་སོགས་ཀྱང་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ཏེ། མྱང་འདས་ཀྱི་མཐའ་ལ་བརྟེན་པའི་ཕྱིར་དང༌། འོ་ན་འདི་ལ་སྔོན་མཐའ་ལ་བརྟེན་པའི་དྲི་བ་མི་འབྱུང་བ་ཅི་ཞེ་ན། གྲོལ་བ་པོའི་བདག་གི་སྔོན་མཐའ་ལ་དཔྱད་པས། གྲོལ་བའི་གནས་སྐབས་ཀྱི་བདག་གི་སྔོན་མཐའ་ལ་ཡང་དཔྱད་པར་འགྱུར་བའི་ཕྱིར། ཕྱི་མཐའ་ལ་མི་མཚུངས་ཏེ། གྲོལ་བ་ཐོབ་པའི་གནས་སྐབས་སུ་བདག་ཡོད་མེད་མི་མཐུན་པའི་ཕྱིར། འདི་ལ་ཁ་ཅིག་ན་རེ། འདི་ཡང་བདག་ཉིད་ལ་དཔྱོད་པ་ཡིན་གྱི། གྲོལ་བའི་གནས་སྐབས་ལ་དཔྱོད་པ་མ་ཡིན་ཏེ། རྒྱང་ཕན་གྱིས་གྲོལ་བ་ཁས་མི་ལེན་པའི་ཕྱིར། ཞེས་གསུངས་ཡང༌། རྒྱང་ཕན་སྤྱིར་སྲོག་ལྡན་ཤི་ནས་མི་འབྱུང་བ་ཁས་ལེན་པ་ན། བྱེ་བྲག་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མི་འབྱུང་བར་ཁས་ལེན་པས། དེ་དེའི་ལྟ་བར་བཤད་པ་ལ་སྐྱོན་མེད་དོ། །འོ་ན་ལུས་སྲོག་གཅིག་དང་ཐ་དད་ལ་མི་མཐུན་པ་ཇི་ལྟར་ཡོད་ཅེ་ན། བདག་ཕུང་རྫས་གཞན་དུ་འདོད་པ་དང༌། གཅིག་དུ་འདོད་པ་མི་མཐུན་པའི་དབྱེ་བ་ལས་སོ། །འོ་ན་ལྟ་བ་འདི་དག་གཡོ་བའི་ལྟ་བ་ལ་སོགས་པར་འཇོག་པའི་ཚུལ་ཇི་ལྟ་བུ་ཞེ་ན། བདག་དང་འཇིག་རྟེན་རྟག་པ་དང༌། མཐའ་དང་མི་ལྡན་པ་དང༌། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་བར་ལྟ་བ་རྣམས་ནི། ལྟ་བ་གཡོ་བ་ཞེས་བྱ་སྟེ། ཡུལ་ལ་སྒྲུབ་པའི་རྣམ་པས་འཇུག་པས་སོ། །འདིར་ཁ་ཅིག་མཐའ་ལྡན་ལ་སྒྲུབ་ཚིགས་འབྱར་བ་རྒྱུ་མཚན་དུ་བྱས་ནས། གཡོ་བ་དང་གྲངས་ཅན་ལ་སྦྱོར་བ་མི་རིགས་ཏེ། མཐའ་ལྡན་གྱི་དོན་དགག་པ་ཡིན་པའི་ཕྱིར། དབུ་མ་རྩ་བ་ཤེས་རབ་ལས། ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་བྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །ཞེས་གསུངས་སོ། །འོ་ན་གྲངས་ཅན་གྱིས། དེ་བཞིན་གཤེགས་པ་ཇི་ལྟར་ཁས་བླངས་སྙམ་ན། ལ་ལ་ན་རེ། དེས་དེ་ཁས་མ་བླངས་ཀྱང༌། གཡོ་བའི་ལྟ་བ་གྲངས་ཅན་ལ་སྦྱོར་བ་ནི་ཕལ་ཆེ་བའི་དབང་དུ་བྱས་སོ། །ཞེས་གསུངས། ཁ་ཅིག་ན་རེ། འདི་དེ་བཞིན་གཤེགས་པ་དངོས་ལ་བྱ་བ་མ་ཡིན་གྱི། བདག་ཉིད་ལ་བྱ་དགོས་པ་ནི་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་དུ། བདག་གི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཞེས་གསུངས་པ་དང༌། དབུ་མ་ལས། དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་བཤད་པ་ལྟར་རོ། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་འདི་ལ་དཀའ་བའི་གནས་མི་སྣང་བས་འབད་པ་མ་བྱས་སོ། །བདག་དང་འཇིག་རྟེན་མི་རྟག་པར་ལྟ་བ་སོགས་བཞི་ལ་ནི། ཆད་པར་སྨྲ་བ་རྣམས་ཀྱི་ལྟ་བ་འདུ་བ་ཞེས་བྱ་སྟེ། ཡུལ་དགག་པའི་རྣམ་པས་འཇུག་པས་སོ། །རྟོག་གེ་པ་གང་དག་རྟག་མི་རྟག་གཉིས་ཀ་བསྒྲུབ་པར་འདོད་པ་ནི། འགལ་བ་ལ་མི་འཁྲུལ་བ་ཁས་བླངས་པས་ཆེས་མི་རིགས་ཏེ། གང་དག་མི་རྟག་པ་སྒྲུབ་པ་ཡིན་པའི་ཤེས་བྱེད་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་དེ། སྒྲུབ་པའི་གཏན་ཚིགས་སུ་བཤད་པས་སོ། །ཞེས་ཟེར་མོད་ཀྱང༌། མི་རྟག་པའི་ངོས་འཛིན་ཚུལ་གཉིས་ཏེ། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་སྡོད་པ་བཀག་ཙམ་གྱི་མེད་དགག་གི་ཆ་ལ་འཆད་པ་དང༌། དེ་དགག་པས་ཁྱད་པར་དུ་བྱས་པའི་དངོས་པོ་ཞིག་ལ་ངོས་བཟུང་ནས་མ་ཡིན་པར་དགག་པ་ལ་འཆད་པའི་ལུགས་གཉིས་ལས། འདིར་དང་པོ་དང༌། སྒྲུབ་རྟགས་སུ་འཆད་པ་གཉིས་པའི་དབང་དུ་བྱས་སོ། །གསུམ་པ་རྣམས་ལ་ནི་གཅེར་བུ་པ་རྣམས་ཀྱི་ལྟ་བ་བཀྲམ་པ་ཞེས་བྱ་སྟེ། སྔ་མ་རྣམས་བསྒྲུབ་པའི་རྣམ་པས་འཇུག་པའི་ཕྱིར། ཞེས་གསུང་ཡང༌། དགག་སྒྲུབ་གཉིས་ཀའི་དབང་དུ་བྱས་པའི་ཕྱིར། ཞེས་བཤད་ན་ལེགས་སོ། །གཉིས་མིན་དུ་བལྟ་བ་བཞི་ནི། གནས་མ་བུའི་སྡེ་པ་རྣམས་ཀྱི་ལྟ་བ་བཅུམ་པ་ཞེས་བྱ་སྟེ། དགག་པའི་རྣམ་པས་འཇུག་པའི་ཕྱིར། ཞེས་སྔ་མ་རྣམས་གསུངས་ལ། རིགས་པས་བརྟགས་ན་དགག་བསྒྲུབ་གཉིས་ཀ་བཀག་པའི་རྣམ་པས་འཇུག་པའི་ཕྱིར་ཞེས་བཤད་ན་ལེགས་སོ་སྙམ་མོ། །ལྟ་བ་བཞི་པ་འདི། བོད་གོང་མ་རྣམས་ཀྱིས་རང་སྡེ་གནས་མ་བུ་ལ་སྦྱར་ཡང༌། འདི་དག་ཕྱི་རོལ་པའི་ལྟ་བ་ཡིན་པས་རྣམ་པར་དཔྱད་དགོས་པ་དང༌། སྡེ་པ་འདི་ནི། སྟོན་པ་མྱ་ངན་ལས་འདས་ནས་ཡུན་རིང་དུ་ལོན་པ་ན་བྱུང་བ་ཡིན་པས། ལྟ་བ་འདིའི་རྟེན་ནི་མུ་སྟེགས་སྔོན་བྱུང་བ་ཞིག་ལ་སྦྱར་ན་ལེགས་སོ། །ལུས་སྲོག་གཅིག་ཏུ་བལྟ་བ་བསྒྲུབ་པའི་རྣམ་པས་འཇུག་པ་དང༌། ཐ་དད་དུ་བལྟ་བ་དགག་པའི་རྣམ་པས་འཇུག་པ་ཡིན་པར་ཉི་སྣང་དུ་བཤད་ལ། དེ་ལྟ་ན་ཡང་སྔ་མ་བྱེ་བྲག་པ་དང༌། ཕྱི་མ་གྲངས་ཅན་པ་ལ་སྦྱོར་ཞེས་གསུང་བ་ནི་དཔྱད་དགོས་ཏེ། གྲངས་ཅན་གྱིས་བདག་ཕུང་དོན་གཞན་དུ་འདོད་པ་ཡིན་མིན་བཏགས་པས་ཤེས་སོ། །མདོར་ན་ལྟ་བའི་གྲངས་འདི་དག་མདོ་སྡེ་ཚངས་པའི་དྲྭ་བ་དང༌། དབུ་མ་རྟོག་གེ་འབར་བ་སོགས་ལུང་གཞན་ལས་རྒྱས་པར་འབྱུང་ཡང༌། གཡོ་བ་དང༌། འདུ་བ་དང༌། ཕྱེ་བ་དང༌། བཅུམས་པ་དང༌། ཞེས་པའི་མིང་ནི་ཡུམ་གྱི་མདོ་ལས་འབྱུང་ལ། དེ་དག་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་དང་སྦྱོར་བ་ནི་འཕགས་པ་གྲོལ་སྡེའི་ལུགས་སོ། །དེ་ལྟར་ཞར་ལས་བྱུང་བའི་དོན་རྣམ་པ་གཉིས་བརྗོད་ཟིན་ནས། དཀྱུས་མ། བསྒོམ་བྱ་སྦྱོར་བའི་ངོ་བོ་ལ་གསུམ་སྟེ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བའོ། །དང་པོ་ལ་གཉིས་ཏེ། དངོས་དང་ཀླན་ཀ་སྤང་བའོ། །དང་པོ་ནི། སྲིད་ཞི་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་བོད་སྔ་མ་རྣམས་ས་བརྒྱད་པ་ནས་འཇོག་ཅིང༌། འདི་མན་ཆད་ལ་མི་སློབ་པའི་དགེ་འདུན་གྱི་ཐ་སྙད་མཛད་པ་འཕགས་སེང་གི་དགོངས་པ་ཡིན་ནོ་ཞེ་གསུང་ཡང༌། ཇོ་བོ་རྗེས་བསྡུས་དོན་སྒྲོན་མར། རྨི་ལམ་ཆུས་ཁྱེར་གྱི་མདོ་དྲངས་ནས། བྱང་སེམས་ཀྱི་སྦྱོར་ལམ་ནས་བཞག་པ་ཉིད་ལེགས་ཏེ། རྣམ་རྫོགས་སྦྱོར་བའི་སྐབས་ཀྱི་བསྒོམ་བྱ་སྦྱོར་བའི་ངོ་བོ་མཐར་ཐུག་པ་ནི་འདིར་ངེས་པའི་ཕྱིར། འདི་ལ་མདོའི་འབྲེལ་ནི། གོང་དུ་ཟབ་མོ་བརྒྱད་པའི་སྐབས་སུ། རྣམ་ཐར་སྒོ་གསུམ་ལ་གནས་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་ལས་འཕྲོས་ནས། ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། བྱང་ཆེན་རྨི་ལམ་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སོགས་བསྒོམ་ན། ཤེར་ཕྱིན་རྣམ་པར་འཕེལ་ལམ། ཞེས་དྲིས་པའི་ལན་དུ། ཉིན་པར་བསྒོམ་པས་འཕེལ་ན་ཅིག་ཤོས་ཀྱིས་ཀྱང་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་བར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་གསུངས་སོ། །འདིར་རྨི་ལམ་གྱིས་འཁོར་བ་དང༌། ཉིན་བར་གྱིས་མྱང་འདས་བསྟན་ལ། རྣམ་པར་རྟོག་པ་མེད་པས་ཞེས་པས་ནི་རང་བཞིན་མེད་པར་མཉམ་པ་ཉིད་དུ་སྟོན་པའོ། །གཉིས་པ་ལ་བཞི་སྟེ། བརྒྱད་སྟོང་པ་ལྟར་ན། ལས་མེད་པར་ཐལ་བ་དང༌། ལན་ལ་མ་ངེས་པ་དང༌། ལུང་དང་འགལ་བ། ཧ་ཅང་ཐལ་བའི་ཀླན་ཀ་བཞིའོ། །དང་པོ་ནི། མཉམ་པ་ཉིད་ཀྱི་མདོ་ལས་འཕྲོས་ནས། རབ་འབྱོར་བྱང་ཆེན་རྨི་ལམ་དུ་དགེ་བའམ་མི་དགེ་བའི་ལས་ཤིག་བྱེད་ན། ལས་དེ་སོགས་པའམ་འབྲི་བར་འགྱུར་བ་ཡོད་དམ་ཞེས་པའོ། །འདིའི་དོན་ནི་གཉིད་སད་པའི་ཉིན་པར་ལས་སོག་པ་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར་ཞེས་པའོ། །ལན་ནི་རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་ན་དེ་ལྟར་དུ་མེད་དོ། །ཞེས་པས། དོན་དམ་དུ་འདོད་པའི་ལན་དང༌། འོན་ཏེ་སད་ནས་རྣམ་པར་རྟོག་ན་ནི། དེ་ལ་སོགས་པའམ་འབྲི་བར་ཡང་འགྱུར་རོ། །ཞེས་པས་ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའོ། །ཀླན་ཀ་གཉིས་པ་ལ། བརྒྱད་སྟོང་པ་ནས་འབྱུང་བ་དང༌། ཉི་ཤུ་ལྔ་པ་ནས་འབྱུང་བའི་ལུགས་གཉིས་ལས། དང་པོ་ལྟར་ན། ལན་ལ་མ་ངེས་པ་ཞེས་བྱ་ལ། གཉིས་པ་ལྟར་ན། ལས་དོན་དམ་དུ་ཐལ་བ་ཞེས་བྱའོ། །དང་པོ་ནི། སྔ་མ་ལས་འཕྲོས་ནས། བཅོམ་ལྡན་འདས་ཀྱང་ཟད་པའི་འདུ་ཤེས་ཀྱིས་རྣམ་པར་རྟོག་པ་བསྐྱེད་པར་མཛད་པ་དེའི་ཡང༌། ལས་བསོག་པའམ་ཉེ་བར་སོགས་པར་འགྱུར་རམ་ཞེས་པའོ། །དོན་ནི། དེ་ལའང་ལས་བསོག་པ་ཡོད་པར་ཐལ། དེ་ལ་རྗེས་ཀྱི་ཤེས་པས་བསོས་འདེབས་པ་ཡོད་པའི་ཕྱིར། ལན་ནི། རབ་འབྱོར་གྱིས་སྨྲས་པ། དེ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་རྟོག་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་སོ། །དེའི་དོན་བསྡུ་ན། ཤཱ་རིའི་བུ། ལས་ནི་དམིགས་པ་དང་བཅས་པ་ཉིད་ཀྱི་སྐྱེའི། དམིགས་པ་མེད་པར་མ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ལུང་དང་འགལ་བ་ནི། དེ་ལས་འཕྲོས་ནས་ཤཱ་རིའི་བུས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དམིགས་པ་ཐམས་ཅད་དབེན་ནོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དམིགས་པ་དང་བཅས་པར་སྐྱེ་ཞེས་ཞེས་པའོ། །དེའི་ལན་ནི། རབ་འབྱོར་གྱིས་སྨྲས་པ། དམིགས་པ་མེད་པ་ཉིད་ལ་དམིགས་པར་བྱ་སྟེ། དམིགས་པ་དང་བཅས་པའི་སེམས་སྐྱེ་ཡི་དམིགས་པ་མེད་པར་ནི་མ་ཡིན་ནོ། །དེའི་དོན་ནི། དོན་དམ་པར་དབེན་ཡང་ཐ་སྙད་དུ་ལས་བསོག་པ་ཡོད་དོ། །ཞེས་པའོ། །གཉིས་པ་ཉི་ཁྲི་ལས་འབྱུང་བ་ནི། རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་གཅོད་པ་དང༌། རྨི་ལམ་ན་སྲོག་བཅད་པ་དེ་ལ་བདག་གིས་བཅད་དོ། །བསད་པ་ལེགས་སོ་ཞེས་སད་ནས་རྣམ་པར་རྟོག་ན། ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཇི་སྐད་ཅེས་ཟེར་ཅེས་སོ། །དེའི་དོན་ནི། རྨི་ལམ་གྱི་ལས་དེ་དོན་དམ་དུ་ཡོད་པར་ཐལ། རྗེས་ཀྱི་ཤེས་པས་མངོན་པར་ཞེན་པའི་རྣམ་རྟོག་འཇུག་པའི་ཕྱིར། ཞེས་རྩོད་པ་ཉི་སྣང་ལས་བཤད་ལ། འདི་ནི་རབ་འབྱོར་རང་གི་ཁས་བླངས་ལ་སྐྱོན་བརྗོད་པར་སོང་བ་ཡིན་པས་མ་འབྲེལ་བ་ལྟ་བུར་སྣང་ཡང༌། རྗེས་ཀྱི་ཤེས་པས་བསོས་བཏབ་ན་ལས་བསོགས་ཅེས་པའི་རང་གི་ཁས་བླངས་དེ་ལ་དོགས་པ་ཁོང་ནས་སླངས་སྟེ། ཤཱ་རིའི་བུ་ལན་འདེབས་སུ་བཅུག་ནས། དེ་ཉིད་རང་གི་ཡང་ལན་དུ་སྟོན་པ་ནི། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་དམིགས་པ་མེད་པར་ལས་མི་སྐྱེ་སྟེ། ལས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ། །དམིགས་པ་མེད་པར་སེམས་མི་འབྱུང་སྟེ། སེམས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ། །རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་དེ་དེ་བཞིན་ཏེ། དམིགས་པ་མེད་པར་ལས་མི་སྐྱེའོ། །དམིགས་པ་མེད་པར་སེམས་པ་མི་འབྱུང་ངོ༌། །ཞེས་གསུངས་སོ། །དེའི་དོན་ནི། རྨི་ལམ་གྱི་ལས་དེ་ནི་རྗེས་ཀྱི་ཤེས་པས་ལས་སུ་བྱས་པ་ཡིན་གྱི། རྗེས་ཀྱི་ཤེས་པ་དེ་མེད་ན། རྨི་ལམ་རྐྱང་པ་ལ་ལས་མེད་དོ་ཞེས་པའི་ལན་བཏབ་ནས། དེའི་ཤུགས་ལ། སད་པའི་གནས་སྐབས་སུ་ཡང་རྣམ་པར་རྟོག་པ་མེད་ན་ལས་མེད་པར་བསྟན་ལ། དེ་ལྟར་བསྟན་པའི་གྲུབ་པའི་དོན་ནི། རྣམ་པར་རྟོག་པ་རྗེས་སུ་འཇུག་པས་བསོས་འདེབས་པ་ཡོད་ན། སད་རྨི་གཉིས་ཀར་དུ་ལས་བསོག་པ་ཡོད་ལ། དེ་མེད་ན་གཉིས་ཀར་དུ་མེད་ཅེས་བསྟན་ནོ། །ཀླན་ཀ་བཞི་པ་ནི། རབ་འབྱོར་གྱིས། བྱང་ཆེན་རྨི་ལམ་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུང་བ་སོགས་བྱས་ནས། དགེ་བ་དེ་ཡང་བྱང་ཆུབ་ཏུ་བསྔོས་ན། ཡོངས་སུ་བསྔོས་པར་འགྱུར་རམ་ཞེས་པའོ། །ལན་ནི་ཤཱ་རིའི་བུ། བྱང་སེམས་ཆེན་པོ་བྱམས་པ་འདི་མངོན་དུ་གྱུར་ན་འདི་ལ་དྲིས་ཤིག་དང༌། འདིས་ལན་འདོན་པར་འགྱུར་རོ། །ཞེས་ཁ་འཕངས་སོ། །བྱམས་པས་སྨྲས་པ། བདག་གིས་ནི་གང་ལ་ལན་ཀློན་པ་དང༌། གང་གིས་ཀློན་པ་དང༌། གང་གིས་ལན་ཀློན་པ་དང༌། གང་ཀླན་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་སོ། །                   རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*